Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 82

Văn bản gốc(Tây Tạng)

Trang 13 / 20 (50.000 ký tự/trang)
ིད་དང་ལྡན་པའི་ཡིད་ལ་བྱ་བས་
སྦྱིན་པ་ཡོངས་སུ་གཏོང་ཞིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པའི་
ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་
བྱ་བས་ཚུལ་ཁྲིམས་བསྲུང་ཞིང་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་
ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་།
ཆོས་དེ་དག་ལ་དེ་ལྟར་བཟོད་པ་དང་། མོས་པ་དང་། རྟོག་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བཟོད་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་

རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་འགྲུས་ཉམས་པར་མི་བྱེད་ཅིང་། བརྟུན་མི་ངས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ན་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་
ཏེ། བརྩོན་འགྲུས་དེས་རློམ་སེམས་སུ་མི་བྱེད་ཅིང་། བརྩོན་འགྲུས་དེ་ཡང་མི་དམིགས་ཏེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་
ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་གོ་ཆ་སྟེ་བཞི་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་

བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སྦྱིན་པ་ཡོངས་སུ་གཏོང་ཞིང་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་
དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚུལ་ཁྲིམས་བསྲུང་ཞིང་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་
དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བཟོད་པ་ཡོངས་སུ་བསྒོམ་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བརྩོན་འགྲུས་ཉམས་པར་མི་བྱེད་དེ། དེའི་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་

ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སེམས་རྩེ་གཅིག་ཏུ་བྱེད་དེ། དེ་ལ་དམིགས་པ་གཅིག་པའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་རྣམས་ཀྱི་གོ་མི་འབྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་ན། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས། ཆོས་ཐམས་ཅད་སྒྱུ་མའི་རྣམ་པའི་འདུ་ཤེས་ཉེ་བར་
གནས་ཏེ། བསམ་གཏན་དེས་ཀྱང་རློམ་སེམས་སུ་མི་བྱེད་ཅིང་། བསམ་གཏན་དེ་ཡང་མི་དམིགས་ཏེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ།
དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་གོ་ཆ་སྟེ་ལྔ་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་

ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་འཁོར་གསུམ་ཡོངས་སུ་དག་པས་སྦྱིན་པ་ཡོངས་སུ་གཏོང་ཞིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚུལ་ཁྲིམས་ཡོངས་སུ་བསྲུང་ཞིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཆོས་དེ་དག་ལ་དེ་ལྟར་བཟོད་ལ་མོས་ཤིང་རྟོག་པ་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་
ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བརྩོན་འགྲུས་ཉམས་པར་མི་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་

བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སེམས་རྩེ་གཅིག་ཏུ་བྱེད་ཅིང་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་
ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་དེ། དེ་ཡང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་།
ཆོས་ཐམས་ཅད་ལ་སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཅ་དང་། གཟུགས་བརྙན་དང་། སྤྲུལ་པའི་འདུ་ཤེས་ཉེ་བར་གནས་པར་འགྱུར་ལ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་
སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱི་ཕ་རོལ་ཏུ་
ཕྱིན་པ་དྲུག་པོ་འདི་དག་དང་། སེམས་ཅན་དང་། བྱང་ཆུབ་ལ་མཚན་མར་མི་བྱེད། མི་དམིགས་པ་དེ་ལྟར་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གོ་ཆ་ཆེན་པོ་བགོས་པར་འགྱུར་བ་ཡིན་ནོ། །ཚེ་དང་

ལྡན་པ་ཤཱ་རིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་རེ་རེས་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པའི་གོ་ཆ་སྟེ་དྲུག་པའོ། །ཚེ་དང་ལྡན་པ་
ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་རྣམས་ལ་སྙོམས་པར་འཇུག་པར་བྱེད་ཀྱང་བསམ་གཏན་རྣམས་ཀྱི་རོ་མྱོང་བར་མི་བྱེད། དེ་དག་གིས་འཕྲོག་པར་ཡང་མི་འགྱུར་ཏེ། དེ་དག་གི་དབང་གིས་སྐྱེ་བ་ཡང་མ་ཡིན། དེ་བཞིན་དུ་ཚད་མེད་པ་དང་།
གཟུགས་མེད་པའི་སྙོམས་པར་འཇུག་པར་བྱེད་ཀྱང་དེ་དག་གི་རོ་མྱོང་བར་མི་བྱེད། དེ་དག་གིས་འཕྲོག་པར་ཡང་མི་འགྱུར། དེ་དག་གི་དབང་གིས་སྐྱེ་བ་ཡང་མ་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་ལྡན་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མཐོང་བས་
གནས་ཀྱང་ཡང་དག་པའི་མཐའ་སྔོན་དུ་བྱེད་པ་མ་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའི་གོ་ཆ་ཆེན་པོ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་དེས་ན་
སེམས་དཔའ་ཆེན་པོ་ཞེས་བརྗོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གོ་ཆ་ཆེན་པོ་བགོས་པ་ལ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང་། མིང་ཡོངས་སུ་སྒྲོགས་པར་མཛད་དེ། འཇིག་རྟེན་གྱི་ཁམས་
ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་བརྗོད་པ་མཛད་ཅིང་དབྱངས་རྗེས་སུ་སྒྲོག་གོ་ཞེས་བྱ་བ་ནི་དྲུག་

པའི་གོ་ཆའི་མཇུག་བསྡུ་བའོ། །གོ་ཆའི་སྒྲུབ་པ་བསྟན་ཟིན་ཏོ།། །།ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་གང་པོ་ཅི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་འཇུག་པ་དང་། ཐེག་པ་ཆེན་པོ་ལ་འཛེག་པར་འགྱུར་བ་ཡིན། གང་
པོས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདོད་པས་དབེན་པ་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་
ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་
དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་དང་གཟུགས་མེད་པའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། གཟུགས་མེད་པའི་སྙོམས་
པར་འཇུག་པ་འདི་དག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་ན། ནམ་མཁའི་རྣམ་པ་དང་། རྟགས་དང་། མཚན་མས་མཉམ་པར་འཇོག་ཅིང་ལྡང་བ་ན་དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བསམ་གཏན་བཞི་ལ་སྙོམས་པར་འཇུག་པར་བྱེད། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་ཡང་སྙོམས་པར་འཇུག་པར་བྱེད། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་འདི་དག་དང་།

གཟུགས་མེད་པའི་སྙོམས་པར་འཇུག་པ་འདི་དག་གིས་གནས་ཤིང་། དེ་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་འདི་དག་ལ་སྙོམས་པར་འཇུག་པ་དང་ལྡན་པ་ན། ནམ་མཁའི་རྣམ་པ་དང་། རྟགས་དང་། མཚན་མ་ཡིད་ལ་བྱེད་པས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་དགེ་བའི་རྩ་བ་དེ་དང་གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་འདི་ནི། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཐེག་པ་ཆེན་པོ་ལ་རབ་ཏུ་ཞུགས་པ་ཡིན་ནོ། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །སངས་
རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ་ཞེས་བྱ་བ་ནི་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་ལྡན་པའི་འཇུག་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
ཡིད་ལ་བྱེད་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རབ་ཏུ་སྤང་བའི་ཕྱིར་ཆོས་བསྟན་པར་བྱའོ་སྙམ་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་
པའི་ཡིད་ལ་བྱ་བ་དེ་དག་གིས་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ལ་སྙོམས་པར་གཞོག་ཅིང་རྣམ་པར་ལྡང་བ་ཡང་འདི་ལྟ་སྟེ། ཉན་ཐོས་སམ། རང་སངས་རྒྱས་ཀྱི་སེམས་སམ། སེམས་བསྐྱེད་པ་གཞན་གྱི་གོ་མི་འབྱེད་པ་འདི་ནི།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་འཛིན་པ་མེད་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་

སྙོམས་པར་འཇུག་པ་དེ་དག་གིས་གནས་པ་ན་འདི་སྙམ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ་སྙམ་དུ་སེམས་ཤིང་ཡིད་ལ་བྱེད་པ་དེ་དག་ལ་འདོད་པ་དང་། བཟོད་པ་དང་། ཉེ་བར་རྟོག་པ་དང་། རྟོགས་པ་དང་། ངེས་པར་སེམས་པར་བྱེད་པ་འདི་ནི།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་
རྣམ་པར་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར། བརྩོན་འགྲུས་མི་གཏོང་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང་། གཟུགས་མེད་པ་ལ་སྙོམས་པར་འཇུག་ཀྱང་། མི་དམིགས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང་པོའི་ཡན་ལག་དང་། བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པའི་ཡན་ལག་རྣམས་ལ་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་
པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པར་རབ་ཏུ་རྟོགས་ཀྱང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་མི་དམིགས་ཤིང་དེ་དག་གིས་རློམ་སེམས་
སུ་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་

པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པ་དང་། རྣམ་པ་ཐམས་ཅད་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་
མ་མེད་པ་དང་། སྨོན་པ་མེད་པ་སྒོམ་པ་དང་། རྣམ་པ་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་པར་བྱེད་པ་འདི་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་འཕགས་པའི་ལམ་ལ་འཇུག་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བྱམས་པ་དང་ལྡན་པའི་སེམས་ཡངས་པ། རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་མེད་པ།
ཁོན་མེད་པ། འགྲན་ཟླ་མེད་པ། སྒྲིབ་པ་མེད་པ། གནོད་པ་མེད་པ། ཐམས་ཅད་དུ་སོང་བ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་གི་འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ཁྱབ་པར་བྱས་ཤིང་། ཉེ་བར་
བསྒྲུབས་ནས་གནས་པ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་ཁྱབ་པར་བྱས་ཤིང་ཉེ་བར་བསྒྲུབས་ནས་གནས་སོ། །དེ་སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའི་སེམས་ཡངས་པ། རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་མེད་
པ། ཁོན་མེད་པ། འགྲན་ཟླ་མེད་པ། སྒྲིབ་པ་མེད་པ། གནོད་པ་མེད་པ། ཐམས་ཅད་དུ་སོང་བ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་གི་འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ཁྱབ་པར་བྱས་ཤིང་། ཉེ་བར་
བསྒྲུབས་ནས་གནས་པ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་བར་དུ་ཁྱབ་པར་བྱས་ཤིང་ཉེ་བར་བསྒྲུབས་ནས་གནས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང་བདག་གིས་སེམས་ཅན་ཐམས་

ཅད་ཡོངས་སུ་བསྐྱབ་པར་བྱའོ་ཞེས་དེ་ལ་གཞོལ་བར་བྱེད། སྙིང་རྗེའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང་། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་། སྙིང་བརྩེ་བ་ལ་གཞོལ་བར་བྱེད། དགའ་བའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང་། བདག་ཉིད་ཀྱིས་སེམས་ཅན་དགའ་བར་བྱའོ་ཞེས་
སེམས་ཅན་རྣམས་ལ་གཞོལ་བར་བྱེད། བཏང་སྙོམས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང་། སེམས་ཅན་རྣམས་ཟག་པ་ཟད་པ་ལ་རབ་ཏུ་གཞོལ་བར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །
ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་རྣམས་ཀྱི་རྣམ་པ་དང་། རྟགས་དང་མཚན་མ་ལ་མཉམ་པར་གཞོག་ཅིང་། རྣམ་པར་ལྡང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་མ་གཏོགས་པར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡོངས་
སུ་མི་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་འཛིན་པ་མེད་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་དེ་དག་གིས་མ་འདྲེས་པར་རྣམ་པར་སྤྱོད་ཅིང་། ས་གཉིས་པོ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་འདོད་པ་མི་བསྐྱེད་ཀྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བཟོད་པ་དང་། འདོད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་
བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་མི་དགེ་བའི་ཆོས་རྣམས་རབ་ཏུ་སྤང་བ་དང་། དགེ་བའི་ཆོས་ཕུན་སུམ་ཚོགས་པར་བྱ་བའི་དོན་དུ་བརྩོན་འགྲུས་མི་གཏོང་བས་རྣམ་པར་སྤྱོད་པ་འདི་
ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ལ་ཡང་མཉམ་པར་འཇོག་ལ།

བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་དབང་གིས་ཀྱང་མི་སྐྱེ་ཞིང་། དེ་དག་གི་རོ་མྱོང་བར་བྱེད་པ་ཡང་མེད་ལ། དེ་དག་གིས་འཕྲོགས་པར་ཡང་མི་འགྱུར་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་
པ་རྣམས་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ལ་ཡང་མཉམ་པར་འཇོག་
ཅིང་། རྣམ་པར་ལྡང་བ་ལ། དེ་དག་ལ་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པར་རབ་ཏུ་རྟོག་ཀྱང་ཉན་ཐོས་དང་། རང་སངས་རྒྱས་
ཀྱི་སྐྱོན་མེད་པར་འཇུག་པར་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚད་མེད་པ་རྣམས་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་ཚད་མེད་པ་ལ་འཇུག་
པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། གང་ནང་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན། ཕྱི་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་པ་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་
པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་པ་གང་ཡིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་
ཆེན་པོ་ནི། ཆོས་ཐམས་ཅད་ལ་སེམས་རྣམ་པར་གཡེང་བ་མེད་པར་མཉམ་པར་གཞག་པའི་ཤེས་པ་གང་ཡིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་རྟག་ཅེས་བྱ་བར་ཤེས་པ་མི་འཇུག །མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་ཞེས་བྱ་བ་དང་། སྟོང་པ་དང་། མི་སྟོང་པ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་དང་། སྨོན་
པ་ཡོད་པ་དང་། སྨོན་པ་མེད་ཅེས་བྱ་བར་ཤེས་པ་མི་འཇུག་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་འདས་པའི་
དུས་ལ་ཤེས་པ་མི་འཇུག །མ་འོངས་པ་དང་། ད་ལྟར་གྱི་དུས་ལ་ཤེས་པ་འཇུག་པར་མི་བྱེད་དེ། དེ་གསུམ་པོ་འདི་གསུམ་ལ་མི་དམིགས་པའི་ཚུལ་གྱིས་ཤེས་པ་མི་འཇུག་པ་འདི་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །
ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདོད་པའི་ཁམས་སུ་ཤེས་པ་འཇུག་པར་མི་བྱེད། གཟུགས་དང་གཟུགས་མེད་པའི་ཁམས་སུ་ཤེས་པ་འཇུག་པར་མི་བྱེད་དེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་
ལ་དེ་མི་དམིགས་པའི་ཚུལ་གྱིས་ཤེས་པ་འཇུག་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་
དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ལ་ཤེས་པ་འཇུག་པར་མི་བྱེད་དེ། དེ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་མི་ཤེས་པ་ཡང་མེད། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་།
འདུས་མ་བྱས་ཀྱི་ཆོས་རྣམས་ལ་དེ་མི་དམིགས་པའི་ཚུལ་གྱིས་ཤེས་པ་མི་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་མི་དམིགས་པ་ལ་སྦྱོར་བའི་འཇུག་པའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་གང་པོ་ཅི་ཙམ་གྱིས་ན། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཞུགས་པ་ཞེས་བྱ། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཛེག་ཀྱང་། དེས་
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་ཏེ། སྦྱིན་པ་པོ་དང་། ལེན་པ་པོ་དང་། སྦྱིན་པ་རྣམས་མི་དམིགས་པའི་ཚུལ་གྱིས་དམིགས་སུ་མེད་པ་དེ་ལྟ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་འཛེག་པ་ཞེས་བྱའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འཛེག་ཀྱང་དེ་མི་དམིགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་འཛེག་ཀྱང་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། བྱང་ཆུབ་སེམས་དཔའ་མི་དམིགས། ཡིད་ལ་བྱེད་པ་མི་དམིགས་པའི་ཚུལ་གྱིས་དམིགས་སུ་མེད་པ་དེ་ལྟར་ན་ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་
འཛེག་པ་ཞེས་བྱའོ་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པ་ལ་འཇུག་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་སྒོམ་པ་རྣམ་པར་གཞིག་པའི་དོན་དུ། བྱང་ཆུབ་
ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མི་དམིགས་པའི་ཚུལ་གྱིས་སྒོམ་པར་བྱེད་དེ། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་འཛེག་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
དང་ལྡན་པའི་ཡིད་ལ་བྱེད་པ་མ་འདྲེས་པས་སྒོམ་པ་རྣམ་པར་གཞིག་པའི་དོན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམས་དེ་མི་དམིགས་པའི་ཚུལ་གྱིས་སྒོམ་པར་བྱེད་དེ། ཤཱ་རིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཐེག་པ་ཆེན་པོ་ལ་འཛེག་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་སྒོམ་པ་རྣམ་པར་གཞིག་པའི་དོན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་
དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་དེ་མི་དམིགས་པའི་ཚུལ་གྱིས་སྒོམ་པར་བྱེད་དེ། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་འཛེག་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་བྱ་བ་དེ་ལྟར་ཤེས་སོ། །གཟུགས་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ།
གཟུགས་ཞེས་བྱ་བར་ཤེས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། རྣམ་པར་ཤེས་པ་ཞེས་བྱའོ་ཞེས་བྱ་བར་དེ་ལྟར་ཤེས་སོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་
པར་འབྱུང་བ་དམིགས་སུ་མེད་པའི་ཕྱིར། འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བར་ཤེས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་དེ་ལྟར་ཤེས་སོ། །
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཞེས་བྱ་བར་ཤེས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཞེས་བྱ་བར་ཤེས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་

པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱ་བར་ཤེས་སོ། །ནང་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ།
འདི་ལྟ་སྟེ། ནང་སྟོང་པ་ཉིད་ཅེས་བྱ་བར་ཤེས་སོ། །ཕྱི་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། ཕྱི་སྟོང་པ་ཉིད་ཅེས་བྱ་བར་ཤེས་སོ། །ཕྱི་ནང་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་
ཤེས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བར་ཤེས་སོ། །དེ་བཞིན་ཉིད་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། དེ་བཞིན་ཉིད་ཅེས་བྱ་བར་
ཤེས་སོ། །མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་ངེས་པ་ཉིད་དང་། ཡང་དག་པའི་མཐའ་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། ཡང་དག་པའི་མཐའ་
ཞེས་བྱ་བར་ཤེས་སོ། །བྱང་ཆུབ་དམིགས་སུ་མེད་པའི་ཕྱིར་འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། བྱང་ཆུབ་ཅེས་བྱ་བར་ཤེས་སོ། །སངས་རྒྱས་དམིགས་སུ་མེད་པའི་ཕྱིར། འདི་ནི་ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། སངས་རྒྱས་ཞེས་བྱ་བར་ཡང་དག་པར་ཤེས་ཏེ། ཚེ་དང་ལྡན་
པ་ཤཱ་རིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་འཛེག་པ་ཞེས་བྱའོ་ཞེས་བྱ་བ་ནི་ཆེད་དུ་བྱ་བ་ལ་འཇུག་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་
པོ་བྱང་ཆུབ་ལ་འདུག་གི་བར་དུ་མངོན་པར་ཤེས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་དང་། སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་གང་ལ་མཆོད་པ་དང་བཀུར་སྟི་གང་བྱ་བར་འོས་པའི་མཆོད་པས། སངས་རྒྱས་

བཅོམ་ལྡན་འདས་རྣམས་ལ་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཀྱང་ཆོས་ཉན་ཏེ། འདི་ལྟ་སྟེ། ཐེག་པ་ཆེན་པོ་འདི་ཉིད་དོ། །དེ་བྱང་ཆུབ་སེམས་དཔའི་ཐེག་པ་དེ་ལ་འཛེགས་ནས། སངས་རྒྱས་ཀྱི་ཞིང་ནས་
སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཀྱང་། དེ་ལ་སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་ཀྱང་མི་འབྱུང་། སེམས་ཅན་གྱི་འདུ་ཤེས་ཀྱང་མི་འབྱུང་། སངས་རྒྱས་ཀྱི་འདུ་ཤེས་ཀྱང་མི་འབྱུང་ངོ་། །དེ་གཉིས་སུ་མེད་
པའི་ས་ལ་གནས་ཤིང་། ལུས་ཇི་ལྟ་བུས་སེམས་ཅན་རྣམས་ཀྱི་དོན་བྱ་བའི་མཐུ་ཡོད་པ་དེ་ལྟ་བུའི་ལུས་ཆེད་དུ་བསམ་ཞིང་ཡོངས་སུ་འཛིན་ཏོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་མ་གྱུར་གྱི་བར་དུ་ཐེག་པ་ཆེན་པོ་དེ་དང་ནམ་ཡང་མི་འབྲལ་ལོ་ཞེས་བྱ་བ་ནི་མངོན་
པར་ཤེས་པ་ལ་འཇུག་པའོ། །དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་ནས་ཀྱང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་
པོ་དང་། མི་དང་། མི་མ་ཡིན་པ་དང་བཅས་པའི་འཇིག་རྟེན་གྱིས་བསྐོར་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་རོ། །དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་
གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེ་གེ་མོ་ཞེས་བྱ་བ་ཞིག་ཐེག་པ་ཆེན་པོ་བླ་ན་མེད་པའི་ཐེག་པ་ཐེག་པའི་མཆོག་ལ་འཛེགས་ནས་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་བརྗོད་པ་མཛད་དོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་

བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཆེ་གེ་མོ་ཞེས་བྱ་བ་ཞིག །ཐེག་པ་ཆེན་པོ་བླ་ན་མེད་པའི་ཐེག་པ་ཐེག་པའི་མཆོག་ལ་འཛེགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་
དབྱངས་སུ་བརྗོད་པ་མཛད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་འཛེག་པ་ཞེས་བྱའོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའོ། །འདི་དག་གིས་ནི་འཇུག་པའི་སྒྲུབ་པ་བསྟན་ཏོ།། །།
དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས་པ། གོ་ཆ་ཆེན་པོ་བགོས་པ་ཞེས་བརྗོད་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་ཆེན་པོ་བགོས་
ཞེས་བགྱི་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོའི་གོ་ཆ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་དང་།
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། ནང་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ཕྱི་སྟོང་པ་ཉིད་ཀྱི་
གོ་ཆ་བགོས། ཕྱི་ནང་སྟོང་པ་ཉིད་ཀྱི་གོ་ཆ་བགོས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་གོ་ཆ་བགོས། དྲན་པ་ཉེ་བར་གཞག་པའི་གོ་ཆ་བགོས། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་

གོ་ཆ་བགོས། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་གོ་ཆ་བགོས། མངོན་པར་ཤེས་པ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་
གོ་ཆ་བགོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་ཆ་བགོས། སངས་རྒྱས་ཀྱི་སྐུའི་གོ་ཆ་བགོས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བས་རྒྱས་པར་བཀང་སྟེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་
འགེངས་སོ། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །སྟོང་གསུམ་
གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པར་འགྱུར་བ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམ་པར་འགྱུར་བ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་དང་། ཤར་
ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམ་པར་འགྱུར་བ་དྲུག་ཏུ་རབ་ཏུ་བསྐྱོད་དོ། །དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་དམྱལ་བའི་མེའི་ཕུང་པོ་ཇི་
སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཤིང་སེམས་ཅན་དམྱལ་བ་པ་རྣམས་ཀྱི་སྡུག་བསྔལ་རབ་ཏུ་བཅིལ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་
ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་། བདེ་བ་ཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་

གང་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དང་། དེ་དང་དེ་དག་ཏུ་སྐྱེས་ཏེ། ལྷ་དང་མིའི་སྐྱེ་བ་ཡོངས་སུ་འཛིན་ཏོ། །དེ་བཞིན་དུ་བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་དེ་
དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས་སངས་རྒྱས་ཀྱི་ཞིང་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེ་སྟེ། ལྷ་དང་མིའི་སྐྱེ་བ་ཡོངས་སུ་འཛིན་ཏོ། །རབ་འབྱོར་
འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཅིག་མངོན་པར་སྤྲུལ་ལ། དེ་ལྟར་
མངོན་པར་སྤྲུལ་ནས་ངན་སོང་གི་སེམས་ཅན་དེ་དག་ལ་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་སྒྲོགས་པར་གྱུར་ཏེ། དེ་ནས་སྤྲུལ་པ་དེ་དག་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དེས་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་།
གཤིན་རྗེའི་འཇིག་རྟེན་དེ་དང་དེ་དག་ལས་རྣམ་པར་ལངས་པར་གྱུར་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་དང་། སྒྱུ་མའི་མཁན་པོའི་མཆན་བུ་དེ་སེམས་ཅན་གང་ཡང་། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་
རྣམ་པར་བླང་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པའི་སེམས་ཅན་རྣམས་ངན་སོང་
གསུམ་ལས་ཡོངས་སུ་བཀྲོལ་ཡང་སེམས་ཅན་གང་ཡང་ཡོངས་སུ་གྲོལ་བར་བྱས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་

བགོས་ཞེས་བྱའོ་ཞེས་བྱ་བ་ནི་སྙིང་རྗེའི་ཚོགས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཻ་ཌཱུརྱའི་རྒྱུ་ལས་བྱུང་བ་མངོན་པར་སྤྲུལ་པར་
བྱེད་དོ། །དེ་ལྟར་བཻ་ཌཱུརྱའི་རྒྱུ་ལས་བྱུང་བ་མངོན་པར་སྤྲུལ་ནས། འཁོར་ལོས་སྒྱུར་བའི་བཀོད་པ་མངོན་པར་སྤྲུལ་པར་བྱེད་དོ། །དེ་ལྟར་འཁོར་ལོས་སྒྱུར་བའི་བཀོད་པ་མངོན་པར་སྤྲུལ་ནས། ཟས་འདོད་པ་རྣམས་ལ་ཟས་ཀྱི་སྦྱིན་པ་བྱེད་དོ། །སྐོམ་འདོད་པ་རྣམས་ལ་སྐོམ། བཞོན་པ་འདོད་
པ་རྣམས་ལ་བཞོན་པ། གོས་འདོད་པ་རྣམས་ལ་གོས། མེ་ཏོག་འདོད་པ་རྣམས་ལ་མེ་ཏོག །ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བ། སྤོས་འདོད་པ་རྣམས་ལ་སྤོས། བྱུག་པ་འདོད་པ་རྣམས་ལ་བྱུག་པ། མལ་ཆ་འདོད་པ་རྣམས་ལ་མལ་ཆ། ཁྱིམ་འདོད་པ་རྣམས་ལ་ཁྱིམ། འཚོ་བ་འདོད་པ་
རྣམས་ལ་འཚོ་བ། ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད། ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་འདོད་པ་རྣམས་ལ་ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་ཀྱི་སྦྱིན་པ་བྱེད་དོ། །ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་དངུལ་འདོད་པ་རྣམས་ལ་ནོར་བུ་དང་།
མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་དངུལ་གྱི་སྦྱིན་པ་བྱེད་ཅིང་། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་སྦྱིན་པར་བྱེད། དེས་དེ་ལྟར་ཟས་འདོད་པ་རྣམས་ལ་ཟས་བྱིན། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་སྦྱིན་ནས། སེམས་ཅན་དེ་དག་
ལ་ཆོས་སྟོན་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་ཏོ། །སེམས་ཅན་དེ་དག་གིས་ཀྱང་ཆོས་བསྟན་པ་དེ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་མ་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །
རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། ཟས་འདོད་པ་རྣམས་ལ་ཟས་སྦྱིན། མིའི་ཡོ་བྱད་

གང་ཅི་ཡང་རུང་བའི་བར་དུ་བྱིན་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། ཅི་སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས། སེམས་ཅན་གང་ལ་ཡང་ཅི་ཡང་སྦྱིན་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཁོར་ལོས་སྒྱུར་བའི་བཀོད་པ་མངོན་པར་སྤྲུལ་ཏེ། ཟས་འདོད་པ་རྣམས་ལ་ཟས་བྱིན། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་བྱིན་ཡང་། སེམས་ཅན་གང་ལ་ཅི་ཡང་བྱིན་པ་མེད་དོ། །
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བ་ནི་སྦྱིན་པའི་ཚོགས་སོ། །རབ་འབྱོར་གཞན་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཆེད་དུ་བསམས་ཏེ་སྐྱེ་བ་ཡོངས་སུ་བཟུང་བས་འཁོར་ལོས་སྒྱུར་བའི་རིགས་སུ་སྐྱེ་ཞིང་དེ་འཁོར་ལོས་སྒྱུར་བའི་དབང་ཕྱུག་དེ་ལ་གནས་ནས། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་
དགོད་དོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུའི་བར་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སེམས་ཅན་རྣམས་རབ་ཏུ་འགོད་དེ། སེམས་ཅན་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ། ཆོས་བསྟན་པ་དེ་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་
སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས། ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། སེམས་ཅན་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དམ། སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས་སེམས་ཅན་གང་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་ཡོད་དམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་
བར་ལ་བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མེད་པ། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་
དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་བཀོད་ཀྱང་། སེམས་ཅན་གང་ཡང་དེ་དག་ལ་བཀོད་པ་མེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། དེ་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཚོགས་སོ།། །།བམ་པོ་བཅོ་ལྔ་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བཟོད་
པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཞིང་འཇོག་ལ་རབ་ཏུ་འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཞིང་འཇོག་ལ་རབ་ཏུ་འགོད་པ་ཡིན་ཞེ་ན། རབ་
འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། འདི་ལྟར་གོ་ཆ་གྱོན་ཏེ། བརྒྱ་ལ་སེམས་ཅན་ཐམས་ཅད་བདག་ལ་རྡོ་དང་དབྱིག་པ་དང་། ཁུ་ཚུར་གྱིས་རྡེག་ཅིང་མཚོན་གྱིས་འདེབས་ཀྱང་དེ་ལ་བདག་གིས་འཁྲུག་པའི་སེམས་འགའ་
ཙམ་ཡང་བསྐྱེད་པར་མི་བྱ་ཞིང་སེམས་ཅན་ཐམས་ཅད་ཀྱང་བཟོད་པ་དེ་དང་འདྲ་བ་ལ་རབ་ཏུ་དགོད་པར་བྱའོ་སྙམ་མོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་

དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་ཞིང་གཞོག་ལ་རབ་ཏུ་འགོད་པ་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས་སེམས་ཅན་གང་ཡང་
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མེད་པ་དེ་སྙེད་དག་བཟོད་པའི་ཕ་རོལ་ཏུ་ཕྱིན་
པ་ལ་བཀོད་ཀྱང་། སེམས་ཅན་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་དང་། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བ་ནི་བཟོད་པའི་ཚོགས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་
ལ་རབ་ཏུ་འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་བ་དང་། གཞོག་ལ་རབ་ཏུ་འགོད་པ་ཡིན་ཞེ་ན། རབ་འབྱོར་
འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། སེམས་ཅན་ཐམས་ཅད་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་
པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་

པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས་སེམས་ཅན་གང་ཡང་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མེད་པ་དེ་སྙེད་པ་དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་ཀྱང་། སེམས་ཅན་གང་ཡང་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་
ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཚོགས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་
ཤིང་སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་
རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ། རབ་ཏུ་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མཉམ་པ་ཉིད་ལ་གནས་ཤིང་། ཆོས་གང་ལ་ཡང་རྣམ་པར་གཡེང་བའམ་རྣམ་པར་མི་གཡེང་བར་ཡང་དག་པར་རྗེས་སུ་
མི་མཐོང་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་པ་དང་རབ་ཏུ་འགོད་པ་བྱེད་དེ། དེ་ལྟར་ཡང་དག་པར་སྦྱོར་བ་རྣམས་ཀྱང་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་ནམ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་

སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས་སེམས་ཅན་གང་ཡང་
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་
ཀྱང་སེམས་ཅན་གང་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་
པོ་བགོས་པ་ཞེས་བྱ་བ་ནི་བསམ་གཏན་གྱི་ཚོགས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །
རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་བ་དང་། གཞོག་ལ་རབ་ཏུ་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་ཚུ་རོལ་ཏམ། ཕ་རོལ་དུ་མི་དམིགས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་

མངོན་པར་སྤྲུལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱར་ཏེ་གཞོག་ལ་རབ་ཏུ་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས་སེམས་ཅན་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་ཡོད་དམ།
གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ཀྱང་སེམས་ཅན་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཚོགས་སོ། །རབ་འབྱོར་
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤིང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་འཁོད་པ་དེ་
དག་ཐམས་ཅད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །ཆོས་ཀྱང་སྟོན་ཏེ། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་འདི་ཉིད་
དོ། །སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་།

ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་གནས་པ་དེ་
བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་འགོད་དོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏོ། །སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་
ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་བཀོད་པར་གྱུར་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས་སེམས་ཅན་གང་ཡང་ཕ་རོལ་
ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་སྦྱོར་ཞིང་གཞོག་ལ་རབ་ཏུ་བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་
གི་བྱེ་མ་སྙེད་དང་། ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་

ལ་བཀོད་ཀྱང་སེམས་ཅན་གང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་
བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གནས་ཤིང་སེམས་བསྐྱེད་པ་གཞན་གྱི་གོ་མི་འབྱེད་དེ། བདག་གིས་སེམས་ཅན་འདི་སྙེད་ཅིག་
ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་
ཅིག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་
ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རང་བྱང་ཆུབ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །བདག་གིས་
སེམས་ཅན་འདི་སྙེད་ཅིག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ་ཞེས་བྱ་བར་སེམས་བསྐྱེད་པའི་གོ་མི་འབྱེད་ཀྱི། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་

བྱའོ། །བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །
བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་དགོད་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་དགོད་པར་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་
པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ། །རང་བྱང་ཆུབ་ལ་དགོད་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ་ཞེས་བྱ་བར་སེམས་བསྐྱེད་དོ་ཞེས་བྱ་བ་ནི་ཞི་གནས་ཀྱི་ཚོགས་སོ། །
རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། འདི་སྙམ་དུ་བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་
འདི་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་གྱུར་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་དེས། སེམས་ཅན་གང་ཡང་ཕ་རོལ་
ཏུ་ཕྱིན་པ་དྲུག་ལ་དགོད་པར་བྱས་པ་ཡོད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དགོད་པར་བྱས་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
སེམས་ཅན་ཚད་མེད་གྲངས་མེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དགོད་པར་སེམས་བསྐྱེད་ཀྱང་། སེམས་ཅན་གང་གི་དོན་དུ་ཡང་སེམས་བསྐྱེད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་

ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་ངོ་། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་
པར་ཤེས་པས་སྟོང་ངོ་། །མིག་མིག་གིས་སྟོང་ངོ་། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཡིད་ཀྱིས་སྟོང་ངོ་། །གཟུགས་གཟུགས་ཀྱིས་སྟོང་ངོ་། །སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཆོས་ཀྱིས་སྟོང་ངོ་། །མིག་གི་རྣམ་པར་ཤེས་པ་མིག་གི་རྣམ་
པར་ཤེས་པས་སྟོང་ངོ་། །རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་