Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 83

Văn bản gốc(Tây Tạng)

Trang 9 / 21 (50.000 ký tự/trang)
ྒྱས་དེ་དག་ལ་རིགས་ཀྱི་བུའམ།
རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་
ལམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དེ་ལྟར་དགེ་བའི་རྩ་བ་རྣམས་ཆགས་པ་མེད་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བ་
དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་འབྲིང་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་
ཞུགས་པར་གྱུར་ཏེ། དེ་ལ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེ་ལ་ཡང་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་མང་པོས་

བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། མཚམས་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་
བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེ་ལ་ཡང་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་མང་པོས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་
དུ་བྱས། མཆོད་པར་བྱས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་
མང་ངོ་། །བཅོམ་ལྡན་འདས་དེ་ནི་འདི་ལྟར་ཚད་མ་མཆིས། གྲངས་མ་མཆིས། གཞལ་དུ་མ་མཆིས་ཏེ། བསོད་ནམས་བགྱི་བའི་དངོས་པོ་དེའི་དཔེར་བགྱི་བ་ཡང་དཀའོ། །བཅོམ་ལྡན་འདས་གལ་ཏེ་བསོད་ནམས་བགྱི་བའི་དངོས་པོ་དེ་གཟུགས་ཅན་ཞིག་ལགས་ན་ནི་དེ་ཐམས་ཅད་འཇིག་རྟེན་གྱི་ཁམས་
གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་ཤོང་བར་མི་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་ཁྱོད་ལེགས་སོ། །ཁྱོད་ཀྱིས་ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་དེ་བས་ཀྱང་
རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དེ་ལྟར་དགེ་བའི་རྩ་བ་རྣམས་ཆགས་པ་མེད་པའི་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ཏེ། རབ་འབྱོར་དེ་ལྟར་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་པ་ཡོངས་སུ་
བསྔོ་བ་འདི་ནི་རབ་ཅེས་བྱའོ། །དམ་པ་ཞེས་བྱའོ། །གཙོ་བོ་ཞེས་བྱའོ། །མཆོག་ཅེས་བྱའོ། །རབ་མཆོག་ཅེས་བྱའོ། །ཕུལ་དུ་ཕྱིན་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། རབ་འབྱོར་ཆགས་པ་མེད་པའི་ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་ཕུང་པོ་འདི་ལ་བསོད་ནམས་སྔ་མ་

དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། ཟླ་དང་། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་
འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་པ་དང་། ཚད་མེད་པ་བཞི་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་པ་དེ་དག་དམིགས་པའི་འདུ་ཤེས་ཅན་ཡིན་པའི་
ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སེམས་ཅན་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པར་གྱུར་པ་དང་། དགྲ་བཅོམ་པའི་བར་དུ་གྱུར་པ་དང་། སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་གྱུར་པ་ལ་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ནད་ཀྱི་
རྐྱེན་རྩི་དང་། ཡོ་བྱད་མང་པོས་རིམ་གྲོར་བྱེད། བླ་མར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་ཅིང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བར་འགྱུར་བ་དེ་ནི་དམིགས་པའི་འདུ་ཤེས་ཅན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ལ་རིམ་གྲོར་བྱེད། བླ་མར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་པ་
དེ་དག་ནི་དམིགས་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཆེན་པོ་ཡིན་ནོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷའི་བུ་སྟོང་ཕྲག་ཉི་ཤུ་དག་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་
ལྡན་འདས་དེ་ལྟར་ཐབས་མཁས་པ་གང་ཡིན་པ་དེ་ནི་དམིགས་སུ་མ་མཆིས་པའི་ཚུལ་དང་། ཆགས་པ་མ་མཆིས་པའི་ཚུལ་དང་། མཚན་མ་མ་མཆིས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་ཅི་ནས་ཀྱང་གཉིས་སུ་མི་འགྱུར་བ་དང་། གཉིས་
མ་ལགས་པར་ཡང་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཆེན་པོ་དང་ལྡན་པའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་རྣམས་དང་འགྲོགས་ཏེ། ལྷ་རྫས་ཀྱི་མེ་ཏོག་དང་། སྤོས་དང་། ཕྲེང་བ་

དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོ་དང་། ལྷ་རྫས་ཀྱི་རོལ་མོ་རྣམས་བརྡུང་ཞིང་། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་འདི་སྐད་ཅེས་ཚིག་བརྗོད་དོ། །བཅོམ་ལྡན་འདས་དེ་ལྟར་ཐབས་མཁས་པ་གང་ཡིན་པ་འདིས་དམིགས་སུ་མ་མཆིས་པའི་
ཚུལ་དང་། ཆགས་པ་མ་མཆིས་པའི་ཚུལ་དང་། མཚན་མ་མ་མཆིས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་ཅི་ནས་ཀྱང་གཉིས་སུ་མི་འགྱུར་བ་དང་། གཉིས་མ་ལགས་པར་ཡང་མི་འགྱུར་དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཆེན་པོ་དང་ལྡན་པའོ། །དེ་ནས་ལྷའི་བུ་རབ་འཐབ་བྲལ་དང་། རབ་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་སྟོང་ཕྲག་དུ་མ་དང་འགྲོགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཀྱི་ཚིག་བརྗོད་དོ། །བཅོམ་ལྡན་འདས་
དེ་ལྟར་ཐབས་མཁས་པ་གང་ཡིན་པ་འདིས་དམིགས་སུ་མ་མཆིས་པའི་ཚུལ་དང་། མཚན་མ་མ་མཆིས་པའི་ཚུལ་དང་། བགྱིད་པ་མ་མཆིས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་ཅི་ནས་ཀྱང་གཉིས་སུ་མི་འགྱུར་བ་དང་། གཉིས་མ་
ལགས་པར་ཡང་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཆེན་པོ་དང་ལྡན་པའོ། །དེ་ནས་ཚངས་འཁོར་གྱི་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་
ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པས་ཡོངས་སུ་གཟུང་བ་དེ་དག་གིས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སྔ་མ་དམིགས་པའི་སྤྱོད་པ་ཅན་དེ་དག་གི་དགེ་བའི་རྩ་བ་དེ་དག་ཟིལ་གྱིས་མནན་པ་ངོ་མཚར་
ཆེའོ་ཞེས་སྒྲ་ཕྱུང་ཞིང་དབྱངས་རྗེས་སུ་བསྒྲགས་སོ། །དེ་བཞིན་དུ་ཚངས་པའི་མདུན་ན་འདོན་དང་། ཚངས་པ་ཆེན་པོ་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་དང་། འབྲས་བུ་ཆེ་བ་དང་། གནས་

གཙང་མ་དང་། འོག་མིན་པ་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་
མཁས་པས་ཡོངས་སུ་གཟུང་བ་དེ་དག་གིས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སྔ་མ་དམིགས་པའི་སྤྱོད་པ་ཅན་དེ་དག་གི་དགེ་བའི་རྩ་བ་ཟིལ་གྱིས་མནན་པ་ངོ་མཚར་ཆེའོ་ཞེས་སྒྲ་ཕྱུང་ཞིང་དབྱངས་རྗེས་སུ་བསྒྲགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་། གནས་
གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་
བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་། རང་སངས་རྒྱས་དང་བཅས་པས་སེམས་དང་པོ་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་
འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དང་། དམ་པའི་ཆོས་གནས་པའི་བར་གྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། ཉན་ཐོས་དེ་དག་དང་། རང་སངས་རྒྱས་དེ་དག་གི་དགེ་བའི་རྩ་བ་གང་ཡིན་པ་དང་། དེ་དག་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་ཡང་དགེ་བའི་རྩ་བ་སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་
དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། སངས་རྒྱས་ཀྱི་ཆོས་གཞལ་དུ་མེད་པ་གཞན་དག་ཀྱང་རུང་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་

བ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་ཏེ། དེས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། རང་སངས་རྒྱས་དང་བཅས་པ་དེ་དག་
གི་སེམས་དང་པོ་བསྐྱེད་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དང་། དམ་པའི་ཆོས་གནས་པའི་བར་གྱི་སངས་རྒྱས་བཅོམ་
ལྡན་འདས་དེ་རྣམས་དང་། ཉན་ཐོས་དེ་རྣམས་དང་། རང་སངས་རྒྱས་དེ་རྣམས་དང་། དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སངས་རྒྱས་ཀྱི་ཆོས་གཞལ་དུ་མེད་པའི་བར་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་གཅིག་ཏུ་བསྡོམས་ཏེ། གཞལ་ནས་དམིགས་སུ་མེད་པའི་ཚུལ་དང་། གཉིས་སུ་མེད་པའི་ཚུལ་དང་། མཚན་མ་མེད་པའི་ཚུལ་དང་།
ཆགས་པ་མེད་པའི་ཚུལ་དང་། བྱེད་པ་མེད་པའི་ཚུལ་དང་། རྗེས་སུ་ཡི་རང་བའི་བར་གྱིས་རྗེས་སུ་ཡི་རང་ཞིང་རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སྔ་མ་དེ་དག་པས་བསོད་
ནམས་ཆེས་མང་དུ་འཕེལ་ཏེ། དགེ་བའི་རྩ་བ་འདི་ལ་ནི་དགེ་བའི་རྩ་བ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། རྒྱུའི་བར་དུ་ཡང་མི་བཟོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་སུ་མེད་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་འདི་ནི་རབ་ཅེས་བྱའོ། །བླ་ན་མེད་པའི་བར་གྱིས་ཞེས་བྱ་
བ་ནི་ཡོངས་སུ་བསྔོ་བའི་བྱེད་པ་ཡིན་ཏེ། འདི་དག་གིས་ནི་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་གསུངས་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་རྗེས་སུ་ཡི་རང་བ་དང་། ཡོངས་སུ་

བསྔོ་བའི་བསོད་ནམས་ཀྱི་ཕུང་པོའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་གཞལ་ནས་རྗེས་སུ་ཡི་རང་བའི་བར་གྱིས་རྗེས་སུ་ཡི་རང་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་རྗེས་སུ་ཡི་རང་བར་རབ་ཏུ་འགྱུར། རྗེས་སུ་ཡི་རང་བ་གོང་ན་མེད་པའི་བར་དུ་
འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་དང་། རང་སངས་རྒྱས་
དང་བཅས་པ་དང་། གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དེ་དག་མི་ལེན་མི་གཏོང་བ་དང་། མི་རློམ་ཞིང་དམིགས་པ་ཡང་མ་ཡིན་ལ། དེ་འདི་སྙམ་དུ་འདི་ལ་ཆོས་གང་ཡང་སྐྱེ་བ་ཡང་མེད། འགག་པ་ཡང་མེད། ཀུན་ནས་ཉོན་མོངས་པར་འགྱུར་བ་ཡང་མེད། རྣམ་པར་བྱང་བར་
འགྱུར་བ་ཡང་མེད་དེ། ཆོས་དེ་དག་ལ་འགྲིབ་པ་ཡང་མེད། འཕེལ་བ་ཡང་མེད། འོང་བ་ཡང་མེད། འགྲོ་བ་ཡང་མེད། ཕུང་པོར་འགྱུར་བ་ཡང་མེད། དངོས་པོ་ཡང་མེད། དངོས་པོ་མེད་པ་ཡང་མེད་དོ་ཞེས་རྣམ་གྲངས་དེ་ལྟ་བུས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་
དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་ཇི་ལྟ་བ་དེ་ལྟར་བདག་གིས་རྗེས་སུ་ཡི་རང་བར་བྱའོ་རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ་ཞེས་དེ་ལྟར་ཡོངས་
སུ་བསྔོ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་དེ་ནི་རབ་ཏུ་འགྱུར་བ། རྗེས་སུ་ཡི་རང་བ་གོང་ན་མེད་པའི་བར་དུ་འགྱུར་རོ། །རབ་འབྱོར་རྗེས་སུ་ཡི་རང་བ་འདི་ལ་ནི་དེ་མ་ཡིན་པའི་རྗེས་སུ་ཡི་རང་བ་གཞན་ཐམས་ཅད་ཀྱིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། རྒྱུའི་བར་དུ་ཡང་ཉེ་བར་མི་བཟོད་དེ།
རྗེས་སུ་ཡི་རང་བ་འདི་ནི་དེ་མ་ཡིན་པའི་རྗེས་སུ་ཡི་རང་བ་གཞན་ཡང་དག་པས་རབ་ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཐེག་པ་ལ་གསར་དུ་ཞུགས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། རང་སངས་རྒྱས་སུ་བཅས་པ་དེ་དག་གིས་སེམས་དང་པོ་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་
ངན་ལས་འདས་པའི་བར་དང་། དམ་པའི་ཆོས་གནས་པའི་བར་གྱི་དགེ་བའི་རྩ་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང་། སངས་རྒྱས་ཀྱི་ཆོས་གཞལ་དུ་མེད་པའི་བར་དང་ལྡན་པ་དང་། དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་རྗེས་སུ་ཡི་རང་བར་འདོད་ན་
འདི་ལྟར་རྗེས་སུ་ཡི་རང་བར་བྱའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་གཟུགས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་སྐྱེ་མཆེད་རྣམས་དང་། ཁམས་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་
བ་དེ་ལྟ་བུ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་རེ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་
ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་འཕགས་པའི་བདེན་པ་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོའོ། །རྣམ་པར་

གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དྲུག་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་དེ་
བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་རྗེས་སུ་ཡི་རང་བའོ། །རྣམ་པར་
གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་སངས་རྒྱས་བཅོམ་ལྡན་འདས་དག་གོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །
རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་དག་གི་ཡོངས་སུ་མྱ་ངན་ལས་འདས་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་ཉན་ཐོས་དང་། རང་
སངས་རྒྱས་དེ་དག་གི་ཡོངས་སུ་མྱ་ངན་ལས་འདས་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་ཉན་ཐོས་དང་། རང་སངས་རྒྱས་དེ་དག་གི་ཆོས་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་ཆོས་རྣམས་དང་། སེམས་
ཅན་རྣམས་དང་། མ་གྲོལ་བ་དང་། མ་ཞི་བ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང་། རྣམ་པར་མ་དག་པའི་ཆོས་རྣམས་ཀྱི་ཆོས་ཉིད་དང་། མ་སྐྱེས་པ་དང་། ཡོངས་སུ་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་འགགས་པའི་ཆོས་རྣམས་ནི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་འཕོ་བ་མེད་པ་དང་། འཇིག་པ་
མེད་པར་ཉེ་བར་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྗེས་སུ་ཡི་རང་བའི་བར་དང་། བླ་ན་མེད་པའི་བར་རོ། །རབ་འབྱོར་རྗེས་སུ་ཡི་རང་བ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་
བཞུགས་པ་དང་། འཚོ་སྐྱོང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ནམ་འཚོའི་བར་དུ་ཆོས་གོས་དང་། བསོད་
སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་རྩི་དང་། ཡོ་བྱད་མང་པོ་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ཉིན་མཚན་དུ་སོ་སོར་མེ་ཏོག་
དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད་པ་དང་། བླ་མར་བྱེད་པ་དང་། བསྟི་སྟང་དུ་བྱེད་པ་དང་། མཆོད་པར་བྱེད་པ་དང་། དམིགས་པའི་ཚུལ་གྱིས་ཚུལ་ཁྲིམས་སྲུང་བ་དང་། བཟོད་
པ་སྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་སྙོམས་པར་འཇུག་པ་དང་། དམིགས་པའི་ཚུལ་གྱིས་ཤེས་རབ་སྒོམ་པ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་གང་མི་དམིགས་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་བསོད་ནམས་མངོན་པར་འདུ་བྱ་བ་འདི་དང་། དགེ་བའི་རྩ་བ་མངོན་པར་འདུ་བྱ་བ་འདི་ལ་བསོད་ནམས་མངོན་པར་འདུ་བྱ་བ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། རྒྱུའི་བར་དུ་ཡང་མི་བཟོད་དེ་ཡོངས་སུ་བསྔོ་བ་དེ་ཉིད་རབ་ཅེས་བྱའོ། །གོང་ན་མེད་པའི་བར་ཞེས་བྱའོ། །

རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་མི་དམིགས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པ་ཡིན་ནོ། །འདིས་ནི་རྗེས་སུ་ཡི་རང་བའི་ཡིད་
ལ་བྱེད་པ་གསུངས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣང་བར་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱག་བགྱི་བར་འོས་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁམས་གསུམ་པ་ཐམས་ཅད་ཀྱིས་མ་གོས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉོན་མོངས་པ་དང་། ལྟ་བའི་མུན་པ་ཐམས་ཅད་སྤོང་བའི་སླད་དུ་རབ་རིབ་མ་མཆིས་པར་བགྱིད་པའོ། །བཅོམ་ལྡན་
འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ནང་ན་མཆོག་ཏུ་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིགས་པ་དང་། གནོད་པ་དང་འཚེ་བ་ཐམས་ཅད་རབ་ཏུ་སྤོང་བའི་སླད་དུ་བདེ་བར་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་སེམས་ཅན་ཐམས་ཅད་ཀྱི་མིག་ལྔ་ཡོངས་སུ་འཐོབ་པར་བགྱི་བའི་སླད་དུ་སྣང་བར་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ལམ་ལོག་པར་ཞུགས་པ་རྣམས་མཐའ་གཉིས་ལས་བཟློག་པའི་སླད་དུ་ཤུལ་སྟོན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ནི་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བའི་སླད་དུ་ཐམས་ཅད་མཁྱེན་པ་ཉིད་དུ་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་བསྐྱེད་པའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མའོ། །བཅོམ་

ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་མ་སྐྱེས་མ་འགགས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོགས་པར་གནས་པ་འཇིག་པའི་སླད་དུ་འཁོར་བའི་གཉེན་པོའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་རིན་པོ་ཆེ་
ཐམས་ཅད་སྟོབས་པའི་སླད་དུ་སེམས་ཅན་མགོན་མ་མཆིས་པ་རྣམས་ཀྱི་མགོན་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྫི་བ་མ་མཆིས་པའི་སླད་དུ་སྟོབས་བཅུ་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འགྲོ་བ་དང་ལྡོག་པ་མ་མཆིས་པའི་སླད་དུ་
རྣམ་པ་བཅུ་གཉིས་ལན་གསུམ་དུ་འཁོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་དག་པར་སྟོན་པར་བགྱིད་པའོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཡིན་ནོ། །བཅོམ་ལྡན་འདས་ཇི་
ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་སྟོན་པ་ལ་ཇི་ལྟ་བ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །སྟོན་པ་ལ་ཇི་ལྟར་ཕྱག་བྱ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་པའི་ཕྱིར་ཏེ། སྟོན་པ་ཡང་གཞན་མ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ཡིན་གྱི། སྟོན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོན་པའོ། །ཤཱ་རིའི་བུ་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་འབྱུང་བའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་སངས་རྒྱས་རྣམས་དང་། དགྲ་བཅོམ་པ་དང་། ཕྱིར་མི་འོང་བ་དང་། ལན་ཅིག་ཕྱིར་འོང་བ་དང་། རྒྱུན་དུ་ཞུགས་པ་རྣམས་
འབྱུང་བའོ། །དེའི་ཕྱིར་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འབྱུང་བའོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་འབྱུང་བའོ། །མངོན་པར་ཤེས་པ་ལྔ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་

པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་
དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ས་བཅུ་འབྱུང་བའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་
པ་བཅོ་བརྒྱད་འབྱུང་བའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འབྱུང་བའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏེ། བཙུན་པ་ཤཱ་རིའི་བུ་ཅིའི་ཕྱིར་འདི་འདྲི་བར་འགྱུར་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱི་རྣམ་པར་
རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་དེ་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་ཅིའི་ཕྱིར་འདི་འདྲི་བར་འགྱུར་སྙམ་དུ་རྣམ་པར་རྟོག་པར་འགྱུར་བ་གང་ཡིན་པ་དེ་ནི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པས་ཡོངས་སུ་བཟུང་བ་རྣམས་ནི་ཐབས་མཁས་པས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཐུགས་དང་པོ་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང་། དམ་པའི་ཆོས་
གནས་པའི་བར་གྱི་དགེ་བའི་རྩ་བ་གང་ཅུང་ཟད་ཡོད་པ་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་སྟེ། དེའི་ཕྱིར་འདྲི་བར་གྱུར་ཏོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་ཏོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། དམུས་ལོང་བརྒྱའམ། སྟོང་ངམ། བརྒྱ་ཕྲག་སྟོང་ཡང་རུང་སྟེ། ཡོངས་སུ་འདྲེན་པ་མེད་པས་

ལམ་དུ་འཇུག་པ་ཡང་སྐལ་བ་མེད་ན། གྲོང་ཁྱེར་དུ་འགྲོ་བར་ལྟ་ག་ལ་ནུས། ཀཽ་ཤི་ཀ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ནི་དམུས་ལོང་ལྟ་བུར་གྱུར་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་ཡོངས་སུ་འདྲེན་པ་མེད་པས། ལམ་དུ་འཇུག་པའི་སྐལ་བ་ཡང་མེད་ན། རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་འཇུག་པར་ལྟ་ག་ལ་ནུས། ཀཽ་ཤི་ཀ་ཕ་རོལ་ཏུ་ཕྱིན་པ་ལྔ་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་གྱུར་པ་དེའི་ཚེ་མིག་དང་ལྡན་པར་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཡང་རབ་ཏུ་འཐོབ་པོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་གང་ཡང་
ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཡང་འཐོབ་པོ་ཞེས་ཟེར་བ་དེ་ལྟར། བཙུན་པ་ཤཱ་རིའི་བུ་ཕ་རོལ་ཏུ་ཕྱིན་པ་ལྔ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཡང་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་མི་འཐོབ་པོ། །དེ་བཞིན་དུ་ཕ་
རོལ་ཏུ་ཕྱིན་པ་ལྔ་ནི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཡང་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་མི་འཐོབ་པོ། །ཤཱ་རིའི་བུས་སྨྲས་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་ཕ་རོལ་ཏུ་ཕྱིན་པ་ལྔ་སྦྱིན་པས་ཡོངས་སུ་
བཟུང་ཡང་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་པར་མི་འགྱུར་རོ། །ཀཽ་ཤི་ཀ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཡང་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་པར་མི་འགྱུར་རོ། །ཀཽ་ཤི་ཀ་དེ་
བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་རབ་ཅེས་བྱའོ། །དམ་པ་ཞེས་བྱའོ། །གཙོ་བོ་ཞེས་བྱའོ། །མཆོག་ཅེས་བྱའོ། །རབ་མཆོག་ཅེས་བྱའོ། །ཕུལ་དུ་ཕྱིན་པ་ཞེས་བྱའོ། །ཤིན་ཏུ་ཕུལ་དུ་ཕྱིན་པ་ཞེས་བྱའོ། །མི་མཉམ་པ་ཞེས་བྱའོ། །མི་མཉམ་པ་དང་མཉམ་
པ་ཞེས་བྱའོ་ཞེས་བྱ་བ་ནི་མཆོག་ཉིད་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གཟུགས་མངོན་པར་བསྒྲུབ་

པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མངོན་པར་བསྒྲུབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་དུ་སྐྱེ་
མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ནང་སྟོང་པ་ཉིད་མངོན་པར་བསྒྲུབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མངོན་པར་བསྒྲུབ་
པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མངོན་པར་བསྒྲུབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྟོབས་བཅུ་པོ་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་
པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མངོན་པར་བསྒྲུབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཆོས་ཐམས་ཅད་མངོན་པར་བསྒྲུབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཀྱི་བར་དུ་མངོན་པར་བསྒྲུབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་གཟུགས་མངོན་པར་བསྒྲུབ་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཀྱི་བར་དུ་མངོན་པར་བསྒྲུབ་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་དང་། འབྱུང་བ་མེད་པ་དང་། དམིགས་པ་མེད་པ་དང་། འཇིག་

པ་མེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་དང་། འབྱུང་བ་མེད་པ་དང་། དམིགས་པ་མེད་པ་དང་། འཇིག་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མངོན་
པར་འདུ་མི་བྱེད་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཞིག་གཏོད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ལྟར་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་
ཆོས་གང་ཡང་གཏོད་པར་མི་བྱེད་དེ། ནམ་ཆོས་གང་ཡང་གཏོད་པར་མི་བྱེད་པ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོ་བའོ། །ཤཱ་རིའི་བུས་གསོལ་པ། ཆོས་གང་ཞིག་གཏོད་པར་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་དགེ་བའི་ཆོས་རྣམས་
གཏོད་པར་བྱེད་པ་མ་ཡིན། དགེ་བའི་ཆོས་རྣམས་གཏོད་པར་བྱེད་པ་མ་ཡིན། དེ་བཞིན་དུ་ཁ་ན་མ་ཐོ་བ་དང་བཅས་པའི་མ་ཡིན། ཁ་ན་མ་ཐོ་བ་མེད་པའི་མ་ཡིན། ཟག་པ་དང་བཅས་པའི་མ་ཡིན། ཟག་པ་མེད་པའི་མ་ཡིན། འདུས་བྱས་ཀྱི་མ་ཡིན། འདུས་མ་བྱས་ཀྱི་མ་ཡིན། ཀུན་ནས་ཉོན་མོངས་
པའི་མ་ཡིན། ཀུན་ནས་ཉོན་མོངས་པ་མེད་པའི་མ་ཡིན། འཇིག་རྟེན་པའི་མ་ཡིན། འཇིག་རྟེན་ལས་འདས་པའི་མ་ཡིན། ཀུན་ནས་ཉོན་མོངས་པ་ཅན་གྱི་མ་ཡིན། རྣམ་པར་བྱང་བའི་མ་ཡིན། འཁོར་བའི་མ་ཡིན། མྱ་ངན་ལས་འདས་པའི་ཆོས་རྣམས་གཏོད་པར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་
ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་ཡང་དམིགས་པའི་ཚུལ་གྱིས་ཉེ་བར་མི་གནས་པ་སྟེ། དེའི་ཕྱིར་ཆོས་གང་ཡང་གཏོད་པར་བྱེད་པ་མ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཏོད་པར་མི་བགྱིད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གང་དེ་སྐད་དུ་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཏོད་པར་མི་བགྱིད་དམ། ཞེས་ཟེར་བ་ནི་ཀཽ་ཤི་ཀ་དེ་དེ་

བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་གཏོད་པར་མི་བྱེད་དམིགས་པར་མི་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཏོད་པར་མི་བྱེད་དམིགས་པར་མི་བྱེད་དོ། །ལྷ་རྣམས་ཀྱི་དབང་པོས་གསོལ་པ། བཅོམ་ལྡན་འདས་ཇི་
ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཏོད་པར་མི་བགྱིད་དམིགས་པར་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཇི་ལྟ་བ་དང་། མཚན་མ་ཇི་ལྟ་བ་དང་། མངོན་པར་འདུ་བྱེད་པ་ཇི་ལྟ་བ་དེ་བཞིན་
དུ་གཏོད་པར་མི་བྱེད་པ་ཡིན་ནོ། །ལྷ་རྣམས་ཀྱི་དབང་པོས་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་གཏོད་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་མི་དམིགས་པ་དང་། མི་ལེན་པ་དང་། མི་གནས་པ་དང་། མི་འདོར་བ་དང་། མངོན་པར་ཆགས་པ་
མེད་པ་དེ་ལྟར་གཏོད་པར་བྱེད་དེ། ཆོས་གང་ཡང་གཏོད་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། རབ་ཏུ་འཛིན་པར་བྱེད་པ་མ་ཡིན་ནོ། །ཀཽ་ཤི་ཀ་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་གཏོད་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། རབ་ཏུ་འཛིན་པར་བྱེད་པ་
མ་ཡིན་ནོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་ཀྱི་བར་དུ་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་དང་། དམིགས་པ་མ་མཆིས་པ་དང་། འཇིག་པ་མ་མཆིས་པའི་སླད་དུ་ཉེ་བར་
གནས་པ་ངོ་མཚར་ཆེའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་འཐོབ་པར་མི་
བགྱིད་པའོ་ཞེས་དེ་ལྟ་བུའི་འདུ་ཤེས་སུ་གྱུར་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་བར་འགྱུར་བ་མ་མཆིས་སམ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བགྱིད་པར་འགྱུར་བ་མ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་བར་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བྱེད་པ་དེ་ལྟ་བུའི་རྣམ་གྲངས་ཡོད་དེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཀྱེ་མ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་ནི་གསོབ་པོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གསོག་གོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྙིང་པོ་མེད་པའོ་སྙམ་དུ་དེ་ལྟར་འདུ་ཤེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་བར་བྱེད་པའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བྱེད་པའོ། །རབ་འབྱོར་དེ་ནི་རྣམ་གྲངས་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་བར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བྱེད་
པའི་རྣམ་གྲངས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས་ཆོས་གང་ལ་ཡིད་ཆེས་པ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་གཟུགས་ལ་ཡིད་ཆེས་པ་མ་
ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡིད་ཆེས་པ་མ་ཡིན། མིག་ལ་ཡིད་ཆེས་པ་མ་ཡིན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་ཡིད་ཆེས་པ་མ་ཡིན། གཟུགས་ལ་ཡིད་ཆེས་པ་མ་ཡིན། སྒྲ་དང་། དྲི་དང་། རོ་དང་། རེག་དང་།
ཆོས་ལ་ཡིད་ཆེས་པ་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པ་མ་ཡིན།
ནང་སྟོང་པ་ཉིད་ལ་ཡིད་ཆེས་པ་མ་ཡིན། ཕྱི་སྟོང་པ་ཉིད་ལ་ཡིད་ཆེས་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ལ་ཡིད་ཆེས་པ་མ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡིད་ཆེས་པ་མ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་ཡིད་ཆེས་པ་མ་ཡིན། སྟོབས་བཅུ་དང་། མི་

འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡིད་ཆེས་པ་མ་ཡིན། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཡིད་ཆེས་པ་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡིད་ཆེས་པ་མ་ཡིན། ཕྱིར་མི་འོང་བའི་འབྲས་བུ་ལ་
ཡིད་ཆེས་པ་མ་ཡིན། དགྲ་བཅོམ་པ་ཉིད་ལ་ཡིད་ཆེས་པ་མ་ཡིན། རང་བྱང་ཆུབ་ཉིད་ལ་ཡིད་ཆེས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡིད་ཆེས་པ་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་
པར་གཟུགས་ལ་ཡིད་ཆེས་པ་མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡིད་ཆེས་པ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་སུ་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་
དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་སོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས་གཟུགས་ལ་ཡིད་ཆེས་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡིད་ཆེས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དམིགས་པ་མེད་པའི་མངོན་པར་རྟོགས་
པར་གཏོད་པར་བྱེད་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྣམ་གྲངས་གང་གིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། དེ་བཞིན་
དུ་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་

ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད། ནང་སྟོང་པ་ཉིད་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
སུམ་ཅུ་རྩ་བདུན་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ཆེ་
བར་མི་བགྱིད་ཆུང་བར་མི་བགྱིད། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད། བྱང་ཆུབ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད། སངས་
རྒྱས་ཀྱི་ཆོས་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད། སངས་རྒྱས་ཀྱི་བར་དུ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་འདུ་བར་མི་བགྱིད་ཡངས་པར་མི་བགྱིད། གཟུགས་སྟོབས་དང་ལྡན་པར་མི་བགྱིད་སྟོབས་མེད་པར་མི་བགྱིད་དེ། བཅོམ་ལྡན་འདས་
རྣམ་གྲངས་དེས་ན་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ། །གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་དོ། །སངས་རྒྱས་ཀྱི་ཆོས་རྣམས་
ཀྱི་བར་དུ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་དོ། །གཟུགས་སྟོབས་དང་ལྡན་པར་མི་བགྱིད་སྟོབས་མེད་པར་མི་བགྱིད་དོ་ཞེས་བགྱི་བར་འདུ་ཤེས་སུ་གྱུར་ན། དེ་ལྟར་འདུ་ཤེས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །དེ་ཅིའི་ཕྱིར་

ཞེ་ན། བཅོམ་ལྡན་འདས་གང་གཟུགས་ཆེ་བར་བགྱིད་པའམ་ཆུང་བར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཆེ་བར་བགྱིད་པའམ་ཆུང་བར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་མཐུན་པའི་འབྲས་བུ་མ་ལགས་པའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན། དམིགས་པའི་འདུ་ཤེས་ཅན་ལ་བྱང་ཆུབ་མ་མཆིས་པ་སྟེ། དེ་ནི་འདི་ལྟར་སེམས་ཅན་སྐྱེ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །གཟུགས་སྐྱེ་བ་མ་མཆིས་པའི་སླད་དུ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སངས་རྒྱས་ཀྱི་བར་དུ་སྐྱེ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་སྐྱེ་བ་མ་མཆིས་པར་བལྟའོ། །སེམས་ཅན་རང་བཞིན་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །གཟུགས་རང་བཞིན་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་
བྱེད་རྣམས་དང་། རྣམ་པར་ཤེས་པ་རང་བཞིན་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །སངས་རྒྱས་ཀྱི་བར་དུ་རང་བཞིན་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །སེམས་ཅན་དངོས་པོ་མ་མཆིས་པའི་
སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །གཟུགས་དངོས་པོ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དངོས་པོ་མ་མཆིས་པའི་སླད་དུ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །སངས་རྒྱས་ཀྱི་བར་དུ་དངོས་པོ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །སེམས་ཅན་སྟོང་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །གཟུགས་སྟོང་པ་ཉིད་ཀྱི་སླད་

དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །སངས་རྒྱས་ཀྱི་བར་དུ་སྟོང་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་
པ་ཉིད་དུ་བལྟའོ། །སེམས་ཅན་མཚན་མ་མ་མཆིས་པ་དང་། སེམས་ཅན་སྨོན་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས་པ་དང་སྨོན་པ་མ་མཆིས་པར་བལྟའོ། །གཟུགས་མཚན་མ་མ་མཆིས་པ་དང་སྨོན་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་མཚན་མ་མ་མཆིས་པ་དང་སྨོན་པ་མ་མཆིས་པར་བལྟའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཚན་མ་མ་མཆིས་པ་དང་སྨོན་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས་པ་དང་སྨོན་པ་མ་མཆིས་པ་ཉིད་དུ་
བལྟའོ། །སངས་རྒྱས་ཀྱི་བར་དུ་མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས་པ་དང་སྨོན་པ་མ་མཆིས་པར་བལྟའོ། །དེ་བཞིན་དུ་སེམས་ཅན་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་བལྟའོ། །སེམས་
ཅན་བསམ་གྱིས་མི་ཁྱབ་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པར་བལྟའོ། །སེམས་ཅན་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །སེམས་ཅན་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་
སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །གཟུགས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
རྣམས་དང་། རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །སངས་རྒྱས་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་

རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །སེམས་ཅན་སྟོབས་དང་ལྡན་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་དང་ལྡན་པ་མ་མཆིས་པར་བལྟའོ། །གཟུགས་སྟོབས་དང་ལྡན་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་
དང་ལྡན་པ་མ་མཆིས་པར་བལྟའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོབས་དང་ལྡན་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་དང་ལྡན་པ་མ་མཆིས་པར་བལྟའོ། །སངས་རྒྱས་ཀྱི་བར་དུ་སྟོབས་དང་ལྡན་པ་མ་མཆིས་པའི་སླད་དུ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་དང་ལྡན་པ་མ་མཆིས་པར་བལྟའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ་ཞེས་བྱ་བ་ནི་དོན་ཆེན་པོ་ཉིད་ཡིན་ནོ། །འདི་དག་
གིས་ནི་མངོན་པར་བསྒྲུབ་པ་གསུངས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མོས་པར་འགྱུར་བ་དེ་གང་ནས་ཤི་འཕོས་ཏེ་འདིར་མཆིས་པ་
ལགས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ཡུན་རིང་པོ་ཇི་སྲིད་ཅིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ལགས། དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡུན་རིང་པོ་ཇི་སྲིད་ཅིག་ནས་བསྙེན་བཀུར་བ་ལགས། གང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དོན་དང་ཚུལ་གྱིས་མོས་པར་འགྱུར་བ་དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱད་པ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱད་པ་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོ་ཇི་སྲིད་ཅིག་ནས་
སྤྱད་པ་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱད་པ་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱད་པ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱད་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་

འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་བསྙེན་བཀུར་ནས་འདིར་འོངས་
ཤིང་འདིར་སྐྱེས་པ་སྟེ་ཞེས་བྱ་བ་ནི་སངས་རྒྱས་ལ་བརྟེན་པ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་ཚད་མེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་དག་པར་ལྡན་པར་འགྱུར་བ་
སྟེ། སེམས་དང་པོ་བསྐྱེད་པ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱད་ཅིང་འདིར་འོང་བར་འགྱུར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་ངམ། ཐོས་ན་བདག་གིས་སྟོན་པ་མཐོང་ངོ་ཞེས་བྱ་བར་སེམས་བསྐྱེད་པར་འགྱུར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཚན་མ་མེད་པ་དང་། མི་གཉིས་པ་དང་། མི་དམིགས་པའི་ཚུལ་གྱིས་དོན་དང་རིགས་པའི་རྗེས་སུ་འབྲང་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
མཉན་པའམ་བལྟ་བར་ནུས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཉན་དུ་མེད་ཅིང་བལྟར་མེད་དོ། །ཆོས་རྣམས་བེམས་པོ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དག་གིས་མི་མཐོང་མི་ཐོས་སོ། །
དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་དག་གིས་མི་མཐོང་མི་ཐོས་སོ། །ཆོས་རྣམས་བེམས་པོ་ཡིན་པའི་ཕྱིར་ནང་སྟོང་པ་ཉིད་དང་། དངོས་པོ་

མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་དེ་དག་གིས་མི་མཐོང་མི་ཐོས་སོ། །ཆོས་རྣམས་བེམས་པོ་ཡིན་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་ནི་དེ་དག་གིས་མི་མཐོང་མི་ཐོས་སོ། །ཆོས་རྣམས་བེམས་པོ་ཡིན་པའི་ཕྱིར་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་
རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་རྣམས་དེ་དག་གིས་མི་མཐོང་མི་ཐོས་སོ། །དེ་བཞིན་དུ་ཆོས་རྣམས་བེམས་པོ་ཡིན་པའི་ཕྱིར་འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་
མེད་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་པོ་རྣམས་དང་།
སོ་སོ་ཡང་དག་པར་རིག་པ་བཞི་པོ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་དེ་དག་གིས་མི་མཐོང་མི་ཐོས་སོ། །སངས་རྒྱས་དང་བྱང་ཆུབ་ནི་དེ་དག་གིས་མི་མཐོང་མི་ཐོས་སོ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསགས་པ་ཡིན་ནོ།། །།
བམ་པོ་སུམ་ཅུ་བདུན་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བགྱིད་པ་དེ་ཡུན་རིང་པོ་ཇི་སྲིད་ཅིག་ནས་
སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ནི་རྣམ་པར་ཕྱེ་ནས་ལུང་བསྟན་པར་བྱ་བ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དེ་མི་དམིགས་པའི་ཚུལ་
གྱིས་བརྩོན་པར་བྱེད་པ་དང་། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་ཅིང་འཕེལ་བ་དང་། འགྲིབ་པར་མཐོང་བ་མེད་པ་དེ་ལྟར་

ཐབས་མཁས་པས་ཆོས་གང་ཡང་མི་སྤོང་སྟེ། ནམ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲལ་བར་མི་འགྱུར་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་མཆོད་པའི་ཁྱད་པར་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོ་དང་། བླ་མ་དང་། བསྟི་སྟང་དང་། མཆོད་པར་བྱ་བར་འདོད་པའི་མཆོད་པའི་
ཁྱད་པར་དེ་དག་ཀྱང་སེམས་བསྐྱེད་པ་ཙམ་གྱིས་འགྲུབ་པར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་ནམ་ཡང་མའི་མངལ་དུ་མི་སྐྱེ་ལ། ནམ་ཡང་མངོན་པར་ཤེས་པ་རྣམས་དང་མི་འབྲལ་ཞིང་ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་འགྲོགས་ལ། ཉན་ཐོས་ཀྱི་སེམས་
དང་རང་སངས་རྒྱས་ཀྱི་སེམས་དང་ལྷན་ཅིག་མི་གནས་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དེ་ལྟ་བུའི་རྣམ་གྲངས་ཡོད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུ་
དག་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བྱེད་དོ་ཞེས་བྱ་བ་ནི་ཐབས་ལ་མཁས་པ་ཡིན་ནོ། །རབ་འབྱོར་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་
མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་མང་པོ་མཐོང་བར་འགྱུར་ཏེ། དེ་དག་གི་དྲུང་དུ་དམིགས་པའི་ཚུལ་གྱིས་སྦྱིན་པ་སྦྱིན་པར་འགྱུར་བ་དང་། ཚུལ་ཁྲིམས་བསྲུང་བ་དང་། བཟོད་པ་བསྒོམ་པ་དང་། བརྩོན་འགྲུས་བརྩམ་པ་དང་། བསམ་གཏན་བསྐྱེད་པ་དང་། ཤེས་རབ་བསྒོམ་
པ་ལ་སློབ་པར་འགྱུར་བ་ཡོད་དེ། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པར་འགྱུར་བའི་ཚེ་འཁོར་དེ་ནས་གུད་དུ་འདོང་བར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པར་འགྱུར་བའི་ཚེ་གུས་པ་མེད་པས་སངས་རྒྱས་བཅོམ་
འདས་དེ་དག་གི་དྲུང་ནས་གུད་དུ་འདོང་བར་འགྱུར་ཏེ། ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་སྟོན་པར་འགྱུར་བའི་ཚེ་འཁོར་དེ་ནས་གུད་དུ་འདོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ་འཁོར་དེ་ནས་གུད་དུ་འདོང་འདོང་བ་སྟེ། དེ་དག་ནི་ད་ལྟར་བྱུང་བའི་ཚེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ་འཁོར་དེ་ནས་གུད་དུ་
འདོང་བར་འགྱུར་གྱི། ལུས་དང་སེམས་ཀྱི་མཐུན་པར་སྤྱོད་པར་མི་འགྱུར་བར་ཤེས་རབ་འཆལ་པར་འགྱུར་བའི་ལས་བསོག་པར་འགྱུར་རོ། །དེ་དག་ཤེས་རབ་འཆལ་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ་སྤོང་བར་འགྱུར་ཏེ།
དེ་སྤངས་པས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་སྤངས་ནས། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ལོ་
མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོའི་བར་དུ་སེམས་ཅན་དམྱལ་བ་ཆེན་པོར་འཕེན་པར་འགྱུར་རོ། །དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བའི་ཚེ། མེས་ཡོངས་སུ་འཇིག་
པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བར་འགྱུར་ལ། དེ་རྣམས་དེ་དག་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ། ཡང་འཇིག་རྟེན་གྱི་ཁམས་གཞན་དག་གི་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་འཕེན་པར་འགྱུར་རོ། །དེ་དག་དེར་སྐྱེ་སྟེ་དམྱལ་བ་
ཆེན་པོ་ནས་དམྱལ་བ་ཆེན་པོར་འདོང་བར་འགྱུར་རོ། །དེ་དག་དམྱལ་བ་ཆེན་པོ་ནས་དམྱལ་བ་ཆེན་པོར་འདོང་བའི་ཚེ་ཡང་ཡོངས་སུ་འཇིག་པ་འབྱུང་བར་འགྱུར་ཏེ། དེ་དག་ཡོངས་སུ་འཇིག་པ་དེ་དག་འབྱུང་བའི་ཚེ་ཡང་ཤར་ཕྱོགས་ཀྱི་དམྱལ་བ་ཆེན་པོ་དེ་དག་ཏུ་འཕེན་པར་འགྱུར་རོ། །ལྷོ་དང་། ནུབ་
དང་། བྱང་དང་། མཚམས་རྣམས་དང་། འོག་དང་། སྟེང་གི་ཕྱོགས་རྣམས་ཀྱི་དམྱལ་བ་ཆེན་པོ་དེ་དག་ཏུ་འཕེན་པར་འགྱུར་རོ། །དེ་དག་ཏུ་ཡང་ཡོངས་སུ་འཇིག་པ་འབྱུང་བའི་ཚེ་ཡང་འཇིག་རྟེན་གྱི་ཁམས་གཞན་དག་གི་དམྱལ་བ་ཆེན་པོ་དེ་དག་ཏུ་འཕེན་པར་འགྱུར་རོ། །དེ་དག་འཇིག་རྟེན་གྱི་

ཁམས་དེ་རྣམས་ལས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ་ཡང་དམྱལ་བ་ཆེན་པོ་རྣམས་ནས་ཤི་འཕོས་ནས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་དེ་མ་ཟད་པས་ཡང་འདིར་སྐྱེ་བར་འགྱུར་ཏེ། དེ་དག་དམྱལ་བ་ཆེན་པོ་ནས་དམྱལ་བ་ཆེན་པོར་འདོང་བར་འགྱུར་རོ། །དེ་དག་དམྱལ་བ་ཆེན་པོ་དེ་རྣམས་སུ་སྐྱེས་
ནས་དམྱལ་བ་ཆེན་པོའི་སྡུག་བསྔལ་ཤིན་ཏུ་དྲག་ལ་བཟོད་པར་དཀའ་བ་ཉམས་སུ་མྱོང་བར་འགྱུར་རོ། །དེ་དག་གིས་ཡང་ཇི་སྲིད་ཡོངས་སུ་འཇིག་པ་མ་བྱུང་གི་བར་དུ་དམྱལ་བའི་སྡུག་བསྔལ་དེ་དག་ཉམས་སུ་མྱོང་བར་འགྱུར་རོ། །དེ་དག་ཡོངས་སུ་འཇིག་པ་བྱུང་ནས་ཀྱང་དེ་དག་ནས་ཤི་
འཕོས་ནས་ཡང་འཇིག་རྟེན་གྱི་ཁམས་གཞན་དག་རྣམས་སུ་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ཡང་དེ་དག་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ཏུ་བྱོལ་སོང་གི་སྐྱེ་གནས་རྣམས་དང་སྐལ་བ་མཉམ་པར་སྐྱེ་
བར་འགྱུར་རོ། །དེ་དག་ཏུ་ཡང་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཀྱི་གཤིན་རྗེའི་འཇིག་རྟེན་དུ་སྐྱེས་ནས་ཤིན་ཏུ་དྲག་ཅིང་བཟོད་པར་དཀའ་བའི་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་བྱས་ནས་ལས་དེ་ཟད་པར་འགྱུར་ཏེ། དེ་དག་གི་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་
འགྱུར་བའི་ལས་ཟད་པར་བྱས་ནས་ཅི་སྟེ་བརྒྱ་ལ་མིར་སྐྱེ་བ་ཐོབ་པར་གྱུར་ན་ཡང་གང་དང་གང་དུ་སྐྱེས་པ་དེ་དང་དེར་དམུས་ལོང་དུ་འགྱུར། དམུས་ལོང་གི་རིགས་སུ་སྐྱེ་བར་འགྱུར། གདོལ་པའི་རིགས་རྣམས་སམ། གཡུང་པོའི་རིགས་རྣམས་སམ། བྱ་བའི་རིགས་རྣམས་སམ། ཕག་འཚོང་
གི་རིགས་རྣམས་སམ། ཤན་པའི་རིགས་རྣམས་སམ། དམངས་རིགས་རྣམས་སམ། ཕྱག་དར་བའི་རིགས་རྣམས་སམ། དམན་པའི་སྤྱོད་པ་བྱེད་པ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་དང་དེར་སྐྱེས་ནས་ཀྱང་ལོང་བའམ། ཞར་བའམ། ལྕེ་མེད་པའམ། ལག་པ་མེད་པའམ། རྐང་པ་མེད་པའམ།
རྣ་བ་མེད་པའམ། སྣ་མེད་པར་འགྱུར་བ་ཡིན། གང་ལས་སངས་རྒྱས་ཀྱི་སྒྲ་མི་ཐོས་པར་འགྱུར་བ་དང་། ཆོས་ཀྱི་སྒྲ་མེད་པ་དང་། དགེ་འདུན་གྱི་སྒྲ་མེད་པ་དང་། བྱང་ཆུབ་སེམས་དཔའི་སྒྲ་མེད་པ་དང་། རང་སངས་རྒྱས་ཀྱི་སྒྲ་ཐོས་པ་མེད་པར་འགྱུར་བ་དང་། དགྲ་བཅོམ་པའི་སྒྲ་ཐོས་པ་མེད་

པར་འགྱུར་བ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཚམས་མ་མཆིས་པ་ལྔས་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་སུག་ལས་བགྱིས་པ་དང་། བསགས་པ་འདིའི་གཟུགས་བརྙན་ཙམ་དུ་
ཡང་མི་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པའི་ཚེ་ཕྱིར་སྤང་བར་སེམས་ཤིང་འདི་ལ་བསླབ་པར་མི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །འདི་ནི་འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །
འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་ཟེར་ཞིང་། དེ་བདག་ཉིད་ཀྱང་ཕྱིར་སྤང་བར་བྱ་བར་སེམས་ལ། སེམས་ཅན་གཞན་ཡང་མོས་པ་མེད་པར་བྱེད་པར་འགྱུར་རོ། །བདག་གི་རྒྱུད་ཉམས་པར་བྱས་ནས་གཞན་
གྱི་རྒྱུད་ཉམས་པར་བྱེད་པ་དང་། བདག་གི་རྒྱུད་དུག་ཅན་དུ་བྱས་ནས་གཞན་གྱི་རྒྱུད་དུག་ཅན་དུ་བྱེད་པར་འགྱུར་རོ། །བདག་ཀྱང་ཆུད་གསོན་ཞིང་གཞན་ཆུད་གསོན་པར་བྱེད་པར་འགྱུར་བ་དང་། བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མི་ཤེས་མི་རིག་པས་ཕྱིར་སྤང་བར་འདོད་
ལ་གཞན་ཡང་དེ་བཞིན་དུ་འཛིན་དུ་འཇུག་པར་འགྱུར་བ་དེའི་གཟུགས་བརྙན་ཙམ་དུ་ཡང་འགྱུར་རེ་སྐན། ཤཱ་རིའི་བུ་ངས་ནི་གང་ཟག་དེ་ལྟ་བུ་ཐོས་པར་བྱ་བར་ཡང་མ་གནང་ལ་སྨྲ་བ་དང་ཕྲད་པར་ཡང་མི་བྱ་སྟེ། འགྲོགས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གང་ཟག་དེ་ལྟ་བུ་དག་
ནི་ཆོས་ལ་སྐྱོན་འདོགས་པར་རིག་པར་བྱ་སྟེ། ཤཱ་རིའི་བུ་གང་ཟག་དེ་ལྟ་བུ་དག་ནི་ལོ་འདབ་རུལ་པའི་ཚུལ་ཅན་ནག་པོའི་ཕྱོགས་ཀྱི་ཚུལ་ཅན་དུ་རིག་པར་བྱའོ། །ཤཱ་རིའི་བུ་གང་ཟག་དེ་ལྟ་བུ་དག་གི་ངག་མཉན་པར་སེམས་པའམ། དེ་དག་ལ་ཡིད་ཆེས་པར་བྱ་བར་སེམས་པ་དེ་དག་ཀྱང་ཕུང་བར་འགྱུར་
རོ། །ཤཱ་རིའི་བུ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱོན་འདོགས་པ་དེ་ནི་ཆོས་ལ་སྐྱོན་འདོགས་པའི་གང་ཟག་ཏུ་རིག་པར་བྱའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཆོས་ལ་སྐྱོན་འདོགས་པའི་གང་ཟག་དེར་སྐྱེས་པ་དེའི་ལུས་ཀྱི་ཚད་བཅོམ་ལྡན་འདས་ཀྱིས་ད་དུང་མ་གསུངས་སོ། །བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཆོས་ལ་སྐྱོན་འདོགས་པའི་གང་ཟག་དེའི་དེར་སྐྱེས་པའི་ལུས་ཀྱི་ཚད་ནི་ཞོག་ཤིག །དེ་ཅིའི་ཕྱིར་ཞེ་ན། གང་ཟག་ཆོས་ལ་སྐྱོན་འདོགས་པ་དེའི་ལུས་ཀྱི་ཚད་ཐོས་ན་མོད་ལ་ཁྲག་སྐྱུག་པར་འགྱུར་བའམ། འཆི་བའམ། སྲོག་ལ་བབ་པའི་སྡུག་བསྔལ་བའམ།
མྱ་ངན་གྱི་ཟུག་རྔུ་སྐྱེ་བའམ། ལྡུམ་བུ་བརྔས་པ་ལྟར་བསྐམ་པའམ། དྲི་མ་ཅན་ནམ། སྔོན་པོའམ། སྔོ་སྐྱར་འགྱུར་དུ་འོང་བའི་ཕྱིར་ཏེ། གང་ཟག་ཆོས་ལ་སྐྱོན་འདོགས་པ་དེའི་ལུས་ཀྱི་ཚད་དེ་འདྲ་བ་ཐོས་ན་ཡང་ཉེས་པ་དེ་ལྟ་བུ་ཡོད་པས། དེའི་ལུས་ཀྱི་ཚད་ནི་འདི་ཡིན་ནོ་ཞེས་བཅོམ་ལྡན་འདས་
ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྐབས་དབྱེ་བ་མ་མཛད་དོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། ཆོས་ཀྱིས་ཕོངས་པར་འགྱུར་བའི་སུག་ལས་བགྱིས་ཤིང་བསགས་པ་དེས་ཆོས་ལ་སྐྱོན་འདོགས་པའི་གང་ཟག་ལུས་འདི་འདྲ་བ་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་བགྱི་
བས་ནི་མ་བྱུང་བའི་ངོ་བོ་རྣམས་ལ་སྣང་བ་བགྱིས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདིས་ཆོས་ཀྱིས་ཕོངས་པར་གྱུར་པའི་ལས་བྱས་པ་དང་། བསགས་པ་འདིས་དམྱལ་བ་ཆེན་པོའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །སྡུག་བསྔལ་ཚད་མེད་པ་མང་
པོ་འདི་ལྟ་བུ་དུས་རིང་པོར་སྡུག་བསྔལ་མྱོང་བར་འགྱུར་རོ་ཞེས་བྱ་བ་དེ་གཉིས་ཀྱིས་ཀྱང་མ་བྱུང་བའི་སྐྱེ་བོ་རྣམས་ལ་སྣང་བར་བྱས་པར་འགྱུར་ཏེ། དཀར་པོའི་ཆ་དང་ལྡན་པའི་གང་ཟག་རྣམས་ངེད་ཀྱིས་ཀྱང་དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་དུ་འོང་ཞེས་སྲོག་གི་དོན་དུ་ཡང་དམ་པའི་ཆོས་མི་
སྤོང་ཞིང་དེ་དག་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལམ་རྣམས་ལས་བཟློག་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་མྱོང་དུ་འོང་ངོ་། །དེ་བཞིན་གཤེགས་པ་མི་མཐོང་བ་དང་།
ཆོས་མི་ཐོས་པ་དང་། དགེ་འདུན་མི་མཐོང་བར་འགྱུར་དུ་འོང་ངོ་། །སངས་རྒྱས་འབྱུང་བ་མེད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་བུ་འོང་ངོ་། །མི་ཕོངས་པར་འགྱུར་དུ་འོང་ངོ་། །ངག་མི་བཙུན་པར་འགྱུར་དུ་འོང་ངོ་ཞེས་བགྱི་བར་ལུས་དང་། ངག་དང་། ཡིད་ཀྱི་ལས་ཤིན་