Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 67

Văn bản gốc(Tây Tạng)

Trang 18 / 18 (50.000 ký tự/trang)
ས་ལ་ཨོཾ་ཞེས་བྱ་བ་བཞག་ནས་གུང་མོ་གཉིས་ལ་ཧཱུཾ་ཞེས་བྱ་བ་གཞག །མཛུབ་མོ་གཉིས་ལ་ཧཱུཾ་ཞེས་བྱ་བ་གཞག །སྲིན་ལག་
གཉིས་ལ་ཧྲི་ཞེས་བྱ་བ་གཞག །མཐེ་བོང་ལ་ཨ་ཞེས་བྱ་བ་བཞག་སྟེ་དེ་ལྟར་ཡི་གེ་རྣམས་གཞག་པར་བྱས་ནས་དེ་བཞིན་གཤེགས་པ་རྣམས་ཡིན་པར་མོས་པ་བསྐྱེད་དེ་ཞེས་བྱ་བ་ནི་གཡས་པ་ལ་ཨོཾ་ལས་རྣམ་པར་སྣང་མཛད། ཧཱུཾ་ལ་སོགས་པ་ལ་ནི་མི་བསྐྱོད་པ་ལ་སོགས་པ་
བསྐྱེད། གཡོན་ཕྱོགས་ལ་ཨོཾ་ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ཧཱུཾ་ལ་སོགས་པ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་བསྐྱེད་དེ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་གཅིག་ལ་གཅིག་འདྲེས་པ་དང་གདན་རྗེས་སུ་མཐུན་པར་བྱས་ཏེ་ཞེས་བྱ་བ་ནི་བདེ་བར་གཤེགས་པ་ཡབ་ཡུམ་
རྣམས་བཛྲ་ཨཉྫ་ལི་ཞེས་བྱ་བས་རྡོ་རྗེ་ཐལ་མོ་སྦྱར་བ་དང་བདག་གིས་ཀྱང་དེའི་དོན་བསྒོམ་ཞེས་བྱ་བའི་དོན་ཏོ། །ལག་པ་གཉིས་པདྨ་ལྟ་བུར་སྦྱར་བ་བྱས་ནས། ཨོཾ་ཞེས་བྱ་བ་གཉིས་བརྐྱང་བ་དང་ཨ་ཞེས་བྱ་བ་གཉིས་བཀུག་སྟེ། དེ་བཞིན་དུ་ཧཱུཾ་ཞེས་པ་དང་། ཧྲི་ཞེས་བྱ་བ་གཉིས་
གཤིབས་ཏེ་བརྐྱང་བ་འདི་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་རྒྱ་ལས་ཐམས་ཅད་དང་ལྡན་པའི་དམ་ཚིག་གིའོ་ཞེས་བྱ་བ་ནི་མཐེ་བོང་གཉིས་བརྐྱང་མཛུབ་མོ་གཉིས་དང་སྲིན་ལག་གཉིས་པདྨའི་འདབ་མ་འདྲ་བར་བྱ། གུང་མོ་གཉིས་གཤིབས་ཏེ་བརྐྱང་བ་ནི་སྡིག་པ་སྦྱང་བ་ལ་སོགས་
པ་ལས་ཐམས་ཅད་ལས་མི་འདའ་བའི་ཕྱག་རྒྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་རྣོན་པོ་དང་ལྡན་པ་དང་། དེ་ལས་རབ་ཏུ་འཁོར་ལོ་དང་འདྲ་བ་དང་འཁོར་ལོའི་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་དེ་ཉིད་རྣོན་པོ་ལྟར་བྱས་ཏེ་བསྐོར་ན་འཁོར་ལོའི་ཕྱག་རྒྱར་འགྱུར་རོ། །དེ་ཉིད་ལས་ཁར་གཞག་
པ་ནི་སྒྲ་སྟེ་འདི་ནི་ཕྱག་རྒྱའི་ཚོགས་སོ་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་དེ་ཉིད་ཁར་གཞག་པ་སྒྲའི་སྟེ་ཕྱག་རྒྱའི་ཚིག་ཏུ་འགྱུར་རོ། །དེ་ཉིད་གཉིས་སུ་བྱས་ནས་ལས་ཀྱི་ཕྱག་རྒྱར་བྱས་ནས་ལས་ཀྱིའོ་ཞེས་བྱ་བ་ནི། རྡོ་རྗེ་ཐལ་མོ་དེ་ཉིད་གཉིས་སུ་བྱས་ནས་རྡོ་རྗེ་ཁུ་ཚུར་དུ་བྱས་ཏེ་རང་རང་གི་སྙིང་

གར་སྦྱར་ན་ལས་སུ་འགྱུར་རོ། །གཡོན་པ་མགོ་ཐོད་ཐོགས་འདྲ་དང་། །གཡས་པ་མདུང་རྩེ་གསུམ་པ་ཞེས་བྱ་བ་ནི་གཡོན་པ་མགོ་ཐོད་ཐོགས་པ་འདྲ་བར་བྱས་ལ་གཡས་པ་མཐེ་བོས་མཐེའུ་ཆུང་མནན་ཏེ། ལྷག་མ་གསུམ་མདུང་རྩེ་གསུམ་པ་ལྟར་བྱས་
པ་ནི་མ་མོ་དང་གཤིན་རྗེའི་ཕྱག་རྒྱའོ། །གཡོན་པ་པདྨ་ཁ་འཛུམ་དང་། །གཡས་པ་ཨོཾ་ཞེས་བྱ་བ་གཞག །ཅེས་བྱ་བ་ནི་གཡོན་པ་པདྨ་ཁ་འཛུམ་པ་ལྟ་བུ་བྱས་ལ། གཡས་པའི་མཐེ་བོང་ཁའི་ཕྱོགས་སུ་གཞག་པ་ནི་ཚངས་པའིའོ། །གཡོན་པ་འཁོར་ལོ་དབྱུག་རྩེ་
གསུམ། །ཞེས་བྱ་བ་ནི་གཡོན་པ་འཁོར་ལོ་ཐོགས་པ་ལྟར་བྱས་ལ། གཡས་དབྱུག་ཏོ་རྩེ་གསུམ་ལྟར་བྱས་པ་ནི་དབང་ཕྱུག་ཆེན་པོའི་འོ། །ཨ་དང་ཨོཾ་ནི་རྩེ་སྤྲད་པ། །ལྷག་མ་གསུམ་ནི་རྡོ་རྗེ་ཅན། །ཞེས་བྱ་བ་ནི་གཡས་པའི་མཐེའུ་ཆུང་དང་མཐེ་བོང་རྩེ་སྤྲད་ནས་ལྷག་མ་
གསུམ་རྡོ་རྗེར་བྱས་པ་ནི་བརྒྱ་བྱིན་གྱིའོ། །ཧཱུཾ་དང་ཨོཾ་གཉིས་གཞུར་བྱས་ལ། །ལྷག་མ་མདར་བྱས་མདའ་ཅན་གྱིའོ། །ཞེས་བྱ་བ་ནི་མཛུབ་མོ་དང་མཐེ་བོང་གཉིས་གཞུར་བྱས་ལ་སོར་མོ་ལྷག་མ་མདར་བྱས་པ་ནི་མདའ་གཞུ་ཅན་གྱི་ཕྱག་རྒྱའོ། །ལག་པ་གཡས་གཡོན་ལ་
འཁོར་ལོར་བྱ། །འདི་ནི་ཉི་མ་ཟླ་བའི་ཞལ། །ཞེས་བྱ་བ་ནི། གཡོན་པ་བགྲད་པ་ཟླ་བ་ཡི། །གཡས་པ་བགྲད་པ་ཉི་མའི་འོ། །ཐལ་མོ་དམ་སྦྱར་སོར་མོ་སྤྲོ། །གཟའ་ལག་རྟག་ཏུ་སེ་གོལ་གཏོགས། །ཞེས་བྱ་བ་ནི་ཐལ་མོ་སྦྱར་བ་སོར་མོ་འཁྲོལ་བ་ལྟར་བྱེད་ཅིང་སེ་གོལ་གཏོགས་པ་ལྟར་
བྱེད་པ་ནི་གཟའ་ལག་གོ། །དེ་ཉིད་ཚིག་དབང་གསུངས་པ་སྟེ། །མཆུ་ལ་ཚིག་འབྲུ་འདྲ་བར་གཞག །ཅེས་བྱ་བ་ནི་རྡོ་རྗེ་ཐལ་མོ་ཉིད་མཆུ་ལས་ཚིག་དབྱུང་བ་འདྲ་བར་གཞག་པ་ནི་ཕུར་བུའོ། །པ་བ་སངས་ནི་མཉམ་ཉིད་སྦྱར། །ཞེས་བྱ་བ་ནི་ཐལ་མོ་མཉམ་ཉིད་སྦྱར་བ་པ་སངས་དང་
མིག་དམར་གྱིའོ། །སྤེན་པ་དབྱིག་པ་འཛིན་པར་བྱ། །ཞེས་བྱ་བ་ནི་དབྱུག་པ་འཛིན་པ་ལྟར་བྱེད་པ་ནི་སྤེན་པའི་འོ། །བ་ལང་སྣ་ནི་ཆུ་སྲིན་འདྲ། །ཞེས་བྱ་བ་ནི་མཛུབ་མོ་དང་མཐེ་བོང་གཉིས་གླང་པོ་ཆེ་དང་ཆུ་སྲིན་གྱི་སྣ་འདྲ་བ་སྒྲ་གཅན་གྱི་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །

རྒྱུ་སྐར་མེ་སྟག་འཕྲོ་བ་འདྲ། །དེ་ཉིད་བསྐོར་ན་གློག་ཕྲེང་གི། །བླ་འོག་གཞག་པ་སྤྲིན་ཕྱག་རྒྱ། །ཞེས་བྱ་བ་ནི་མེ་སྟག་འཕྲོ་བ་ལྟར་བྱས་པ་རྒྱུ་སྐར་གྱིའོ། །དེ་ཉིད་བསྐོར་བ་གློག་གིའོ། །ཐལ་མོ་གཉིས་བླ་འོག་ཏུ་གཞག་པ་སྤྲིན་གྱིའོ། །འདི་དག་སྙིང་པོ་ཕྱག་རྒྱ་སྟེ། །ལས་ཀྱི་ཕྱག་རྒྱ་ཡང་
འདི་དག་ཡིན་ནོ་ཞེས་བྱ་བ་ནི་ཐུགས་དམ་ཚིག་སྙིང་པོའི་ཕྱག་རྒྱའོ། །འཇིག་རྟེན་པའི་ལས་ཀྱི་ཕྱག་རྒྱ་ཡང་འདི་དག་ཉིད་དོ། །དེ་ཉིད་ལས་སྲིན་ལག་སྦས་པ་ནི་ཕྱག་ན་རྡོ་རྗེའོ་ཞེས་པ་ནི་རྡོ་རྗེ་ཐལ་མོ་དེ་ཉིད་ལས་མཛུབ་མོའི་ཚིགས་བར་མ་བཅག་པ་སྟེ་དབང་བསྐུར་བ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་སྟེ།
དེ་ཉིད་ལས་ཧཱུཾ་ཞེས་བྱ་བས་ཚིགས་བར་མ་བཅག་པ་ནི་དབང་བསྐུར་བ་སྦྱིན་པར་བྱེད་པ་སྟེ། ནམ་མཁའི་སྙིང་པོའི་ཕྱག་རྒྱའོ། །དེ་ཉིད་ལས་ཧཱུཾ་ཞེས་བྱ་བ་ནི་གཤིབས་ལ་སྲིན་ལག་པདྨ་འདྲ་བར་བྱས་པ་འདི་པདྨ་འབྱུང་བའི་ཆགས་པའི་ཕྱག་རྒྱའོ་ཞེས་བྱ་བ་ནི་མཛུབ་མོ་གཉིས་གཤིབས་སྲིན་ལག་པདྨ་
འདྲ་བར་བྱ་བ་ནི་རྣམ་པར་གསལ་བའི་ཕྱག་རྒྱའོ། །མཛུབ་མོ་གཉིས་དང་སྲིན་ལག་གཉིས་བསྒྲེང་བ་ནི་རྡོ་རྗེ་སེམས་དཔའ་སྟེ་དེ་ཉིད་ལས་ཧཱུཾ་ཞེས་བྱ་བ་དང་། །ཧྲི་ཞེས་བྱ་བས་གཤིབས་ཏེ་བསྒྲེང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ། །དེ་ཉིད་ལས་པདྨ་འདྲ་བར་བྱས་པ་ནི་བདེ་བ་ཆེན་པོའི་
ཕྱག་རྒྱའོ། །དེ་ཉིད་ལས་འོད་ཟེར་འཕྲོ་བའི་ཚུལ་དུ་བྱས་པ་ནི་ཀུན་དུ་བཟང་པོའི་ཕྱག་རྒྱའོ་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་པདྨ་འདྲ་བར་བྱས་པ་དང་། །འོད་ཟེར་འཕྲོ་བ་ནི་བདེ་བ་ཆེན་པོ་དང་ཀུན་དུ་བཟང་པོའི་ཕྱག་རྒྱའོ། །དེ་ཉིད་ནང་དུ་བཀུག་ན་ནི། །ཁྲོ་བོ་སྣ་ཚོགས་གཟི་ཅན་ནོ། །ཞེས་བྱ་བ་ནི་ཐལ་
མོ་ནང་དུ་བཀུག་པ་ཁྲོ་བོའི་འོ། །དེ་ཉིད་ལས་ཤིན་ཏུ་བསྡམས་པ་ནི་རྡོ་རྗེ་བསྡམས་པའོ། །བརྐྱང་པ་ནི་སྲུང་བའོ། །ཧྲི་ཞེས་བྱ་བའི་ས་བོན་ནི་གནོད་སྦྱིན་གྱིའོ་ཞེས་བྱ་བ་སོར་མོ་རྣམས་བསྡམས་པ་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱའི་རྒྱུ་དང་། བརྐྱང་ནས་མགུལ་དུ་འཁྱུད་པ་སྲུང་བའི་དང་། མཛུབ་
མོ་མཆེ་བ་གནོད་སྦྱིན་གྱི་ཕྱག་རྒྱའོ། །ཧཱུཾ་ཞེས་བྱ་བ་ལྕགས་ཀྱུར་བྱས་པ་ནི་བཀུག་པའོ། །དེ་ཉིད་མདར་བྱས་པ་ནི་འདོད་པའོ། །ཨོཾ་དང་ཧཱུཾ་གཉིས་སྦྱར་བ་དགྱེས་པའོ་ཞེས་བྱ་བ་ནི་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་པ་རྒྱལ་པོའི་འོ། །མཛུབ་མོ་གཉིས་མདར་བྱས་པ་ཆགས་པའི་འོ། །མཐེ་བོང་དང་

མཛུབ་མོ་གཉིས་སེ་གོལ་གཏོགས་པ་ནི་ལེགས་པའི་འོ། །དེ་ཉིད་དཀྱིལ་འཁོར་ལྟ་བུར་བྱས་པ་ནི་གཟི་བརྗིད་ཀྱིའོ། །དེ་ཉིད་ནོར་བུ་འདྲ་བར་བྱས་པ་ནི་རྒྱལ་མཚན་གྱིའོ། །བསྐོར་ན་གཞག་པ་སྟེ་དེ་ཉིད་ཁར་གཞག་ན་དགྱེས་ཤིང་འཛུམ་པར་མཛད་པ་ཡ་མཚན་ནོ་ཞེས་བྱ་
བ་རྡོ་རྗེ་བསྡམས་པ་ལས་འོད་ཟེར་འབར་བ་ལྟར་བྱས་པ་གཟི་བརྗིད་ཀྱིའོ། །རྡོ་རྗེ་བསྡམས་པ་ཉིད་ཐལ་མོར་བྱས་པ་ནོར་བུ་འདྲ་བར་བྱས་པ་ནི་རྒྱལ་མཚན་གྱིའོ། །དེ་ཉིད་བསྐོར་ནས་ཁའི་ཕྱོགས་སུ་གཞག་པ་ནི་བཞད་པའི་འོ། །ཐལ་མོ་པདྨོ་བཀུག་པ་ནི་པདྨོའི་འོ། །ཨ་ཞེས་བྱ་བ་དང་ཨོཾ་ཞེས་བྱ་བ་
གཉིས་ནང་དུ་བཀུག་པ་ནི་རལ་གྲིའོ། །གཅིག་ལ་གཅིག་སྦྱར་བ་ནི་འཁོར་ལོའི་འོ། །སྔ་མ་ལས་ཨོཾ་ཞེས་བྱ་བ་གཉིས་ཁར་གཞག་པ་ནི་འབྱུང་བ་སྟེ་ཞེས་བྱ་བ་ཐལ་མོ་པདྨོ་དང་མཐེའུ་ཆུང་དང་མཐེ་བོང་བཀུག་ནས་ལྷག་མ་རལ་གྲི་དང་ཐལ་མོ་སྦྱར་བ་དང་། མཐེ་བོང་གཉིས་ཁར་གཞག་
པ་ནི་གོ་རིམས་བཞིན་དུ་ཆོས་དང་རྣོན་པོ་དང་། འཁོར་ལོ་དང་སྨྲ་བའི་ཕྱག་རྒྱའོ། །མདོར་ན་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་སྦྱིན་པར་བྱེད་པའོ་ཞེས་བྱ་བ་ནི་ཡོན་ཏན་མདོར་བསྡུ་ན་ལས་ཐམས་ཅད་སྦྱིན་པར་བྱེད་པའོ་ཞེས་བྱ་བའོ། །དེ་ཉིད་བསྡུས་མདུད་སྦྲུལ་མགོར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་དེ་
ཉིད་ལས་མཚམས་གཉིས་བསྡུས་ལ་སོར་མོའི་རྩེ་མོ་བསྡུས་ནས་བཏུད་དེ་སྦྲུལ་མགོ་ལྟར་བྱས་པ་ནི་ཀླུ་དང་ཆུ་ལྷའི་ཕྱག་རྒྱའོ། །ཀུན་དུ་གནོད་སྦྱིན་མཆེ་བ་འདྲ། །ཞེས་བྱ་བ་ནི་མཛུབ་མོ་གཉིས་མཆེ་བ་འདྲ་བར་བྱས་པ་ནི་གནོད་སྦྱིན་ནོ། །སྲིན་པོ་ཡི་ནི་ཁྲག་འཕྲོག་པ། །ཞེས་བྱ་བ་ཁྲག་འཐུང་བ་
ལྟར་བྱེད་པ་སྲིན་པོའི་འོ། །ལག་པ་བསྐོར་བ་རླུང་གི་སྟེ། །དབྱུག་ཏོ་ལྡན་པ་གནོད་སྦྱིན་ནོ། །བུམ་པ་གཞག་པ་ནོར་གྱིའོ། །ཞེས་བྱ་བ་ནི་ལག་པ་བསྐོར་བ་རླུང་ལྷའི་འོ། །དབྱུག་ཏོ་ལྟར་བྱེད་པ་ནི་གནོད་སྦྱིན་གྱིའོ། །ལག་པ་གཉིས་བུམ་པ་ལྟར་བྱེད་པ་ནི་ནོར་ལྷའི་འོ། །མཐེ་བོང་ནེ་ལེའི་རྣ་འདྲར་བྱ། །མགོ་བོ་
ཐོད་པ་ནག་པོ་སྟེ། །བྷྲྀངྒི་རི་ཏི་ལག་བརྐྱང་པ། །པི་ཝང་གཡོན་ཐོགས་དྲི་ཟའོ། །ལག་གཉིས་འབར་བ་མེ་འབར་བ། །གུང་མོ་དབྱུག་འདྲ་གཤིན་རྗེ་ཡི། །ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་ཉིད་མཐེ་བོང་གཉིས་རྣ་བ་དང་འདྲ་བར་བྱ་བ་ནི་རྣམ་ཐོས་བུའོ། །གཡོན་པ་མགོ་ཐོད་མཁལ་མའི་ཕྱོགས་སུ་

འཇོག་པ་ནི་ནག་པོ་ཆེན་པོའི་འོ། །ཐ་མ་བརྐྱང་བ་ནི་བྷྲྀངྒི་རི་ཏིའི་འོ། །གཡོན་པ་པི་ཝང་ཐོགས་པ་ནི་དྲི་ཟའི་འོ། །ལྷག་མ་གཉིས་ཀྱི་སོར་མོ་མེ་འདྲ་བར་བྱས་པ་ནི་མེ་ལྷའི་འོ། །ལག་པ་གཉིས་ཀྱི་གུང་མོ་དབྱུག་པ་འདྲ་བར་བྱས་པ་ནི་གཤིན་རྗེའོ། །རྣལ་འབྱོར་ཁྲོ་དང་དབང་སྦྱིན་པ། །མཐེའུ་ཆུང་རལ་གྲི་
མཛུབ་གཞག་ཅན། །ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་ལས་མཐེའུ་ཆུང་གཉིས་རལ་གྲི་ལྟར་བྱས་པ་ནི་རྣ་བ་ལ་གཞག་ལ་ཁྲོ་བོའི་ཚུལ་དུ་བྱ་བ་དང་མཛུབ་མོ་གཉིས་ཞགས་པ་ལྟར་བྱས་པ་སྟེ་གཞན་ལ་དབང་དུ་བྱེད་པ་སྦྱིན་པ་དང་བཅས་པ་ཆུ་ལྷ་འཁོར་དང་བཅས་པའི་ཕྱག་རྒྱའོ། །རླུང་གི་རྒྱལ་མཚན་
རང་གི་གདོང་། །ཞེས་བྱ་བ་ནི་ལག་པ་གཡས་པའི་མཐེ་བོས་མཛུབ་མོ་མནན། སོར་མོ་ལྷག་མ་གསུམ་པ་བ་དན་ལྟར་བྱས་པ་རང་གི་གདོང་དུ་འཕྱར་བ་ནི་རླུང་ལྷའི་འོ། །དེ་ལ་སོགས་པའི་ཕྱག་རྒྱ་རྣམས། །ལག་ལས་སྐྱེས་པས་སྐྱེ་བར་འགྱུར། །ཞེས་བྱ་བ་ནི་གོང་དུ་བཤད་པའི་ཕྱག་རྒྱ་དེ་ལ་སོགས་
པ་ཕྱག་རྒྱ་སྣ་ཚོགས་པ་རྣམས་རྒྱུ་ལག་པ་ལས་སྐྱེ་ཞིང་བཅིང་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ལྷ་རྣམས་ཀྱི་ཐུན་མོང་དུ། པདྨའི་ཕྱག་རྒྱ་བཀྲ་ཤིས་ཏེ། །ཀླུ་རྣམས་ཞེས་བྱ་ཨུཏྤ་ལ། །དེ་ལྟར་སོ་ནི་གནོད་སྦྱིན་རྣམས། །སྲིན་པོ་རྣམས་ཀྱི་མགོ་ཚལ་པ། །བུད་མེད་རྣམས་ཀྱི་སོར་བཅུ་བསྣོལ། །
གཟའ་རྣམས་ཀྱི་ནི་དབྱུག་པ་སྟེ། །ཨརྒ་དབུལ་བ་རྒྱུ་སྐར་རྣམས། །དེ་དག་ཀུན་གྱིས་སེམས་འགྲུབ་པོ། །ཞེས་བྱ་བ་ནི་འཇིག་རྟེན་པའི་ལྷ་ཐམས་ཅད་ཀྱི་ཐུན་མོང་དུ་ཐལ་མོ་པདྨོའི་ཕྱག་རྒྱའོ། །ཀླུ་རྣམས་ཀྱི་སོར་མོ་ཨུཏྤ་ལ་ལྟར་བྱས་པའོ། །གནོད་སྦྱིན་ཐམས་ཅད་ཀྱི་སོར་མོ་རྣམས་སོ་ལྟར་བྱས་
པའོ། །སྲིན་པོ་རྣམས་ཀྱི་ལག་པ་གཡས་གཡོན་མགོ་བོའི་ཚལ་པ་ལྟར་བྱས་པའོ། །བུད་མེད་ཐམས་ཅད་ཀྱི་སོར་མོ་བཅུ་བསྣོལ་བའོ། །གཟའ་ཐམས་ཅད་ཀྱི་ལག་པ་གཡས་གཡོན་དབྱུག་པ་ལྟར་བྱས་པའོ། །ཨརྒ་དབུལ་བ་ལྟར་བྱས་པ་རྒྱུ་སྐར་ཐམས་ཅད་ཀྱི་སྟེ་དེ་དག་ནི་སེམས་བསྐུལ་
བ་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །མགོ་བོ་ཐོད་པ་ཁར་གཞག་པ། །ཕྱག་རྒྱ་འདི་ནི་ཕྲ་མེན་མ། །མགོ་ཐོད་ལྕེ་ཡི་ཕྱག་རྒྱ་ནི། །རྡོ་རྗེ་རྣལ་འབྱོར་མ་ཡིར་བཤད། །དེ་དག་ཀུན་གྱི་ཐུན་མོང་དུ། །ཕྱག་རྒྱ་ཆེན་པོ་བཤད་པར་བྱ། །ཐལ་མོ་བརྐྱང་བ་བཤད་པ་ནི། །ཡང་ན་ཐལ་མོ་པདྨར་བྱ། །

ཞེས་བྱ་བ་ནི་མགོ་བོའི་ཐོད་པ་ཁར་གཞག་པ་ལྟར་བྱས་པ་ནི་ཕྲ་མེན་མའི་ཕྱག་རྒྱའོ། །མཛུབ་མོ་དང་མཐེ་བོང་གཉིས་རྩེ་སྤྲད་དེ་སྲིན་ལག་དང་མཐེའུ་ཆུང་མིག་འབྲས་སུ་བྱས་པ་གུང་མོ་ལྕེར་བརྐྱང་བ་ནི་རྡོ་རྗེ་རྣལ་འབྱོར་མའི་ཕྱག་རྒྱའོ། །འཇིག་རྟེན་པའི་
ལྷ་ཐམས་ཅད་ཀྱི་ཐུན་མོང་དུ་ཐལ་མོ་བརྐྱང་བ་དང་ཡང་ན་པདྨོར་བྱས་པའོ། །རྡོ་རྗེ་ཁུ་ཚུར་བཅིངས་ནས་ནི། །ཨ་ཞེས་བྱ་བ་ལུ་གུ་རྒྱུད། །ཧཱུཾ་ཞེས་བྱ་བ་གཉིས་བསྒྲེང་ལ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཡིན། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཁྲིག་མ་བསྣོལ་ཏེ་མཐེའུ་
ཆུང་ལུ་གུ་རྒྱུད་དུ་སྦྲེལ་མཛུབ་མོ་བསྒྲེང་བ་ནི། རྡོ་རྗེ་འཛིན་པ་ཁྲོ་བོའོ། །རྡོ་རྗེ་བསྡམས་པ་བསྡམས་ནས་ཀྱང་། །ཧཱུཾ་དང་ཨ་གཉིས་གཤིབས་ཏེ་བསྒྲེང་། །ཨོཾ་ཞེས་བྱ་བ་ངོས་བཅར་བ། །ཕྱག་རྒྱ་སྣང་བར་བྱེད་པར་དགོངས། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལས་མཛུབ་མོ་དང་
མཐེ་ཆུང་གཉིས་གཤིབས་ཏེ་བསྒྲེང་། མཐེ་བོང་ངོས་ལ་བཅར་བ་ནི་འཇིག་རྟེན་གསུམ་སྣང་གིའོ། །དེ་ལ་ཨ་ཞེས་བྱ་བ་བཅིངས། །ཞེས་བྱ་བ་ནི་མཐེ་ཆུང་ནང་དུ་བཀུག་པ་ནི་འཇིག་རྟེན་གསུམ་མཐར་བྱེད་ཀྱིའོ། །ཨོཾ་ཞེས་བྱ་བ་ནང་དུ་བཀུག །ཨ་ཞེས་བྱ་བ་སྔོན་བཞིན་སྦྱར། །
ཨོཾ་དང་ཨ་ཡང་འདྲ་བར་བྱ། །ཞེས་བྱ་བ་མཐེ་བོང་གཉིས་ནང་དུ་གཞུག་མཐེ་ཆུང་གཉིས་ནི་ནང་དུ་སྦྱར་མཐེ་བོང་དང་མཐེའུ་ཆུང་གཉིས་འདྲ་བར་སྦྱར་བ་ནི་མི་གཡོ་མགོན་པོའི་ཕྱག་རྒྱའོ། །ཏྲཾ་ཞེས་བྱ་བ་གཤིབས་ནས་ནི། །ཨེ་དང་ཨོཾ་གཉིས་ལུ་གུ་རྒྱུད། །ལྷག་མ་གཤིབས་པའི་
ཕྱག་རྒྱ་འདི། །བདུད་རྩི་འཁྱིལ་པར་ཤེས་པར་བྱ། །ཞེས་བྱ་བ་ནི་གུང་མོ་གཉིས་གཤིབས་ཏེ་བསྒྲེང་། མཐེའུ་ཆུང་དང་མཐེ་བོང་ལུ་གུ་རྒྱུད་དུ་སྦྲེལ། ལྷག་མ་གཤིབས་པ་བདུད་རྩི་འཁྱིལ་པའི་འོ། །ཏྲཾ་ཞེས་བྱ་བ་གཤིབས་ནས་ནི། །ཧཱུཾ་ཞེས་བྱ་བ་དེ་བཞིན་ནོ། །ཞེས་བྱ་
བ་གུང་མོ་དང་མཛུབ་མོ་གཤིབས་པ་ནི་བེ་ཅོན་སྔོན་པོའི་འོ། །དེ་ལྟར་ཧཱུཾ་ཞེས་བྱ་བ་གཤིབས། །ལྷག་མ་འོད་ཟེར་འབར་བར་བྱ། །རྟ་མགྲིན་ཕྱག་རྒྱ་གང་ཡིན་པ། །དེ་ཡང་ལས་རྣམས་ཀུན་ལ་གསུངས། །ཞེས་བྱ་བ་ནི་མཛུབ་མོ་གཉིས་གཤིབས་ཏེ་ལྷག་མ་འོད་ཟེར་ལྟར་བྱས་པ་

རྟ་མགྲིན་གྱི་ཕྱག་རྒྱ་སྟེ་ལས་དང་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །ཁྲོ་བོ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་ནི་མིག་དང་འདྲ་བར་བཤད། །མཱ་མ་ཀཱི་ནི་རྡོ་རྗེར་བཤད། །དཀར་མོ་པདྨ་ཉིད་དུ་བཤད། །ཨུཏྤ་ལ་ནི་སྒྲོལ་མར་དགོད། །ཅེས་བྱ་
བ་ནི་རྡོ་རྗེ་བསྡམས་པ་ལ་མཛུབ་མོ་དང་མཐེའུ་ཆུང་མིག་ལྟར་བྱས་པ་ནི་སངས་རྒྱས་སྤྱན་གྱིའོ། །མཛུབ་མོ་རྩེ་གུག་པ་གུང་མོར་སྦྱར་བ་ནི་མཱ་མ་ཀཱིའོ། །གུང་མོ་དང་སྲིན་ལག་པདྨོ་འདྲ་བར་བྱས་པ་ནི་གོས་དཀར་མོའོ། །མཛུབ་མོའི་རྩེ་མོ་བཀུག་པས་གུང་མོ་ལ་དཀྲིས་ཏེ།
མཐེ་བོང་ངོས་ལ་བཅར་བ་ནི་སྒྲོལ་མའི་ཨུཏྤ་ལའོ། །གང་ཕྱག་རྒྱ་མ་བཤད་པ་ཐམས་ཅད་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པར་ཤེས་པར་བྱའོ། །གཞན་ཡང་རྟག་པ་ཐམས་ཅད་ཀྱི་ལྷ་བསྐྱེད་པ་དང་མི་མཐུན་པའི་ཕྱོགས་གཞོམ་པ་དང་བརྡུང་བའི་སྔགས་ནི་བཛྲ་སཏྭ་ཧཱུཾ། ཛྲ་རཱ་ཛ་ཛ་
ཞེས་བྱ་བ་ལ་སོགས་པ་བཅུ་དྲུག་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །ཨོཾ་བུདྡྷ་ལོ་ཙཱ་ན་ཧཱུཾ། སངས་རྒྱས་སྤྱན་གྱིའོ། །བཛྲ་མཱ་མ་ཀཱི་ཏྲཱཾ། མཱ་མ་ཀཱིའོ། །བཛྲ་པཎྚ་རེ་དེ་ཧི་དེ་ཧི་སིདྡྷ་བོ་དྷི་ལོ་ཀོཏྟ་རི་བྷ་སྭཱ་ཧཱ། གོས་དཀར་མོའི་འོ། །ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཧཱུཾ་ཧཱུཾ་སྭ་སྭ་སྭ་སྒྲོལ་མའི་འོ། །
སེམས་དཔའ་བཅུ་དྲུག་གི་སྙིང་པོ་དང་སྦྱར་བའི་ཤཾ་པ་ཏ་བཅུ་དྲུག་ཞི་བར་བརྡུང་བའོ། །དེ་བཞིན་སྦྱར་བ་གྷུཾ་བཅུ་དྲུག་རྒྱས་པའི་བརྡུང་བའོ། །དེ་བཞིན་དུ་ཧོ་སྦྱར་བ་བཅུ་དྲུག་དབང་གི་བརྡུང་བའོ། །དེ་བཞིན་ཁ་སྟཾ་སྦྱར་བ་བཅུ་དྲུག་མངོན་སྤྱོད་ཀྱི་བརྡུང་བའོ། །འདིར་མ་གསུངས་
པའི་སྔགས་པ་ཐམས་ཅད་ཡང་གཞན་དག་ལས་ཤེས་པར་བྱའོ། །ཅིའི་ཕྱིར་རྒྱུད་ཕྱི་མའི་བདེ་བ་ཆེན་པོ་དང་། དེ་ཡང་གཙུག་ཏོར་དུ་གསང་སྔགས་དང་ཕྱག་རྒྱའི་ཁྱད་པར་གསུངས་ཤེ་ན། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དེ་གཉིས་ཀྱི་ནང་དུ་འདུས་པའི་ཕྱིར་གསུངས་སོ་ཞེས་
བྱ་བའི་དོན་ཏོ། །དེ་ལྟར་རྒྱུད་ཕྱི་མ་བཤད་ནས་ད་ནི་རྒྱུད་ཕྱི་མའི་ཡང་ཕྱི་མ་བཤད་པའི་ཕྱིར་འཇུག་པར་བྱ་སྟེ། དེ་ཡང་། དེ་ནས་ལྷ་རྣམས་ཀུན་མགུ་ནས། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །འདིར་ནི་ཁྲོ་བོར་གསུངས་པ་སྟོན་ཏེ། དེ་ཡང་འོག་ནས་ཁྲོ་བོའི་སྐུར་འགྱུར་བའི་

ཕྱིར་རོ། །དེ་ནས་ལྷ་རྣམས་ཀུན་མགུ་ནས། །ཕྱག་ན་རྡོ་རྗེ་ཕྱག་འཚལ་ཏེ། །ཁྲོ་བོའི་དཀྱིལ་འཁོར་བཤད་པའི་ཕྱིར། །གསོལ་བ་འདེབས་པ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་རྩ་བའི་རྒྱུད་དང་ཕྱི་མའི་རྒྱུད་བཤད་པས་ལྷ་རྣམས་མགུ་ནས་ཕྱག་འཚལ་
ནས་ཁྲོས་པས་ཁྲོ་བོ་སྤངས་པའི་ཕྱིར་གསོལ་བ་འདེབས་པ་ཉིད་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རང་གི་སྐུ་བོར་ཏེ་ཞེས་བྱ་བ་ནི་ཞི་བའི་སྐུར་བོར་ཏེའོ། །རྡོ་རྗེ་སེམས་དཔའི་སྐུར་ཞུགས་ནས། །ཞེས་བྱ་བ་ནི་ཁྲོ་བོ་སེམས་དཔའི་སྐུར་གྱུར་པའོ། །
འདིས་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་སྟོན་ཏོ། །གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་ཕྱག་ན་རྡོ་རྗེའི་སྐུར་བསྐྱེད་ལ། འོག་ནས་འབྱུང་བའི་གསང་སྔགས་ཀྱིས་ཁྲོ་བོའི་སྐུར་བསྒྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གཉིས་སུ་མེད་པའི་མཉམ་པ་ཞེས་བྱ་བས་
ནི་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པ་ཐུགས་རྗེ་ཆེན་པོ་མཚུངས་པའི་ཁྲོ་བོའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེའི་སྙོམས་པར་ཞུགས་པ་ནི་མངོན་དུ་མཛད་པའོ། །རྡོ་རྗེ་སེམས་དཔའ་ཁྲོ་བོ་ཞེས་བྱ་བ་ནི་ཁྲོ་བོ་སེམས་དཔའ་ཉིད་དོ། །མེའི་
རྡོ་རྗེ་ཉི་མ་ཞེས་བྱ་བ་ནི་ཁྲོ་བོ་ལྷག་མ་རྣམས་ཏེ་དབྱེར་མི་ཕྱེད་པའི་འོད་དང་ལྡན་པའོ། །སྙིང་པོ་འདི་ཉིད་ཀྱི་ཐུགས་ཀ་ནས་བྱུང་ངོ་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་སྙིང་པོའོ། །དེ་ཉིད་ཀྱི་ངེས་པའི་ཡེ་ཤེས་ལས་ཕྱུང་བའོ། །དེ་ཉིད་ཨོཾ་བཛྲ་ཀྲོ་དྷ་ཨ་ན་ལཱརྐ་མ་ཧཱ་བཛྲ། བཛྲ་ཀྲོ་དྷ་དྲ་བ་དྲ་བ།
བི་དྲ་བ་བི་དྲ་བ། སརྦ་ཨ་པ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར་པྲ་ཎཾ་ཧཱུཾ་ཕཊ། ཁྲོ་བོ་རྡོ་རྗེ་སེམས་དཔའོ། །ཨོཾ་ཏྲཻ་ལོ་ཀྱ་ཀ་རི་ཧཱུཾ་ཕཊ། འཇིག་རྟེན་གསུམ་སྣང་གིའོ། །ཨོཾ་ཏྲཻ་ལོ་ཀྱ་ད་མ་ཀ་ཧཱུཾ་ཕཊ། འཇིག་རྟེན་གསུམ་འདུལ་གྱིའོ། །ཨོཾ་ཏྲཻ་ལོ་ཀྱ་ནཱ་ཤ་ཧཱུཾ་ཕཊ། འཇིག་རྟེན་གསུམ་
འཇིག་གིའོ། །ཨོཾ་ཏྲཻ་ལོ་ཀྱ་ཧ་ན་ཏ་ཀ་ཧཱུཾ་ཕཊ། འཇིག་རྟེན་གསུམ་མཐར་བྱེད་ཀྱིའོ། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་བདུད་རྩི་འཁྱིལ་པའི་འོ། །ཨོཾ་ཀཱ་ལ་དཎྜ་ཧཱུཾ་ཕཊ། བེ་ཅོན་སྔོན་པོའིའོ། ཨོཾ་ཀ་ལ་ཧ་ནི་ཧཱུཾ་ཕཊ། མི་གཡོ་མགོན་པོའི་འོ། །ཨོཾ་ཧ་ཡ་གྲཱྀ་བ་ཧཱུཾ་ཕཊ། རྟ་མགྲིན་

གྱིའོ། །ཨོཾ་ཀ་ལ་ཨངྐུ་ཤ་ཧཱུཾ་ཕཊ། ལྕགས་ཀྱུའི་འོ། །ཨོཾ་ཀ་ལ་པཱ་ཤ་ཧཱུཾ་ཕཊ། ཞགས་པའི་འོ། །ཨོཾ་ཀ་ལ་བནྡྷ་ཧཱུཾ་ཕཊ། ལྕགས་སྒྲོག་གིའོ། །ཨོཾ་ཀ་ལ་གྟཎྚ་ཧཱུཾ་ཕཊ། དྲིལ་བུའི་འོ། །ཨོཾ་ཀ་ལ་རཀྵ་སི་ཧཱུཾ་ཕཊ། སྲུང་མའི་འོ། །ཨོཾ་ཀ་ལ་དཎྜ་ཧཱུཾ་ཕཊ། བེ་ཅོན་མིའི་འོ། །ཨོཾ་ཀ་ལ་
ར་ཊི་ཧཱུཾ་ཕཊ། དགའ་མའི་འོ། །ཨོཾ་ཀ་ལ་ཡཀྵ་སི་ཧཱུཾ་ཕཊ། གནོད་སྦྱིན་གྱིའོ། །འདི་དག་གིས་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་བསྟན་ཏོ། །གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་དཀྱིལ་འཁོར་རྒྱལ་མཆོག་སྒོམ་པ་རྣམས་ཀྱིས་རྡོ་རྗེ་སེམས་དཔའི་ཐུགས་སུ་སྔགས་བཀོད་ལ་བསྐྱེད་
དོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་གསུམ་པ་ནི་དེ་བཞིན་དུ་སྔར་བསྟན་པ་ལས་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་མི་ཟད་པ། །ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་སྟོན་ཏེ། བསྙེན་པ་དང་ལྷག་པར་གནས་པའི་ཆོ་ག་ཐམས་ཅད་སྤྱད་པ། དེ་ནས་ཁྲོ་བོའི་དཀྱིལ་
འཁོར་ཡངས་པ་རྩིབས་བཅུ་གཉིས་པ་འོད་ཟེར་འབར་བས་དཀྲིགས་ཤིང་ཆེར་འབར་བར་སྔ་མ་ལྟར་ཕྱིའི་དཀྱིལ་འཁོར་བྲིས་ནས་ལྟེ་བ་ལ་རྡོ་རྗེ་སེམས་དཔའ་གཞག་པར་བྱའོ། །དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། ཤར་གྱི་རྩིབས་གཉིས་ལ་གསུམ་སྣང་དང་གསུམ་འདུལ། ལྷོའི་
རྩིབས་གཉིས་ལ་གསུམ་འཇིག་དང་གསུམ་མཐར་བྱེད། ནུབ་ཀྱི་རྩིབས་གཉིས་ལ་བདུད་རྩི་འཁྱིལ་པ་དང་བེ་ཅོན་སྔོན་པོ། བྱང་གི་རྩིབས་གཉིས་ལ་མི་གཡོ་མགོན་པོ་དང་རྟ་མགྲིན། མེའི་ཕྱོགས་ཀྱི་རྩིབས་སུ་སྲུང་བའོ། །སྲིན་པོའི་ཕྱོགས་ཀྱི་རྩིབས་ལ་བེ་ཅོན་མ། རླུང་གི་ཕྱོགས་ཀྱི་
རྩིབས་ལ་དགའ་བ་མོ། དབང་ལྡན་ཕྱོགས་ཀྱི་རྩིབས་ལ་གནོད་སྦྱིན་མོ། །ཁྲོ་བོ་བརྒྱད་འཇིག་རྟེན་སྐྱོང་བ་བརྒྱད་མནན་པ་ཞལ་འཇིགས་པ་ཕྱག་བརྒྱ་ཕྲག་དུ་མ་མངའ་བ། སྦྲུལ་དང་ཐོད་ཀྱིས་བརྒྱན་པ། སྟག་ལྤགས་སྨད་དཀྲིས་བྱས་པ། རྒྱུ་མ་ཐོགས་པ་སྤྲུལ་པ་ཕྱག་དང་དབུ་མཐའ་
ཡས་པ་འབྱུང་བ། དེ་དག་ཀྱང་མགོ་ཐོད་ཤས་བཀང་བ་ཕྱག་ན་ཐོགས་པར་བྲི། ཕྱི་རོལ་ན་སྲིན་མོ་བདུན་ཅུ་ལ་སོགས་པ་གཞག །སྒོ་བ་རྣམས་ལྕགས་ཀྱུ་ལ་སོགས་པའི་ཕྱག་མཚན་ཐོགས་པར་བྲི། དེ་ནས་བདུད་རྩིས་གང་བའི་བུམ་པ་བཅུ་དྲུག་གཞག་བདུག་པ་དང་མེ་ཏོག་དྲི་མར་མེ་ཁ་ཟས་

ཀྱིས་བཀང་བའི་གཏོར་མ་བཤམ། བཟའ་བ་དང་བཅའ་བའི་བདུད་རྩིས་མགོ་ཐོད་གང་བར་གྱུར་པ་རྣམས་གཞག་ཅེས་བྱ་བ་ཡིན་ནོ། །དེ་ནས་སློབ་དཔོན་བདག་ཉིད་ཀྱང་། །མགུ་ནས་མགོ་ཐོད་ཕྱག་རྒྱས་གཞུག །ཕྱག་རྒྱ་དེ་དང་དེ་ཡིས་ནི། ཤ་
རྣམས་ཀུན་གྱི་དམ་ཚིག་གསོལ། །དེ་ནས་འདོད་ལྡན་རྙེད་ནས་ནི། །ཞེས་བྱ་བ་ལ་དེ་ལྟར་དགོངས་ཀའི་དུས་མཚམས་ལ་བབ་པ་དང་། སློབ་དཔོན་གྱིས་མགོ་ཐོད་ཀྱི་ཕྱག་རྒྱས་དཀྱིལ་འཁོར་དུ་ཞུགས་ཏེ་ཆད་པ་དང་ལྷག་པ་ཞི་བར་བྱ། དེ་ནས་ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བས་སྒོ་དབྱེ།
བསྡུ་ན་ནམ་མཁའ་ལ་མགོ་ཐོད་ཀྱི་ཕྱག་རྒྱ་དེ་དང་། རྣལ་འབྱོར་དེའི་ཤ་རྣམས་ཀྱི་དམ་ཚིག་གསོལ་ལོ། །དེ་ནས་འདོད་པའི་དངོས་གྲུབ་རྙེད་ནས་ཧཱུཾ་ཞེས་བྱ་བའི་སྔགས་བཅས་པས་བསྒྲུབ་པར་བྱའོ། །དེ་ནས་སྔགས་མཁན་སྒོར་སྒོ་མ། །དེ་ཉིད་དྲན་བྱེད་བསྙེན་པར་བྱ། །ཞེས་བྱ་བ་ནི་
ལྕགས་ཀྱུ་ལ་སོགས་པས་ལས་བྱ་ཞིང་བགེགས་བསྐྲད་བསྲུང་། སྒོ་བཅད་ཕྱག་རྒྱ་བཞིས་རྒྱས་གདབ་དབང་བསྐུར་ཞེས་བྱ་བའི་དོན་ཏོ། །དེས་ནི་ངེས་པར་དངོས་གྲུབ་སྟེར། །ཡུད་ཙམ་འཇིག་རྟེན་དབང་དུ་འགྱུར། །དཀྱིལ་འཁོར་དུ་ནི་ཚོགས་རྣམས་དང་། །རང་གི་ལྷ་ཡི་ཚོགས་རྣམས་
ལ། །རྒྱུད་ལས་བྱུང་བའི་དམ་ཚིག་བརྗོད། །ཅེས་བྱ་བ་ནི་དངོས་གྲུབ་འཇིག་རྟེན་དབང་དུ་འགྱུར་བར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ལྷ་རང་གི་ཚོགས་རྩ་བའི་རྒྱུད་ལས་འབྱུང་བའོ། །བཟླས་བརྗོད་ཀྱི་དམ་ཚིག་ཐོག་མ་དང་ཐ་མ་མེད་པ་དེ་སྲིད་ཀྱི་བར་དུ་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནས་
མཆོད་དེ་ལངས་ནས་ཀྱང་། །ཚོགས་ཅན་རྡོ་རྗེ་སེམས་དཔའ་ཡི། །ཚུལ་དུ་གནས་ནས་འབྱུང་བར་བྱ། །ཞེས་པ་ནི་མཆོད་པ་དང་། གཏོར་མ་དང་། སྦྱིན་སྲེག་དང་། གནང་བ་ནོད་པའི་མཐར་ཐུག་པ་བྱས་ལ། ཚོགས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་ཁྲོ་བོའི་ཚུལ་དུ་གནས་ནས་
འབྱུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་སློབ་མ་བསྡུས་ནས་ནི། །ཞེས་བྱ་བ་ལ་སོགས་པས་སློབ་མ་གཞུག་པ་ལ་སོགས་སྟོན་ཏེ། སློབ་མ་རྣམས་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་བྱས་ཏེ་ལག་ཏུ་རིན་པོ་ཆེ་ཐོགས་སུ་བཅུག་ལ། ཨོཾ་བཛྲ་ཀྲོ་དྷ་ཞེས་བྱ་བ་ལ་སོགས་པ་ནས། ཨོཾ་བཛྲ་

ཀྲོ་དྷ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ་ཕཊ་ཅེས་བྱ་བས་དཀྱིལ་འཁོར་དུ་བཅུག་ལ། རྩ་བའི་རྒྱུད་དུ་གསུངས་པ་བཞིན་དུ་ཆོ་ག་ལྷག་མ་རྗེས་སུ་སྤྱད་ནས། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ་ཕཊ་ཨ་ཞེས་བྱ་བ་འདིས་ཁྲོ་བོའི་བུམ་པས་དབང་བསྐུར་ལ། དབང་བསྐུར་བ་ཉི་ཤུ་པོ་ཀུན་རྩ་བའི་རྒྱུད་དུ་བཤད་
པ་བཞིན་དུ་དབང་བསྐུར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་དུ་དབང་བསྐུར་བ་ཐོབ་པ་རྣམས་ལ་དངོས་གྲུབ་བསྟན་པའི་ཕྱིར་དེ་ནས་དེ་དག་གི་སྒྲུབ་པ་བཤད་དེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་དག་གི་སྒྲུབ་པ་བཤད་པ་ནི་སྔར་བཤད་པའི་ཆོ་གས་ཁྲོ་བོ་གང་ཡང་རུང་བར་བསྐྱེད་དེ། སྙིང་
གར་ཉི་མའི་དཀྱིལ་འཁོར་ལ་རང་གི་ཡི་གེ་ལ་ཁྲོ་བོ་དཔག་ཏུ་མེད་པ་བསྒོམས་ནས་ཡི་གེ་དང་ཁྲོ་བོ་གཅིག་ཏུ་བསྲེས་ཏེ་བསྒོམ་པ་དང་། དང་པོ་བསྙེན་པ་དང་སྒྲུབ་པ་བསྒོམས་ན་ངེས་པར་གསོད་པར་འགྱུར་རོ་ཞེས་བྱ་བ་ནི། བདག་ཉིད་ཁྲོ་བོར་སྙོམས་ཞུགས་ཏེ། །དེ་ནས་སྙིང་གར་ཉི་མ་
བསྒོམ། །རང་གི་ཆོས་ཀྱི་ཡི་གེ་ལས། །ཁྲོས་ནས་ཡང་དང་ཡང་འཕྲོས་ཤིང་། །དེ་གཉིས་གཅིག་ཏུ་བསྒོམ་པར་བྱ། །དེ་ནས་འགྲུབ་འགྱུར་གཞན་དུ་མིན། །ཞེས་གསུངས་སོ། །ཁྲོ་བོའི་ལས་གསོད་པ་ཁོ་ནའམ་ཞེ་ན། གཞན་ཡང་ཡིན་པར། ཁྲོ་བོའི་རྒྱལ་པོ་ལས་དངོས་
སུ། །གསོད་པར་ཡིན་པར་བཤད་མོད་ཀྱི། །ཞི་དང་དབང་དང་རྒྱས་པ་རྣམས། །འདི་དག་བྱེད་འགྱུར་གདོན་མི་ཟ། །ཞེས་བྱ་བ་ཡིན་ཏེ་ཁྲོ་བོ་ཐམས་ཅད་ཐུན་མོང་གི་སྒྲུབ་པ་བསྟན་ཏོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཁྲོ་བོ་དཀྱིལ་འཁོར་བསྒོམ་བྱས་ནས། །སྡུག་
པའི་སེམས་ཅན་འཛིན་བྱེད་ཅིང་། །མདོར་ན་དུག་རིམས་གདོན་ལ་སོགས། །དེ་བཞིན་དེ་དག་ཐམས་ཅད་ནི། །ཐབས་ལ་སོགས་པས་འཇིགས་བྱེད་པའི། །ཁྲོས་ནས་སྙིང་ལས་འབྱུང་འགྱུར་བར། །བསད་པའི་ལས་ལ་བརྩམ་པར་བྱ། །ཁྲོས་པར་གྱུར་ནས་རྒོད་པའི་ལས། །
ཤ་དང་ཁྲག་རྣམས་འཇིབ་བྱེད་ཅིང་། །དེ་དག་འཚོ་བ་སྲེག་པར་བྱེད། །བསམས་ནས་ངེས་པར་བརླག་པར་འགྱུར། །ཞེས་བྱ་བ་ནི་འཆི་བདག་འཇོམས་པའི་དཀྱིལ་འཁོར་ལས་བཤད་པ་ལྟར་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཁྲོ་བོ་རྡོ་རྗེ་སེམས་དཔར་བསྐྱེད་ནས་རང་

གི་སྙིང་གར་ཁྲོ་བོའི་དཀྱིལ་འཁོར་བསྒོམས་ཏེ་གདུག་པ་དང་རིམས་ལ་སོགས་པ་ཐུགས་རྗེ་ཆེན་པོའི་ཐབས་ཁྲོ་བོས་འཇོམས་པར་བསམས་ནས། སྙིང་གའི་ཁྲོ་བོའི་དཀྱིལ་འཁོར་ལས་ཁྲོ་བོ་སྤྲོས་ཏེ་བཞད་པའི་ཞལ་གྱི་ཤ་དང་ཁྲག་འཇིབ་ཅིང་། སྲོག་དང་བྲལ་
བར་བསྙེན་པ་དང་སྒྲུབ་པར་བསམས་ནས་ངེས་པར་བརླག་པར་འགྱུར་རོ། །གཞན་ཡང་ཁྲོ་བོ་འཇིག་རྟེན་གསུམ་སྣང་ཁ་དོག་དཀར་པོ་བསྒོམ་ཞིང་། དེ་ནས་བྱུང་བའི་དཀྱིལ་འཁོར་གྱིས་ཁྱབ་པར་བསམས་ལ་འོད་དེ་ཕྱུང་ནས་རིམས་ལ་སོགས་པ་རིང་དུ་དོར་ལ་འོད་ལས་ཧཱུཾ་བྱུང་རྡོ་རྗེར་བསམ་
ཞིང་འོད་ལས་ཧཱུཾ་ལྟ་བུའི་འཁོར་ལོར་གྱུར་པ་གོ་ཆར་བྱ། འོད་ཟེར་གྱི་ཆུས་སྤྱི་བོ་ནས་དབང་བསྐུར། དེ་ནས་མིང་ནས་སྨོས་ཤིང་བཟླས་བརྗོད་དང་བསྙེན་པ་དང་བསྒྲུབ་པ་ཚུལ་བཞིན་དུ་བསམས་ན་འགྲུབ་པར་འགྱུར་བ་ནི། ཁྲོ་བོ་འཇིག་རྟེན་གསུམ་སྣང་མཛད། །ཟླ་བ་འདྲ་བའི་དགེ་བསམས་
ཤིང་། །འོད་ཟེར་ཕྱུང་བ་མང་པོ་ཡིས། །ཁྱད་པར་གྱུར་པར་རྣམ་བསམ་ལ། །རིམས་དང་གདོན་དང་དུག་ལ་སོགས། །འོད་ཟེར་དེས་ནི་ཕྱུང་ནས་ཀྱང་། །དེ་ཡི་ནད་བགེགས་གནོད་པ་སེམས། །ཞི་བྱའི་ཕྱིར་ནི་རིང་དུ་དོར། །དེ་ནས་ཧཱུཾ་གི་ཚོགས་བཞག་ལ། །རྡོ་རྗེ་ལྟ་བུར་ལུས་
བསམ་ཞིང་། །ཧཱུཾ་གི་འཁོར་ལོས་གོ་ཆར་བྱ། །འོད་ཟེར་ཆུ་ཡིས་དབང་བསྐུར་རོ། །དེ་ནས་དེ་ཡི་མིང་སྨོས་ཤིང་། །བཟླས་པའི་ཚུལ་གྱིས་བསམ་པར་བྱ། །ཞེས་གསུངས་པ་ཡིན་ནོ། །སྦྱིན་སྲེག་རྣམ་པ་གསུམ་བསྟན་པ་ནི་དེ་ནས། ཁུང་བུ་གསུམ་ལས་རྣམ་གཅིག་ནི། །
ཞེས་བྱ་བ་ལ་སོགས་པས་དང་པོ་ཞི་བ་བསྟན་ཏེ། དེ་ཡང་ཞི་བ་དང་རྒྱས་པ་དང་དབང་གསུམ་ལས། ཞི་བ་ནི་ཁ་དོག་དཀར་པོ། ཐ་མ་ནི་ཁྲུ་གང་། བར་པ་ཁྲུ་དོ། མཆོག་ཁྲུ་བཞིའོ། །རྣལ་འབྱོར་པ་དེས་དང་པོར་ས་རྣམས་རབ་སྦྱངས་ཏེ། འཁོར་ལོའི་སྟེང་ན་ཟླ་བའི་དཀྱིལ་
འཁོར་དབུས་སུ་རྡོ་རྗེ་རྩེ་ལྔ་པ་ཅིག་ཐབ་ཁུང་གི་དབུས་སུ་བྲི། དེའི་ཕྱི་རོལ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པ་འཇིག་རྟེན་གསུམ་སྣང་ལ་སོགས་པའི་ཕྱག་རྒྱ་འོད་ཟེར་དཀར་པོར་འཕྲོ་བ། འདོད་ཆགས་ལ་སོགས་པའི་རིགས་བརྒྱ་འཇོམས་པ་བྱེ་བྲག་ཏུ་ཕྱེ་བ་བྲི། རྒྱལ་པོ་བཞིའི་ཕྱག་མཚན་

ཕྱོགས་སྐྱོང་རྣམས་ཀྱི་ཕྱག་མཚན་ཕྱོགས་ཕྱོགས་སུ་བྲི། ལྷ་ཆེན་པོ་ཁྱབ་འཇུག་ལ་སོགས་པ་རྣམས་ཀྱི་ཕྱག་མཚན་དཀྱིལ་འཁོར་ལྟ་བུར་བྲི། དྲི་ཞིམ་པའི་ཆུས་བཀང་བའི་མདོག་དཀར་པོའི་རས་ཀྱིས་དཀྲིས་པའི་བུམ་པ་བརྒྱད་གཞག། འབྲས་ཆན་དང་ཞོ་དང་མར་དང་དཀར་གསུམ་
གྱི་གཏོར་མ་དང་། ལྷ་བཤོས་དང་། བདུག་པ་དང་། མར་མེ་དང་མེ་ཏོག་རྣམས་ཀྱང་གཞག །མཆོད་པ་བྱ་བའི་ཕྱིར་བླ་རེ་དང་། གདུགས་དང་རྒྱལ་མཚན་དང་རྔ་མ་ལ་སོགས་པ་གཞག། ན་མ་རེ་རེ་ག་པུར་དང་བཅས་པའི་དྲི་ཞིམ་པོ་ཙནྡན་ལ་སོགས་པའི་བྱུག་པས་བྱུགས་
ཁ་ཤར་དུ་བལྟས་ཏེ་སྦྱིན་སྲེག་བྱ། དེ་བཞིན་གཤེགས་པའི་སྐྱིལ་ཀྲུང་ངམ་སེམས་དཔའི་སྐྱིལ་ཀྲུང་གིས་གདན་ལ་འདུག །གཞན་ཡང་གོས་ལ་སོགས་པ་དཀར་པོ་དང་། ཕྲེང་བ་དཀར་པོས་བརྒྱན། སྲེག་པའི་རྫས་བསྟན་པ་ནི་མར་མེ་དང་སྦྲང་རྩི་དང་། འོ་མ་དང་། ནས་ཀྱི་ཐུག་
པ་དང་། ཏིལ་མར་དང་། ཏིལ་ཉིད་དང་། ཡུངས་ཀར་དང་། འབྲས་ཡོས་དང་། འབྲས་ཆན་དང་། ནས་དང་། གྲོ་དང་། མེ་ཏོག་དྲི་ཞིམ་པ་རྣམས་ག་བུར་དང་བསྲེས་པ་ཙནྡན་དཀར་པོས་བསྒོས་པ་གཞག་གོ། །ཡམ་ཤིང་དང་བུད་ཤིང་ནི་འདབ་མ་བརྒྱད་པ་མེ་ཏོག་དང་འབྲས་
བུ་ཡོད་ཅིང་ཞོ་དང་ལྡན་པའི་ཡམ་ཤིང་ལ་ཁུང་བུའི་ཁྱད་པར་གྱི་སོར་གྱིས་གཞལ་ཞིང་། མཆོག་སོར་ཉི་ཤུ་རྩ་བཞི་ཡན་ཆད། སོར་བཅུ་དྲུག་ཐབ་ཁུང་བར་མ་ལ། བཅུ་གཉིས་དང་བརྒྱད་ཐ་མ་ལ། གཞན་ཡང་བུད་ཤིང་ཞོ་དང་ལྡན་པ་ལ་དྲིའི་ཆུས་བསྐུས་ཏེ། བུད་ཤིང་དེ་ལ་རྒྱུན་གཞག་
ལ་སོགས་པའི་མེ་བཅུག་སྟེ། ཛྭ་ལ་ཛྭ་ལ་ཧཱུཾ་ཞེས་པས་རླུང་ཡབ་ཀྱིས་སྦར་ནས། དྲིའི་ཆུས་བསང་གཏོར་བྱས་ཏེ། དེ་ནས་མེ་ལྷ་བསྐྱེད་པ་ནི་ཁ་དོག་དཀར་པོ་ཕྱག་གཡས་གཉིས་ན་པདྨ་དང་ནོར་བུ། ཕྱག་གཡོན་གཉིས་ན་རིལ་བ་དང་དབྱུག་པ་ཐོགས་པ། པདྨ་དཀར་པོའི་གདན་
གྱི་སྟེང་དུ་དེ་ལྟ་བུའི་མེ་ལྷ་བཀུག་ནས་མཆོད་ཡོན་དབུལ་བར་བྱའོ། །སྦྱིན་སྲེག་གི་ཚེ་ན་ཁྱད་པར་མཆོད་པའི་ལྷ་ཁ་དོག་དཀར་པོ་འགྲོ་བ་ལ་ཕན་པའི་ཁྲོ་བོ་རྡོ་རྗེ་སེམས་དཔའ་པདྨ་དཀར་པོ་ལ་ཤར་ཕྱོགས་སུ་བསམས་ཏེ། དེའི་ཐོག་ཏུ་སྤྱན་དྲངས་ནས་གཞག་པར་བྱའོ། །དེའི་མདུན་དུ་བསྒྲུབ་

པར་བྱ་བའི་ལུས་བཞག་སྟེ་ཁྲོ་བོའི་འོད་ཟེར་གྱིས་ཉེས་པ་དྲངས་ནས་ཕྱི་རོལ་དུ་དོར་བར་བསམ་མོ། །མཆོད་པའི་དུས་སུ་ནང་པར་སྔ་བར་ཁྲུས་བྱས་ལུས་དྲིས་བྱུག །འོད་ཟེར་བདུད་རྩི་ལྟ་བུར་བསམ་ཞིང་སྦྱིན་སྲེག་བྱ་སྟེ་དམ་ཚིག་དེ་ནི་འདའ་བར་མི་བྱ་བ་
<ཁ་‚ཁོ་>ནའོ། །དེ་ནས་མཆོད་པའི་རིམ་པ་ནི། ཤ་ཆེན་ལ་སོགས་པའི་བདུད་རྩི་ལྔ་དང་པོར་མེ་ལྷ་ལ་ཕུལ། དེ་ནས་ཤར་ཕྱོགས་ན་བཞུགས་པའི་ཁྲོ་བོ་དེའི་ཐུགས་ཀར་སྤྱན་དྲངས་ལ་དབུལ། དེ་ཡང་བསྲེག་བྱ་གསུམ་དུ་དབུལ་བར་བྱའོ། །དེ་ནས་དེའི་ལུས་སུ་སངས་རྒྱས་དཀོན་མཆོག་
གསུམ་སྤྱན་དྲངས་ལ། དཀོན་མཆོག་གསུམ་དུ་དམིགས་ལ་ཡང་ལན་གསུམ་དུ་དབུལ། གཤེགས་སུ་གསོལ་ཏེ་ཡང་མེ་ལྷ་ལ་དབུལ། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ཏེ་རྡོ་རྗེ་སེམས་དཔའ་ལ་དབུལ། དེ་ནས་དཀྱིལ་འཁོར་གྱི་ལྷ་རེ་རེ་ལ་དབུལ། དེ་ནས་བགེགས་
ལ་སོགས་པ་ཐམས་ཅད་ལ་དབུལ། ཡང་གཤེགས་སུ་གསོལ་ཏེ་རང་གི་ལྷག་པའི་ལྷ་ལ་དབུལ། དེ་ནས་དང་པོར་ཁྲོ་བོའི་སྔགས་ཀྱིས་བཏབ་ནས་སྦྱིན་སྲེག་བྱས་ཏེ་རྫས་ཐམས་ཅད་གཅིག་ཏུ་བསྲེས་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཏབ་སྟེ། སྦྱིན་སྲེག་ཀུན་བྱས་པའི་འོག་ཏུ་
བརྒྱ་སྟོང་ངམ་བརྒྱ་རྩ་བརྒྱད་དམ་ཁྲོ་བོ་སྤྱན་དྲངས་པ་ལ་ཕུལ་ལ་འོད་ཟེར་འབྱུང་བས་བསྒྲུབ་པར་བྱ་བ་དབང་བསྐུར་ཞིང་། ཧཾ་གི་གོ་ཆས་བསྲུང་། མཇུག་ཏུ་ལྷ་ཐམས་ཅད་ལ་མཆོད་པ་བརྒྱད་ལ་སོགས་པས་མཆོད་ནས། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་གྱེན་དུ་བཀྲོལ་ཏེ། ཨོཾ་བཛྲ་མུཿཞེས་བྱ་བས་
གཤེགས་སུ་གསོལ་ལོ། །འདིས་ནི་ཞི་བའི་ལས་འགྲུབ་པ་ལ་ཐེ་ཚོམ་མེད་དོ། །ཅི་སྟེ་སྡིག་པ་ཅན་ནམ་ཏིང་ངེ་འཛིན་དང་མི་ལྡན་ནས་དངོས་གྲུབ་མི་ཐོབ་ན། དང་པོ་སྟོང་པ་ཉིད་དུ་བསྒོམས་ལ། དེ་ནས་སྔ་མ་བཞིན་དུ་ཐམས་ཅད་བྱས་ནས་གདོན་མི་ཟ་བར་དངོས་གྲུབ་ཏུ་འགྱུར་ཏེ། ཞི་
བའི་ལས་འདི་ཙམ་གྱིས་མཐར་ཐུག་གོ་ཞེས་བྱ་བའི་དོན་ཏོ། །དེ་ནས་རྒྱས་པ་བསྟན་པ་ནི། འབྲས་བུར་ལྡན་ནམ་ནགས་ཚལ་ལམ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འབྲས་བུར་ལྡན་པའམ་ནགས་ཚལ་ལམ་གནས་སམ་རྒྱལ་པོ་དང་རྗེའུ་རིགས་ཀྱི་ཁྱིམ་དུ་རྒྱས་པ་ལ་དགའ་བའི་སེམས་

ཀྱིས་བྱ་སྟེ། ཐབ་ཁུང་ཆུང་ངུ་ཁྲུ་དོ། བར་མ་ཁྲུ་བཞི་པ། མཆོག་ཁྲུ་བརྒྱད་པ་གང་ཡང་རུང་བ་ཅིག་ཏུ་བྱས་པའི་ལས་བྱ་བ་ཡིན་ནོ། །གཞན་ཡང་སྟེགས་བུ་དང་ཕྱག་རྒྱ་བསྟན་པ་ནི་ཐབ་ཁུང་ལས་སྟེགས་བུ་དཔག་པས་ཤེས་པར་བྱ་སྟེ། ཐབ་ཁུང་ཁྲུ་དོ་ལ་སྟེགས་བུ་ཁྲུ་བརྒྱད། ཐབ་ཁུང་ཁྲུ་བཞི་
ལ་སྟེགས་བུ་ཁྲུ་བཅུ་གཉིས། ཐབ་ཁུང་ཁྲུ་བརྒྱད་ལ་སྟེགས་བུ་ཁྲུ་བཅུ་དྲུག་གམ་ཉི་ཤུ་རྩ་བཞིར་བྱའོ། །ཐབ་ཁུང་ཁྲུ་དོ་ལ་མུ་ཁྱུད་སོར་བརྒྱད། ཐབ་ཁུང་ཁྲུ་བཞི་ལ་མུ་ཁྱུད་སོར་བཅུ་དྲུག། ཐབ་ཁང་ཁྲུ་བརྒྱད་ལ་མུ་ཁྱུད་སོར་སུམ་ཅུ་རྩ་གཉིས་སུ་བྱ་བ་ཡིན་ནོ། །དེའི་ཕྱི་རོལ་དུ་པདྨ་སྣ་ཚོགས་པས་
བརྒྱན་པར་བྱ་བ་ཡིན་ནོ། །དེའི་དབུས་སུ་རིན་པོ་ཆེ་དང་པདྨ་སྣ་ཚོགས་གཞག་པར་བྱའོ། །དེའི་དབུས་སུ་ཐབ་བརྐོ་བ་ནི་ཟབས་སུ་རྒྱའི་ཕྱེད་ཀྱི་ཚད་གྲུ་བཞི་པའམ། ཁྲུ་བརྒྱད་གང་ཡང་རུང་བར་བྱའོ། །འཇིམ་པ་སེར་པོས་བསྐུས་ཤིང་གུར་ཀུམ་ལ་སོགས་པས་བྱུགས་ནས་ཚོན་སེར་
པོས་བསྐུས་ཏེ་གསེར་འོད་དང་འདྲ་བར་བསམ་ཞིང་བྱའོ། །དེ་ནས་ཚོན་དམར་སེར་གྱིས་རིན་པོ་ཆེ་དང་། པདྨ་ལ་སོགས་པ་ཕྱག་རྒྱའི་དཀྱིལ་འཁོར་འཁོར་ཡུག་ཉིད་དུ་གནས་པ་བྲི་བར་བྱ་སྟེ། ནང་གི་དཀྱིལ་འཁོར་དང་ཕྱིའི་དཀྱིལ་འཁོར་རིམ་པ་གཉིས་སམ། ཐབ་ཁུང་དང་མུ་ཁྱུད་དང་ནང་
གི་དཀྱིལ་འཁོར་དང་ཕྱིའི་དཀྱིལ་འཁོར་ཏེ་བཞིའམ་ནང་གི་འཁོར་ཡུག་དང་མུ་ཁྱུད་དང་འཁོར་ལོ་དང་ལྷའི་གནས་དང་མུ་རན་དཀར་པོའི་ནང་དང་ཕྱི་རོལ་དང་འགྲོ་རིས་ཀྱི་གནས་དང་། ཡང་ན་རིམ་པ་བརྒྱད་དང་ལྡན་པར་བྲིའོ། །སྒོ་བ་ཉིད་ཀྱང་ཕྱག་རྒྱའི་གཟུགས་སུ་བྲིའོ། །བུམ་པ་ཁ་དོག་སེར་པོ་
དྲི་ཆུས་བཀང་བ་བརྒྱད་དམ། བཅུ་གཉིས་སམ། བཅུ་དྲུག་གམ། སུམ་ཅུ་རྩ་གཉིས་ཏེ་བཀྲ་ཤིས་པའི་དར་སེར་པོས་དཀྲི། ཁ་རྒྱན་ཡལ་ག་དང་མེ་ཏོག་ཅན་དྲི་ཞིམ་པོའི་མེ་ཏོག་དང་བདུག་པ་དང་ཕྲེང་བ་དང་མར་མེ་དང་རྒྱན་རྣམས་དང་རྒྱལ་མཚན་དང་འཕན་དང་བླ་རེ་དང་གདུགས་རྣམས་སེར་པོས་བརྒྱན་
པ་གཞག་པར་བྱའོ། །ལྷའི་རྣལ་འབྱོར་བསྟན་པ་ནི་བདག་ཉིད་གོས་དང་རྒྱན་དང་མེ་ཏོག་ལ་སོགས་པ་སེར་པོས་བརྒྱན། བྱང་ཕྱོགས་སུ་ཁ་བལྟས་ཏེ་འདུག་ནས་ཁྲོ་བོ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱེད་ཅིང་ཞེས་བྱ་བ་ཡིན་ནོ། །གཞན་ཡང་དེ་ཉིད་ཀྱི་ཚེ་ན་མཆོད་པའི་ལྷ་བྱང་ཕྱོགས་སུ་ནམ་མཁའ་

ལ་ལྷའི་བུ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་མདོག་སེར་པོ་འདྲ་བ་དང་། ལྷའི་བུ་དང་ཉི་མ་དང་ཟླ་བ་དང་ཀུ་བེ་ར་དང་ནོར་སྦྱིན་དང་། ཛམྦྷ་ལ་ཀུན་ཀྱང་འོད་ཟེར་གསེར་ལྟ་བུ་འབེབས་ཤིང་ཡིད་ཀྱི་དགོས་པ་སྐོང་བར་མཛད་པ་འོད་ཟེར་ཆུ་ཡིས་དབང་བསྐུར་བར་
བསམ་མོ། དེ་ནས་དབང་ཐོབ་ནས་ལུས་རྒྱས་པར་འགྱུར་རོ། །ཡང་རྒྱས་པར་བྱ་བའི་ཕྱིར་དེའི་མིང་དང་གུང་གུང་ཞེས་བྱ་བ་བརྒྱ་རྩ་བརྒྱད་དང་སྟོང་ཕྲག་བརྒྱ་རྩ་བརྒྱད་དུ་བཟླས་པ་བྱའོ། །དེ་ནས་སྦྱིན་སྲེག་བྱ་བ་ནི་བྱང་ཕྱོགས་སུ་སེང་གེའི་སྟན་གྱི་ཐོག་ན་རིན་པོ་ཆེའི་ཁྲི། ཡང་ན་པདྨ་དང་ཉི་མ་
དང་ཟླ་བའི་གདན་ཁྲིའི་སྟེང་ན་རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་དཔལ་དང་། རྡོ་རྗེ་བཞད་པ་དང་བཞི་རྒྱན་ཀུན་གྱིས་བརྒྱན་པ། ཕྱག་རྒྱ་མཆོག་སྦྱིན་མཛད་པ་རིན་པོ་ཆེའི་ཆར་དང་འོད་ཟེར་གྱི་ཕྲེང་བས་བསྒྲུབ་པར་བྱ་བ་ལ་ཁྱབ་པར་བསམ་མོ། །དུང་དང་ཅང་ཏེའུ་དང་པི་ཝང་དང་།
སིལ་སྙན་དང་གླུ་དང་གར་གྱིས་དེ་རྣམས་མཆོད་པར་བྱ་སྟེ། དེའི་འོག་ཏུ་སྦྱིན་སྲེག་གི་ལས་བརྩམ་མོ། ཡམ་ཤིང་དང་བུད་ཤིང་བསྟན་པ་ནི། ཁུང་བུའི་ཁྱད་པར་ལས་ཡམ་ཤིང་དང་བུད་ཤིང་དབྱེ་སྟེ་མཛུབ་གང་བ་དང་ཁྲུ་གང་བ་ནི་ཆུང་ངུ་ཡིན་ནོ། །བར་མ་ནི་ཁྲུ་དོ། ཁྲུ་བཞི་པ་ནི་
མཆོག་གོ། །མེ་ཏོག་དང་འབྲས་བུར་བཅས་པ་རྩེ་མོ་སྦྲང་རྩིས་བྱུག་པ་ཡིན་ནོ། །བསྲེག་པར་བྱ་བའི་རྫས་འབྲུ་དང་མེ་ཏོག་དང་འབྲས་བུ་སེར་པོ་དང་། མར་དང་སྦྲང་རྩིར་བསྲེས་ནས་དཔལ་གྱི་འབྲས་བུ་ལྟ་བུར་བྱས་པ་ཡིན་ནོ། །མཆོད་པའི་རིམ་པ་བསྟན་པའི་ཕྱིར། མེ་ལྷ་ཁ་དོག་སེར་
པོ་ཕྱག་བཞི་པ། ཕྱག་མཚན་སྔར་ཞིབ་པར་བཤད་པ་བཞིན་པདྨོའི་གདན་ལ་ཞུགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་སྤྱན་དྲངས་ཏེ་བསྲེག་བྱ་དབུལ། དེ་ནས་དེ་ཉིད་འབར་བར་བཞུགས་པའི་ལུས་སུ་ཁྲོ་བོའི་རྒྱལ་པོ་བཅུག་ནས། སྔོན་བཞིན་དུ་བསྒྲུབ་པར་བྱ་བ་དྲན་པར་བྱེད་ཅིང་སྦྱིན་སྲེག་
དབུལ་བ་ནི་འབུམ་མམ་ཉིས་འབུམ་གྱིས་ངེས་པར་དངོས་གྲུབ་འགྲུབ་བོ། །འབུམ་ཕྲག་བརྒྱས་ནི་རྒྱལ་སྲིད་ལ་དབང་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་འགྲུབ་བོ། །དེ་ནས་མཇུག་ཏུ་འོད་ཟེར་གྱིས་དབང་བསྐུར་ཞིང་བསྲུངས་ན་རྒྱས་པར་འགྱུར་ཏེ། རྡོ་རྗེ་འཛིན་པའི་བཀའ་བཞིན་ནོ་ཞེས་

བྱ་བ་ཡིན་ལ། འདི་ཙམ་གྱིས་ནི་རྒྱས་པའི་ལས་མཐར་ཐུག་གོ་ཞེས་བྱ་བའི་དོན་ཏོ། །དབང་ནི་ཆགས་པའི་སེམས་ཀྱིས་ཀྱང་། །ཞེས་བྱ་བ་ལ་སོགས་པས་དབང་གི་ལས་སྟོན་ཏེ། དབང་ནི་ཆགས་པའི་སེམས་དང་ཏིང་ངེ་འཛིན་གྱིས་བྱ་བ་སྟེ། ཆགས་པ་རྡོ་རྗེ་ཅན་དང་། རྡོ་རྗེ་
ཆགས་པ་དེ་ལས་བྱུང་ཞིང་ཁམས་གསུམ་ཆགས་པར་བྱེད་པའི་ཕྱིར་རོ། །པདྨའི་སེམས་དཔའ་རྟག་ཏུ་ཆགས་པ་དེ་བས་ན་དབང་དུ་བྱ་བའི་ལས་གྲུབ་པར་བཤད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གནས་ཇི་ལྟ་བུ་ཞིག་ཏུ་བྱ་ཞེ་ན། ཆགས་དང་མཐུན་པའི་ས་ཕྱོགས་སམ། །ཆགས་
པར་བྱེད་པའི་ཁྱིམ་དུ་ཤེས། །བཙོ་བླག་མཁན་ནམ་ཟླ་མཚན་ཅན་དག་གི །ཁྱིམ་དུ་ཆགས་པའི་ལས་རྣམས་བྱ་བ་ཡིན། །རྡོ་རྗེ་ཆགས་པའི་གནས་ཀྱང་རུང་། །ཕྱག་ན་པདྨོའི་གནས་ཉིད་དུ། །རྟག་ཏུ་རྡོ་རྗེ་སེམས་དཔའི་གནས། །བདེ་ཆེན་གྱི་ནི་གནས་ཆེན་དང་། །པདྨ་ཨུཏྤལ་
རྫིང་བུ་དང་། །བནྡུ་ཀ་ཡི་མེ་ཏོག་གནས། །མེ་ཏོག་འབྲས་བུ་དམར་ཚལ་ནི། །ཡིད་འོང་སེམས་ནི་ཆགས་བྱེད་པ། །དེར་ནི་ཞེས་བྱ་བ་ཡིན་ནོ། །སྟེགས་བུ་དང་ཐབ་ཁུང་བསྟན་པ་ནི་སྟེགས་བུ་ཁྲུ་བརྒྱད་ཅེས་བྱ་བ་ལ་སོགས་པ་སྟེ། སྟེགས་བུ་ཁྲུ་བརྒྱད་དམ་བཅུ་དྲུག་པ་རྣམས་
བྱས། དེའི་དབུས་སུ་ཧོམ་ཁུང་བྱ་བ་ནི་གོ་རིམས་བཞིན་དུ་ཁྲུ་དོ་དང་། ཁྲུ་བཞི་པར་བྱའོ། །དབྱིབས་ནི་གཞུ་དང་འདྲ་བ་དང་། པདྨ་འདྲ་བ་དང་། རྡོ་རྗེ་འདྲ་བ་དང་། མདའ་འདྲ་བ་དང་། ཟླ་བ་ཁམ་པ་འདྲ་བ་དང་། པདྨའི་འདབ་མ་འདྲ་བར་བྱས་ལ་ཞེང་དུ་མཆུའི་ཕྱེད་ཀྱི་ཚད་ཞེང་གི་ཕྱེད་ཀྱི་
ཚད་ཟབས་སུ་བརྐོ། མུ་ཁྱུད་སོར་བཞི་པ་དང་སོར་བརྒྱད་པ་དང་། བཅུ་གཉིས་པ་དང་། ཐ་མ་དང་། བར་མ་དང་། མཆོག་གི་ཁྱད་པར་ལགས་སོ། །ཡམ་ཤིང་དང་བུད་ཤིང་ནི་སོ་སོར་ངེས་པར་བྱ་བ་ཞི་བའི་སྐབས་སུ་གསུངས་པ་ལྟར་བྱས་ལ། ཤིན་
ཏུ་དམར་བའི་ཙནྡན་དང་། བཙག་དང་། རྒྱ་སྐྱེགས་དང་། ལེ་བརྒན་རྩི་དང་། གུར་ཀུམ་དང་བཅས་པས་བུད་ཤིང་དང་ཡམ་ཤིང་ལ་བསྐུའོ། །གཞན་ཡང་རྫས་བསྟན་པ་ནི། ཡུངས་འབྲུ་དམར་པོ་དང་། བཙག་དང་། མཚལ་དང་། ཟངས་ཀྱི་ཕྱེ་མ་དང་། ཡུངས་ཀར་

དང་སྐེ་ཙེ་དང་། ལན་ཚྭ་དང་ཏིལ་དང་ཞིམ་ཐིག་ལེའི་འབྲུ་དང་། ལ་ཕུག་དང་ཉུངས་རྡོག་དང་། ཁྲག་དང་རྡུལ་ཆེན་པོ་དང་བཅས་པ་ཀུན་བསྲེས་པར་བྱ་བའི་ཕྱིར་བསྡུས་ནས་བཙག་ལ་སོགས་པས་བསྐུས་ནས། ཁྲོ་བོའི་སྔགས་ཀྱི་བྱིན་གྱིས་བརླབས་ལ། བ་
དང་ར་ལས་བཞོས་པའི་བསྲུབས་མ་ཐག་པའི་མར་སར་དང་། མར་དང་ཏིལ་མར་རྣམས་ག་བུར་ལ་སོགས་པས་བསྐུས་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཏབ་སྟེ་གཞག་གོ། །དེ་ནས་ཧོམ་ཁུང་དམར་པོར་བསམས་ནས་སྤོས་དམར་པོ་ལ་སོགས་པས་བྱུག་ཅིང་བསྐུ་བར་བྱའོ། །གཞན་
ཡང་ཐབ་ཁུང་དང་ཕྱག་རྒྱ་བསྟན་པ་ནི། གུར་ཀུམ་གྱིས་བསྲེས་པའི་ཚོན་གྱིས་ཧོམ་ཁུང་གི་ནང་དུ་པདྨ་བྲི། དེའི་ལྟེ་བ་ལ་མདའ་དང་གཞུ་བྲི། དེའི་དབུས་སུ་རྡོ་རྗེ་བྲི། ནང་གི་འཁོར་ཡུག་ཏུ་པདྨ་བྲི། མུ་ཁྱུད་ལ་མདའ་དང་གཞུ་བྲི། དེའི་ཕྱི་རོལ་གྱི་འཁོར་ཡུག་ལ་པདྨ་ཉིད་མདའ་དང་བཅས་པ་བྲི། དེའི་ཕྱི་རོལ་འཁོར་ལོའི་རྩིབས་
ལ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་རྡོ་རྗེ་དང་ལྕགས་ཀྱུ་དང་མདའ་གཞུ་དང་གསུམ་ཤར་གྱི་རྩིབས་ལ། ལྷོ་ཕྱོགས་ཀྱི་རྩིབས་ལ་རིན་ཆེན་དང་རྒྱལ་མཚན་དང་། ཉི་མའི་དཀྱིལ་འཁོར་བྲི། ནུབ་ཕྱོགས་ཀྱི་རྩིབས་ལ་པདྨ་དང་། རལ་གྲི་དང་། འཁོར་ལོ་བྲི། བྱང་ཕྱོགས་ཀྱི་རྩིབས་ལ་སྣ་ཚོགས་རྡོ་རྗེ་དང་
མཆེ་བ་དང་། གོ་ཆའི་མཆོག་རྣམས་བྲིའོ། །གྲྭ་རྣམས་སུ་སྤོས་ལ་སོགས་པ་ཕྱག་རྒྱའི་གཟུགས་བྲི། དེ་ནས་མེ་ཏོག་ལ་སོགས་ཐམས་ཅད་ཀྱིས་སྔ་མ་བཞིན་དུ་མཆོད་དོ། །གོས་དང་ཕྲེང་བ་དམར་པོ་དང་དམར་པོའི་དྲིས་བསྐུས་ནས་དམར་ཐག་མ་ཆད་བར་དུ་ལས་བརྩམས་ཏེ་བྱ་
བ་ཡིན་ནོ། །ཁྱད་པར་དབང་ལ་བྱིན་གྱིས་བརླབས། པདྨ་དམར་པོའི་གདན་ལ་བཞུགས་པ། རབ་ཆགས་ཕྱག་ན་པདྨ་བསྣམས། །གཡོན་དུ་རྡོ་རྗེ་ཆགས་པ་ལ། །གཡས་སུ་བདེ་བ་ཆེན་པོ་སྟེ། །བསམས་ནས་དེ་ཡི་དབུས་སུ་ནི། །ཆུ་སྲིན་རྒྱལ་མཚན་འཛིན་པ་གཞག །
རྡོ་རྗེ་གཞུ་དང་གཡོན་འགྱིང་མ། །མེ་ཏོག་དམར་བརྒྱན་རབ་དགྱེས་མ། །ཞེས་བྱ་བ་ལ་ནུབ་ཀྱི་པདྨའི་ཆ་ལ་རབ་ཆགས་ཕྱག་ན་པདྨ་བསྣམས་པའི་སྤྱན་རས་གཟིགས་བྲི། གཡོན་དུ་རྡོ་རྗེ་ཆགས་པ། གཡས་པར་བདེ་བ་ཆེན་པོ་ཡིད་ཀྱིས་བྲི་ཞིང་བསམས་ནས། ལྟེ་བ་ལ་

ཆུ་སྲིན་གྱི་རྒྱལ་མཚན་མ་དང་། ལྷ་མོ་རྡོ་རྗེ་གླུ་དང་། ལྷ་མོ་རྡོ་རྗེ་གཡོན་འགྱིང་མ་དང་རབ་དགྱེས་མ་དང་བཅས་པ་བསམ་མོ་ཞེས་བྱ་བའི་དོན་ཏོ། །དྲི་ལ་སོགས་པས་རབ་མཆོད་དེ། །ཞེས་བྱ་བ་ལ་སྔ་མ་བཞིན་དུ་གླུ་དང་རོལ་མོས་མཆོད་ནས། བཛྲ་སཏྭ་ཧཱུཾ་ཧོ་ཧཱུཾ་ཞེས་བྱ་བ་ཟློས་
ཤིང་དབང་དུ་བྱས་པའི་ཕྱིར་བརྗོད་པར་བྱའོ། །མཆོད་པའི་རིམ་པ་བསྟན་པའི་ཕྱིར། །མདའ་དང་གཞུ་ཐོགས་དེ་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདིར་མེ་ལྷ་ཕྱག་གཉིས་ན་མདའ་གཞུ་ཐོགས་པ་ཕྱག་གཉིས་ན་པདྨ་དམར་པོ་དང་དབྱུག་པ་ཐོགས་པ། དེ་ལྟ་བུའི་མེ་ལྷ་བཅུག་
ནས་དང་པོར་མཆོད་དེ། དེའི་ལུས་སུ་ཁྲོ་བོའི་རྒྱལ་པོ་བཅུག་སྟེ་མཆོད། འོད་ཟེར་དམར་པོ་བྱུང་ནས་དེ་ལས་ལྕགས་ཀྱུ་དང་ཞགས་པས་བསྒྲུབ་པར་བྱ་བ་བཀུག་ཅིང་བཅིངས་ལ་སྤྱི་བོ་ཞབས་དྲུང་དུ་བཞག་པར་བསམ། དེ་ལྟར་བསམས་ན་ལྷ་ཡང་དབང་དུ་འགྱུར་ན་མི་དང་མི་མིན་ལྟ་སྨོས་
ཀྱང་ཅི་དགོས། ལས་ཟིན་པར་གྱུར་པ་དང་ཆགས་པའི་སེམས་སུ་བཅས་ནས་སྤྱི་བོ་ནས་འོད་ཟེར་གྱིས་དབང་བསྐུར་ཞིང་ཧཾ་གི་གོ་ཆས་བསྲུང་བར་བྱ་བ་སྟེ། རྡོ་རྗེ་ཆོས་ཀྱི་རྣལ་འབྱོར་གྱིས་ལྷ་རྣམས་མཆོད་དེ། དམ་ཚིག་ཕྱག་རྒྱ་གྱེན་དུ་བཀྲོལ་ལ་གཤེགས་སུ་གསོལ་ལ་རྡོ་རྗེ་སྲུང་བས་བསྲུངས་
ཏེ། རྡོ་རྗེ་འདོད་པ་ཧཾ་ཞེས་བྱ་བ་བཟླས་ནས་ལངས་ལ་ཅི་བདེར་གནས་པར་བྱའོ། །འདི་ཙམ་གྱིས་ནི་དབང་གི་ལས་མཐར་ཐུག་གོ་ཞེས་བྱ་བའི་དོན་ཏོ། །རྟོག་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་ལ་ཡང་ཐོག་མར་མཆོད་པ་རྣམས་ཀྱིས་མཆོད་དེ་བསྟོད་ནས། ཕྱག་རྒྱ་བཀྲོལ་
ཏེ་གཤེགས་སུ་གསོལ་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་པས། དེ་ནས་བརྒྱ་བྱིན་ལ་སོགས་ལྷས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །རིན་ཆེན་གདུགས་ལ་སོགས་མཆོག་གི། །མཆོད་པ་སྣ་ཚོགས་བྱས་ནས་ཀྱང་། །ཕྱག་ན་རྡོ་རྗེ་རྒྱལ་དབང་ལ། །དགའ་
བའི་སེམས་ཀྱིས་སྟོད་པར་བྱེད། །ཅེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་བར་མ་ཆད་པ་སྟེ། ཁྲོ་བོ་རྡོ་རྗེ་འཛིན་པས་རྒྱུད་ཕྱི་མའི་ཕྱི་མ་དབང་གི་ལས་ལ་ཐུག་གི་བར་བཤད་པའི་རྗེས་ཐོགས་ལའོ། །བརྒྱ་བྱིན་ལ་སོགས་ལྷ་ཞེས་བྱ་བ་ནི། བརྒྱ་བྱིན་དང་ཚངས་པ་ལ་སོགས་

པ་དཀྱིལ་འཁོར་དུ་བཀོད་པའི་ལྷ་རྣམས་ཀྱིས་ཞེས་བྱ་བ་ཡིན་ནོ། །ཡང་དང་ཡང་དུ་ཕྱག་བྱས་ཤིང་རིན་པོ་ཆེའི་གདུགས་ལ་སོགས་པས་མཆོད་པ་ནི་མཆོད་པར་བྱས་པའོ། །དེ་ཡང་གསང་སྔགས་ཀྱི་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་བྱ་
བ་ལ་སོགས་པ་རྫོགས་ནས་མཆོད་པ་སྔོན་དུ་འགྲོ་བས་བསྟོད་དོ་ཞེས་བྱ་བའི་དོན་ཏོ། །ཕྱག་ན་རྡོ་རྗེ་རྒྱལ་དབང་ལ། །ཞེས་བྱ་བ་ནི་དཀྱིལ་འཁོར་དགུའི་བདག་པོའི་རྡོ་རྗེ་འཛིན་པ་ཞི་བ་དང་ཁྲོ་བོ་ལ་ཞེས་སྟོན་ཏོ། །དགའ་བའི་སེམས་ཀྱིས་སྟོད་པར་བྱེད། །ཅེས་བྱ་བ་ནི་ཡིད་བདེ་བའི་
སེམས་ཀྱིས་འོག་ནས་འབྱུང་བ་རྣམས་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་དཀྱིལ་འཁོར་དགུའི་སྐབས་སུ་འདིས་བསྟོད་དོ་ཞེས་སྟོན་ཏོ། །བསྟོད་པའི་རང་གི་ངོ་བོ་སྟོན་པ་ནི། སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །
སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྒོ་ནས་སོ། །མི་ཤེས་དྲི་མ་ཀུན་བཅོམ་པ། །ཞེས་བྱ་བ་ནི་འདྲེས་པའི་མ་རིག་པ་སྤངས་པའི་སྒོ་ནས་སོ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་རྡོ་རྗེ་རྩེ་ལྔ་འཛིན་
པའི་སྒོ་ནས་སོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཞེས་བྱ་བ་ནི་སྐུ་གསུམ་གྱི་རྡོ་རྗེ་འཛིན་པའི་སྒོ་ནས་སོ། །རྡོ་རྗེ་སྐུ་སྟེ་སྐུ་ཆེ་བ། །ཞེས་བྱ་བ་ནི་སྐུ་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོའི་སྒོ་ནས་སོ། །རྡོ་རྗེ་
ཡན་ལག་རྡོ་རྗེ་མཆོག །ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དུ་སྣང་བའི་སྒོ་ནས་སོ། །རྡོ་རྗེ་འབར་བ་ཆེར་འབར་བ། །ཞེས་བྱ་བ་ནི་མཚན་མའི་རྣམ་པར་རྟོག་པ་སྲེག་པའི་ཚུལ་གྱིས་སོ། །རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ། །ཞེས་བྱ་བ་ནི་ཐུགས་རྗེ་ཆེན་པོའི་ཤུགས་
ཀྱི་སྒོ་ནས་སོ། །རྡོ་རྗེ་མཚོན་ཆ་མཚོན་རྣོན་པོ། །ཞེས་བྱ་བ་ནི་ཐོས་པ་དང་བསམས་པ་དང་བསྒོམས་པའི་ཤེས་རབ་ཀྱི་སྒོ་ནས་སོ། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་སྒོ་ནས་སོ། །རྡོ་རྗེ་མདའ་སྟེ་རབ་འབིགས་པ། །ཞེས་བྱ་བ་

ནི་ཆོས་ཀྱི་སྒོ་འདོད་པའི་སྒོ་ནས་སོ། །རྡོ་རྗེ་རྣོན་པོ་རྣོ་བ་ཆེ། །ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱི་སྒོ་ནས་སོ། །ཆེ་བ་ཆེན་པོ་རྒྱ་མཚོ་ཆེ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་སོ། །རྡོ་རྗེ་པདྨ་བྱང་ཆུབ་ཆེ། །ཞེས་བྱ་བ་ནི་འཁོར་བའི་ཉེས་སྐྱོན་དང་བྲལ་
བའི་ཚུལ་གྱིས་སོ། །སངས་རྒྱས་བྱང་ཆུབ་རང་བྱུང་བ། །ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ཁོ་ནར་ངེས་པའི་ཚུལ་གྱིས་སོ། །རྡོ་རྗེ་རྒྱ་ཆེན་རྒྱ་ཆེན་ཏེ། །ཞེས་བྱ་བ་ནི་དོན་དམ་པའི་ཚུལ་གྱིས་སོ། །རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ། །ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་ཚུལ་གྱིས་སོ། །རྡོ་
རྗེ་རྒྱུ་སྟེ་གནོད་སྦྱིན་ཆེ། །ཞེས་བྱ་བ་ནི་ཉོན་མོངས་པ་ཟད་པར་བྱེད་པའི་རྒྱུའི་ཚུལ་གྱིས་སོ། །རྡོ་རྗེ་པདྨ་རྣམ་སྦྱོང་བ། །ཞེས་བྱ་བ་ནི་གཞན་གྱི་ཉེས་པ་དག་པར་བྱེད་པའི་ཚུལ་གྱིས་སོ། །རྡོ་རྗེ་ཁྲོ་བོ་དྲག་པོ་ཆེ། །ཞེས་པ་ནི་ཁྲོ་བོའི་དཀྱིལ་འཁོར་དུ་སྣང་བའི་ཚུལ་གྱིས་སོ། །
རྡོ་རྗེ་དགྲ་སྡང་འཇོམས་པའི་གཙོ། །ཞེས་བྱ་བ་ནི་ཧཱུཾ་མཛད་དུ་སྣང་བའི་ཚུལ་གྱིས་སོ། །རྡོ་རྗེ་འཇིགས་པ་སྲུང་བ་ཆེ། །ཞེས་བྱ་བ་ནི་རྡོ་རྗེ་སྲུང་བའི་རང་བཞིན་གྱིས་སོ། །རྡོ་རྗེ་ལྕགས་ཀྱུ་དོན་ཡོད་བྱེད། །ཅེས་བྱ་བ་ནི་རྒྱལ་པོའི་རང་བཞིན་གྱིས་སོ། །རྡོ་རྗེ་རོ་ལངས་
རོ་ལངས་ཆེ། །ཞེས་བྱ་བ་ནི་མ་ཧཱ་དེ་བར་སྤྲུལ་པའི་ཚུལ་གྱིས་སོ། །རྡོ་རྗེ་སྲིན་པོ་ཟ་བ་པོ། །ཞེས་པ་སྲིན་པོར་སྣང་བའི་ཚུལ་གྱི་སྒོ་ནས་སོ། །རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ། །ཞེས་བྱ་བ་གནོད་སྦྱིན་དུ་སྤྲུལ་པའི་སྒོ་ནས་སོ། །རྡོ་རྗེ་གདོན་ཏེ་གདོན་གྱི་མཆོག །ཅེས་པ་
ནི་གདོན་དུ་སྤྲུལ་པའི་སྒོ་ནས་སོ། །འཇིགས་བྱེད་དག་བྱེད་དྲག་པོ་ཆེ། །ཞེས་བྱ་བ་ནི་དྲི་མ་འཁྲུ་བ་ཟག་པ་མེད་པའི་སྒོ་ནས་སོ། །རྡོ་རྗེ་འཇིགས་བྱེད་རྔམ་བྱེད་པ། །ཞེས་པ་ནི་ཕྱི་རོལ་མུ་སྟེགས་འཇོམས་པའི་སྒོ་ནས་སོ། །བསྒྲུབ་དཀའ་བསྒྲུབ་པ་ལེགས་པ་སྟེ། །
ཞེས་པ་ནི་དགའ་བ་སྤྱོད་པའི་སྒོ་ནས་སོ། །རྡོ་རྗེ་ལེགས་པ་དགྱེས་མཛད་པ། །ཞེས་པ་ནི་རྡོ་རྗེ་ལེགས་པའི་རང་བཞིན་གྱིས་སོ། །རྡོ་རྗེ་དགའ་བ་དགའ་བ་ཆེ། །ཞེས་པ་ནི་ཟག་པ་མེད་པའི་དགའ་བའི་རང་བཞིན་གྱིས་སོ། །དགའ་བའི་རྡོ་རྗེ་དབང་བྱེད་པ། །ཞེས་

བྱ་བ་ནི་བསྡུ་བའི་དངོས་པོ་བཞིའི་རང་བཞིན་གྱིས་སོ། །འོད་སྡུག་པས་ནི་སྡུག་པ་ཆེ། །ཞེས་པ་ནི་གཟི་བརྗིད་རང་བཞིན་གྱིས་སོ། །ནམ་མཁའ་དང་ནི་མཉམ་པའོ། །ཞེས་པ་སྤྲུལ་པའི་རང་བཞིན་གྱིས་སོ། །རེ་བ་ཐམས་ཅད་རྫོགས་མཛད་
པ། །ཞེས་པ་ནི་བྱམས་པའི་རང་བཞིན་གྱིས་སོ། །རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག །རྡོ་རྗེ་རྒྱལ་མཚན་ཡོན་ཏན་གཙོ། །ཞེས་པ་རིན་ཆེན་དང་། རྒྱལ་མཚན་གྱི་རང་བཞིན་གྱིས་སོ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །ཞེས་པ་ནི་ཡེ་ཤེས་ལྔའི་སྒོ་ནས་སོ། །རིག་པ་
བྱེ་བ་ཚོགས་ཀྱི་མཆོག །ཅེས་བྱ་བ་ལྷ་མོ་རྣམས་ཀྱི་བདག་པོར་སྣང་བའི་སྒོ་ནས་སོ། །ཧ་ལ་ཧ་ལ་ནག་པོ་ཆེ། །ཞེས་པ་ནི་ཀླུ་ཆེན་པོའི་དཀྱིལ་འཁོར་དུ་སྣང་བའི་སྒོ་ནས་སོ། །དགྲ་ཆེ་ཞིང་ནི་འཇོམས་པ་ཅན། །ཞེས་པ་ནི་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་སྣང་བའི་སྒོ་ནས་སོ། །
རྡོ་རྗེ་འདོད་པ་འདོད་པ་ཆེ། །ཞེས་པ་ནི་རྡོ་རྗེ་ཆོས་སུ་སྣང་བའི་སྒོ་ནས་སོ། །རྙོག་མ་དུས་ངན་རྣམ་འཇོམས་པ། །ཞེས་པ་ནི་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་སྣང་བའི་སྒོ་ནས་སོ། །སྐད་ཅིག་གཡོ་བའི་ཐེ་ཚོམ་གཅོད། །ཅེས་པ་ནི་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་ཐེ་ཚོམ་
གཅོད་པའི་སྒོ་ནས་སོ། །གློག་བཞིན་ཞལ་གྱི་ལྗགས་ལས་འཕྲོ། །ཞེས་པ་ནི་ཆོས་མྱུར་དུ་གསུངས་པའི་སྒོ་ནས་སོ། །རྡོ་རྗེ་མེ་སྟེ་མ་རུངས་འདུལ། །ཞེས་པ་ནི་མེ་ལྟར་འབར་བའི་སྒོ་ནས་སོ། །དྲག་པོ་རབ་སྣང་སྣང་མཛད་པ། །ཞེས་པ་ནི་འདོད་པའི་རྒྱལ་པོའི་སྒོ་
ནས་སོ། །ཉི་མ་སྟོང་གིས་གདུངས་པའི་ཞལ། །ཞེས་པ་ནི་གཟི་བརྗིད་ཆེན་པོའི་སྒོ་ནས་སོ། །སྤྱན་དམར་འཇིགས་པར་མཛད་པ་པོ། །ཁྲོ་བོ་དུ་མའི་འོད་འཕྲོ་ཞིང་། །ཕྱག་རྣམས་དུ་མ་མཚོན་ཆ་བརྒྱ། །དུ་མའི་ཞལ་ཏེ་སྐུ་ཡང་སྟོང་། །འཁྱིལ་ཅིང་བརྒྱན་
ཡང་འཁྱིལ་པ་ལ། །ཞེས་པ་ནི་ཁྲོ་བོའི་དཀྱིལ་འཁོར་དུ་སྣང་བའི་སྒོ་ནས་སོ། །སེམས་ཀྱི་ཆོས་པས་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་སྤངས། །ཞེས་པ་ནི་ཆོས་ཀྱི་སྐུའོ། །མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་སྲིད་མཐར་

མཛད། །ཅེས་པ་ཉོན་མོངས་པ་གསུམ་སྤོང་བའི་སྒོ་ནས་སོ། །སྒྱུ་མ་ཁྱབ་འཇུག་རྡོ་རྗེ་ཅན། །རྩེ་གསུམ་རྩེ་གསུམ་འཆང་འཕྲོག་མ། །ཞེས་པ་མ་ཧཱ་དེ་བ་དང་ཁྱབ་འཇུག་དང་བརྒྱ་བྱིན་ཆུང་མ་དང་བཅས་པར་སྣང་བའི་སྒོ་ནས་སོ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །
ཞེས་པ་ཀུན་རིག་ལ་སོགས་པ་འདོད་ཆགས་ཀྱིས་འདུལ་བ་ལ་སོགས་པའི་སྒོ་ནས་སོ། །སྲིད་དང་སྲིད་མིན་རྣམ་སྦྱོང་བ། །ཞེས་མོས་པ་རབ་འབྲིང་རྣམ་པ་གསུམ་ལ་སྣང་བའི་སྒོ་ནས་སོ། །ཞི་ཞིང་དུལ་ལ་དགའ་བ་ཆེ། །སངས་རྒྱས་སངས་རྒྱས་རབ་རྟོགས་པ། །
སངས་རྒྱས་བདག་ཉིད་སངས་རྒྱས་སྐུ། །ཞེས་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུས་པའི་སྒོ་ནས་སོ། །རྡོ་རྗེ་རབ་སྐྱེས་རྡོ་རྗེ་སེམས། །ཀུན་དུ་བཟང་པོ་ཆེར་བཟང་བ། །ཞེས་པ་རྡོ་རྗེ་སེམས་དཔའ་དང་ཀུན་དུ་བཟང་པོའི་སྒོ་ནས་སོ། །མཚན་རྣམས་དམ་པས་
རྣམ་བརྒྱན་པ། །ཞེས་པ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྒོ་ནས་སོ། །ཁམས་གསུམ་བདག་ཉིད་ཁྱབ་པ་པོ། །ཞེས་པ་ཁམས་གསུམ་དུ་སྣང་བའི་ཚུལ་གྱིས་སོ། །ཐམས་ཅད་རྡོ་རྗེ་བདག་ཉིད་གཙང་། །ཞེས་པ་འཇིག་རྟེན་དང་འཇིག་རྟེན་ལས་
འདས་པ་ཐམས་ཅད་དང་། རྡོ་རྗེ་འཆང་ཆེན་པོ་ཉིད་སྣང་བའི་སྒོ་ནས་སོ། །དེ་ལྟར་བསྟོད་པ་བསྟན་ནས་ཕན་ཡོན་ནི་གང་གིས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ་སྐྱེས་པ་དང་བུད་མེད་གང་གིས་སོ། །འདི་བྲིས་ཞེས་བྱ་བ་ནི་རས་ལ་སོགས་པ་ལ་བྲིས་པའོ། །ཀློག་འགྱུར་ཏམ་
ཞེས་པ་ཀློག་པ་དང་ཁ་དོན་བྱེད་པའོ། །རྟག་ཏུ་དེ་དག་འཆང་བྱེད་དམ། །ཞེས་པ་ནི་བསམ་པ་དང་སྒོམ་པའི་ཚུལ་གྱིས་སོ། །དྲན་ནས་ཉན་པར་བྱེད་ཀྱང་རུང་། །ཞེས་པ་ནི་དྲན་པ་སྔོན་དུ་འགྲོ་བས་ཉན་པའོ། །ཀྱང་ཞེས་བྱ་བ་ནི་རྒྱལ་མཚན་གྱི་རྩེ་མོ་ལ་འདོགས་པ་དང་།
མཆོད་པ་ལ་སོགས་པ་ཡང་བསྡུ་སྟེ་དེ་ལྟ་བུ་དག་ཀྱང་ངོ་། །དགོས་པ་ནི་ཅི་ཞིག་ཡོད་ཅེ་ན། ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །ཞེས་གསུངས་ཏེ་རྡོ་རྗེ་འཛིན་པ་ཆེན་པོར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་དགའ་བ་དང་རྗེས་སུ་ཡི་རང་བ་

སྟོན་ཏོ། །དེ་ཡང་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་དགེ་བའི་རྩ་བ་བསྔོ་ཞིང་རྗེས་སུ་ཡི་རང་སྟེ། སྤྲུལ་པའི་ཚོགས་ལུས་ལ་བསྡུས་ལ་སྤྲུལ་པ་བྱ་བ་ནས་ཅི་བདེར་གནས་སོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ཞེས་
བྱ་བ་ནི་ཤཱཀྱ་ཐུབ་པ་དང་། དེས་བྱིན་གྱིས་བརླབས་པའི་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་འཛིན་པ་ཁྲོ་བོ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནི་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མའོ། །བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་འཁོར་
རྣམས་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་ཞེས་བྱ་བ་ནི་མིང་ཞེས་བྱ་བ་ཡང་ཤས་ཆེ་བ་སྟེ། རྫུ་འཕྲུལ་ལ་བརྟེན་པའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རང་ངོ་ཞེས་བྱ་བ་འབྲས་བུ་ཐོབ་པས་མངོན་
པར་དགའ་སྟེ། རྒྱུད་སྤྲུལ་པས་བཤད་པ་ལ་རྗེས་སུ་ཡི་རང་བའོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཞེས་བྱ་བ་སྔར་བཤད་པ་བཞིན་ནོ། །ཕྱོགས་གཅིག་པ་ཞེས་བྱ་བ་དེ་ཁོ་ན་ཉིད་བསྡུས་པ་དང་། དཔལ་མཆོག་དང་པོ་
དང་། རྡོ་རྗེ་རྩེ་མོ་ལ་སོགས་པ་ལས་ལེའུ་འདི་ཕྱོགས་གཅིག་ཏུ་བྱས་ཤིང་དུམ་བུར་བཀོལ་བ་ལས་འདིར་འདུས་པར་བསྟན་ཞེས་བྱ་བའི་ཐ་ཚིག་གོ །ངན་སོང་རྣམ་པར་སྦྱོང་བྱེད་པའི། །གཟི་བརྗིད་རྒྱལ་པོ་སྣང་བརྩམས་པས། །དགེ་བ་བདག་གིས་ཅི་བསགས་
པ། །འགྲོ་ཀུན་ངན་སོང་རྣམས་སྦྱངས་ཏེ། །རྡོ་རྗེ་འཛིན་པ་ཉིད་གྱུར་ཅིག །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་བརྟག་པ་སྣང་བའི་རྒྱན་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་བིདྱ་ཀ་ར་
བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དབང་ཕྱུག་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།