Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 83
Văn bản gốc(Tây Tạng)
Trang 16 / 21 (50.000 ký tự/trang)
་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་གཟུགས་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མ་མཆིས་པ་དང་། གྲངས་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་ ཤེས་སུ་མ་མཆིས་པ་ལགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མ་མཆིས་པ་དང་། གྲངས་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་ཤེས་སུ་མ་མཆིས་པ་ལགས། དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མ་མཆིས་པ་དང་། གྲངས་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་ཤེས་སུ་མ་མཆིས་པ་ལགས། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མ་མཆིས་པ་དང་། གྲངས་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་ཤེས་སུ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ལ་ཡང་བསམ་པ་དང་། མཉམ་པ་དང་། ཚད་དང་། གྲངས་དང་། མི་མཉམ་ པ་དང་མཉམ་པ་ཤེས་སུ་མེད་དོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་བསམ་པ་དང་། མཉམ་པ་དང་། ཚད་དང་། གྲངས་དང་། མི་མཉམ་པ་དང་མཉམ་པ་ཤེས་སུ་མེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་གཟུགས་ནས་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་བར་གྱི་བསམ་པ་དང་། མཉམ་པ་དང་། ཚད་དང་། གྲངས་དང་། མི་མཉམ་པ་དང་མཉམ་པ་ཤེས་སུ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་ངོ་བོ་ཉིད་ནི་བསམ་གྱིས་མི་ཁྱབ་པ་དང་། མཉམ་པ་མེད་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། རང་བཞིན་མེད་པའི་ཕྱིར་རོ། །རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་བསམ་གྱིས་མི་ཁྱབ་པ་དང་། མཉམ་པ་མེད་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་ པ་དང་མཉམ་པ་སྟེ། རང་བཞིན་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་ནི་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། རང་བཞིན་མེད་པའི་ཕྱིར་རོ། ། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ངོ་བོ་ཉིད་ནི་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། རང་བཞིན་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་གང་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་དེ་ལ་གཟུགས་དམིགས་སུ་ཡོད་དམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གང་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་མེད་པ་དེ་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་སུ་ཡོད་དམ། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་གང་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་དམིགས་སུ་ཡོད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གང་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་ སུ་ཡོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པའོ། །རབ་ འབྱོར་དེ་བཞིན་གཤེགས་པའི་ཆོས་འདི་དག་ནི་བསམ་པ་དང་བྲལ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །མཉམ་པ་དང་བྲལ་བའི་ཕྱིར་མི་མཉམ་པའོ། །ཚད་དང་བྲལ་བའི་ཕྱིར་གཞལ་དུ་མེད་པའོ། །བགྲང་བ་དང་བྲལ་བའི་ཕྱིར་གྲངས་མེད་པའོ། །མཉམ་པ་དང་མི་མཉམ་པ་དང་བྲལ་བའི་ཕྱིར་མི་མཉམ་ པ་དང་མཉམ་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པའོ། །རབ་འབྱོར་དེ་བཞིན་གཤེགས་པའི་ཆོས་དེ་དག་ནི་བསམ་པ་ལས་ཡོངས་སུ་འདས་པས་ན་བསམ་གྱིས་མི་ཁྱབ་ པའོ། །མཉམ་པ་ལས་ཡོངས་སུ་འདས་པས་ན་མི་མཉམ་པའོ། །ཚད་མ་ལས་ཡོངས་སུ་འདས་པས་ན་གཞལ་དུ་མེད་པའོ། །བགྲང་བ་ལས་ཡོངས་སུ་འདས་པས་ན་གྲངས་མེད་པའོ། །མཉམ་པ་དང་མི་མཉམ་པ་ལས་ཡོངས་སུ་འདས་པས་ན་མི་མཉམ་པ་དང་མཉམ་པའོ། །རབ་འབྱོར་བསམ་ གྱིས་མི་ཁྱབ་ཅེས་བྱ་བ་ནི་བསམ་དུ་མེད་པའི་ཚིག་བླ་དགས་སོ། །རབ་འབྱོར་མི་མཉམ་པ་ཞེས་བྱ་བ་ནི་དཔག་ཏུ་མི་རུང་བའི་ཚིག་བླ་དགས་སོ། །རབ་འབྱོར་གཞལ་དུ་མེད་པ་ཞེས་བྱ་བ་ནི་ཚད་མེད་པའི་ཚིག་བླ་དགས་སོ། །རབ་འབྱོར་གྲངས་མེད་པ་ཞེས་བྱ་བ་ནི་བགྲང་དུ་མེད་པའི་ཚིག་བླ་དགས་སོ། །རབ་ འབྱོར་མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་ནི་མཉམ་པ་དང་མི་མཉམ་པ་མེད་པའི་ཚིག་བླ་དགས་ཏེ། རབ་འབྱོར་དེ་བཞིན་གཤེགས་པའི་ཆོས་འདི་དག་ནི་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པའོ། ། རབ་འབྱོར་བསམ་གྱིས་མི་ཁྱབ་ཅེས་བྱ་བ་ནི་ནམ་མཁའ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་བཞིན་དུ་མི་མཉམ་པ་ཞེས་བྱ་བ་དང་། གཞལ་དུ་མེད་ཅེས་བྱ་བ་དང་། གྲངས་མེད་ཅེས་བྱ་བ་དང་། མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་ནི་ནམ་མཁའ་མི་མཉམ་པ་དང་མཉམ་པའི་ཕྱིར་ཏེ། རབ་འབྱོར་དེ་ བཞིན་གཤེགས་པའི་ཆོས་དེ་དག་ནི་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། དེ་དག་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱི་བསམ་པའམ། མཉམ་པར་རམ། ཚད་མར་རམ། གྲངས་སུའམ་མཉམ་པ་དང་། མི་མཉམ་པར་བྱ་བར་མི་ནུས་ཏེ། དེ་ལྟར་ན་སངས་རྒྱས་གཞལ་དུ་མེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་གཞལ་དུ་མེད་དོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་མི་ མཉམ་པ་དང་མཉམ་པའི་ལེའུ་འདི་བསྟན་པའི་ཚེ། དགེ་སློང་ལྔ་བརྒྱ་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་བརྒྱ་ཕྲག་ཉི་ཤུ་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་བསྙེན་སྟོང་ཕྲག་དྲུག་ཅུ་དང་། དགེ་བསྙེན་མ་སྟོང་ཕྲག་ཉི་ཤུ་ ནི་ཆོས་རྣམས་ལ་རྡུལ་དང་བྲལ་ཞིང་དྲི་མ་དང་བྲལ་བའི་ཆོས་ཀྱི་མིག་རྣམ་པར་དག་གོ། །བྱང་ཆུབ་སེམས་དཔའ་སྟོང་ཕྲག་ཉི་ཤུས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ། དེ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་ ལ་སོགས་པའི་སྡུག་བསྔལ་གྱི་སྐད་ཅིག་མ་བཞི་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་ཆེན་པོས་ཉེ་བར་གནས་པའོ། ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་ཚད་མ་མཆིས་པ་དང་། བྱ་བ་མི་མཉམ་པ་དང་། བྱ་བ་གཞལ་དུ་མ་མཆིས་པ་དང་། བྱ་བ་གྲངས་མེད་པ་དང་། བྱ་བ་མི་མཉམ་པ་དང་མཉམ་པའི་སླད་དུ་ཉེ་བར་གནས་པའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་ཆེན་པོས་ཉེ་བར་གནས་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་ཚད་མེད་པ་དང་། བྱ་བ་མི་མཉམ་པ་དང་། བྱ་བ་གཞལ་དུ་མེད་པ་དང་། བྱ་བ་ གྲངས་མེད་པ་དང་། བྱ་བ་མི་མཉམ་པ་དང་མཉམ་པས་ཉེ་བར་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་དང་ཡང་དག་པར་ལྡན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ནང་སྟོང་པ་ཉིད་དང་ཡང་དག་པར་ལྡན་པའོ། ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་ཡང་དག་པར་ལྡན་པའོ། །དྲན་པ་ཉེ་བར་གཞག་པ་བཞི་རྣམས་དང་། ཡང་དག་པར་སྤོང་བ་བཞི་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་དང་། དབང་པོ་ལྔ་རྣམས་དང་། སྟོབས་ལྔ་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་དང་། འཕགས་པའི་ ལམ་ཡན་ལག་བརྒྱད་པ་རྣམས་དང་ཡང་དག་པར་ལྡན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་བསམ་གཏན་བཞི་རྣམས་དང་། ཚད་མེད་པ་བཞི་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་དང་། འཕགས་པའི་བདེན་པ་བཞི་རྣམས་དང་། རྣམ་པར་ཐར་པ་ བརྒྱད་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་དང་། མངོན་པར་ཤེས་པ་དྲུག་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་ཡང་དག་པར་ལྡན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ཡང་དག་པར་ལྡན་པའོ། །མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་དང་ཡང་དག་པར་ལྡན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སངས་རྒྱས་ཀྱི་ཆོས་ དང་ཡང་དག་པར་ལྡན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་ཡང་དག་པར་ལྡན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཡུལ་འཁོར་ཐོབ་པའི་རྒྱལ་པོའི་བྱ་བར་གྱུར་པ་གང་དང་གང་ཡིན་པ་དེ་དག་ཐམས་ཅད་བློན་པོ་དང་ ལྡན་ན་རྒྱལ་པོའི་བྱ་བའམ། ཡུལ་འཁོར་གྱི་བྱ་བ་ལ་རྒྱལ་པོ་སྙིང་ལས་ཆུང་ཞིང་ཁུར་བོར་བར་གྱུར་པ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་ལྡན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གི་བྱ་བ་བྱེད་དོ། །རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་ཆེན་པོས་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་བསམ་གྱིས་མི་ཁྱབ་པས་དང་། བྱ་བ་མི་མཉམ་པས་དང་། བྱ་བ་ གཞལ་དུ་མེད་པས་དང་། བྱ་བ་གྲངས་མེད་པས་དང་། བྱ་བ་མི་མཉམ་པ་དང་མཉམ་པས་ཉེ་བར་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་གཟུགས་ཀྱི་ཡོངས་སུ་མ་བཟུང་བ་དང་། མངོན་པར་མ་ཞེན་པས་ཉེ་བར་གནས་པའོ། །ཚོར་ བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཡོངས་སུ་མ་བཟུང་བ་དང་། མངོན་པར་མ་ཞེན་པས་ཉེ་བར་གནས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་ཡོངས་སུ་མ་བཟུང་བ་དང་། མངོན་པར་མ་ཞེན་པས་ཉེ་བར་གནས་པའོ། །རྒྱུན་དུ་ཞུགས་པའི་ འབྲས་བུའི་ཡོངས་སུ་མ་བཟུང་བ་དང་། མངོན་པར་མ་ཞེན་པས་ཉེ་བར་གནས་པའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་ཡོངས་སུ་མ་བཟུང་བ་དང་། མངོན་པར་མ་ཞེན་པས་ཉེ་བར་གནས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུགས་ཀྱི་ཡོངས་སུ་མ་བཟུང་བ་དང་། མངོན་པར་མ་ཞེན་པས་ཉེ་བར་གནས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ དང་། རྣམ་པར་ཤེས་པའི་ཡོངས་སུ་མ་བཟུང་བ་དང་། མངོན་པར་མ་ཞེན་པས་ཉེ་བར་གནས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་ཡོངས་སུ་མ་བཟུང་བ་དང་། མངོན་པར་མ་ཞེན་པས་ཉེ་བར་གནས་པ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་གཟུགས་གང་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཞེན་པར་བྱ་བ་དེ་ལྟ་བུ་ཡང་དག་པར་རྗེས་སུ་མཐོང་ངམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཞེན་པར་བྱ་བ་དེ་ལྟ་བུ་ཡང་དག་པར་རྗེས་སུ་མཐོང་ངམ། རབ་འབྱོར་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གང་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཞེན་པར་བྱ་བ་དེ་ ལྟ་བུ་ཡང་དག་པར་རྗེས་སུ་གཟུང་ངམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་ངས་ཀྱང་གང་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཞེན་པར་བྱ་བའི་གཟུགས་དེ་ལྟ་བུ་ཡང་ དག་པར་རྗེས་སུ་མ་མཐོང་། རབ་འབྱོར་ངས་ཀྱང་གང་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཞེན་པར་བྱ་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མ་མཐོང་། རབ་འབྱོར་ངས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་ རྗེས་སུ་མ་མཐོང་། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མ་བཟུང་། ཡོངས་སུ་མ་བཟུང་བས་མངོན་པར་མ་ཞེན་ཏོ། །རབ་འབྱོར་ངས་ཀྱང་སངས་རྒྱས་ཉིད་དང་། ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེ་བཞིན་གཤེགས་པ་ཉིད་ཡང་དག་པར་རྗེས་སུ་མ་ མཐོང་། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མ་བཟུང་། ཡོངས་སུ་མ་བཟུང་བས་མངོན་པར་མ་ཞེན་ཏོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ཡོངས་སུ་གཟུང་བར་མི་བྱ། མངོན་པར་ཞེན་པར་མི་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་གཟུང་བར་མི་བྱ། མངོན་པར་ཞེན་པར་མི་བྱའོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་ རྣམས་ཡོངས་སུ་གཟུང་བར་མི་བྱ། མངོན་པར་ཞེན་པར་མི་བྱའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། དེ་བཞིན་གཤེགས་ པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཡོངས་སུ་གཟུང་བར་མི་བྱ། མངོན་པར་ཞེན་པར་མི་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ཡོངས་སུ་གཟུང་བར་མི་བྱ། མངོན་པར་ཞེན་ པར་མི་བྱའོ། །དེ་བཞིན་དུ་སངས་རྒྱས་ཉིད་དང་། ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེ་བཞིན་གཤེགས་པ་ཉིད་ཡོངས་སུ་གཟུང་བར་མི་བྱ། མངོན་པར་ཞེན་པར་མི་བྱའོ་ཞེས་བྱ་བ་ནི་འཕགས་པའི་གང་ཟག་ཐམས་ཅད་སྡུད་པའི་ཁྱད་པར་ཀུན་འབྱུང་གི་སྐད་ཅིག་མ་ དང་པོ་ཡིན་ནོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་བལྟ་དཀའ་ལ་རྟོགས་པར་དཀའ་བ་བརྟག་ཏུ་མ་མཆིས་པ་རྟོག་གེའི་སྤྱོད་ཡུལ་མ་ལགས་པ་སྟེ། བཅོམ་ ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞི་བ། ཕྲ་བ། མཛངས་པ། མཁས་པ། རྣམ་པར་ཤེས་པས་རིག་པར་བགྱི་བ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་བ་དེ་དག་ནི་ངེས་པར་སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པ་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་བ་འདི་དག་ནི་ངེས་པར་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ། །དགེ་བའི་རྩ་བ་བསྐྱེད་པའོ་ཞེས་བྱ་བ་ནི་སྐྱེས་བུ་མཁས་པས་རིག་པར་བྱ་བ་ཉིད་ཀྱི་ཁྱད་པར་ཀུན་འབྱུང་གི་སྐད་ཅིག་མ་གཉིས་པ་ ཡིན་ནོ། །བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དད་པའི་རྗེས་སུ་འབྲང་བར་འགྱུར། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པར་འགྱུར། རང་སངས་རྒྱས་སུ་འགྱུར་ཏེ། དེ་དག་ཐམས་ཅད་ཀྱི་ཤེས་པ་དང་སྤངས་པ་གང་ཇི་སྙེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གདུགས་གཅིག་ཏུ་བཟོད་ཅིང་མོས་པ་དང་། བསམ་པ་དང་། གཞལ་བ་དང་། ཉེ་བར་བསྟན་པ་དང་། བགྲང་བའི་ཚུལ་དེ་ལྟར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཟོད་ཅིང་མོས་ན་འདི་ཉིད་དེ་དག་ལས་མཆོག་དང་གཙོ་བོར་ཁུམས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་ཉིད་ དང་། རང་སངས་རྒྱས་ཀྱི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རང་སངས་ རྒྱས་ཀྱི་བར་གྱི་ཤེས་པ་དང་། སྤངས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་ཁྱད་པར་ཏེ་ཀུན་འབྱུང་གི་སྐད་ཅིག་མ་གསུམ་པ་ཡིན་ནོ། །ལྷའི་བུ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་ཐོས་ནས་བྲི་བ་དང་། བྲིས་ནས་ལུང་འབོགས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་ཤིན་ཏུ་མྱུར་བར་མྱ་ངན་ལས་འདའ་བར་འདོད་པར་བྱའི། ཉན་ཐོས་ཀྱི་ཐེག་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་རྣམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་མདོ་སྡེ་གཞན་ལ་སྤྱོད་པ་དག་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཕུལ་དུ་བྱུང་བའི་ཆོས་གང་ལ་དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་ པས་བསླབ་པར་བྱ་བ་དང་། གང་ལ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ཀྱིས་བསླབ་པར་བྱ་བ་དང་། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་བསླབ་པར་ བྱ་བ་དང་། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསླབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེ་དག་རྒྱ་ཆེར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་མངོན་པར་ཤེས་པ་མྱུར་བའི་ཁྱད་པར་ཀུན་ འབྱུང་གི་སྐད་ཅིག་མ་བཞི་པ་ཡིན་ནོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟེ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ནི་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ཏུ་ཕྱིན་པའོ། །མི་མཉམ་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚད་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །གཞལ་དུ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །གྲངས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །མི་མཉམ་པ་དང་མཉམ་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བཅོམ་ ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་གང་ལ་བསླབས་ཤིང་དད་པའི་རྗེས་སུ་འབྲང་བ་རྣམས་འབྱུང་བར་འགྱུར། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ རྣམས་འབྱུང་བར་འགྱུར། གང་ལ་བསླབས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས། མངོན་པར་རྫོགས་པར་འཚང་རྒྱ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ འདི་འགྲིབ་པའམ། འཕེལ་བར་ཡང་འཚལ་བར་མི་གདའོ་ཞེས་བྱ་བ་ནི་འགྲིབ་པ་དང་འཕེལ་བ་མེད་པའི་ཁྱད་པར་ཏེ། འགོག་པའི་སྐད་ཅིག་མ་དང་པོ་ཡིན་ནོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་དུ་གཡས་ཕྱོགས་སུ་བསྐོར་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་སྟེ། དེ་ནས་ཤིན་ཏུ་ཡང་མི་རིང་བ་ཞིག་ཏུ་ཕྱིན་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་གང་ཡིན་པ་དེ་དག་ནི་འདོད་པའི་ཁམས་སུ་འཁོད་དོ། །གཟུགས་ན་སྤྱོད་པའི་ལྷའི་བུ་གང་ཡིན་པ་དེ་དག་ནི་ གཟུགས་ཀྱི་ཁམས་སུ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་པར་འགྱུར་བ་དེ་དག་གང་ནས་ཤི་འཕོས་ ནས་འདིར་སྐྱེས་པར་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་ཐོས་མ་ཐག་ཏུ་མོས་པར་འགྱུར། ཞུམ་པར་མི་འགྱུར། ཡོངས་སུ་ཞུམ་པར་མི་འགྱུར། རྨོངས་པར་མི་འགྱུར། ཐེ་ཚོམ་ཟ་བར་མི་འགྱུར། ནེམ་ནུར་དུ་མི་འགྱུར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་མངོན་པར་བརྩོན་པར་འགྱུར་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་ཀྱང་ཡིད་ལ་བྱེད་པ་དེ་དག་དང་འབྲལ་བར་མི་འགྱུར་བར་ཡིད་ལ་བྱ་བ་དེ་དག་འགྲོའམ་འོང་ངམ་འགྲེང་ངམ་འདུག་གམ་ཉལ་ ཡང་རུང་སྟེ། རྟག་ཏུ་རྒྱུན་མི་འཆད་པར་འཇིག་པར་མི་བྱེད་ཅིང་ཆོས་སྨྲ་བའི་གང་ཟག་དེ་ལ་ཡང་རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ་འབྲང་བར་འགྱུར་ཏེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། བ་དྲུས་མ་བེའུ་གཞོན་ནུ་མི་འདོར་བ་ལྟར་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་འདིའི་དོན་དུ་ཇི་སྲིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ཁོང་དུ་ཆུད་པར་བྱ་བ་དང་། འཆང་བ་དང་། ཀློག་པ་དང་། ཡོངས་སུ་བསམས་པ་དང་། ཡིད་ཀྱིས་རྟོགས་པར་བྱ་བ་དང་། ལྟ་བས་ལེགས་པར་རབ་ཏུ་རྟོགས་པར་མ་བྱས་པ་དེ་སྲིད་དུ་ཆོས་སྨྲ་བ་དེ་སྟོང་པར་མི་འགྱུར་ན། རབ་འབྱོར་ཐེག་པ་ ལ་གསར་དུ་ཞུགས་པའི་གང་ཟག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མིའི་ནང་ཉིད་ནས་ཤི་འཕོས་ནས་མིའི་ནང་དུ་སྐྱེས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྔོན་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཁོར་ཡུག་ཏུ་མར་མེའི་ཕྲེང་བ་མང་པོས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས། རྗེད་པར་བྱས། བཀུར་སྟིར་བྱས་ཏེ། དེ་དག་དགེ་བའི་རྩ་བ་དེས་མིའི་ནང་ནས་ཤི་འཕོས་ནས་མིའི་ནང་དུ་སྐྱེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་པར་འགྱུར་རོ་ཞེས་བྱ་བ་ནི་དྲག་ཏུ་འགྲུབ་པའི་ཁྱད་པར་ཏེ། འགོག་པའི་སྐད་ཅིག་མ་གཉིས་པ་ ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་གཞན་དག་ལ་བསྙེན་བཀུར་བགྱིས་ཤིང་འཕོས་ཏེ་འདིར་སྐྱེ་བ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་ཤིང་ མོས་པར་གྱུར་ནས་ཀྱང་འདྲི་བར་འགྱུར་བ་དང་། བྲིས་ནས་ཀྱང་འཛིན་པར་འགྱུར་བ་དང་། ལུང་འབོགས་པར་འགྱུར་བ་དང་། ཁ་ཏོན་བགྱིད་པར་འགྱུར་ཞིང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་བའི་ཡོན་ཏན་འདི་དག་ཉིད་དང་ལྡན་པའི་རྣམ་གྲངས་དེ་ལྟ་བུ་དག་མཆིས་སམ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་གཞན་དག་ལ་བསྙེན་བཀུར་བྱས་ཤིང་། དེ་ནས་ཤི་འཕོས་ནས་འདིར་སྐྱེས་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་པར་ འགྱུར། མོས་པར་གྱུར་ནས་ཀྱང་འདྲི་བར་འགྱུར། བྲིས་ནས་ཀྱང་འཛིན་པར་འགྱུར། ལུང་འབོགས་པར་འགྱུར། ཁ་ཏོན་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བའི་ཡོན་ཏན་འདི་དག་ཉིད་དང་ལྡན་པའི་རྣམ་གྲངས་དེ་ལྟ་བུ་དག་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་སོ། །ཐོས་ནས་ཀྱང་བཟུང་ངོ་། །བཅངས་སོ། །བཀླགས་སོ། །ཁ་ཏོན་བྱས་སོ། །ཚུལ་བཞིན་དུ་ཡིད་ལ་བྱས་སོ། །དེ་ནི་དགེ་བའི་རྩ་བ་དེ་ཉིད་དང་ཡིད་ལ་བྱེད་པ་ དེ་དག་གིས་འདིར་སྐྱེ་བའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་ལྷ་རྣམས་ནས་ཤི་འཕོས་ནས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་གང་ཡིན་པ་དེ་ཡང་ཡོན་ཏན་འདི་ཉིད་དང་ལྡན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་དྲིས་པ་སྟེ། དེ་དག་དགེ་བའི་རྩ་བ་དེས་འདིར་སྐྱེའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ མ་ཐོས་ལ། ཐོས་ནས་ཀྱང་ཡོངས་སུ་དྲི་བ་མ་བྱས་པར་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེ་ནི་ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར་ཏེ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མ་ ཐོས་ལ། ཐོས་ནས་ཀྱང་ཡོངས་སུ་དྲི་བར་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པའི་ཚེ་ཐེ་ཚོམ་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐར་ཡང་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཐོས་ཡོངས་སུ་དྲི་བ་མ་བྱས་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐར་ཡང་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མ་ཐོས་ཡོངས་སུ་དྲི་བ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ཐོས་ནས་ ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐར་ཡང་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་དྲི་བར་མ་བྱས་པའམ། མ་ཐོས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཟབ་མོ་འདི་བསྟན་པའི་ཚེ། ཐོས་ནས་ཀྱང་ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐར་ཡང་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཐོས་ལ། ཐོས་ནས་ཀྱང་ཡོངས་སུ་དྲི་བར་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ཐོས་ནས་ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐར་ཡང་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འཕགས་པའི་བདེན་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ས་བཅུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མ་ཐོས་ལ། ཐོས་ནས་ཀྱང་ཡོངས་སུ་དྲི་བར་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ཐོས་ནས་ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་ འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐར་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོས་ཡོངས་སུ་དྲི་བར་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉི་མ་གཅིག་གམ། ཉི་མ་གཉིས་སམ། ཉི་མ་གསུམ་མམ། ཉི་མ་བཞིའམ། ལྔའམ། དྲུག་གམ། ཉི་མ་བཅུ་ལས་མ་ཐོས་ཡོངས་སུ་དྲི་བར་མ་བྱས་མ་བསྒོམས་མང་དུ་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཕྲོག་པར་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མ་ཐོས། ཡོངས་སུ་མ་དྲིས། ཡོངས་སུ་མ་བསྒོམས། མང་དུ་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བར་བར་མོས་པར་ འགྱུར། བར་བར་མོས་པ་མེད་པར་འགྱུར་ཏེ། དེ་ཡང་ལྡམ་ལྡེམ་གྱིས་བློ་ཕྲོགས་ཤིང་ཤིང་བལ་གྱི་ཟེགས་མ་བཞིན་དུ་འགྱུར་རོ། །རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡུན་རིང་པོ་ནས་ཐེག་པ་ཆེན་པོ་ལ་ཞུགས་པ་མ་ཡིན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ བཟུང་བ་མ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསྙེན་བཀུར་བྱས་པ་མ་ཡིན་པར་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་ལུང་མ་མནོས། ཁ་ཏོན་མ་བྱས་ལ། ཚུལ་བཞིན་དུ་ཡིད་ལ་མ་བྱས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་སོ། །ནང་སྟོང་པ་ཉིད་ལ་མ་བསླབས་སོ། ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མ་བསླབས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མ་བསླབས་སོ། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་ བརྒྱད་པ་ལ་མ་བསླབས་སོ། །མངོན་པར་ཤེས་པ་ལྔ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་ལ་མ་བསླབས། མཐར་གྱིས་གནས་པའི་སྙོམས་པར་ འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་རྣམས་ལ་མ་བསླབས། མངོན་པར་ཤེས་པ་ལ་མ་བསླབས། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་མ་བསླབས། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་ རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་མ་བསླབས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མ་བསླབས་སོ།། །།བམ་པོ་བཞི་བཅུ་དྲུག་པ། རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཐེག་པ་ལ་གསར་དུ་ཞུགས་པར་རིག་ པར་བྱ་སྟེ། དེ་ནི་ཆོས་འདིར་དད་པ་ཙམ་དང་། དགའ་བ་ཙམ་དང་ལྡན་པར་ཟད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བའམ། ཀློག་པའམ། ལུང་འབོགས་པའམ། ཁ་ཏོན་བྱ་བའམ། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མི་ནུས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་ པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་མི་འགྱུར། ལུང་འབོགས་པར་མི་འགྱུར། ཁ་ཏོན་བྱེད་པར་མི་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མི་འགྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས་གཞན་ལ་ཕན་འདོགས་པར་མི་འགྱུར། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་གཞན་ལ་ཕན་འདོགས་པར་མི་འགྱུར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དང་མཐུན་པར་སྤྱོད་པར་མི་འགྱུར། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་བར་དང་མཐུན་པར་སྤྱོད་པར་མི་འགྱུར་ན། དེ་རྣམས་ནི་ས་གཞན་གཉིས་པོ་ལས་ས་གཅིག་འདོད་པར་བྱ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མ་བྲིས། མ་བསྟན། ཁ་ཏོན་དུ་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་གང་སུ་ལ་ཡང་ཕན་མ་བཏགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དང་ཡང་ མཐུན་པར་མ་སྤྱད་དེ། དེའི་ཕྱིར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་རྣམས་ཀྱིས་ས་གཉིས་རབ་ཏུ་འདོད་པར་བྱའོ་ཞེས་བྱ་བ་ནི་ཡང་དག་པར་འགྲུབ་པའི་ཁྱད་པར་འགོག་པའི་སྐད་ཅིག་མ་གསུམ་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་གང་གི་ཚེ་རྒྱ་མཚོར་གྲུ་ཞིག་པར་གྱུར་པ་དེའི་ཚེ་ དེར་སྐྱེས་བུ་གང་ཤིང་ངམ་རྐྱལ་པའམ། རོ་ལ་མི་འཇུ་མི་འཛིན་ན། རབ་འབྱོར་སྐྱེས་བུ་དེ་དག་ནི་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་མ་ཕྱིན་པར་དུས་བྱེད་པར་འགྱུར་བར་རིག་པར་བྱའོ། །རབ་འབྱོར་གང་རྒྱ་མཚོའི་དབུས་སུ་གྲུ་ཞིག་པ་ནི། ཤིང་ངམ་རྐྱལ་པའམ། རོ་ལ་འཇུ་ཞིང་འཛིན་པའི་སྐྱེས་བུ་ དེ་དག་ནི་རྒྱ་མཚོར་དུས་བྱེད་པར་མི་འགྱུར་ཏེ། བདེ་ཞིང་ཉམས་ཉེས་མེད་པར་རྒྱ་མཚོ་ཆེན་པོ་ནས་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་འགྱུར་ཏེ། མ་སྨས་མ་ཉམས་པར་ཐང་ལ་ཕྱིན་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཙམ་དང་རབ་ཏུ་དད་པ་ ཙམ་དང་། དགའ་བ་ཙམ་དང་ལྡན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་མི་འགྱུར། སྟོན་པར་མི་འགྱུར། ཁ་ཏོན་དུ་བྱེད་པར་མི་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མི་འགྱུར། རྟེན་པར་མི་འགྱུར་ན། རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་ བུའམ། རིགས་ཀྱི་བུ་མོ་དེ་དག་ནི་བར་མ་དོར་བྱང་ཆུབ་ལས་ཉམས་པར་འགྱུར་བར་རིག་པར་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་མངོན་དུ་བྱེད་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བར་མི་འགྱུར། སྟོན་པར་མི་འགྱུར། ཁ་ཏོན་བྱེད་པར་མི་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མི་འགྱུར། རྟེན་པར་མི་འགྱུར་བའི་བར་དང་། དེ་བཞིན་ དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་། མཚུངས་པར་ལྡན་པའི་མདོ་སྡེ་འདྲི་བར་མི་འགྱུར། སྟོན་པར་མི་འགྱུར། ཁ་ཏོན་བྱེད་པར་མི་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མི་འགྱུར། རྟེན་པར་མི་འགྱུར་ན། རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་བར་མ་དོར་བྱང་ཆུབ་ལས་ཉམས་པར་འགྱུར་བར་རིག་པར་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་མངོན་དུ་བྱེད་པར་འགྱུར་རོ། །རབ་འབྱོར་གང་ ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་དོན་དུ་དད་པ་ཡོད། བཟོད་པ་ཡོད། དགའ་བ་ཡོད། ལྷག་པའི་བསམ་པ་ཡོད། འདོད་པ་ཡོད། མོས་པ་ཡོད། འདུན་པ་ཡོད། མི་གཏོང་བ་ཡོད། བརྩོན་འགྲུས་ མི་གཏོང་བ་ཡོད་ལ། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བར་འགྱུར། ལུང་འབོགས་པར་འགྱུར། ཁ་ཏོན་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར། རྟེན་པར་འགྱུར་ཏེ། རབ་འབྱོར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་དད་པ་དང་། བཟོད་པ་དང་། རབ་ཏུ་དང་བ་དང་། ལྷག་པའི་བསམ་པ་དང་། འདོད་པ་དང་། མོས་པ་དང་། འདུན་པ་དང་། མི་གཏོང་བ་དང་། བརྩོན་འགྲུས་མི་འདོར་བ་ཡོད་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཟུང་བ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཟུང་བ་ཡིན། དེས་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཡོངས་སུ་བཟུང་བ་ཡིན། དེས་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡོངས་སུ་བཟུང་བ་ཡིན། དེས་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་བཟུང་བ་ཡིན། དེས་ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་བཟུང་བ་ཡིན། དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡོངས་སུ་བཟུང་བ་ཡིན་ཏེ། དེ་ནི་བར་མ་དོར་བྱང་ཆུབ་ལས་ཉམས་པར་མི་འགྱུར་ཏེ། དེ་དག་ནི་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནི་དམིགས་པའི་ཁྱད་པར་འགོག་པའི་སྐད་ཅིག་མ་བཞི་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་ དཔེར་ན། བུད་མེད་དམ་སྐྱེས་པ་ལ་ལ་ཞིག་བུམ་པ་སོ་མ་བཏང་བས་ཆུ་གཟུང་བར་བྱ་བར་སེམས་ན། རབ་འབྱོར་བུམ་པ་དེ་ནི་རིང་པོར་མི་གནས་ཏེ་མྱུར་དུ་འགྱེས་ཤིང་འཇིག་པར་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བུམ་པ་དེ་སོ་མ་བཏང་བའི་ཕྱིར་ཏེ། དེ་ནི་ཐ་མར་ས་ཉིད་དུ་འགྱུར་རོ། །རབ་ འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་དད་པ་ཡང་ཡོད། བཟོད་པ་ཡང་ཡོད། དགའ་བ་ཡང་ཡོད། ལྷག་པའི་བསམ་པ་ཡང་ ཡོད། འདོད་པ་ཡང་ཡོད། མོས་པ་ཡང་ཡོད། འདུན་པ་ཡང་ཡོད། མི་གཏོང་བ་ཡང་ཡོད། བརྩོན་འགྲུས་མི་འདོར་བ་ཡང་ཡོད་མོད་ཀྱི། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཐབས་མཁས་པས་ཡོངས་སུ་མ་བཟུང་། བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་ མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་ཡོངས་སུ་མ་བཟུང་། དྲན་པ་ཉེ་བར་གཞག་པས་ཡོངས་སུ་མ་བཟུང་། ཡང་དག་པར་སྤོང་བས་ཡོངས་སུ་མ་བཟུང་། རྫུ་འཕྲུལ་གྱི་རྐང་པས་ཡོངས་སུ་མ་བཟུང་། དབང་པོས་ཡོངས་སུ་མ་བཟུང་། སྟོབས་ཀྱིས་ཡོངས་སུ་མ་བཟུང་། བྱང་ཆུབ་ཀྱི་ཡན་ལག་གིས་ཡོངས་སུ་མ་བཟུང་། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་ཡོངས་སུ་མ་བཟུང་། མངོན་པར་ཤེས་པ་ལྔས་ཡོངས་སུ་མ་བཟུང་། འཕགས་པའི་བདེན་པ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞིས་ཡོངས་སུ་མ་བཟུང་། གཟུགས་མེད་པའི་ སྙོམས་པར་འཇུག་པ་བཞིས་ཡོངས་སུ་མ་བཟུང་། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་མ་བཟུང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུས་ཡོངས་སུ་མ་བཟུང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པས་ཡོངས་སུ་མ་བཟུང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་ཡོངས་སུ་མ་བཟུང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་མ་བཟུང་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་ རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་བར་མ་དོར་ཉེ་ཞོར་འགྱུར་བར་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་བར་མ་དོར་ཉེ་ཞོར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའོ། །རབ་ འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་པའམ་བུད་མེད་ལ་ལ་ཞིག་བུམ་པ་སོ་ལེགས་པར་བཏང་བས་ཆུ་ཀླུང་ངམ། མཚོའམ། མཚེའུའམ། ཁྲོན་པ་ནས་ཆུ་འཆུ་ན། རབ་འབྱོར་ཆུ་འཆུ་བ་དེའི་བུམ་པ་དེ་ནི་བདེ་བར་ཁྱིམ་དུ་ཕྱིན་པར་རིག་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དད་པ་ཡང་ཡོད། བཟོད་པ་ཡང་ཡོད། རབ་ཏུ་དང་བ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། འདོད་པ་ཡང་ཡོད། མོས་པ་ཡང་ཡོད། འདུན་པ་ཡང་ཡོད། མི་གཏོང་བ་ཡང་ཡོད། བརྩོན་འགྲུས་མི་འདོར་བ་ཡང་ཡོད་ ལ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། ཐབས་མཁས་པས་ཡོངས་སུ་བཟུང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པས་ཡོངས་སུ་བཟུང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་བར་མ་དོར་ཉེ་ ཞོར་མི་འགྱུར་ཏེ། མ་སྨས་མ་ཉམས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནི་རྟེན་གྱི་ཁྱད་པར་ལམ་གྱི་སྐད་ཅིག་མ་དང་པོ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱ་མཚོའི་གྲུ་མ་བསྡམས་ཤིང་ཟགས་ལྷན་མ་བྱས་ པར་རྫས་བཅུག་སྟེ་ཆུ་ལ་བཏང་ན། རབ་འབྱོར་གྲུ་དེ་ནི་བར་དུ་ཞིག་པར་འགྱུར་ཏེ། གྲུ་ཡང་ལོགས་ཤིག །རྫས་ཀྱང་ལོགས་ཤིག་ཏུ་འགྱུར་བར་རིག་པར་བྱ་སྟེ། དེ་ལྟར་ཚོང་པ་དེ་ཐབས་མི་མཁས་པས་གནོད་པ་ཆེན་པོ་དང་ལྡན་པར་འགྱུར་ཞིང་རིན་པོ་ཆེ་ཆེན་པོ་ལས་ཡོངས་སུ་ཉམས་པར་འགྱུར་ བར་རིག་པར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དད་པ་ཡང་ཡོད། བཟོད་པ་ཡང་ཡོད། དགའ་བ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། འདོད་པ་ཡང་ཡོད། མོས་པ་ཡང་ཡོད། འདུན་པ་ཡང་ཡོད། མི་གཏོང་བ་ཡང་ཡོད། བརྩོན་འགྲུས་མི་འདོར་བ་ཡོད་མོད་ཀྱི། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཐབས་མཁས་པས་ཡོངས་སུ་མ་བཟུང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ ཡོངས་སུ་མ་བཟུང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། སྟོང་པ་ཉིད་ཐམས་ཅད་ཀྱིས་ཡོངས་སུ་མ་བཟུང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་ ཡོངས་སུ་མ་བཟུང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། རྣམ་པར་ཐར་པ་བརྒྱད་ཀྱིས་ཡོངས་སུ་མ་བཟུང་། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུས་ཡོངས་སུ་མ་བཟུང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པས་ཡོངས་སུ་མ་བཟུང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་རྣམས་དང་། མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། དེ་བཞིན་གཤེགས་པའི་སྟོབས་བཅུས་ ཡོངས་སུ་མ་བཟུང་། མི་འཇིགས་པ་བཞི་རྣམས་ཀྱིས་ཡོངས་སུ་མ་བཟུང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཀྱིས་ཡོངས་སུ་མ་བཟུང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་མ་བཟུང་ན། རབ་འབྱོར་བྱང་ཆུབ་ སེམས་དཔའ་དེ་ནི་བར་མ་དོར་ཉེ་ཞོར་འགྱུར་ཏེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེའི་ཕུང་པོའི་དོན་ཆེན་པོ་ལས་ཡོངས་སུ་ཉམས་པར་འགྱུར་བར་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བར་མ་དོའི་ཉེ་ཞོ་གང་ཞེ་ན། འདི་ལྟ་སྟེ་ཉན་ཐོས་ཀྱི་ ཀྱི་སའམ། རང་སངས་རྒྱས་ཀྱི་སའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་མཁས་པའི་ངང་ཚུལ་ཅན་ལ་ལ་ཞིག་རྒྱ་མཚོ་ཆེན་པོའི་གྲུ་ཤིན་ཏུ་བསྡམས་ཤིང་ཤིན་ཏུ་བསྟར་བར་རྫས་བཅུག་ནས་མཐུན་པའི་རླུང་དང་བསྟུན་ཏེ་ཆུ་ལ་གཏོང་ན། རབ་འབྱོར་རྒྱ་མཚོའི་གྲུ་དེ་ནི་བར་མ་དོར་ ཞིག་པར་མི་འགྱུར་ཏེ། གྲུ་དེ་ནི་ཕྱོགས་གང་དུ་བགྲོད་པ་དེར་ཕྱིན་པར་འགྱུར་བར་རིག་པར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དད་པ་ཡང་ཡོད། བཟོད་པ་ཡང་ཡོད། དགའ་བ་ཡང་ཡོད། རབ་ཏུ་དང་བ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། འདོད་པ་ཡང་ཡོད། མོས་པ་ཡང་ཡོད། འདུན་པ་ཡང་ཡོད། མི་གཏོང་བ་ཡང་ཡོད། བརྩོན་འགྲུས་མི་འདོར་བ་ཡང་ཡོད་ལ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། ཐབས་མཁས་པས་ཡོངས་སུ་བཟུང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། ཏིང་ངེ་ འཛིན་རྣམས་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་བཟུང་། འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་བཟུང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུས་ཡོངས་སུ་བཟུང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ཀྱིས་ཡོངས་སུ་བཟུང་། མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་བཟུང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་ དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་ཡོངས་སུ་བཟུང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བར་མ་དོར་ཉེ་ཞོར་མི་འགྱུར་བར་རིག་ པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཡང་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དད་པ་ཡང་ཡོད། བཟོད་པ་ཡང་ཡོད། དགའ་བ་ཡང་ཡོད། རབ་ཏུ་དང་བ་ཡང་ཡོད། ལྷག་ པའི་བསམ་པ་ཡང་ཡོད། འདོད་པ་ཡང་ཡོད། མོས་པ་ཡང་ཡོད། འདུན་པ་ཡང་ཡོད། མི་གཏོང་བ་ཡང་ཡོད། བརྩོན་འགྲུས་མི་འདོར་བ་ཡང་ཡོད་ལ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་འགྱུར། ཐབས་མཁས་པས་ཡོངས་སུ་ཟིན་པར་འགྱུར། བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་འགྱུར། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་ཟིན་པར་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་ཞེས་བྱ་བ་ནི་མ་ཚང་བ་མེད་པའི་ཁྱད་པར་ལམ་གྱི་སྐད་ཅིག་མ་གཉིས་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལོ་བརྒྱ་ཉི་ཤུ་ལོན་པ་གྱ་བ་རྒས་པ་འཆལ་བ་ཞིག་ཡོད་ལ། དེའི་ལུས་ལ་རླུང་ངམ། མཁྲིས་པའམ། བད་ཀན་ནམ། འདུས་པའི་ནད་འགའ་ཞིག་གིས་བཏབ་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་མ་བརྟན་པར་རང་ཉིད་ཀྱིས་འགྲོ་ནུས་སམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་སྐྱེས་བུ་དེ་ཡང་ཁྲི་ལས་ཅུང་ཟད་ལྡང་བར་ནུས་སམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་ཁྲི་ལས་ལྡང་ནུས་སུ་ལགས་ཀྱང་རྒྱང་གྲགས་གཅིག་གི་བར་དུ་མཆི་བར་མི་ནུས་ཏེ། དེ་རྒས་པ་དེ་དང་བྲོ་འཚལ་བས་ཉམས་དམས་པའི་སླད་དུ་ཁྲི་དེ་ལས་ལྡང་ ནུས་སུ་ལགས་ཀྱང་དེས་མཆི་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དད་པ་ཡང་ཡོད། བཟོད་པ་ཡང་ཡོད། དགའ་བ་ཡང་ཡོད། རབ་ཏུ་དང་བ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། འདོད་པ་ཡང་ཡོད། མོས་པ་ཡང་ཡོད། འདུན་པ་ཡང་ཡོད། མི་གཏོང་བ་ཡང་ཡོད། བརྩོན་འགྲུས་མི་འདོར་བ་ཡང་ཡོད་མོད་ཀྱི། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཐབས་མཁས་པས་ཡོངས་སུ་མ་བཟུང་། བསམ་གཏན་གྱི་ ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་ཡོངས་སུ་མ་བཟུང་། དྲན་ པ་ཉེ་བར་གཞག་པས་ཡོངས་སུ་མ་བཟུང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱིས་ཡོངས་སུ་མ་བཟུང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། འཕགས་ པའི་བདེན་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་ནི་བར་ མ་དོར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་བ་དང་། ཐབས་མཁས་པས་ཡོངས་སུ་མ་བཟུང་བ་དང་། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་ མ་བཟུང་བའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་ན་ཚོད་ཀྱིས་ལོ་བརྒྱ་ཉི་ཤུ་ལོན་པ་གྱ་བ་རྒས་པ་འཆའ་བ་དེ་རླུང་ངམ། མཁྲིས་པའམ། བད་ཀན་ནམ། འདུས་པའི་ནད་ཀྱིས་བཏབ་པར་གྱུར་ལ། དེ་ཁྲི་ལས་ལྡང་བར་འདོད་ན། དེ་ལ་སྐྱེས་བུ་སྟོབས་དང་ལྡན་པ་གཉིས་ཀྱིས་གློ་ གཡས་གཡོན་ནས་བཟུང་སྟེ་བརྟེན་ནས་འདི་སྐད་དུ། ཀྱེ་སྐྱེས་བུ་ཁྱོད་ཅི་དགའ་བའི་དོན་དུ་གར་འདོད་པར་འདོང་ངོ་། །ཁྱོད་ནི་བདག་ཅག་གིས་གཟུང་གི་གནས་དེར་མ་ཕྱིན་གྱི་བར་དུ་ལམ་དེར་བར་མ་དོར་རྡེག་འཆའ་བས་འཇིགས་པར་མི་འགྱུར་རོ་ཞེས་བསྒོ་བ་དེ་བཞིན་དུ། རབ་འབྱོར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གང་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དད་པ་ཡང་ཡོད། བཟོད་པ་ཡང་ཡོད། དགའ་བ་ཡང་ཡོད། རབ་ཏུ་དང་བ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། འདོད་པ་ཡང་ཡོད། མོས་པ་ཡང་ཡོད། འདུན་པ་ ཡང་ཡོད། མི་གཏོང་བ་ཡང་ཡོད། བརྩོན་འགྲུས་མི་འདོར་བ་ཡང་ཡོད་ལ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། ཐབས་མཁས་པས་ཡོངས་སུ་བཟུང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་ཡོངས་སུ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཉེ་ཞོར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གནས་དེར་ཕྱིན་པར་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང་། ཐབས་མཁས་པ་དང་མ་བྲལ་བའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཐབས་མཁས་པས་ཡོངས་སུ་མ་བཟུང་ན། ཉན་ཐོས་ཀྱི་ ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་དེ་འདྲི་བར་སེམས་པ་ལེགས་སོ་ལེགས་སོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཐོག་མར་སྦྱིན་པ་གང་གཏོང་བ་དེ་ཡང་བདག་དང་བདག་གིར་ལྟུང་བའི་སེམས་ཀྱིས་གཏོང་། ཚུལ་ཁྲིམས་གང་སྲུང་བ་དང་། བཟོད་པ་གང་སྒོམ་པ་དང་། བརྩོན་འགྲུས་གང་རྩོམ་པ་དང་། བསམ་གཏན་གང་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་གང་སྒོམ་པར་བྱེད་པ་དེ་ཡང་བདག་ དང་བདག་གིར་ལྟུང་བའི་སེམས་ཀྱིས་སྒོམ་པར་བྱེད་དོ། །དེ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་འདི་སྙམ་དུ་སེམས་ཏེ། བདག་ནི་སྦྱིན་པ་ཡོངས་སུ་གཏོང་ངོ་། །སྦྱིན་པ་ནི་འདི་ལྟ་བུ་ཞིག་ཡོངས་སུ་གཏོང་ངོ་། །འདི་དག་ལ་སྦྱིན་པ་སྦྱིན་པར་བྱེད་པའོ། །བདག་ནི་ཚུལ་ཁྲིམས་ཡོངས་སུ་སྲུང་ངོ་། ། ཚུལ་ཁྲིམས་ནི་འདི་ལྟ་བུ་ཞིག་སྲུང་ངོ་། །བདག་ནི་ཚུལ་ཁྲིམས་དང་ལྡན་པའོ། །བདག་ནི་བཟོད་པ་སྒོམ་པའོ། །བདག་ནི་བཟོད་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བདག་ནི་བཟོད་པ་དང་ལྡན་པའོ། །བདག་ནི་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་ནི་འདི་ལྟ་བུ་ཞིག་རྩོམ་མོ། །བདག་ ནི་བརྩོན་འགྲུས་དང་ལྡན་པའོ། །བདག་ནི་བསམ་གཏན་དག་ལ་སྙོམས་པར་འཇུག་པའོ། །བདག་ནི་བསམ་གཏན་པའོ། །བདག་ནི་བསམ་གཏན་དང་ལྡན་པའོ། །བདག་ནི་ཤེས་རབ་སྒོམ་མོ། །ཤེས་རབ་ནི་འདི་ལྟ་བུ་ཞིག་སྒོམ་མོ། །བདག་ནི་ཤེས་རབ་དང་ལྡན་པའོ་སྙམ་ནས། དེ་སྦྱིན་པ་ དེས་རློམ་སེམས་སུ་བྱེད་དོ། །སྦྱིན་པ་རློམ་སེམས་སུ་བྱེད། བདག་ནི་སྦྱིན་པ་བྱེད་པའོ་ཞེས་རློམ་སེམས་སུ་བྱེད། དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་རྣམས་དང་། ཤེས་རབ་དེས་རློམ་སེམས་སུ་བྱེད་དེ། །ཤེས་རབ་རློམ་སེམས་སུ་བྱེད། བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་དེ་དག་མེད་དེ། རིང་དུ་སོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་དེ་དག་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རིང་དུ་སོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེས་ཚུ་ རོལ་ཡང་མི་ཤེས། ཕ་རོལ་ཡང་མི་ཤེས་ཏེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ ཡོངས་སུ་མ་བཟུང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་མ་བཟུང་བས། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་ངོ་། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་ཐབས་མི་མཁས་པར་འགྱུར་ བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཐོག་མར་ཐབས་མེད་པར་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཐབས་མེད་པར་ཚུལ་ཁྲིམས་སྲུང་། ཐབས་མེད་པར་བཟོད་པ་སྒོམ། ཐབས་མེད་པར་བརྩོན་འགྲུས་རྩོམ། ཐབས་མེད་པར་ བསམ་གཏན་ལ་སྙོམས་པར་འཇུག །ཐབས་མེད་པར་ཤེས་རབ་སྒོམ་ཞིང་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་སྦྱིན་པ་ཡོངས་སུ་གཏོང་ངོ་། །སྦྱིན་པ་ནི་འདི་ཡོངས་སུ་གཏོང་ངོ་། །བདག་ནི་ཚུལ་ཁྲིམས་སྲུང་ངོ་། །ཚུལ་ཁྲིམས་ནི་འདི་སྲུང་ངོ་། །བདག་ནི་བཟོད་པ་སྒོམ་མོ། །བཟོད་པ་ནི་འདི་ སྒོམ་མོ། །བདག་ནི་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་ནི་འདི་རྩོམ་མོ། །བདག་ནི་བསམ་གཏན་ལ་སྙོམས་པར་འཇུག་གོ། །བསམ་གཏན་ནི་འདི་དག་ལ་སྙོམས་པར་འཇུག་གོ། །བདག་ནི་ཤེས་རབ་སྒོམ་མོ། །ཤེས་རབ་ནི་འདི་སྒོམ་མོ་ཞེས་དེ་སྦྱིན་པ་རློམ་སེམས་སུ་བྱེད་དེ། སྦྱིན་པས་ རློམ་སེམས་སུ་བྱེད། བདག་ནི་སྦྱིན་པ་བྱེད་པའོ་ཞེས་རློམ་སེམས་སུ་བྱེད། ཚུལ་ཁྲིམས་རློམ་སེམས་སུ་བྱེད། ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་བྱེད། བདག་ནི་ཚུལ་ཁྲིམས་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད། བཟོད་པ་རློམ་སེམས་སུ་བྱེད། བཟོད་པས་རློམ་སེམས་སུ་བྱེད། བདག་ནི་ བཟོད་པ་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད། བརྩོན་འགྲུས་རློམ་སེམས་སུ་བྱེད། བརྩོན་འགྲུས་ཀྱིས་རློམ་སེམས་སུ་བྱེད། བདག་ནི་བརྩོན་འགྲུས་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད། བསམ་གཏན་རློམ་སེམས་སུ་བྱེད། བསམ་གཏན་གྱིས་རློམ་སེམས་སུ་བྱེད། བདག་ནི་བསམ་ གཏན་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད། ཤེས་རབ་རློམ་སེམས་སུ་བྱེད། ཤེས་རབ་ཀྱིས་རློམ་སེམས་སུ་བྱེད། བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདིས་ཇི་ལྟར་རྣམ་པར་བརྟགས་པའི་རྣམ་པར་རྟོག་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མེད་པའི་ཕྱིར་ རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིང་དུ་སོང་བའི་ཕྱིར་རོ། །འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིང་དུ་སོང་བའི་ཕྱིར་རོ། །འདི་ལྟ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིང་དུ་སོང་བའི་ཕྱིར་རོ། །འདི་ལྟ་སྟེ། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ནི་རིང་དུ་སོང་བའི་ཕྱིར་རོ། །འདི་ལྟ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིང་དུ་སོང་བའི་ཕྱིར་རོ། །འདིས་ཇི་ལྟར་རྣམ་པར་བརྟགས་པའི་རྣམ་པར་རྟོག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ནི་རིང་དུ་སོང་བའི་ཕྱིར་རོ། །དེ་ལྟ་ཡིན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེས་ཚུ་རོལ་མི་ཤེས། ཕ་རོལ་ཡང་མི་ཤེས་ཏེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། བཟོད་པའི་ཕ་ རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་མ་ བཟུང་བས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་སྟེ། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་ངོ་། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་མ་བཟུང་ན་ཉན་ཐོས་དང་རང་སངས་ རྒྱས་ཀྱི་སར་ལྟུང་ངོ་། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་བཟུང་ན། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་ འགྱུར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོག་མར་སྦྱིན་པ་ཡོངས་སུ་གཏོང་བ་ན་བདག་དང་བདག་གིར་བྱ་བར་མ་ལྟུང་བའི་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏོང་ངོ་། །བདག་དང་བདག་གིར་བྱ་བར་མ་ལྟུང་བའི་སེམས་ཀྱིས་ཚུལ་ཁྲིམས་སྲུང་ངོ་། །བདག་དང་ བདག་གིར་བྱ་བར་མ་ལྟུང་བའི་སེམས་ཀྱིས་བཟོད་པ་སྒོམ་མོ། །བདག་དང་བདག་གིར་བྱ་བར་མ་ལྟུང་བའི་སེམས་ཀྱིས་བརྩོན་འགྲུས་རྩོམ་མོ། །བདག་དང་བདག་གིར་བྱ་བར་མ་ལྟུང་བའི་སེམས་ཀྱིས་བསམ་གཏན་སྒོམ་མོ། །བདག་དང་བདག་གིར་བྱ་བར་མ་ལྟུང་བའི་ སེམས་ཀྱིས་ཤེས་རབ་སྒོམ་སྟེ། དེ་འདི་སྙམ་དུ་བདག་ནི་སྦྱིན་པ་ཡོངས་སུ་གཏོང་ངོ་། །སྦྱིན་པ་ནི་འདི་གཏོང་ངོ་། །འདི་ལ་སྦྱིན་པ་གཏོང་ངོ་ཞེས་བྱ་བར་མི་སེམས་སོ། །བདག་ནི་ཚུལ་ཁྲིམས་སྲུང་ངོ་། །ཚུལ་ཁྲིམས་ནི་འདི་སྲུང་ངོ་། །འདི་དག་ལ་ཚུལ་ཁྲིམས་སྲུང་ངོ་། །བདག་ནི་བཟོད་པ་ སྒོམ་མོ། །བཟོད་པ་ནི་འདི་སྒོམ་མོ། །འདི་དག་ལ་བཟོད་པ་སྒོམ་མོ། །བདག་ནི་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་ནི་འདི་རྩོམ་མོ། །འདི་དག་ལ་བརྩོན་འགྲུས་རྩོམ་མོ། །བདག་ནི་བསམ་གཏན་རྣམས་ལ་སྙོམས་པར་འཇུག་གོ། །བསམ་གཏན་ནི་འདི་དག་ལ་སྙོམས་པར་འཇུག་གོ། ། འདི་རྣམས་ལ་བསམ་གཏན་ལ་སྙོམས་པར་འཇུག་གོ། །བདག་ནི་ཤེས་རབ་སྒོམ་མོ། །ཤེས་རབ་ནི་འདི་སྒོམ་མོ། །འདིའི་དོན་དུ་ཤེས་རབ་སྒོམ་མོ་ཞེས་བྱ་བར་མི་སེམས་ཏེ་སྦྱིན་པ་རློམ་སེམས་སུ་མི་བྱེད། སྦྱིན་པས་རློམ་སེམས་སུ་མི་བྱེད། བདག་ནི་སྦྱིན་པ་བྱེད་པ་ཞེས་བྱ་བར་རློམ་སེམས་སུ་མི་ བྱེད། ཚུལ་ཁྲིམས་རློམ་སེམས་སུ་མི་བྱེད། ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་མི་བྱེད། བདག་ནི་ཚུལ་ཁྲིམས་དང་ལྡན་པའོ་ཞེས་བྱ་བར་རློམ་སེམས་སུ་མི་བྱེད་དོ། །བཟོད་པ་རློམ་སེམས་སུ་མི་བྱེད། བཟོད་པས་རློམ་སེམས་སུ་མི་བྱེད། བདག་ནི་བཟོད་པ་དང་ལྡན་པའོ་ཞེས་རློམ་སེམས་ སུ་མི་བྱེད་དོ། །བརྩོན་འགྲུས་རློམ་སེམས་སུ་མི་བྱེད། བརྩོན་འགྲུས་ཀྱིས་རློམ་སེམས་སུ་མི་བྱེད། བདག་ནི་བརྩོན་འགྲུས་དང་ལྡན་པའོ་ཞེས་རློམ་སེམས་སུ་མི་བྱེད་དོ། །བསམ་གཏན་རློམ་སེམས་སུ་མི་བྱེད། བསམ་གཏན་གྱིས་རློམ་སེམས་སུ་མི་བྱེད། བདག་ནི་བསམ་གཏན་དང་ལྡན་ པའོ་ཞེས་རློམ་སེམས་སུ་མི་བྱེད་དོ། །ཤེས་རབ་རློམ་སེམས་སུ་མི་བྱེད། ཤེས་རབ་ཀྱིས་རློམ་སེམས་སུ་མི་བྱེད། བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་བྱ་བར་རློམ་སེམས་སུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་རློམ་སེམས་སུ་བྱེད་པའི་རྣམ་པར་རྟོག་པ་དེ་དག་ནི་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་ལ་མེད་པའི་ཕྱིར་རོ། །དེ་བཞིན་དུ་གང་གིས་རློམ་སེམས་སུ་བྱེད་པའི་རྣམ་པར་རྟོག་པ་དེ་དག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་པའི་ཕྱིར་རོ། །འདི་ལྟར་གང་གིས་ རློམ་སེམས་སུ་འགྱུར་བའི་རྣམ་པར་རྟོག་པ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིང་དུ་སོང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་ཚུ་རོལ་དང་ཕ་རོལ་གྱིས་ ཀྱང་རློམ་སེམས་སུ་མི་བྱེད་ན། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་ དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་བཟུང་བས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར། རབ་འབྱོར་དེ་ལྟར་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ ཡོངས་སུ་བཟུང་། ཐབས་མཁས་པས་ཡོངས་སུ་བཟུང་བས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་གི་དེ་ལྟར་ཐབས་མཁས་པས་ཡོངས་སུ་བཟུང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་ཡོངས་སུ་བཟུང་བའི་ཁྱད་པར་ལམ་གྱི་སྐད་ཅིག་མ་གསུམ་ པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་སངས་ རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་བསླབ་པར་བ