Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 83

Văn bản gốc(Tây Tạng)

Trang 15 / 21 (50.000 ký tự/trang)
འི་ཕྱིར་རོ། །འདི་ལས་བྱུང་བ་ནི་འཕགས་པའི་བདེན་པ་བཞི་
རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་བསམ་གཏན་བཞི་རྣམས་དང་། ཚད་མེད་པ་བཞི་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་རྣམ་པར་ཐར་པ་བརྒྱད་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་
དགུ་རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང་། མི་འཇིགས་པ་བཞི་རྣམས་དང་། སོ་སོ་ཡང་དག་པར་རིག་པ་བཞི་རྣམས་དང་། སངས་རྒྱས་
ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་མངོན་པར་ཤེས་པ་དྲུག་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་སངས་རྒྱས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་སངས་རྒྱས་ཀྱི་ཆོས་ཚད་མེད་གྲངས་མེད་པ་
རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་།

མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་
འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ལུང་འབོགས་པར་འགྱུར། ཁ་ཏོན་བྱེད་པར་འགྱུར། ཚུལ་བཞིན་དུ་
ཡིད་ལ་བྱེད་པར་འགྱུར་བ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་འཆད་པར་དགོངས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་ནི་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་བར་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་མཛད་པར་འགྱུར་རོ་ཞེས་བྱ་བ་ནི་འཛམ་བུའི་གླིང་གི་རིན་པོ་ཆེ་ཆེན་པོའི་དཔེས་
མཐུ་ཆེན་པོ་ཉིད་བསྟན་ཏེ། འདི་དག་གིས་ནི་བར་ཆད་རྣམས་གསུངས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྐྱེད་པར་བྱེད་པའོ། །འཇིག་
རྟེན་འདི་སྟོན་པར་བྱེད་པའོ་ཞེས་བཀའ་སྩལ་ན། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྐྱེད་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་འདི་
སྟོན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་བཞིན་གཤེགས་པ་བསྐྱེད་པ་ལ་འཇིག་རྟེན་ནི་དེ་བཞིན་གཤེགས་པས་ཇི་ཙམ་ལ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས་དེ་བཞིན་

གཤེགས་པའི་སྟོབས་བཅུ་བསྐྱེད་དོ། །མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱི་བར་དུ་བསྐྱེད་དོ། །རབ་འབྱོར་དེ་དག་གིས་ནི་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས་དེ་བཞིན་གཤེགས་པ་བསྐྱེད་དོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་ཡིན་ནོ། །རབ་
འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པའི་འཇིག་རྟེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པས་འཇིག་རྟེན་དུ་གསུངས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕུང་པོ་ལྔ་ནི་ཇི་ལྟར་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕུང་པོ་ལྔ་པོ་འདི་དག་འཇིག་པར་སྟོན་པ་མ་ཡིན། རབ་ཏུ་འཇིག་པར་སྟོན་པ་མ་ཡིན། སྐྱེ་བར་སྟོན་པ་མ་ཡིན། འགག་པར་སྟོན་པ་མ་
ཡིན། ཀུན་ནས་ཉོན་མོངས་པར་མ་ཡིན། རྣམ་པར་བྱང་བར་སྟོན་པ་མ་ཡིན། འཕེལ་བར་མ་ཡིན། འགྲིབ་པར་མ་ཡིན། བླང་བར་མ་ཡིན། དོར་བར་སྟོན་པ་མ་ཡིན། འདས་པར་མ་ཡིན། མ་འོངས་པར་མ་ཡིན། ད་ལྟར་བྱུང་བར་སྟོན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ནི་འཇིག་
པའམ་རབ་ཏུ་འཇིག་པ་མེད་པས་སོ། །མཚན་མ་མེད་པ་ནི་འཇིག་པའམ་རབ་ཏུ་འཇིག་པ་མེད་པས་སོ། །སྨོན་པ་མེད་པ་ནི་འཇིག་པའམ་རབ་ཏུ་འཇིག་པ་མེད་པས་སོ། །མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། དངོས་པོ་མེད་པ་དང་། རང་བཞིན་མེད་པ་
ནི་འཇིག་པའམ་རབ་ཏུ་འཇིག་པ་མེད་པས་སོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་གྱི་སྟོན་བྱེད་དུ་གསུངས་ཏེ་ཞེས་བྱ་བ་ནི་འཇིག་རྟེན་འཇིག་པ་མེད་པ་ཤེས་པ་ཡིན་ནོ། །རབ་འབྱོར་སེམས་ཅན་ཚད་མེད། སེམས་ཅན་གྲངས་མེད། སེམས་ཅན་

གཞལ་དུ་མེད་པའི་སེམས་དང་སྤྱོད་པ་རབ་ཏུ་མཁྱེན་པ་དང་། སེམས་ཅན་ཕ་རོལ་པོ་ཚད་མེད་པའི་སེམས་མཁྱེན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཅིང་རབ་ཏུ་མཁྱེན་ཀྱང་། རབ་འབྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ནི་སེམས་ཅན་
མེད་དོ། །སེམས་ཅན་དུ་གདགས་པ་དམིགས་སུ་མེད་དོ། །གཟུགས་མེད་དོ། །གཟུགས་སུ་གདགས་པ་དམིགས་སུ་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་མེད་དོ། །འདུ་བྱེད་རྣམས་མེད་དོ། །རྣམ་པར་ཤེས་པ་མེད་དོ། །རྣམ་པར་ཤེས་པར་གདགས་པ་དམིགས་སུ་མེད་
དོ། །མིག་དང་གཟུགས་མེད་དོ། །མིག་གི་རྣམ་པར་ཤེས་པ་མེད་དོ། །མིག་གི་འདུས་ཏེ་རེག་པ་མེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དམིགས་སུ་མེད་དོ། །མིག་དང་གཟུགས་སུ་གདགས་པ་དམིགས་སུ་མེད་དོ། །མིག་གི་རྣམ་པར་ཤེས་པར་གདགས་པ་
དམིགས་སུ་མེད་དོ། །མིག་གི་འདུས་ཏེ་རེག་པར་གདགས་པ་དམིགས་སུ་མེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་གདགས་པ་དམིགས་སུ་མེད་དོ། །དེ་བཞིན་དུ་རྣ་བ་མེད་དོ། །སྒྲ་མེད་དོ། །སྣ་མེད་དོ། །དྲི་མེད་དོ། །ལྕེ་མེད་དོ། །རོ་མེད་དོ། །ལུས་མེད་དོ། །
རེག་མེད་དོ། །ཡིད་མེད་དོ། །ཆོས་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་གདགས་པ་དམིགས་སུ་མེད་དོ། །ཕ་རོལ་ཏུ་ཕྱིན་པ་རྣམས་མེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མེད་དོ། །རྣམ་པར་
ཐར་པའི་སྒོ་རྣམས་མེད་དོ། །སྟོབས་རྣམས་དང་། མི་འཇིགས་པ་རྣམས་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་དོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་མོ་འདི་ནི་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་གྱི་སྟོན་བྱེད་ཡིན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་གཟུགས་ཀྱི་སྟོན་བྱེད་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོན་བྱེད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་འདི་ཉིད་ཀྱང་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་མེད་ཅིང་མི་དམིགས་ན་གཟུགས་དམིགས་པར་ལྟ་ག་ལ་འགྱུར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་པར་ལྟ་ག་ལ་འགྱུར། རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་དམིགས་པར་ལྟ་ག་ལ་འགྱུར་ཞེས་བྱ་བ་ནི་སེམས་
ཅན་གྱི་སེམས་ཀྱི་སྤྱོད་པ་ཐམས་ཅད་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་སེམས་ཅན་དུ་གདགས་པས་གདགས་པར་འགྱུར་བ་གཟུགས་ཡོད་པའམ། གཟུགས་མེད་པའམ། འདུ་ཤེས་ཡོད་པའམ། འདུ་ཤེས་མེད་པའམ། འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པའང་
མ་ཡིན་པའི་སེམས་ཅན་ཇི་སྙེད་པ་དང་། འཇིག་རྟེན་གྱི་ཁམས་འདི་དང་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་གཞན་དག་གི་ཡང་རུང་སྟེ། སེམས་ཅན་ཇི་སྙེད་ཡོད་པ་དེ་དག་གི་སེམས་བསྡུས་པ་དང་སེམས་རྣམ་པར་གཡེངས་པ་དེ་དག་ཐམས་ཅད་ཀྱི་སེམས་བསྡུས་པ་དང་། སེམས་རྣམ་པར་
གཡེངས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། རྣམ་པར་གཡེངས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་
བསྡུས་པ་དང་སེམས་རྣམ་པར་གཡེངས་པ་ནི་ཆོས་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སེམས་རྣམ་པར་གཡེངས་པ་ཆོས་ཉིད་གང་གིས་ཡང་དག་པ་
ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་ཆོས་ཉིད་གང་ལ་ཆོས་ཉིད་ཀྱང་མི་དམིགས་ན། སེམས་བསྡུས་པ་དང་སེམས་རྣམ་པར་གཡེངས་པ་ལྟ་སྨོས་སུ་མེད་པའི་ཆོས་ཉིད་དེས་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་
པ་དང་། སེམས་རྣམ་པར་གཡེངས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནི་སེམས་བསྡུས་པ་དང་རྣམ་པར་གཡེངས་པ་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་

བསྡུས་པ་དང་། སེམས་རྣམ་པར་གཡེངས་པ་མི་ཟད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སེམས་རྣམ་པར་གཡེངས་པ་མི་ཟད་པའི་རྣམ་པར་ཡང་དག་པ་ཇི་ལྟ་བ་
བཞིན་དུ་མཁྱེན་ཅེ་ན། རབ་འབྱོར་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བྲལ་བ་དང་འགོག་པ་དང་རྣམ་པར་སྤོང་བའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སེམས་རྣམ་པར་གཡེངས་པ་ཞི་བ་དང་མེད་པ་དང་དབེན་པའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནི་སེམས་མི་ཟད་པའི་རྣམ་པར་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་
གི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེ་སྡང་དང་
བཅས་པའི་སེམས་ལ་ཞེ་སྡང་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེ་སྡང་དང་བྲལ་བའི་སེམས་ལ་ཞེ་སྡང་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གཏི་མུག་དང་བཅས་པའི་སེམས་ལ་གཏི་མུག་དང་
བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གཏི་མུག་དང་བྲལ་བའི་སེམས་ལ་གཏི་མུག་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པའི་སེམས་ཞེས་བགྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ལགས། ཇི་ལྟར་ཞེ་སྡང་དང་བཅས་པའི་སེམས་ལ་ཞེ་སྡང་དང་བཅས་པའི་སེམས་ཞེས་བགྱི་

བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ལགས། ཇི་ལྟར་ན་གཏི་མུག་དང་བཅས་པའི་སེམས་ལ་གཏི་མུག་དང་བཅས་པའི་སེམས་ཞེས་བགྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཀྱི་འདོད་ཆགས་དང་ཞེ་སྡང་
དང་གཏི་མུག་དང་བཅས་པ་གང་ཡིན་པ་དེ་ནི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར་པའི་སེམས་ནི་དམིགས་སུ་མེད་ཅིང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་དམིགས་སུ་མེད་ན། འདོད་ཆགས་དང་བཅས་པའམ།
ཞེ་སྡང་དང་བཅས་པའམ། གཏི་མུག་དང་བཅས་པའི་སེམས་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པའི་སེམས་ཞེས་
བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེ་སྡང་དང་བཅས་པའི་སེམས་ལ་ཞེ་སྡང་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གཏི་མུག་དང་བཅས་པའི་སེམས་ལ་གཏི་མུག་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་
བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་ལྟར་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། ཞེ་སྡང་དང་བྲལ་བའི་སེམས་ལ་ཞེ་སྡང་དང་བྲལ་བའི་སེམས་
ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། གཏི་མུག་དང་བྲལ་བའི་སེམས་ལ་གཏི་མུག་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་ཀྱི་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་སེམས་ཀྱི་འདོད་ཆགས་དང་བཅས་པ་ཉིད་
མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་གཉིས་འགྲོགས་ཤིང་ཕྲད་པ་མེད་པས་སོ། །རབ་འབྱོར་དེ་ལྟར་ན་སེམས་ཀྱི་ཞེ་སྡང་དང་བྲལ་བ་གང་ཡིན་པ་དེ་ནི་སེམས་ཀྱི་ཞེ་སྡང་དང་བཅས་པ་མ་ཡིན། རབ་འབྱོར་སེམས་ཀྱི་གཏི་མུག་དང་བྲལ་བ་གང་ཡིན་པ་དེ་ནི་སེམས་ཀྱི་གཏི་མུག་དང་བཅས་པ་མ་

ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་གཉིས་འགྲོགས་ཤིང་ཕྲད་པ་མེད་པས་སོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་
མཁྱེན་ཏོ། །སེམས་ཞེ་སྡང་དང་བྲལ་བ་ལ་སེམས་ཞེ་སྡང་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་གཏི་མུག་དང་བྲལ་བ་ལ་གཏི་མུག་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནི་འདོད་ཆགས་དང་
བཅས་པ་ལ་སོགས་པ་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་བ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་
མཁྱེན་ཏོ། །རབ་འབྱོར་ཇི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། སེམས་ཅན་ཕ་རོལ་པོ་རྣམས་དང་གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་བ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་
གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་རྒྱ་ཆེ་བ་མ་ཡིན། སེམས་རྒྱ་ཆུང་བ་མ་ཡིན། སེམས་འཕེལ་བ་མ་ཡིན། སེམས་འགྲིབ་པ་མ་ཡིན། སེམས་འོང་བ་མ་ཡིན། སེམས་འགྲོ་བ་མ་ཡིན་ཞེས་
བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་རྒྱ་ཆེན་པོ་ནས་འོང་བའམ། འགྲོ་བ་མ་ཡིན་པའི་བར་གྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་
ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་བ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནི་སེམས་རྒྱ་ཆེན་པོ་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ། སེམས་

ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་རྒྱ་ཆེན་པོར་གྱུར་པ་ལ་སེམས་རྒྱ་ཆེན་པོར་གྱུར་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་།
གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་རྒྱ་ཆེན་པོར་གྱུར་པ་ལ་སེམས་རྒྱ་ཆེན་པོར་གྱུར་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་དེ་དག་ལ་འོང་བ་དང་། འགྲོ་བ་
དང་། སྐྱེ་བ་དང་། འགག་པ་དང་། གནས་པ་དང་། གཞན་དུ་གྱུར་པ་ཡང་དག་པར་རྗེས་སུ་མི་གཟིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་དེ་དག་ལ་གང་འོང་བར་འགྱུར་བའམ། འགྲོ་བར་འགྱུར་བའམ། སྐྱེ་བར་འགྱུར་བའམ། འགག་པར་འགྱུར་བའམ། གནས་པར་འགྱུར་བའམ།
གཞན་དུ་འགྱུར་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་ཆེན་པོར་གྱུར་པ་ལ་ཆེན་པོར་འགྱུར་བ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་
རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནི་སེམས་ཆེན་པོར་གྱུར་པ་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་ཚད་མེད་པ་ལ་སེམས་ཚད་མེད་ཅེས་བྱ་བར་ཡང་
དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་ཚད་མེད་པ་ལ་སེམས་ཚད་མེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན།
རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་ཀུན་ནས་གནས་པ་དང་། ཀུན་ནས་མི་གནས་པ་དང་། རྣམ་པར་གནས་པ་དང་། རྣམ་པར་མི་གནས་པར་ཡང་དག་པར་རྗེས་སུ་མི་གཟིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

སེམས་ཀྱི་རྒྱུན་ནི་རྟེན་མེད་ཅིང་ཚད་མེད་པ་སྟེ་གང་ལ་གནས་པར་འགྱུར་བ་དེ་དག་ནི་རྟེན་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་ཚད་
མེད་པ་ལ་སེམས་ཚད་མེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནི་སེམས་ཚད་མེད་པ་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་
རྣམས་ཀྱི་སེམས་བསྟན་དུ་མེད་པ་ལ་སེམས་བསྟན་དུ་མེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་བསྟན་
དུ་མེད་པ་ལ་སེམས་བསྟན་དུ་མེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་མཚན་ཉིད་
མེད་པའི་སེམས་དང་། རང་བཞིན་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་བསྟན་དུ་
མེད་པ་ལ་བསྟན་དུ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནི་སེམས་བསྟན་དུ་མེད་པ་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་
རྣམས་ཀྱི་སེམས་བལྟར་མེད་པ་ལ་བལྟར་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་བལྟར་མེད་པ་ལ་

བལྟར་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་ལྔ་ལ་ཕ་རོལ་པོ་རྣམས་ཀྱི་སེམས་དེ་དག་སྣང་བར་མ་གྱུར་ཏོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་བལྟར་མེད་པ་ལ་བལྟར་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནི་སེམས་
བལྟར་མེད་པ་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་གཡོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་
དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་གཡོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན།
རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་གཡོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་དེ་དག་ཀྱང་འདི་ལྟར་རབ་ཏུ་མཁྱེན་ཏོ། །སེམས་ཅན་རྣམས་ཀྱི་སེམས་འཕྲོ་
བའམ། འདུ་བའམ། བཀྲམ་པའམ། བཅུམ་པ་གང་ཇི་སྙེད་པ་སྐྱེ་ཞིང་འབྱུང་བ་དེ་དག་ཐམས་ཅད་གཟུགས་ལ་བརྟེན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བརྟེན་ནས་སྐྱེ་ཞིང་འབྱུང་བར་འགྱུར་རོ་ཞེས་བྱ་བར་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་ན་དེ་
བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་དེ་དག་གི་སེམས་གཡེང་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གྲོངས་ནས་འབྱུང་ཞེས་བྱ་བ་འདི་ནི་གཟུགས་ལ་བརྟེན་པའོ། །

དེ་བཞིན་གཤེགས་པ་གྲོངས་ནས་མི་འབྱུང་ཞེས་བྱ་བ་དང་། འབྱུང་བ་ཡང་མ་ཡིན། མི་འབྱུང་བ་ཡང་མ་ཡིན་ཞེས་བྱ་བ་དང་། འབྱུང་བ་ཡང་མ་ཡིན། མི་འབྱུང་བ་ཡང་མ་ཡིན་ཞེས་བྱ་བ་འདི་ནི་གཟུགས་ལ་བརྟེན་པའོ། །དེ་བཞིན་གཤེགས་པ་གྲོངས་ནས་འབྱུང་
ཞེས་བྱ་བ་ནི། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་བརྟེན་པའོ། །དེ་བཞིན་གཤེགས་པ་གྲོངས་ནས་མི་འབྱུང་ཞེས་བྱ་བ་དང་། འབྱུང་བ་ཡང་ཡིན། མི་འབྱུང་བ་ཡང་ཡིན་ཞེས་བྱ་བ་དང་། འབྱུང་བ་ཡང་མ་ཡིན། མི་འབྱུང་བ་ཡང་མ་ཡིན་ཞེས་
བྱ་བ་འདི་ནི་རྣམ་པར་ཤེས་པ་ལ་བརྟེན་པའོ། །བདག་དང་འཇིག་རྟེན་རྟག་ཅེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་གཟུགས་ལ་བརྟེན་པའོ། །བདག་དང་འཇིག་རྟེན་མི་རྟག་ཅེས་བྱ་བ་དང་། རྟག་པ་ཡང་ཡིན་མི་རྟག་པ་ཡང་ཡིན་ཞེས་བྱ་བ་དང་།
རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་པ་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་གཟུགས་ལ་བརྟེན་པའོ། །བདག་དང་འཇིག་རྟེན་རྟག་ཅེས་བྱ་བ་འདི་ཉིད་ནི་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་དེ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
རྣམས་དང་། རྣམ་པར་ཤེས་པ་ལ་བརྟེན་པའོ། །བདག་དང་འཇིག་རྟེན་མི་རྟག་ཅེས་བྱ་བ་དང་། རྟག་པ་ཡང་ཡིན་མི་རྟག་པ་ཡང་ཡིན་ཞེས་བྱ་བ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ལ་
བརྟེན་པའོ། །དེ་བཞིན་དུ་བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་དེ་ནི་གཟུགས་ལ་བརྟེན་པའོ། །དེ་བཞིན་དུ་བདག་དང་འཇིག་རྟེན་མཐའ་དང་ལྡན་པ་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་དེ་ནི་ཚོར་བ་
དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བརྟེན་པའོ། །བདག་དང་འཇིག་རྟེན་མཐའ་མེད་ཅེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་དེ་ནི་གཟུགས་ལ་བརྟེན་པའོ། །དེ་བཞིན་དུ་བདག་དང་འཇིག་རྟེན་མཐའ་མེད་ཅེས་བྱ་བ་འདི་ཉིད་བདེན་གྱི། གཞན་ནི་

གཏི་མུག་གོ་ཞེས་བྱ་བ་དེ་ནི་གཟུགས་ལ་བརྟེན་པའོ། །དེ་བཞིན་དུ་བདག་དང་འཇིག་རྟེན་མཐའ་དང་ལྡན་པ་ཡང་ཡིན་མཐའ་མེད་པ་ཡང་ཡིན་ཞེས་བྱ་བ་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་དེ་ནི། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བརྟེན་པའོ། །
བདག་དང་འཇིག་རྟེན་མཐའ་དང་ལྡན་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བ་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་དེ་ནི་གཟུགས་ལ་བརྟེན་པའོ། །དེ་བཞིན་དུ་བདག་དང་འཇིག་རྟེན་མཐའ་དང་ལྡན་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བ་འདི་ཉིད་བདེན་
གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་དེ་ནི། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བརྟེན་པའོ། །སྲོག་གང་ཡིན་པ་དེ་ཉིད་ལུས་སོ་ཞེས་བྱ་བ་དང་། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་བྱ་བ་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་
དེ་ནི་གཟུགས་ལ་བརྟེན་པའོ། །སྲོག་གང་ཡིན་པ་དེ་ནི་ལུས་སོ་ཞེས་བྱ་བ་དང་། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བརྟེན་པའོ། །རབ་འབྱོར་དེ་
ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་གཡོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནི་སེམས་གཡོ་བ་ལ་སོགས་པ་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་
དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ་གཟུགས་མཁྱེན་ཏོ། །གཟུགས་ཇི་ལྟར་མཁྱེན་ཅེ་ན་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། འགྱུར་བ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། མཚན་མ་མེད་པ་དང་། འབད་པ་མེད་པ་དང་། སྤྲོས་པ་མེད་པ་དང་།
དམིགས་སུ་མེད་པ་ཇི་ལྟ་བ་དེ་ལྟར་མཁྱེན་ཏོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཁྱེན་ཏོ། །རྣམ་པར་ཤེས་པ་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། འགྱུར་བ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། མཚན་

མ་མེད་པ་དང་། འབད་པ་མེད་པ་དང་། སྤྲོས་པ་མེད་པ་དང་། དམིགས་སུ་མེད་པ་ཇི་ལྟ་བ་དེ་ལྟར་མཁྱེན་ཏོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་
ཀྱི་སེམས་གཡོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་རྣམས་ཀྱང་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། འགྱུར་བ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། མཚན་མ་མེད་པ་དང་། འབད་པ་མེད་པ་དང་། སྤྲོས་པ་མེད་པ་དང་། དམིགས་པ་མེད་པ་ཇི་ལྟ་བ་དེ་ལྟར་
མཁྱེན་ཏོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ། །རབ་འབྱོར་དེ་ལྟར་ན་གཡོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་དོ། །ཕུང་པོ་དང་།
ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དེ་བཞིན་ཉིད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་
ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དེ་བཞིན་ཉིད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །སྟོང་པ་ཉིད་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཐར་པ་བརྒྱད་རྣམས་དང་། མཐར་གྱིས་གནས་
པའི་སྙོམས་པར་འཇུག་པ་དགུ་རྣམས་ཀྱི་དེ་བཞིན་ཉིད་དོ། །རྣམ་པར་ཐར་པ་བརྒྱད་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་
ཉིད་དོ། །ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་འཕགས་པའི་བདེན་པ་བཞིའི་དེ་བཞིན་ཉིད་དོ། །འཕགས་པའི་བདེན་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་

མ་མེད་པ་དང་། སྨོན་པ་མེད་པའི་དེ་བཞིན་ཉིད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མངོན་པར་ཤེས་པ་དྲུག་གི་དེ་བཞིན་ཉིད་དོ། །མངོན་པར་ཤེས་པ་དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ཐམས་ཅད་
ཀྱི་དེ་བཞིན་ཉིད་དོ། །ཏིང་ངེ་འཛིན་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་གཟུངས་ཀྱི་སྒོ་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །གཟུངས་ཀྱི་སྒོ་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་དེ་བཞིན་
ཉིད་གང་ཡིན་པ་དེ་ནི་མི་འཇིགས་པ་བཞིའི་དེ་བཞིན་ཉིད་དོ། །མི་འཇིགས་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སོ་སོ་ཡང་དག་པར་རིག་པ་བཞིའི་དེ་བཞིན་ཉིད་དོ། །སོ་སོ་ཡང་དག་པར་རིག་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་དོ། །བྱམས་
པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དེ་བཞིན་ཉིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་
བཞིན་ཉིད་གང་ཡིན་པ་དེ་ནི་དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་དང་། ཁ་ན་མ་ཐོ་བ་དང་བཅས་པ་
དང་། ཁ་ན་མ་ཐོ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་རྣམས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་འདས་པ་དང་།
མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྒྱུན་དུ་ཞུགས་པའི་དེ་བཞིན་ཉིད་དོ། །རྒྱུན་དུ་ཞུགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་

ཉིད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་དོ། །ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་
ཉིད་གང་ཡིན་པ་དེ་ནི་དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་དོ། །དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དགྲ་བཅོམ་པའི་འབྲས་བུའི་དེ་བཞིན་ཉིད་དོ། །དགྲ་བཅོམ་པའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རང་སངས་རྒྱས་ཀྱི་དེ་བཞིན་ཉིད་དོ། །རང་སངས་རྒྱས་ཀྱི་དེ་བཞིན་ཉིད་
གང་ཡིན་པ་དེ་ནི་རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་དོ། །རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་
བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་ཉིད་དེ། དེ་ནི་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་
དོ། །ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མི་ཟད་པའོ། །མི་ཟད་པ་དེ་ནི་མི་ཟད་པ་ཉིད་ཀྱིས་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ་མངོན་པར་ཤེས་
པར་སངས་རྒྱས་སོ། །རབ་འབྱོར་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པ་རྣམས་སྐྱེད་པར་བྱེད་པའོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འཇིག་རྟེན་གྱི་སྟོན་པར་བྱེད་པའོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐུགས་སུ་ཆུད་དོ། །མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ཐུགས་སུ་ཆུད་དེ། དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ། །

རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་འདི་ནི་ཟབ་སྟེ། བཅོམ་ལྡན་འདས་དེ་བཞིན་ཉིད་འདིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་བསྟན་ཏོ། །བཅོམ་
ལྡན་འདས་འདིར་སླར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་རྣམས་དང་། དགྲ་བཅོམ་པ་ཟག་པ་ཟད་པ་རྣམས་མ་གཏོགས་པར་གཞན་སུ་ཞིག་མོས་པར་འགྱུར། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་འདི་
མངོན་པར་སངས་རྒྱས་ནས་གསུངས་པའི་བར་ནི་ཤིན་ཏུ་ཟབ་པོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་དེ་བཞིན་ཉིད་ནི་མི་ཟད་པ་སྟེ། ཅིའི་ཕྱིར་མི་ཟད་ཅེ་ན། ཆོས་ཐམས་ཅད་མི་ཟད་པའི་ཕྱིར་མི་ཟད་པའི་དེ་བཞིན་ཉིད་དེ། རབ་འབྱོར་དེ་བཞིན་ཉིད་ནི་དེ་བཞིན་
གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་གསུངས་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་ཐུགས་སུ་ཆུད་པ་དེ་མཆོག་ཏུ་ཡང་དག་པར་གསུངས་ཤིང་
བཏགས་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལྷ་རྫས་ཀྱི་ཙནྡན་གྱི་ཕྱེ་མ་ཡོངས་སུ་བཟུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།
བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་
མོ་འདི་བཤད་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་མཚན་ཉིད་ནི་སྟོང་པ་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་

མཚན་ཉིད་ནི་མཚན་མ་མེད་པའོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་མཚན་ཉིད་ནི་སྨོན་པ་མེད་པའོ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཤེས་པ་ཡིན་ནོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་མཚན་ཉིད་
ནི་སྐྱེ་བ་མེད་པའོ། །མཚན་ཉིད་འགག་པ་མེད་པའོ། །མཚན་ཉིད་ཀུན་ནས་ཉོན་མོངས་པ་མེད་པའོ། །མཚན་ཉིད་རྣམ་པར་བྱང་བ་མེད་པའོ། །མཚན་ཉིད་དངོས་པོ་མེད་པའོ། །མཚན་ཉིད་རང་བཞིན་མེད་པའི་མཚན་ཉིད་རྟེན་པ་མེད་པའོ། །མཚན་ཉིད་ནམ་མཁའོ། །མཚན་ཉིད་
རྟག་པ་མེད་པའོ། །མཚན་ཉིད་ཆད་པ་མེད་པའོ། །མཚན་ཉིད་མངོན་པར་འདུ་བྱེད་པ་མེད་པའོ། །མཚན་ཉིད་དོན་གཅིག་པ་མ་ཡིན་པའོ། །མཚན་ཉིད་སྣ་ཚོགས་པ་མ་ཡིན་པའོ། །མཚན་ཉིད་འགྲོ་བ་མེད་པ་སྟེ་མཚན་ཉིད་མེད་པའོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
འདིའི་མཚན་ཉིད་དེ་ལྟ་བུ་ཡིན་ཡང་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་བརྡར་ཐ་སྙད་དུ་མཛད་དེ། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྐྱེ་བ་དང་འགག་པ་མེད་པ་ལ་སོགས་པ་ཤེས་པ་ཡིན་ནོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དཀྲུགས་
པར་ནུས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་པ་ཡང་མཚན་ཉིད་དེ་ཉིད་དེ་ལྷའི་བུ་དག་མཚན་ཉིད་འཁྲུགས་པར་བྱེད་པ་མེད་པ་དེ་མཚན་ཉིད་མེད་པའི་མཚན་ཉིད་ཤེས་པར་མི་བྱེད་དོ། །དེ་ལྟར་མཚན་ཉིད་དང་མཚན་ཉིད་མེད་པ་དང་། མཚན་ཉིད་ཡོད་པ་
དང་། མཚན་ཉིད་མེད་པ་དེ་གཉིས་ཀ་ལ་ཡང་གང་གིས་ཤེས་པར་བྱ་བའམ། གང་ཤེས་པར་བྱ་བ་མི་སྲིད་དོ་ཞེས་བྱ་བ་ནི་ཆོས་ཉིད་རྣམ་པར་འཁྲུག་པ་མེད་པ་ཤེས་པ་ཡིན་ནོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་གཟུགས་ཀྱིས་འདུས་བྱས་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པས་འདུས་བྱས་པ་མ་ཡིན་ནོ། །ཁམས་ཀྱིས་འདུས་བྱས་པ་མ་ཡིན་ནོ། །སྐྱེ་མཆེད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བས་འདུས་བྱས་པ་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་འདུས་བྱས་པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་

ཕ་རོལ་ཏུ་ཕྱིན་པས་འདུས་བྱས་པ་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་འདུས་བྱས་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་འདུས་བྱས་པ་མ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་འདུས་བྱས་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འདུས་བྱས་པ་མ་
ཡིན་ནོ། །སྟོང་པ་ཉིད་ཐམས་ཅད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་འདུས་བྱས་པ་མ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་ཀྱིས་འདུས་བྱས་པ་མ་ཡིན་ནོ། །ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་།
རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུས་འདུས་བྱས་པ་མ་ཡིན་ནོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པས་འདུས་བྱས་པ་མ་ཡིན་ནོ། །མངོན་པར་ཤེས་པས་འདུས་བྱས་པ་མ་ཡིན་ནོ། །ཏིང་ངེ་འཛིན་ཐམས་ཅད་ཀྱིས་འདུས་
བྱས་པ་མ་ཡིན་ནོ། །གཟུངས་ཀྱི་སྒོ་ཐམས་ཅད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་འདུས་བྱས་པ་མ་ཡིན་ནོ། །མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ནི་མངོན་པར་འདུ་མི་བྱེད་པ་ཤེས་པ་ཡིན་ནོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་མིའམ། མི་མ་ཡིན་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ།
འདུས་བྱས་པའམ། འདུས་མ་བྱས་ཀྱི་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་བཀའ་སྩལ་པ། ལྷའི་བུ་དག་གལ་ཏེ་ལ་ལ་ཞིག་ནམ་མཁའི་མཚན་ཉིད་གང་ཡིན་པ་ཞེས་ཟེར་ན། ཅི་དེ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནམ།
ལྷའི་བུ་དག་གིས་གསོལ་པ། བཅོམ་ལྡན་འདས་ཡང་དག་པར་སྨྲ་བས་སྨྲ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ནམ་མཁའི་ཁམས་འདུས་མ་བགྱིས་པའི་སླད་དུ་ནམ་མཁའ་ལ་མཚན་ཉིད་ཅུང་ཟད་ཀྱང་མ་མཆིས་སོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་ཤེས་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཀྱི་དབྱིངས་འདི་གནས་པ་ཉིད་དེ། དེ་ལྟར་མཚན་ཉིད་གནས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གནས་པ་དེ་ལྟར་དེ་
བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ལྷའི་བུ་དག་གིས་གསོལ་པ། བཅོམ་ལྡན་འདས་མཚན་ཉིད་ཟབ་མོ་འདི་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། མཚན་ཉིད་གང་རྣམས་
མངོན་པར་རྫོགས་པར་སངས་རྒྱས་པའི་སླད་དུ་དེ་བཞིན་གཤེགས་པ་ཆགས་པ་མི་མངའ་བའི་ཡེ་ཤེས་ཅན་ནོ། །མཚན་ཉིད་གང་དག་ལ་བཞུགས་ནས་དེ་བཞིན་གཤེགས་པས་མཚན་ཉིད་ཐམས་ཅད་ཡང་དག་པར་རབ་ཏུ་བསྟན་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རབ་
ཏུ་བསྟན་པས། མཚན་ཉིད་དེ་དག་ཡང་དག་པར་རབ་ཏུ་བསྟན་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་དེ་ཙམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དུ་འགྱུར་ཏེ། གང་ལ་སྤྱད་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་མཚན་ཉིད་ཐམས་ཅད་རབ་ཏུ་དབྱེ་བ་མཛད་དེ། གཟུགས་ཀྱི་མཚན་ཉིད་དང་། ཚོར་བའི་མཚན་ཉིད་
དང་། འདུ་ཤེས་ཀྱི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་དང་། རྣམ་པར་ཤེས་པའི་མཚན་ཉིད་དང་། དེ་བཞིན་དུ་ཕུང་པོའི་མཚན་ཉིད་དང་། ཁམས་ཀྱི་མཚན་ཉིད་དང་། སྐྱེ་མཆེད་ཀྱི་མཚན་ཉིད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་རབ་ཏུ་དབྱེ་བར་མཛད་པ་དང་། རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཀྱི་བར་གྱི་མཚན་ཉིད་རབ་ཏུ་དབྱེ་བར་མཛད་པ་ངོ་མཚར་ཆེའོ་ཞེས་བྱ་བ་ནི་རབ་ཏུ་དབྱེ་བ་ཤེས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བ་སྟེ།

དེ་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཚོར་བའི་མཚན་ཉིད་ནི་ཉམས་སུ་མྱོང་བའོ། །འདུ་ཤེས་ཀྱི་མཚན་ཉིད་ནི་མཚན་མར་འཛིན་པའོ། །འདུ་བྱེད་རྣམས་ཀྱི་མཚན་ཉིད་ནི་མངོན་པར་འདུ་བྱེད་པའོ། །རྣམ་པར་ཤེས་པའི་མཚན་ཉིད་ནི་སོ་སོའི་
རང་བཞིན་ཤེས་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཕུང་པོ་རྣམས་ཀྱི་མཚན་ཉིད་ནི་སྤུངས་པའོ། །ཁམས་རྣམས་ཀྱི་མཚན་ཉིད་ནི་རིགས་སོ། །སྐྱེ་མཆེད་རྣམས་ཀྱི་མཚན་ཉིད་ནི་སྐྱེ་བའི་སྒོའོ། །རྟེན་ཅིང་འབྲེལ་བར་
འབྱུང་བའི་མཚན་ཉིད་ནི་ཚོགས་པ་སྟེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་ཡོངས་སུ་གཏོང་བ་སྟེ། དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་གདུང་བ་མེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་འཁྲུག་པ་མེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་བརྫི་བ་མེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་རྗེས་སུ་འཛིན་པའོ། །ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་ཆགས་པ་མེད་པ་སྟེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་ཀྱི་མཚན་ཉིད་ནི་མི་འཁྲུག་པ་སྟེ།
དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་མཚན་ཉིད་ནི་ངེས་པར་འབྱིན་པ་སྟེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྟོང་པ་ཉིད་ཀྱི་མཚན་ཉིད་
ནི་དབེན་པའོ། །མཚན་མ་མེད་པའི་མཚན་ཉིད་ནི་ཞི་བའོ། །སྨོན་པ་མེད་པའི་མཚན་ཉིད་ནི་འབད་རྩོལ་མེད་པ་སྟེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པར་ཐར་པ་རྣམས་ཀྱི་མཚན་ཉིད་ནི་གྲོལ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་

ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྟོབས་རྣམས་ཀྱི་མཚན་ཉིད་ནི་ཤིན་ཏུ་རྣམ་པར་གདོན་མི་ཟ་བའོ། །མི་འཇིགས་པ་རྣམས་ཀྱི་མཚན་ཉིད་ནི་ཤིན་ཏུ་བརྟན་པའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མཚན་ཉིད་ནི་ཡོངས་སུ་མི་ཆོད་པའོ། །བྱམས་པ་ཆེན་
པོའི་མཚན་ཉིད་ནི་ཕན་པ་བསྒྲུབ་པའོ། །སྙིང་རྗེ་ཆེན་པོའི་མཚན་ཉིད་ནི་སྐྱོབ་པའོ། །དགའ་བའི་མཚན་ཉིད་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་དང་ཞིང་རབ་ཏུ་དགའ་བའོ། །བཏང་སྙོམས་ཀྱི་མཚན་ཉིད་ནི་བདེ་བ་དང་། སྡུག་བསྔལ་བ་དང་། རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། གྲགས་པ་
མེད་པ་དང་། བསྟོད་པ་དང་། སྨད་པ་སྟེ། སྐྱོན་ཐམས་ཅད་སྙོམས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཀྱི་མཚན་ཉིད་ནི་མི་འཕྲོགས་པ་སྟེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་ནི་མངོན་སུམ་སྟེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ལྷའི་བུ་དག་དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེས་ན་དེ་བཞིན་གཤེགས་
པ་ཆགས་པ་མི་མངའ་བའི་ཡེ་ཤེས་ཅན་ཞེས་བརྗོད་དོ་ཞེས་བྱ་བ་ནི་མཚན་ཉིད་མེད་པར་ཤེས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱི་སྐྱེད་པར་བྱེད་པའོ། །འཇིག་རྟེན་འདི་སྟོན་པར་བྱེད་པའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ལ་བརྟེན་ཅིང་གནས་སོ་ཞེས་བྱ་བ་ནི་ཉིད་ཀྱི་ཆོས་ལ་བརྟེན་ནས་གནས་པ་ཤེས་པ་ཡིན་ནོ། །དེ་ལྟར་ཆོས་ལ་རིམ་གྲོར་མཛད།
བླ་མར་མཛད། བསྟི་སྟང་དུ་མཛད། མཆོད་པར་མཛད། རྗེད་པར་མཛད། བཀུར་སྟིར་མཛད་དེ། རབ་འབྱོར་ཆོས་ཉིད་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དེ་བཞིན་གཤེགས་པས་རིམ་གྲོར་མཛད་པ་དང་། བླ་མར་མཛད་པ་དང་། བསྟི་སྟང་དུ་མཛད་པ་

དང་། མཆོད་པར་མཛད་པ་དང་། རྗེད་པར་མཛད་པ་དང་། བཀུར་སྟིར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཕྱིར་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་ནི་བྱས་པ་མཁྱེན་པའོ། །རབ་འབྱོར་གང་ལ་ལ་ཞིག་
ཡང་དག་པར་སྨྲ་བས་བྱས་པ་ཤེས་ཤིང་བྱས་པ་ཚོར་བའོ་ཞེས་སྨྲ་ན། དེ་དེ་བཞིན་གཤེགས་པ་ལ་བྱས་པ་མཁྱེན་ཅིང་བྱས་པ་ཚོར་བའོ་ཞེས་ཡང་དག་པར་སྨྲ་བས་ཡང་དག་པར་སྨྲ་བའོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་བྱས་པ་མཁྱེན་ཅིང་བྱས་པ་ཚོར་བར་འགྱུར་བ་ཡིན་ཞེ་ན། རབ་འབྱོར་
དེ་བཞིན་གཤེགས་པ་ཐེག་པ་གང་གིས་བྱོན་པ་དང་ལམ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བའི་ཐེག་པ་དེ་ཉིད་དང་། ལམ་དེ་ཉིད་ལ་དེ་བཞིན་གཤེགས་པ་རིམ་གྲོར་མཛད་པ་དང་། བླ་མར་མཛད་པ་དང་། བསྟི་སྟང་དུ་མཛད་པ་དང་།
མཆོད་པར་མཛད་པ་དང་། རྗེད་པར་མཛད་པ་དང་། བཀུར་སྟིར་མཛད་པ་དང་། རྗེས་སུ་འཛིན་པར་མཛད་པ་དང་། ཡོངས་སུ་བསྲུང་བར་མཛད་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་གཤེགས་པས་བྱས་པ་མཁྱེན་པ་དང་བྱས་པ་རིག་པར་བལྟ་བར་བྱའོ་ཞེས་བྱ་བ་ནི་གུས་པར་བྱ་བ་ལ་སོགས་པས་ཤེས་པ་ཡིན་
ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་བྱེད་པ་པོ་མེད་པའི་ཕྱིར། ཆོས་ཐམས་ཅད་མ་བྱས་ཞེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱས་སོ། །ལུས་མེད་པའི་ཕྱིར་མ་བྱས་ཞེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱས་སོ། །རབ་འབྱོར་འདི་ཡང་དེ་བཞིན་གཤེགས་པའི་བྱས་པ་
མཁྱེན་པ་དང་། བྱས་པ་རིག་པར་བལྟ་བར་བྱའོ་ཞེས་བྱ་བ་ནི་བྱེད་པ་མེད་པ་ཅན་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ། དེ་བཞིན་གཤེགས་པའི་བྱེད་པ་མེད་པ་ཅན་ཤེས་པ་ཆོས་ཐམས་ཅད་ལ་འཇུག་པ་མེད་པའི་བརྡས་འཇུག་སྟེ། རབ་འབྱོར་རྣམ་གྲངས་
དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་པར་བྱེད་པའོ། །འཇིག་རྟེན་འདི་སྟོན་པར་བྱེད་པའོ་ཞེས་བྱ་བ་ནི་ཐམས་ཅད་དུ་འགྲོ་བ་ཤེས་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་གི་ཚེ་ཆོས་ཐམས་ཅད་ཤེས་པ་པོ་མ་མཆིས་ཤིང་མཐོང་བ་པོ་མ་མཆིས་པ་

དེའི་ཚེ་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་པར་བྱེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའོ། །རབ་འབྱོར་ཇི་ལྟར་ན་ཆོས་
ཐམས་ཅད་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པ་ཡིན་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་གསོག་གསོབ་སྙིང་པོ་མེད་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའོ། །རབ་འབྱོར་གཞན་ཡང་ཆོས་ཐམས་ཅད་ནི་ཤེས་པ་པོ་མེད་ཅིང་
མཐོང་བ་པོ་མེད་པ་སྟེ། རབ་འབྱོར་ཇི་ལྟར་ན་ཆོས་ཐམས་ཅད་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པ་ཡིན་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་མི་རྟེན་ཅིང་ཁོངས་སུ་ཆུད་པ་མ་ཡིན་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའོ། །རབ་འབྱོར་དེ་ལྟར་
ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་པར་བྱེད་པའོ། །འཇིག་རྟེན་འདི་སྟོན་པར་བྱེད་པའོ། །དེ་ཡང་གཟུགས་ཀྱི་མཐོང་བ་མེད་པའི་ཕྱིར་སྟོན་པར་བྱེད་པའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མཐོང་བ་པོ་མེད་པའི་
ཕྱིར་སྟོན་པར་བྱེད་པའོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་མཐོང་བ་མེད་པའི་ཕྱིར་སྟོན་པར་བྱེད་པའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་མཐོང་བ་མེད་པའི་ཕྱིར་སྟོན་པར་བྱེད་པའོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ནི་དེ་བཞིན་གཤེགས་པ་སྐྱེད་པར་བྱེད་པའོ། །འཇིག་རྟེན་འདི་སྟོན་པར་བྱེད་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་ཀྱི་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པར་བགྱིད་པ་ལགས། ཇི་ལྟར་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ཇི་ལྟར་ན་རྣམ་
པར་ཤེས་པའི་མཐོང་བ་པོ་མ་མཆིས་པའི་སླད་དུ་སྟོན་པར་བགྱིད་པར་འགྱུར་བ་ལགས། ཇི་ལྟར་ན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པར་བགྱིད་པ་ལགས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་མཐོང་

བ་མ་མཆིས་པའི་སླད་དུ་སྟོན་པར་བགྱིད་པ་ལགས།། །།བམ་པོ་བཞི་བཅུ་ལྔ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཚེ་གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བ་དེའི་ཚེ་གཟུགས་ཀྱི་མཐོང་བ་མེད་པའི་ཕྱིར་སྟོན་པར་བྱེད་པའོ། །དེ་
བཞིན་དུ་གང་གི་ཚེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། གང་གི་ཚེ་རྣམ་པར་ཤེས་པ་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བ་དེའི་ཚེ་རྣམ་པར་ཤེས་པ་མཐོང་བ་མེད་པའི་ཕྱིར་སྟོན་པར་བྱེད་པའོ། །གང་གི་ཚེ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་
བར་འབྱུང་བ་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བ་དེའི་ཚེ། རྟེན་ཅིང་འབྲེལ་བར་འབྱུང་བའི་མཐོང་བ་མེད་པའི་ཕྱིར་སྟོན་པར་བྱེད་པའོ། །གང་གི་ཚེ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བ་དེའི་ཚེ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མཐོང་བ་མེད་པའི་ཕྱིར་སྟོན་
པར་བྱེད་པའོ། །གང་གི་ཚེ་སྟོང་པ་ཉིད་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་རྣམས་དང་། མཐར་
གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་དང་། མངོན་པར་ཤེས་པ་ལྔ་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང་། མི་འཇིགས་པ་རྣམས་
དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། གང་གི་ཚེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བ་དེའི་ཚེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མཐོང་བ་མེད་པའི་ཕྱིར་སྟོན་པར་བྱེད་པའོ། །རབ་འབྱོར་གང་གི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བ་དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐོང་བ་མེད་པའི་ཕྱིར་སྟོན་པར་བྱེད་པའོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པའི་སྐྱེད་པར་བྱེད་པའོ། །འཇིག་རྟེན་འདི་སྟོན་པར་བྱེད་པའོ་ཞེས་བྱ་བ་ནི་མ་མཐོང་

བའི་དོན་སྟོན་པ་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པའི་སྐྱེད་པར་བྱེད་པ་དང་། འཇིག་རྟེན་འདི་སྟོན་པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་སྟོང་ངོ་ཞེས་བརྗོད་
པར་མཛད་དོ། །ཇི་ལྟར་འཇིག་རྟེན་སྟོང་ངོ་ཞེས་བརྗོད་པར་མཛད་ཅེ་ན། ཕུང་པོ་ལྔའི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་བརྗོད་པར་མཛད་དོ། །སྐྱེ་མཆེད་བཅུ་གཉིས་ཀྱི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་བརྗོད་པར་མཛད་དོ། །ཁམས་བཅོ་བརྒྱད་ཀྱི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་བརྗོད་པར་མཛད་དོ། །དགེ་བ་
བཅུའི་ལས་ཀྱི་ལམ་གྱི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་བརྗོད་པར་མཛད་དོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་བརྗོད་པར་མཛད་དོ། །མ་རིག་པའི་རྐྱེན་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་
ཀྱི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་བརྗོད་པར་མཛད་དོ། །འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བ་ཅན་གྱི་ལྟ་བས་བྱས་པ་དྲུག་ཅུ་རྩ་གཉིས་ཀྱི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་བརྗོད་པར་མཛད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་བརྗོད་པར་མཛད་དོ། །ཕ་རོལ་ཏུ་ཕྱིན་པ་
དྲུག་གི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་བརྗོད་པར་མཛད་དོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་བརྗོད་པར་མཛད་དོ། །སྟོབས་བཅུ་དང་། མི་འཇིགས་པ་རྣམས་
དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་བརྗོད་པར་མཛད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་བརྗོད་པར་མཛད་དོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་
གཤེགས་པ་སྐྱེད་པར་བྱེད་པའོ། །འཇིག་རྟེན་འདི་སྟོན་པར་བྱེད་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་ཤེས་པར་མཛད་དོ། །ཇི་ལྟར་ན་འཇིག་རྟེན་སྟོང་ཞེས་བྱ་བར་ཤེས་པར་མཛད་ཅེ་ན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་

འབྱུང་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བ་ཅན་ལྟ་བས་བྱས་པ་དྲུག་ཅུ་རྩ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་
བདུན་དང་། སྟོང་པ་ཉིད་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་ཤེས་པར་མཛད་དོ། །རབ་འབྱོར་དེ་ལྟར་ན་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པའི་སྐྱེད་པར་བྱེད་པའོ། །འཇིག་རྟེན་སྟོན་པར་བྱེད་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་སྟོན་པར་མཛད་དོ། །ཇི་ལྟར་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་སྟོན་པར་མཛད་ཅེ་ན།
ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བ་ཅན་ལྟ་བས་བྱས་པ་དྲུག་ཅུ་
རྩ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱི་བར་གྱི་འཇིག་རྟེན་སྟོང་ངོ་ཞེས་བྱ་བར་སྟོན་པར་མཛད་དོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པའི་སྐྱེད་པར་བྱེད་པའོ། །འཇིག་རྟེན་འདི་སྟོན་པར་མཛད་པའོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རྣམ་པར་བརྗོད་པར་མཛད་པ་དང་། ཤེས་པར་མཛད་པ་དང་། སྟོན་པར་
མཛད་པ་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་བསམ་གྱིས་མི་ཁྱབ་ཅེས་བྱ་བར་སྟོན་ཏེ། ཇི་ལྟར་འཇིག་རྟེན་བསམ་གྱིས་མི་ཁྱབ་ཅེས་བྱ་བར་སྟོན་ཞེ་ན། ཕུང་པོ་ལྔ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་

འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་བསམ་གྱིས་མི་ཁྱབ་ཅེས་བྱ་བར་སྟོན་ཏོ། །དེ་བཞིན་དུ་རྣམ་པར་དབེན་ཞེས་བྱ་བ་དང་། ཤིན་ཏུ་སྟོང་ཞེས་བྱ་བ་དང་། རང་བཞིན་སྟོང་ཞེས་བྱ་བར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །ཕུང་པོ་ལྔའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །
རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་པར་བྱེད་པའོ། །འཇིག་རྟེན་འདི་སྟོན་པར་བྱེད་པའོ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་དང་ཞི་བ་ཉིད་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་
སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏེ། ཕུང་པོ་ལྔའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་ཀྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་
ཏོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་པར་བྱེད་པའོ། །འཇིག་རྟེན་འདི་སྟོན་པར་བྱེད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡང་དེ་བཞིན་
གཤེགས་པ་ལ་འཇིག་རྟེན་འདིའི་འདུ་ཤེས་དང་། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་སུ་ཡང་མི་འགྱུར་བ་དེ་ལྟར་འཇིག་རྟེན་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་འཇིག་རྟེན་འདིའི་འདུ་ཤེས་དང་། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་སུ་འགྱུར་བའི་ཆོས་དེ་ལྟ་བུ་མེད་དོ་ཞེས་བྱ་བ་ནི་འཇིག་རྟེན་འདུ་ཤེས་
འགོག་པ་ཤེས་པ་ཡིན་ཏེ་ཤེས་པའི་མཚན་ཉིད་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་ཆེན་པོས་ཉེ་བར་གནས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བསམ་གྱིས་མི་ཁྱབ་པའི་བྱ་བས་དང་། མཉམ་པ་མ་མཆིས་པའི་བྱ་བས་དང་།

གཞལ་དུ་མ་མཆིས་པའི་བྱ་བས་དང་། གྲངས་མ་མཆིས་པའི་བྱ་བས་དང་། མི་མཉམ་པ་དང་མཉམ་པའི་བྱ་བས་ཉེ་བར་གནས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པ་རྣམས་ལ་བྱ་བ་
ཆེན་པོས་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱ་བ་ཆེན་པོས་ཉེ་བར་གནས་པ་ཡིན་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་གནས་དང་ཡོངས་སུ་མི་གཏོང་བའི་དོན་གྱིས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམ་གྱིས་མི་ཁྱབ་
པའི་བྱ་བས་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་བསམ་གྱིས་མི་ཁྱབ་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་རྣམས་ལ་བསམ་གྱིས་མི་ཁྱབ་པའི་བྱ་བས་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མི་མཉམ་པའི་བྱ་བས་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་སེམས་ཅན་གྱི་རིས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་རིམ་གྲོར་
བྱ་བ་མཉམ་པའི་སེམས་ཅན་ནི་འགའ་ཡང་མེད་དོ། །རབ་འབྱོར་རྣམ་གྲངས་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཉམ་པ་མེད་པའི་བྱ་བས་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་གཞལ་དུ་མེད་པའི་བྱ་བས་ཉེ་བར་གནས་པ་གང་ཡིན་ཞེ་ན། རབ་འབྱོར་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་སུས་ཀྱང་ཚད་བྱ་བར་མི་ནུས་པས་གཞལ་དུ་
མེད་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་རྣམས་ལ་གཞལ་དུ་མེད་པའི་བྱ་བས་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་གྲངས་མེད་པའི་

བྱ་བས་ཉེ་བར་གནས་ཤེ་ན། རབ་འབྱོར་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་སུས་ཀྱང་བགྲང་བར་མི་ནུས་པས་གྲངས་མེད་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་
རྣམས་ལ་གྲངས་མེད་པའི་བྱ་བས་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་མཉམ་པ་དང་མཉམ་པའི་བྱ་བས་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་རྣམས་དང་མཉམ་པ་ཡང་མེད་ན་ལྷག་པ་ལྟ་ཅི་སྨོས་ཏེ། རབ་འབྱོར་རྣམ་གྲངས་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་དེ་བཞིན་གཤེགས་པ་རྣམས་ལ་མི་མཉམ་པ་དང་མཉམ་པའི་བྱ་བས་ཉེ་བར་གནས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ཡང་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་པ་དང་། མཉམ་པ་
མ་མཆིས་པ་དང་། གཞལ་དུ་མ་མཆིས་པ་དང་། གྲངས་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་།
ཐམས་ཅད་མཁྱེན་པ་ཉིད་ནི་བསམ་གྱིས་མི་ཁྱབ་པའོ། །རབ་འབྱོར་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པའོ། །རབ་འབྱོར་གཟུགས་
ཀྱང་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་།
གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པའོ། །ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཀྱང་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་ཀྱི་བར་ཡང་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་
པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ནི་སེམས་སམ་སེམས་ལས་བྱུང་བ་རྣམས་ཀྱང་དམིགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་ཤེས་
སུ་མེད་པའི་ཕྱིར་རོ། །རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་ཤེས་སུ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་།
རྟེན་ཅིང་འབྲེལ་བར་འབྱུང་བ་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་ཤེས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་། གཞལ་དུ་མེད་
པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་ཤེས་སུ་མེད