Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 67

Văn bản gốc(Tây Tạng)

Trang 4 / 18 (50.000 ký tự/trang)
ས་པའི་སྤྱན་
སྔར་དྲི་ང་བ་དང་། མི་མཛེས་པ་སྤང་བའི་ཕྱིར་དང་། བག་མེད་པ་སྤང་བའི་ཕྱིར་ཏེ། བདག་མེད་པ་ལ་གནས་པའི་གང་ཟག་ལ་ནི་མ་ཡིན་ནོ། །སེམས་ཅན་གནོད་པའི་སྦྱོར་བ་རྣམས། །ཞེས་པ་ནི་ལུས་ཀྱི་སྒོ་ནས་མཚོན་བརྩམས་པ་དང་། རྡོ་དང་དབྱུག་པ་ལ་
སོགས་པ་ཙམ་གྱིས་ཀྱང་སེམས་ཅན་རྣམས་ཀྱི་ལུས་ལ་གནོད་པར་འགྱུར་བར་མི་བྱ་བ་དང་། ངག་གི་སྒོ་ནས་གཞན་ལ་གནོད་པར་འགྱུར་བའི་ཚིག་དག་སྨྲ་བར་མི་བྱ་བ་དང་། ཡིད་ཀྱི་སྒོ་ནས་བསམ་པ་ངན་པ་དང་གནོད་པར་འགྱུར་བ་ལ་རྗེས་སུ་ཡི་རང་བར་མི་བྱ་བ་
ཉིད་དེ། དེ་དག་ལས་རྩ་བའི་བཞི་ནི་རང་གི་སྲོག་ལ་བབ་ཀྱང་མི་གཏང་བར་བྱ་སྟེ། བདག་གི་སྲོག་གཅོད་པ་ནི། །སྡུག་བསྔལ་ཅུང་ཟད་ཅིག་ཡིན་ལ། །རྩ་བའི་དམ་ཚིག་ཉམས་པ་ནི་མནར་མེད་པའི་དམྱལ་བར་སྡུག་བསྔལ་མི་བཟད་པ་མྱོང་བར་འགྱུར་བའི་ཕྱིར་རོ། །ཡན་
ལག་གི་དམ་ཚིག་བཞི་ནི་རྐྱེན་གྱི་དབང་གིས་ཉམས་པར་གྱུར་ཀྱང་བསྙེན་པ་ནས་སྒྲུབ་པ་ཆེན་པོའི་བར་དུ་མི་སྤྱད་པར་བྱ་ཞིང་། ཉེས་པ་བྱུང་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྤྱན་སྔར་ཡི་གེ་བརྒྱ་པ་ལ་སོགས་པས་བཤགས་པ་བྱ་བ་ཉིད་དོ། །དཀོན་མཆོག་
གསུམ་ནི་ཡོང་མི་སྤང་། །ཞེས་པ་ནས། བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་པའི་བར་དུ་ནི་ཤེས་པར་བྱ་ཞིང་། སྤྱད་པར་བྱ་བའི་དམ་ཚིག་བཅུ་གསུམ་གསུངས་ཏེ། དེ་ལ་དཀོན་མཆོག་གསུམ་མི་སྤང་བ་ནི་དེ་ལ་ཁྱད་པར་དུ་གསོད་པ་དང་མ་

གུས་པ་ལ་སོགས་པ་ཉིད་མི་བྱ་བ་ཉིད་དོ། །དུས་ཀུན་དུ་བྱང་ཆུབ་ཀྱི་སེམས་མི་བཏང་བ་ནི་སྐབས་འདིར་རྣམ་པ་གསུམ་སྟེ། ཀུན་རྫོབ་དང་སྒྱུ་མ་དང་དོན་དམ་པའོ། །དེ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་
བྱང་ཆུབ་ཏུ་སེམས་བསྐྱེད་པ་ཇི་སྲིད་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་མི་གཏོང་བའོ། །སྒྱུ་མ་བྱང་ཆུབ་ཀྱི་སེམས་ནི་རྒྱུ་བླ་ན་མེད་པ་སྟེ། རང་གི་ས་བོན་ཡོངས་སུ་མི་སྤང་བར་བྱ་བ་ཉིད་དོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་རྣམ་པར་རྟོག་པ་ཐམས་ཅད་དང་
བྲལ་ཞིང་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སེམས་རྒྱུན་དུ་མི་གཏོང་བ་ཉིད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་ནི་རྣམ་གསུམ་དང་། །ནམ་ཡང་བྲལ་བར་མི་བྱའོ། །གལ་ཏེ་བྲལ་ན་སྔགས་ཀྱི་ནི། །རྩ་བའི་ལྟུང་བ་ཉམས་པར་
འགྱུར། །ཞེས་གསུངས་པའི་ཕྱིར་རོ། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། ལྷ་དང་བླ་མ་དེ་བཞིན་ནོ། །ཞེས་པ་ལ་སྙིང་པོ་ནི་ཡེ་ཤེས་ཏེ། དེ་སྐྱེད་པར་བྱེད་པའི་ནང་གི་རྣལ་འབྱོར་བསྒོམ་པར་བྱའོ། །སྔགས་ནི་སྔགས་ཀྱི་བཟླས་པ་སྟེ། དེ་རྒྱུན་དུ་བྱ་བ་ཉིད་དང་།
ཕྱག་རྒྱ་ནི་རྟགས་ཏེ་དེ་དང་འབྲེལ་པར་མཆོད་པ་ལ་སྦྱོར་བའོ། །ལྷ་ནི་དཀྱིལ་འཁོར་གྱི་ལྷའོ། །བླ་མ་ནི་རྡོ་རྗེ་སློབ་དཔོན་ཏེ་དེ་དག་ལ་རྒྱུན་དུ་མཆོད་ཅིང་མི་གཏོང་བ་ཉིད་དོ། །སྡིག་པ་ལ་སོགས་གང་ཡིན་དང་། །བླ་མའི་བཀའ་ལས་འདའ་མི་བྱ། །ཞེས་པ་ནི་སྡིག་
པར་གྱུར་པའི་ལུས་དང་ངག་དང་ཡིད་ཀྱིས་ཀུན་དུ་སྤྱོད་པ་དག་མི་བྱ་བ་ཉིད་དང་བླ་མས་ཇི་ལྟར་གསུངས་པའི་བཀའ་ལས་འདའ་བར་མི་བྱ་སྟེ། བདུད་ཀྱིས་བྱིན་གྱིས་བརླབས་པ་ལ་སོགས་པའི་བླ་མའི་བཀའ་ནི་མ་གཏོགས་སོ། །ལྷ་ལ་ཕུལ་བའི་རྙིང་པ་དང་། །
དེ་ཡི་གྲིབ་མ་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ཏེ། །སྔགས་དང་ལྷ་ལ་སྨད་མི་བྱ། །ཞེས་པ་ལ་ལྷ་ལ་ཕུལ་བའི་རྙིང་པ་ནི་མེ་ཏོག་གི་ཕྲེང་བ་དང་། མཆོད་པའི་རྫས་ཐམས་ཅད་དེ། དེ་ལ་མི་འགོམ་པ་ཉིད་དོ། །དེ་ལ་འགོམས་པ་ལས་སྡིག་

པར་ཅིར་འགྱུར་སྙམ་པ་ལ་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་དང་དབུ་དང་ཕྱག་ལ་སོགས་པས་རེག་པ་དང་། རྣམ་པར་གྲོལ་བའི་དབང་པོ་རྣམས་ཀྱིས་ལོངས་སྤྱོད་རྣམས་ནི་དེའི་དབང་པོ་རྣམས་སུ་བལྟ་བར་བྱ་བ་སྟེ། དེ་དག་ལ་འགོམ་པ་ནི་དེ་ཉིད་ལ་འགོམ་པའི་སྡིག་པ་
དང་འདྲ་བར་གསུངས་སོ། །གྲིབ་མ་ནི་ལྷ་ལ་སོགས་པའི་གྲིབ་མ་སྟེ། དེ་ཡང་དེ་ཉིད་དང་དབྱེར་མེད་པ་ཉིད་ཡིན་པས་ན་སྡིག་པར་འགྱུར་བ་དང་ཕྱག་རྒྱའི་གཟུགས་ནི་རྡོ་རྗེ་དང་དྲིལ་བུ་དང་ཕྲེང་བ་ལ་སོགས་པ་སྟེ། དེ་དག་ལྷའི་ངོ་བོ་ཡིན་པའི་ཕྱིར་དེ་བཞིན་མི་འགོམ་པ་
ཉིད་དོ། །སྔགས་དང་ལྷ་ལ་སྨད་པར་མི་བྱ་བ་ནི་འདི་ལྟར་ལྷ་འདི་ལ་བརྟེན་པས་དངོས་གྲུབ་ཏུ་མི་འགྱུར་ཞེས་པ་དང་སྔགས་འདིས་ནི་འབྲས་བུ་མི་འབྱིན་ནོ་ཞེས་པ་ལ་སོགས་པ་མི་སྨྲ་བ་ཉིད་དེ། དེ་ཡང་གང་དག་རང་གིས་མ་གྲུབ་པ་ལ་བརྟེན་ནས་གཞན་དད་པ་བཟློག་པར་མི་བྱ་
སྟེ། རང་ནི་སྒྲིབ་པ་དང་བཅས་པ་ཡིན་ལ། གཞན་འགྲུབ་པར་འགྱུར་བའང་སྲིད་དོ། །དེ་ཡང་བདེ་བར་གཤེགས་པ་རྣམས་ནི་འདི་ལ་དངོས་གྲུབ་སྦྱིན་ལ་འདི་ལ་མི་སྦྱིན་པ་ལ་སོགས་པའི་རྟོག་པ་མི་མངའ་ཞིང་བདག་ཉིད་སྒྲིབ་པ་དང་བཅས་པ་ལས་བྱུང་བ་སྟེ། དེ་ཡང་ཕལ་
པོ་ཆེའི་མདོ་ལས། ཇི་ལྟར་ས་ནི་རོ་གཅིག་ཀྱང་། །ས་བོན་ཚུལ་བཞིན་མྱུ་གུ་སྟོན། །བྱམས་དང་སྡང་བའི་སེམས་པ་དང་། །སངས་རྒྱས་ཡོན་ཕུལ་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལ་སྨད་མི་བྱ། །
ཞེས་པ་ནི་འདི་ལྟར་མི་ལ་སོགས་པ་གཞན་གྱི་ཆེད་དུ་གདོན་དང་མི་མ་ཡིན་པ་ལ་སོགས་པ་བརྡུང་བ་དང་། གསད་པ་དང་། གཅད་པ་དང་། བསྐྲད་པ་དང་། བཅིངས་པ་ལ་སོགས་པ་མི་བྱ་བ་སྟེ། དེ་ཡང་སེམས་ཅན་དུ་འདུས་པའི་ཕྱིར་རོ། །མུ་སྟེགས་ཅན་ལ་མི་སྨོད་
པ་ན་འདི་ལྟར་སྣང་བ་ཐམས་ཅད་ནི་ལྷའི་འཁོར་དུ་འདུས་པའི་ཕྱིར་ན་སྨད་པ་མི་བྱ་བ་ཉིད་དོ། །མདོར་ན་ཡིད་གཉིས་དང་ནི་ཐེ་ཚོམ་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་པ་ནི་འདིར་དངོས་གྲུབ་ཐམས་ཅད་ཀྱི་བར་དུ་གཅོད་པ་བདག་གིས་

འདི་བསྒྲུབ་པ་ལས་འགྲུབ་པར་འགྱུར་རམ་མི་འགྱུར་སྙམ་པ་དང་། དེ་བཞིན་གཤེགས་པའི་བཀའ་འདི་བདེན་པ་ཞིག་ཡིན་ནམ་བརྫུན་པ་ཞིག་ཡིན་སྙམ་པ་ལ་སོགས་པའི་ཐེ་ཚོམ་དང་ཡིད་གཉིས་མི་བྱ་བ་ཉིད་དོ། བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་
ནོ། །ཞེས་པ་ནི་ཐེ་ཚོམ་མི་བྱ་བའི་གཞི་སྟེ། བདག་གི་དེ་ཁོ་ན་ཉིད་ལ་སོགས་པ་དེ་ཁོ་ན་ཉིད་བཅུ་ལ་ཐེ་ཚོམ་མི་བྱ་ཞེས་པར་འབྲེལ་ཏོ། །དེ་ཡང་ཡིད་ཆེས་པར་འགྱུར་བ་ལས་དངོས་གྲུབ་དང་འབྲས་བུ་འབྱུང་བ་ནི་འདི་ལྟར་གཙུག་ཏོར་ཆེན་པོ་འབྱུང་བའི་མདོ་ལས། ཡང་དག་དད་
པས་ཟིན་གྱུར་ན། །ཆོ་ག་གང་དང་ཐབས་གང་གིས། །མཁས་པ་ཡིད་དུ་འོང་བ་ཡིས། །འབྲས་བུ་ངེས་པར་འབྱིན་པར་བྱེད། །ཅེས་གསུངས་སོ། །མོས་པ་བརྟེན་དང་ལྡན་པས་དམ་བཅས་ནས། །སརྦ་བིད་ཀྱིས་ཇི་ལྟར་དབང་བསྐུར་ཏེ། །བུམ་པ་ལ་སོགས་ཇི་སྙེད་
མང་ཐོགས་པས། །བཅུ་པོ་རྣམས་ཀྱིས་དབང་བཅུ་ཅི་དགར་བསྐུར། །དེ་ནས་ལག་ཏུ་དྲིལ་བུ་རྡོ་རྗེ་སྦྱིན། །འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ལ། །མི་ཡི་དབང་ཕྱུག་འཁོར་ལོས་སྒྱུར་བ་བཞིན། །སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཞེས་གསུངས་
པ་ནི་འདིར་དབང་ཕུན་སུམ་ཚོགས་པ་བསྐུར་བར་གསུངས་ཏེ། དེ་ལ། མོས་པ་བརྟན་དང་ལྡན་པས་དམ་བཅས་ནས། །ཞེས་པས་ནི་གོང་དུ་བསྟན་པའི་དམ་ཚིག་རྣམས་ཀྱིས་མོས་པ་དང་ལྡན་པའི་སློབ་མ་དམ་པ་ལེགས་པར་འཆར་བཅུག་ནས་དེའི་མཐར་དབང་བསྐུར་བར་
བྱ་སྟེ། དེ་ལ་སརྦ་བིད་ཀྱིས་ཇི་ལྟར་དབང་བསྐུར་ཏེ། །ཞེས་པ་ནི་སྤྱི་གཙུག་དང་དཔྲལ་བ་དང་ལྐོག་མ་དང་སྙིང་ག་དང་གསང་བའི་གནས་རྣམས་སུ། ཨོཾ་སརྦ་བིད་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ་ཞེས་པ་དང་། ཨོཾ་སརྦ་བིད་ཧཱུཾ། ཨོཾ་བཛྲ་ཨ་
བྷི་ཥིཉྩ་ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་དང་། ངན་སོང་སྦྱོང་བ་དང་། རིན་ཆེན་ཏོག་དང་། ཤཱཀྱ་ཐུབ་པ་དང་། མེ་ཏོག་ཆེན་པོ་རྒྱས་པ་རྣམས་ཀྱིས་དབང་བསྐུར་བ་སྟེ། དེ་ཡང་རང་ཉིད་དེའི་བདག་ཉིད་དང་ལྡན་པར་

བྱས་པས་དབང་བསྐུར་བ་ནི་དེ་བཞིན་གཤེགས་པའི་དབང་ཞེས་བྱའོ། །བུམ་པ་ལ་སོགས་ཇི་སྙེད་མང་ཐོགས་པར། །བཅུ་པོ་རྣམས་ཀྱིས་དབང་བཅུ་ཅི་དགར་བསྐུར། །ཞེས་པ་ནི། དང་པོར་བུམ་པའི་ཁོངས་སུ་གཏོགས་པའི་ཆུ་དང་ཅོད་པན་དང་རྡོ་རྗེ་དང་དྲིལ་བུ་དང་མིང་
ལ་སོགས་པའི་དབང་བསྐུར་ལ། དེ་ནས་བདེ་བར་གཤེགས་པའི་རྩ་བའི་བུམ་པ་ལྔ་པོ་རིགས་པའི་ལྷ་མོ་ལྔར་བསམས་ཏེ། སྤྱི་བོ་དང་མཚོགས་མ་དང་། རྣ་བ་གཡས་པའི་ཁ་དང་། ལྟག་པའི་ཁ་དང་། རྣ་བ་གཡོན་པའི་ཁ་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་འདི་ཉིད་
ཀྱི་བཤད་པའི་རྒྱུད་ནས་འབྱུང་བའི་སྔགས། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བ་ནི་རིག་པ་བུམ་པའི་དབང་ཞེས་བྱའོ། །དེ་ནས་བོ་དི་ཙེ་དང་མུ་ཏིག་དང་མུ་མེན་དང་ཙནྡན་དམར་པོའི་ས་བོན་དང་། ཨ་ཤོ་ཀའི་འབྲས་བུ་
རྣམས་ཀྱི་ཕྲེང་བ་ལ་རང་གི་ཡི་དམ་གྱི་ལྷའི་སྔགས་བཟླ་ཞིང་རིམ་པ་ཇི་ལྟ་བ་བཞིན་དུ། ཨོཾ་བུདྡྷ་མཱ་ལ་ཨ་བྷི་ཥིཉྩ་ཨོཾ། ཞེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བ་ནི་ཕྲེང་བའི་དབང་ཞེས་བྱའོ། །དེ་ནས་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་།
མཉམ་པ་ཉིད་དང་། མཆོག་སྦྱིན་དང་ཆོས་འཆད་དང་། སྐྱབས་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། མིག་ལ་སོགས་པའི་གནས་ཇི་ལྟ་བ་བཞིན་དུ། ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བ་ནི་མཚོན་པ་ཕྱག་རྒྱའི་དབང་བསྐུར་
ཞེས་བྱའོ། །དེ་ནས་ལག་ཏུ་རྡོ་རྗེ་དང་དྲིལ་བུ་བྱིན་ལ་འཁོར་ལོ་དང་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་རྣམས་སུ་ཁྱོད་ཀྱིས་འགྲོ་བའི་དོན་གྱིས་ཤིག་ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཏོན་ལ། ཨོཾ་བུདྡྷ་ཀརྨ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཀརྨ་ཨ་བྷི་
ཥིཉྩ་ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བ་ནི་བྱ་བ་ལས་ཀྱི་དབང་ཞེས་བྱའོ། །དེ་ནས་རྣམ་པར་མི་རྟོག་པ་ཀུན་དུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདུད་ཀྱི་ཚོགས་ཀྱིས་མི་ཤིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡོན་ཏན་ཐམས་ཅད་ཀྱི་

མཛོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དམ་པའི་ཆོས་ཀྱི་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྲིད་པ་འཁོར་ལོ་སྐྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་རྣམས་ལ་སྙོམས་པར་ཞུགས་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱ་ར་ནི་ཨ་བྷི་ཥིཉྩ་ཨོཾ་ཞེས་པ་
ལ་སོགས་པའི་སྔགས་ཀྱིས་སྙིང་གའི་ཐིག་ལེ་ལྔ་ལ་དབང་བསྐུར་བ་ནི་རིག་པ་འཛིན་པ་གཟུགས་ཀྱི་དབང་ཞེས་བྱའོ། །དེ་ནས་གསང་བ་དོན་གྱི་ཕྱག་རྒྱ་བཅིངས་ལ། རང་གིས་ཡང་དག་པར་རིག་པར་བྱས་ནས་མུ་ཏིག་གི་ཕྲེང་བ་ལྟ་བུའི་ཐིག་ལེ་དཀར་པོ་ལྔས་རྡོ་རྗེའི་རྩེ་
མོས་གདོང་གི་པདྨར་གཏད་པར་བྱ་ཞིང་རིམ་པ་ཇི་ལྟ་བ་བཞིན་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བ་ནི་སྦས་པ་གསང་བའི་དབང་ཞེས་བྱའོ། །དེ་ནས་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་མཛེས་ཤིང་ཡིད་དུ་འོང་
བ་བཅིངས་ལ། ཨོཾ་པྲ་ཛྙཱོ་པ་ཡ་ཏ་ས་མ་ཡོ་གི་ཨ་བྷི་ཥིཉྩ་ཧཱུཾ་ཨ་ཞེས་པའི་སྔགས་ཀྱིས་དབང་བསྐུར་བ་ནི་བདེ་བ་ཆེན་པོ་ཐབས་དང་ཤེས་རབ་ཀྱི་དབང་ཞེས་བྱའོ། །དེ་ནས་སྒྲིབ་པ་ཐམས་ཅད་གཅོད་པར་བྱེད་པའི་འཁོར་ལོ་རིན་པོ་ཆེ་དང་། སངས་རྒྱས་ཀྱི་ཞིང་ཐམས་
ཅད་བགྲོད་པར་བྱེད་པའི་རྟ་རིན་པོ་ཆེ་དང་། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སྟེར་བར་བྱེད་པའི་ནོར་བུ་རིན་པོ་ཆེ་དང་། རྟོག་པ་དང་བྲལ་བའི་ཡེ་ཤེས་སྟེར་བར་བྱེད་པའི་བུད་མེད་རིན་པོ་ཆེ་དང་། བདུད་ཀྱི་དཔུང་ཐམས་ཅད་འཇོམས་པར་བྱེད་པའི་གླང་པོ་རིན་པོ་ཆེ་དང་།
ཉོན་མོངས་པའི་ཉེས་པ་ཐམས་ཅད་ཀྱིས་མི་བརྫི་བའི་དམག་མི་རིན་པོ་ཆེ་དང་། ལེགས་པའི་ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་པའི་སྐྱེས་པ་རིན་པོ་ཆེ་རྣམས་ཀྱིས་སྤྱི་བོར་གཞག་ཅིང་ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ་བྷྲཱུཾ་ཞེས་པ་ལ་སོགས་པས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་ལྟ་བ་བཞིན་
དུ་དབང་བསྐུར་བར་བྱ་སྟེ། དེ་དག་ནི་འཁོར་ལོས་སྒྱུར་བ་བདག་པོའི་དབང་ཞེས་བྱའོ། །དེ་དག་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་རང་བཞིན་དུ་རིག་པར་

བྱའོ། །དེ་ནས་དེའི་སྤྱི་བོར་རྡོ་རྗེ་བཞག་སྟེ། འོག་ནས་འབྱུང་བའི་ཚིག་བརྗོད་པ་དང་། ཁྱོད་ཀྱིས་སེམས་ཅན་སྨིན་པའི་ཕྱིར། །དམ་པའི་ཆོས་ནི་བསྒྲག་པ་དང་། །དཀྱིལ་འཁོར་ལ་སོགས་བཞེངས་པ་ནི། །རྒྱུད་ལས་འབྱུང་བ་བཞིན་དུ་བསྒྲུབ། ཅེས་བྱ་བ་ལ་སོགས་
པའི་ཚིག་བརྗོད་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་ཏེ་དཱ་སི་མི་གྲིཧྣ་བཛྲ་སུ་སིདྡྷ་ཡེ་ཨོཾ་བཛྲ་ཏིཥྛ་ཧཱུཾ་ཞེས་བརྗོད་ནས་དབང་བསྐུར་བ་ནི་གནང་བ་སྦྱིན་པ་བཀའི་དབང་ཞེས་པ་སྟེ་འོག་མ་ལ་སྙགས་སོ། །དེ་ལ་དབང་གི་ངོ་བོ་ནི་ནུས་པའོ། །ངེས་པའི་ཚིག་ནི་བདག་འཁྲུ་བར་བྱེད་པའི་
ཕྱིར་དང་། ཆོས་ཀྱི་དབྱིངས་ལ་དབང་བྱེད་པའི་ཕྱིར་ཏེ། དེ་ཡང་དང་པོས་ནི་ས་དང་པོ་རབ་ཏུ་དགའ་བ་གནོན་ཏོ། །གཉིས་པས་ནི་དྲི་མ་མེད་པ་གནོན་ཏོ། །གསུམ་པས་ནི་འོད་འཕྲོ་བ་ཅན་གནོན་ཏོ། །བཞི་པས་ནི་སྦྱང་དཀའ་བ་གནོན་ཏོ། །ལྔ་པས་ནི་འོད་བྱེད་པ་
གནོན་ཏོ། །དྲུག་པས་ནི་མངོན་དུ་གྱུར་པ་གནོན་ཏོ། །བདུན་པས་ནི་རིང་དུ་སོང་བ་གནོན་ཏོ། །བརྒྱད་པས་ནི་མི་གཡོ་བ་གནོན་ཏོ། །དགུ་པས་ནི་ལེགས་པའི་བློ་གྲོས་གནོན་ཏོ། །བཅུ་པས་ནི་ཆོས་ཀྱི་སྤྲིན་དང་ཀུན་དུ་འོད་གནོན་པར་འགྱུར་བ་སྟེ། དེ་ཡང་རྡོ་རྗེ་ཐོད་ཀྱི་རྒྱུད་ལས།
དབང་བཅུས་ས་བཅུ་བགྲོད་ནས་ནི། །དེ་ཡི་བདེ་བས་སངས་རྒྱས་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་འདིར་གོང་དུ་གྱུར་པའི་ཚུལ་དང་དབང་འདི་དག་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བའི་དགེ་སློང་དང་ཤིན་ཏུ་མཐུན་པའི་ཕྱིར་དགེ་
སློང་རྣམས་ཀྱིས་ཐེ་ཚོམ་མི་ཟ་བར་སྤྱད་པར་བྱ་སྟེ། དེ་དག་གིས་ནི། དེ་ཡི་ལག་ཏུ་རྡོར་དྲིལ་སྦྱིན། །ཞེས་པ་ནས། སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཞེས་པའི་ཤོ་ལོ་ཀ་གཅིག་བསྡུས་སོ། །སྔགས་བསྒྲུབ་ཕྱིར་ནི་མོས་ལྡན་སློབ་མ་ལ། །སྔགས་
པས་བཀའ་ནི་རབ་ཏུ་བསྒོ་བར་བྱ། །དེས་ཀྱང་མོས་པས་སྤྱི་བོས་ཕྱག་འཚལ་ཏེ། །ཅི་སྟེ་ནོར་ཡོད་བླ་མ་དག་ལ་ཕུལ། །ནོར་དང་འབྲུ་དང་གཏེར་དང་དབྱིག་དང་གསེར། །བཞོན་དང་ཁྱིམ་དང་བུ་ཕོ་བུ་མོ་དང་། །བྲན་དང་བྲན་མོ་ཡང་ན་ཆུང་མ་དང་། །གྲོང་དང་གྲོང་ཁྱེར་

དེ་ལྟར་ཅི་བཞེད་རྣམས། །རང་གི་སེམས་ནི་རབ་ཏུ་དད་པ་ཡིས། །ཡོན་གྱི་མཆོག་ནི་དབུལ་བ་ཉིད་དུ་བྱ། །མྱུར་དུ་འགྲུབ་ཕྱིར་མོས་པས་བླ་མ་ལ། །མདོར་ན་རང་གི་ལུས་ནི་དབུལ་བ་ཉིད་དུ་བྱ། །ཞེས་པ་ལ་སོགས་པ་ནི་འདིར་ཡོན་དབུལ་བར་བྱ་བ་ཡིན་ནོ། །
དེ་དག་ནི་བདེ་བར་གཤེགས་པས་གསུངས་པ་དེ་བཞིན་དུ་དབུལ་བར་བྱ་བ་ཉིད་དེ་བླ་མ་ལ་མ་བརྟེན་པར་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པར་མི་འགྱུར་བ་ནི་བདེ་བར་གཤེགས་པའི་བཀའ་མཐའ་དག་ནས་གསུངས་པས་དེ་བཞིན་དུ་བྱ་བ་ཉིད་དེ་གོ་སླ་བའི་ཕྱིར་
འདིར་མ་བཤད་དོ། །ཕྱག་རྒྱ་འདི་ཡི་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །ཚེ་འདིའི་བདེ་བ་མ་ལུས་དང་། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང་། །ལྷ་ཡི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མ་མཉམ། །དེས་ན་སློབ་དཔོན་
བརྙས་མི་བྱ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར། །རྡོ་རྗེ་སྤུན་དང་སྲིང་མོ་དང་། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་འཁོན་དང་གཅུགས་མི་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་པ། །
བཟོད་པ་བསྒོམ་པར་མི་བྱ་སྟེ། །བླ་མ་སྨོད་བརྩོན་མ་རུང་དང་། །དམ་ཚིག་འདས་ལའང་དེ་བཞིན་ཏེ། །དེ་ལ་སོགས་པའི་བྱེད་ལྡན་ལ། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུངས། །སེམས་ཅན་ཀུན་ལ་སྙིང་བརྩེར་ཆགས། །དངོས་གྲུབ་མྱུར་དུ་འགྲུབ་པར་
འགྱུར། །ཞེས་གསུངས་པ་ནི་འདིར་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་བཀའ་བསྒྲག་པར་བྱ་བའི་ཚིག་སྟེ། དེ་ལ། ཕྱག་རྒྱ་འདི་ཡི་རྣལ་འབྱོར་གྱིས། །ཞེས་པ་ནི་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་འདིར་ཞུགས་པའི་རྣལ་
འབྱོར་ཏེ། དེ་ཡིས་ཡང་དག་པར་བསྒྲུབས་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འགྲུབ་པར་འགྱུར་ན། ཚེ་འདིའི་བདེ་བ་ནད་ཉུང་བ་དང་། འབྱོར་པ་དང་ལྡན་པ་དང་འཇིག་རྟེན་ཕྱི་མའི་བདེ་བ་མཆོག་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ལྷའི་

གནས་སུ་སྐྱེ་བ་ལ་སོགས་པའི་བདེ་བ་ནི་སྨོས་ཀྱང་ཅི་དགོས་ཞེས་པ་ནི་གདོན་མི་ཟ་བའི་ཚིག་གོ། སངས་རྒྱས་ཀུན་དང་བླ་མ་མཉམ། །ཞེས་པ་ནི་བླ་མའི་ཆེ་བ་བརྗོད་པའི་ཚིག་སྟེ། དེ་ཡང་སངས་རྒྱས་རྣམས་ཀྱིས་ནི་བདག་ལ་ཆོས་སྟོན་པ་ལ་སོགས་པ་མཛད་ཀྱང་བདག་གི་
རྒྱུད་ལ་ཕན་པར་མི་འགྱུར་ཏེ། བླ་མས་ནི་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ངེས་པ་ཁོ་ན་སྟེ། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ནི་དཔལ་རྡོ་རྗེ་འཛིན་པ་ཡིན་ལ་དེའི་ངོ་བོ་དང་བླ་མ་གཉིས་བདག་གི་རྒྱུད་ལ་ཆོས་ཀྱི་ཚུལ་གྱིས་མཉམ་ཞིང་འདྲ་
བས་ན། སངས་རྒྱས་ཀུན་དང་བླ་མ་མཉམ། །ཞེས་བྱའོ། །དེ་བས་ན་དེ་ལ་བརྙས་པ་ནི་མ་གུས་པ་སྟེ། དེ་ལ་མ་གུས་པ་ནི་དེའི་ཐུགས་དང་འགལ་བར་འགྱུར་རོ། །དེའི་ཐུགས་དང་འགལ་བའི་སྐད་ཅིག་མ་ལ་ནི་མར་མེ་བསད་པས་སྐད་ཅིག་ལ་སྣང་བའི་ཚོགས་འགགས་
ནས་མུན་པའི་ཚོགས་སྐྱེ་བ་བཞིན་དུ་བདག་གི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་འགགས་ཤིང་སྡིག་པ་མི་དགེ་བའི་ཚོགས་ཆེན་པོ་སྐྱེ་བ་སྟེ། དེའི་འབྲས་བུ་ནི་མནར་མེད་པ་ལ་སོགས་པའི་སྡུག་བསྔལ་ཐོབ་པར་འབྲེལ་ཏོ། །དེ་བས་ན་རྣམ་པ་ཐམས་ཅད་
དུ་བླ་མའི་ཐུགས་དང་མི་འགལ་བར་བྱ་བ་ནི་མཆོག་ཏུ་རྩ་བར་གྱུར་པའི་དམ་ཚིག་ཆེན་པོ་ཞེས་རྒྱལ་བ་རྣམས་ཀྱིས་གསུངས་སོ། །རྡོ་རྗེ་སྤུན་དང་སྲིང་མོ་ནི་བླ་མས་བསྡུས་པའི་དམ་ཚིག་གཅིག་པའི་རྡོ་རྗེའི་སྤུན་དང་སྲིང་མོའོ། །རྡོ་རྗེ་མ་ཞེས་བྱ་བ་ནི་གཞན་དུ་ཤེས་
རབ་མ་ལ་སོགས་པ་ལ་འདོད་ནའང་། འདིར་ནི་བླ་མའི་ཆུང་མ་སྟེ། དེ་དག་ལ་བརྙས་པ་ནི་དེ་དག་ཁྱད་དུ་བསད་པ་སྟེ། དེ་དག་ལ་བརྙས་པར་མི་བྱ་བ་ནི་བདེ་བར་གཤེགས་པས་རྩ་བ་ཉེ་བའི་དམ་ཚིག་ཅེས་གསུངས་སོ། །རྟག་ཏུ་འཁོན་དང་གཅུགས་མི་བྱ་བ་ནི་
གཞན་དུ་ནི་དགེ་འདུན་འདུས་པའི་དབྱེན་བྱེད་པ་ཞེས་གསུངས་ལ། འདིར་ནི་དམ་ཚིག་འབྱེད་པ་སྟེ། རྡོ་རྗེ་སྤུན་དང་སྲིང་མོ་ལ་སོགས་པའི་བར་དུ་ཚིག་ཕྲ་མ་ལ་སོགས་པ་མི་བྱ་བ་ཉིད་དོ། །དཀོན་མཆོག་གསུམ་ལ་གནོད་བྱེད་པ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །

ཞེས་པ་ལ་སོགས་པ་ནི་འདི་ལྟར་བླ་ན་མེད་པའི་དཀོན་མཆོག་གསུམ་གྱི་རྟེན་བདེ་བར་གཤེགས་པའི་བསྟན་པ་བཤིག་པ་དང་། དགེ་འདུན་གྱི་གཙུག་ལག་ཁང་འདྲལ་བ་རྒྱལ་པོ་དང་མུ་སྟེགས་པ་ལ་སོགས་པ་ལ་ནི་བྱད་དང་། དུག་དང་སྟོབས་དང་།
སྨན་གྱི་སྦྱོར་བ་ལ་སོགས་པས་སེམས་ཅན་དེ་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ་དེ་ཉིད་གསད་པར་བྱ་བ་ཉིད་དོ། །དེ་བཞིན་དུ་བླ་མ་ལ་སྨོད་པ་དང་། བླ་མའི་སྐུ་ལ་བསྡོ་བ་དང་། དམ་ཚིག་ཉམས་པ་རྣམས་དང་། མ་རུངས་པའི་སེམས་ཅན་འགྲོ་བ་ཐམས་ཅད་ཀྱི་སྲོག་གཅོད་
པ་ལ་སྦྱོར་བ་ལ་སོགས་པས་ནི་སྙིང་རྗེ་ཆེན་པོས་དོན་རྣམ་པ་གཉིས་བྱེད་པས་བསད་པ་ལ་ཉེས་པར་མི་འགྱུར་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་ཞེས་བྱ་བར་འབྲེལ་ཏོ། །སེམས་ཅན་ཀུན་ལ་སྙིང་བརྩེར་ཆགས། །དངོས་གྲུབ་མྱུར་དུ་འགྲུབ་
པར་འགྱུར། །ཞེས་པ་ནི་ཐབས་དང་ཤེས་རབ་ཏུ་འབྲེལ་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲུབ་པ་སྟེ། དེ་ལ་བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་ནི་ཤེས་རབ་མ་ཚིག་གི་སྙིང་རྗེ་ཆེན་པོ་ནི་ཐབས་ཏེ། དེ་ཡིས་དུས་ཐམས་ཅད་དུ་འགྲོ་བའི་དོན་བྱེད་པ་དང་དཀྱིལ་འཁོར་
གྱི་འཁོར་ལོ་བསྒྲུབ་པ་ནི་ངེས་པར་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ཉིད་དེ། དེ་ཡང་ཐབས་དང་ཤེས་རབ་རོལ་པའི་རྒྱུད་ལས། མཁས་པ་ཐབས་དང་ཤེས་རབ་ནི། །སྐད་ཅིག་ཙམ་ཡང་བྲལ་མི་བྱ། །གལ་ཏེ་བྲལ་ན་མི་དེ་ཡིས། །ཕྱག་རྒྱ་ཆེན་པོ་ཐོབ་མི་
འགྱུར། །ཞེས་གསུངས་པའི་ཕྱིར་ཏེ། དེས་ནི་བཅོམ་ལྡན་འདས་ཀྱིས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་དང་། ལྷའི་འཇིག་རྟེན་དུ་བཅས་པ་རྣམས་ཀྱི་དོན་དང་ཕན་པ་དང་། བདེ་བའི་ཕྱིར་སྒྲུབ་
པ་འདི་གསུངས་སོ་ཞེས་པ་ན་བདག་གི་དོན་ཕུན་སུམ་ཚོགས་པ་སྟོན་པ་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་བདག་གི་དོན་ཕུན་སུམ་ཚོགས་པ་ལ་གཉིས་སོ། །གཅིག་ནི་བསྡུས་པ་ལ་དགའ་བའི་སེམས་ཅན་དབང་པོ་རྟུལ་པོ་རྣམས་ཀྱིས་དོན་དུ་གསུངས་སོ། །གཅིག་ནི་

ཟབ་ཅིང་རྒྱ་ཆེ་བ་ལ་དགའ་བ་དབང་པོ་རྣོན་པོའི་སེམས་ཅན་རྣམས་ཀྱི་དོན་དུ་གསུངས་ཏེ། དེ་ལ་འདིར་ནི་བཅོམ་ལྡན་འདས་ཀྱིས་རེ་ཞིག་དབང་པོ་རྟུལ་པོ་བསྡུས་པ་ལ་དགའ་བའི་སེམས་ཅན་གྱི་དོན་དུ་གསལ་བར་གསུངས་པ་ནི་རས་ལ་བཅོམ་ལྡན་འདས་ཐམས་ཅད་རིག་
པ་དེ་བཞིན་དུ་བྲིས་ལ། གཡས་སུ་ནི་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའོ། །གཡོན་ཕྱོགས་སུ་ནི་ཤཱཀྱ་ཐུབ་པ་བྲི་བར་བྱའོ། །དེ་ནས་ངན་སོང་སྦྱོང་བའི་འོག་ཏུ་ནི། སྤྱན་རས་གཟིགས་དབང་ཕྱུག་མདོག་ཟླ་བ་ལྟ་བུ་ལ་ཕྱག་ན་པདྨོ་
བསྣམས་པར་བྱ། ཤཱཀྱ་ཐུབ་པའི་འོག་ཏུ་ནི་ཕྱག་ན་རྡོ་རྗེའོ། །དེ་གཉིས་ཀྱི་བར་དུ་ནི་སྨན་གྱི་བླ་མདོག་སྔོན་པོ་ལ་ཕྱག་གཡས་ན་ཨ་རུ་རའི་འབྲས་བུ་འཛིན་པ་ཕྱག་གཡོན་པ་མཆོག་སྦྱིན་དུ་བྱ། རྟ་མགྲིན་དང་ཁམས་གསུམ་རྣམ་པར་རྒྱལ་བ་མ་རུངས་པ་འདུལ་བ་ལ་
བརྩོན་པ་གཉིས་ནི་རང་གི་ལྷ་ལ་བརྟེན་པར་བྲིའོ། །དེ་གཉིས་ཀྱི་དབུས་སུ་ལོ་ཙཱ་ན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་རང་གི་ཕྱག་མཚན་ཐོགས་པ་བྲིའོ། །དེའི་འོག་ཏུ་པདྨའི་རྫིང་བུ་དང་། ཆུ་སྲིན་དང་། ཉ་དང་། རུས་སྦལ་དང་། སྦལ་
པ་དཀར་པོ་དང་། ཉ་འཕར་བ་ལ་སོགས་པ་དང་། ཆུ་ལས་སྐྱེས་པའི་མེ་ཏོག་རྣམ་པ་དུ་མས་ཡོངས་སུ་གང་བ་བྲིའོ། །དེའི་འོག་ཏུ་བདུག་པ་དང་། མར་མེ་དང་། དྲི་དང་། ཕྲེང་བ་དང་། ལྷ་བཤོས་དང་། མེ་ཏོག་དང་། འབྲས་བུ་རྣམ་པ་སྣ་ཚོགས་པ་བྲི་ཞིང་དེའི་
འོག་ཏུ་སྒྲུབ་པ་པོ་ཉིད་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་འདུག་པ་བྲི་བར་བྱའོ་ཞེས་པ་ལ་སོགས་པ་གསུངས་པ་ནི་དབང་པོ་རྟུལ་པོའི་གང་ཟག་གིས་རས་རིས་ལ་སྒྲུབ་པར་གསུངས་པ་སྟེ། དེ་ལ་རས་བལ་གསར་པ་ལ་དྲི་ཆུས་བྲན་ཏེ་ཐ་ག་པ་བསྙེན་གནས་ལ་གནས་པར་
བྱས་ལ་ཞེང་དུ་ཁྲུ་དོ་ཆུར་ཁྲུ་གསུམ་པ་བཏགས་ཏེ། ཙནྡན་དཀར་པོ་ལ་སོགས་པའི་ལྡེ་གུས་བསྐུས་ནས་རི་མོ་མཁན་བསྙེན་གནས་ལ་གནས་པས་བྲི་བར་བྱ་བ་ནི་གོང་དུ་གསུངས་པའི་རིམ་པར་ཇི་ལྟ་བ་བཞིན་དུ་སྐུ་མདོག་དང་ཕྱག་མཚན་དང་ཕྱག་རྒྱ་ལ་སོགས་

པ་བྲི་བར་བྱ་སྟེ་གོ་སླ་བའི་ཕྱིར་འདིར་མ་བཤད་དོ། །དེ་ལ་གང་དག་འདི་སྐད་དུ་ཅིའི་ཕྱིར་དཀྱིལ་འཁོར་ཆེན་པོ་ལ་ལྷ་མང་པོ་ཞིག་ཡོད་པ་ལས་ལྷ་བཅུ་གཉིས་པོ་འདི་ཁོ་ན་ངེས་པ་ཅི་ཡོད་ཅེ་ན། དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་
གསུང་ཐུགས་སུ་ཡང་དག་པར་བསྡུས་པ་སྟེ། དེ་ལ་རྣམ་པར་སྣང་མཛད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་ཡང་དག་པར་གཞག་པའོ། །ངན་སོང་སྦྱོང་བ་ནི་སྐུའོ། །ཤཱཀྱ་ཐུབ་པ་ནི་གསུང་ངོ་། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་། སྤྱན་རས་གཟིགས་
ཀྱིས་ནི་བྱང་ཆུབ་སེམས་དཔའི་རིགས་བསྡུས་སོ། །སྨན་གྱི་བླ་ནི་ཉོན་མོངས་པའི་རིམས་ནད་ཐམས་ཅད་སེལ་བར་བྱེད་པའི་ཕྱིར་བྲིས་པའོ། །ཁྲོ་བོ་གཉིས་ཀྱི་ཁྲོ་བོའི་རིགས་བསྡུས་སོ། །རིག་པའི་ལྷ་མོ་རྣམས་ཀྱིས་ནི་ལྷ་མོའི་ཚོགས་བསྡུས་སོ། །པདྨོའི་རྫིང་བུ་དང་
ཉ་ལ་སོགས་པ་ནི་བཀྲ་ཤིས་པའི་རྫས་སོ། །གདུགས་ལ་སོགས་པ་ནི་མཆོད་པའི་ཡོ་བྱད་དོ། །སྒྲུབ་པ་པོ་ནི་ཐུགས་རྗེ་ཆེན་པོས་གཟུང་བའི་ཕྱིར་རོ། །དེ་ཡང་དང་པོ་ནི་བདག་པོའོ། །གཉིས་པ་ནི་སྤྲུལ་པའོ། །གསུམ་པ་ནི་ཕོ་ཉའོ། །བཞི་པ་ནི་གཟུངས་སོ། །
ལྔ་པ་ནི་འཁོར་བའི་འདམ་ནས་འབྱུང་བའོ། །དྲུག་པ་ནི་དྲན་པ་ཉིད་དུ་ཤེས་པར་བྱའོ། །དེ་ནས་རི་མོའི་གཟུགས་སུ་དེ་ལ་མངོན་པར་མཆོད་དེ། བདག་ཉིད་ཀྱིས་སྤྱན་དབྱེ་བ་བྱ་ཞིང་བདེན་པའི་བྱིན་གྱི་རླབ་ལ་དམིགས་པར་བྱའོ། །དེ་ནས་ཅི་སྟེ་མཚན་མ་ཞིག་
མཐོང་བ་ནི་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། །འོན་ཏེ་མ་མཐོང་ན་ནི་རིང་པོ་ཞིག་ནས་དངོས་གྲུབ་ཏུ་འགྱུར་ཏེ། བཞད་པ་དང་ནི་རྔ་སྒྲ་དང་། །དྲིལ་བུ་སྒྲ་དང་དེ་བཞིན་འབྲུག །དགེ་སློང་བྲམ་ཟེ་བུ་མོ་དང་། །རྟགས་དེ་མཐོང་ན་མྱུར་དུ་ནི། །མཆོག་དང་འབྲིང་དང་
ཐ་མ་འགྲུབ། །ཅེས་གསུངས་པ་ནི་འདིར་སྤྱན་དབྱེ་བ་ལས་རྟགས་མཚོན་པ་གསུངས་ཏེ། དེ་ལ་རི་མོའི་གཟུགས་དེ་མངོན་པར་མཆོད་དེ། བདག་ཉིད་ཀྱིས་སྤྱན་དབྱེ་བ་བྱ་ཞིང་བདེན་པའི་བྱིན་གྱིས་བརླབས་ལ་དམིགས་པར་བྱའོ་ཞེས་པ་ནི་འདི་ལྟར་དང་པོ་བསྙེན་པ་ལ་

སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་བྱ་སྟེ། མཆོད་པའི་ཚོགས་དཔག་ཏུ་མེད་པས་མཆོད་ནས་ཀུན་རྫོབ་ཀྱི་ལྷ་དེ་སུག་པ་ལ་སོགས་པས་ཕྱིའི་ཁྲུས་བྱ་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ་པས་ནང་གི་ཁྲུས་ཡང་དག་པར་བྱས་ཏེ། ཁྲོ་བོ་ལ་སོགས་པའི་
སྔགས་ཀྱིས་ཡོངས་སུ་བསྲུངས་ལ། དོན་དམ་པའི་ཏིང་ངེ་འཛིན་གྱིས་སྤྱན་དྲངས་ལ། མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། སྔགས་དང་ཕྱག་རྒྱར་ལྡན་པས་བསྟིམ་པར་བྱའོ། །དེ་ནས་སྤྱན་དབྱེ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པ་ལ་
སོགས་པ་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་དེ། མེ་ཏོག་ཐོགས་ནས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ། །གསང་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་བདེན་པའི་བྱིན་གྱི་
རླབས་ཀྱིས་བདག་ལ་དངོས་གྲུབ་ཏུ་འགྱུར་ན་སྐུ་འདི་ལ་རྟགས་སྣ་ཚོགས་པ་འོང་བར་གྱུར་ཅིག་ཅེས་བརྗོད་དེ། དེའི་ཐུགས་ཀར་གཉིས་སུ་མེད་པའི་བདེ་བ་ཆེན་པོས་ཡུན་རིང་བར་དམིགས་པར་བྱའོ། །དེ་ནས་རྟགས་དང་མཚན་མ་མཐོང་བ་ན་དངོས་གྲུབ་ཉེ་བར་འགྱུར་ལ།
མ་མཐོང་ན་ནི་དངོས་གྲུབ་རིང་བ་ནི་ངེས་པ་ཉིད་དོ། །དེ་ལ་རྟགས་དང་མཚན་མ་ཇི་ལྟ་བུ་ཞིག་འབྱུང་ཞེ་ན། བཞད་པ་དང་ནི་རྔ་སྒྲ་དང་། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་སྒྲའི་རྣམ་པ་གསུམ་དང་གཟུགས་ཀྱི་རྣམ་པ་གསུམ་མོ། །བཞད་པ་ནི་སྐུ་ཉིད་བཞད་པ་སྟེ་
ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ། །དྲིལ་བུ་ནི་དབུའི་སྟེང་ན་གྲག་པ་སྟེ། འཇིག་རྟེན་པའི་དངོས་གྲུབ་ཏུ་འགྱུར་རོ། །རྔ་སྒྲ་དང་འབྲུག་སྒྲ་ནི་ཕྱི་རོལ་ན་གྲག་པ་སྟེ། སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །གཟུགས་ཀྱི་རྣམ་པ་གསུམ་ནི། མིག་གི་རྣམ་
པར་ཤེས་པའི་སྣང་བའི་ཆའམ་ཡིད་ཀྱི་རྣམ་པར་ཤེས་པའི་སྣང་བའི་ཆ་ལ་དགེ་སློང་ལ་སོགས་པར་སྣང་བར་འགྱུར་ཏེ། དེ་ལ་དགེ་སློང་མཐོང་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ། །བྲམ་ཟེར་སྣང་བ་ནི་རལ་གྲི་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་ཏུ་

འགྱུར་རོ། །བུ་མོ་སྣང་བ་ནི་སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་བར་ཤེས་པར་བྱའོ། །དེ་ནས་གཟུགས་དེ་བདག་གིས་ནི། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །ཅི་འབྱོར་པས་ནི་མཆོད་པར་བྱ། །རྟག་ཏུ་མངོན་སུམ་དམིགས་བྱས་ལ། །ཁྲོ་བོ་ཁམས་
གསུམ་རྣམ་རྒྱལ་གྱིས། །བདག་བསྲུང་ལ་སོགས་བྱས་ནས་ཀྱང་། །བདག་གི་དེ་ཉིད་དྲན་བྱེད་ཅིང་། །འབུམ་ཕྲག་གསུམ་མམ་ཡང་ན་དྲུག །དངོས་གྲུབ་མཚན་མ་བྱུང་བར་དུ། །མཉམ་པར་གཞག་པས་ཚང་བར་བྱ། །ཞེས་གསུངས་པ་ནི། འདིར་བསྙེན་སྒྲུབ་ཡན་
ལག་བཞི་ཡང་དག་པར་གསུངས་ཏེ། དེ་ལ། དེ་ནས་གཟུགས་དེ་བདག་གིས་ནི། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །ཅི་འབྱོར་པས་ནི་མཆོད་པར་བྱ། །ཞེས་པ་ནི་གོང་དུ་སྨོས་པའི་རྟགས་དང་མཚན་མ་བྱུང་ཡང་རུང་སྟེ། བདག་གིས་དེ་བཞིན་གཤེགས་པ་ལ་
སོགས་པའི་ཕྱག་རྒྱ་བཅིངས་ལ། རང་རང་གི་སྔགས་དང་མཚན་དུ་བཅས་པས་དེ་དག་གི་གཟུགས་སུ་བྱིན་གྱིས་བརླབས་ཏེ། མཆོད་པ་རྒྱ་ཆེན་པོ་བྱ་བ་ཉིད་དོ། །རྟག་ཏུ་མངོན་སུམ་དམིགས་བྱས་ལ། །ཞེས་པ་ལ་སོགས་པ་ནི་འདི་ལྟར་བདག་གིས་དེ་བཞིན་གཤེགས་
པའི་སྐུ་གཟུགས་དེ་བདག་གི་མདུན་དུ་རྟག་ཏུ་བཞུགས་པ་ལ་དེ་བཞིན་གཤེགས་པ་ཉིད་དུ་བསམས་ཏེ། དང་པོ་རང་ཉིད་ཁམས་གསུམ་རྣམ་པར་རྒྱལ་བར་བསྒོམ་པ་ནས་བགེགས་བསྐྲད་པ་དང་། བདག་ཉིད་དང་གནས་དང་མཆོད་པའི་ཡོ་བྱད་ལ་སོགས་པ་རྣམས་བསྲུང་བར་
བྱས་ཏེ། མཆོད་པ་དང་གཏོར་མ་ལ་སོགས་པ་བྱ་ཞིང་། རང་ཉིད་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་དབྱེར་མེད་པར་བྱས་ཏེ། དེ་བཞིན་གཤེགས་པའི་ཞལ་ནས་དེ་བཞིན་གཤེགས་པའི་ཞལ་དང་། ལྟེ་བ་ནས་ལྟེ་བར་ཨོཾ་ལ་སོགས་པའི་འོད་ཟེར་དཀར་པོ་དང་
ལྡན་པའི་ཕྲེང་བས་ལུ་གུ་རྒྱུད་དུ་བྱས་ཏེ། རྩ་བའི་སྔགས་འབུམ་ཕྲག་གསུམ་མམ་དྲུག་གམ། ཡང་ན་གཙོར་ནི་དངོས་གྲུབ་ཀྱི་མཚན་མ་བྱུང་གི་བར་དུ་ཕྱི་རོལ་གྱི་དངོས་པོ་རྣམས་ལ་ཡིད་མི་གཡེང་བར་མཉམ་པར་གཞག་པས་བཟླས་པ་ནི་བསྙེན་པ་ཞེས་བྱའོ། །དེ་ནས་

དབེན་པའི་གནས་སུ་ནི། སྔགས་ནི་འཁྲལ་འཁྲུལ་མེད་པ་ཡིས། །བརྒྱ་རྩ་བརྒྱད་དུ་ཚང་བར་བྱ། །ཞེས་གསུང་བ་ནི་བདེ་བར་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་ཀྱི་སྙིང་པོ་རྣམས་གནས་ཤིན་ཏུ་དབེན་པའི་ས་ཕྱོགས་སུ་དྲི་དང་བའི་རྣམ་ལྔ་ལ་སོགས་པས་ས་གཞི་
བྱུགས་ལ། མེ་ཏོག་བཀྲམ་སྟེ་མཆོད་པ་ལ་སོགས་པ་བྱས་པས་ལྷ་རེ་རེ་ལ་བརྒྱ་རྩ་བརྒྱད་དུ་སྔགས་ཟུར་མ་ཆགས་པས་ཚང་བར་བཟླ་བ་ནི་ཉེ་བའི་སྒྲུབ་པ་ཞེས་བྱའོ། །དེ་ནས་བཟླས་པའི་མཇུག་ཏུ་ནི། །དཀྱིལ་འཁོར་སྔ་མ་བཞིན་བསམས་ལ། །མཆོད་པ་རྒྱ་ཆེན་
བྱས་ནས་ཀྱང་། མཚན་གཅིག་ཐོག་ཐག་མི་ཉལ་བཟླས། །ཞེས་གསུངས་པ་ནི་ཉེ་བའི་སྒྲུབ་པ་རྫོགས་པ་དང་། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྩ་བའི་དཀྱིལ་འཁོར་ཆེན་པོའི་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་བསྐྱེད་དེ། ཡང་དག་པར་བསམས་ནས་མཆོད་པ་
རྒྱ་ཆེན་པོ་དང་། གཏོར་མ་ལ་སོགས་པ་སྔར་གསུངས་པ་བཞིན་དུ་བྱས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱི་ཉེ་བའི་སྙིང་པོ་གྲངས་ཅི་རིགས་པར་ཉི་མ་རྒས་ནས་སྐྱ་རེངས་མ་ཤར་གྱི་བར་དུ་བཟླས་པར་བྱ་སྟེ། དེ་ནི་སྒྲུབ་པ་ཞེས་བྱ་བའོ། །ཅི་སྟེ་གཙོ་བོའམ་དེ་ཡི་
སྲས། །ཡང་ན་ལྷ་རྣམས་མཐོང་འགྱུར་ན། །བསོད་ནམས་སྣོད་ལས་ཅི་དགའ་བར། །དངོས་གྲུབ་མཆོག་ནི་གསོལ་བ་གདབ། །ལྷ་ཡི་དངོས་གྲུབ་འབྲས་བུ་ནི། །དེ་ལ་རྟག་ཏུ་དགྱེས་ནས་སྩོལ། །ཕྱག་འཚལ་ནས་ནི་དངོས་གྲུབ་བླང་། །བླ་མ་དཀོན་མཆོག་
གསུམ་དག་ལ། །སྐལ་བ་རེ་རེ་ཕུལ་ནས་ནི། །དེ་ནས་རྟག་ཏུ་བདག་སྤྱོད་ཅིག །མེད་ན་མཁས་པ་བདག་ཉིད་ཀྱིས། །བླངས་ནས་ཡོངས་སུ་སྤྱད་པར་བྱ། །ཞེས་གསུངས་པ་ནི་སྒྲུབ་པ་རྫོགས་པའི་འོག་ཏུ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། །མི་འགྱུར་བ་ཡོངས་སུ་དག་པའི་
ཏིང་ངེ་འཛིན་ཞེས་བྱ་བས་དེ་བཞིན་གཤེགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་བླ་ན་མེད་པའི་དབང་པོ་ལྔའི་ཡུལ་གྱི་རང་བཞིན་དཔལ་ལྡན་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་རབ་ཀྱི་མཐའ་ལས་བྱུང་བའི་རང་རིག་པའི་ཕུང་པོ་ཆེན་པོ་སྤྲོ་ཞིང་རྒྱུན་མི་འཆད་པའི་བདེ་བ་

ཆེན་པོ་ལྔའི་རོའི་རྒྱ་མཚོ་ཆེན་པོ་ལས་རླབས་སྟོང་གིས་ཡང་ནས་ཡང་དུ་དབང་བསྐུར་ཞིང་རང་དང་གཞན་གྱི་རྣམ་པའི་ཆ་མཐའ་དག་ནུབ་པར་གྱུར་པ་དེ་ནི་མཆོག་གི་དགའ་བའི་སྡོང་པོ་ལས་བྱུང་བའི་རང་རིག་པ་མྱུ་གུ་དཔལ་རྗེ་བཙུན་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་
བའི་རྒྱལ་པོའི་ངོ་བོ་སྟེ། དེ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་བདེ་བ་ཆེན་པོ་དང་། ཆོས་དང་སྤྲུལ་པ་དང་། ངོ་བོ་ཉིད་ཀྱི་སྐུ་བཞིའི་རྟེན་དུ་གྱུར་པ་རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཡིན་ཞིང་འབྲས་བུའི་གནས་སྐབས་ཀྱི་བདག་ཉིད་དོ། །ཅི་སྟེ་གཙོ་བོའམ་དེའི་སྲས་
ཞེས་པ་ལ་སོགས་པ་ནི་དེ་ལྟར་བསྒོམས་པའི་མཐར་བདེ་བར་གཤེགས་པ་ཉིད་དམ། དེའི་སྲས་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པའམ། ཁྲོ་བོའམ་ལྷའི་གཟུགས་ལ་སོགས་པར་བསོད་ནམས་ཀྱི་སྣོད་སྒྲུབ་པ་པོའི་དྲུང་དུ་མཐོང་བར་བྱོན་ཏེ། དེ་ལ་བདག་
གིས་དགའ་བ་ཆེན་པོས་མཆོད་པ་ལ་སོགས་པ་བྱས་ལ། རང་ཇི་ལྟར་འདོད་པ་ལྟར་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་གསོལ་བ་གདབ་པར་བྱའོ། །དེ་ལ་དད་པ་དང་དམ་ཚིག་ཏུ་འབྲེལ་བས་བདེ་བར་གཤེགས་པ་རྣམས་ཀྱིས་དགྱེས་བཞིན་དུ་དངོས་གྲུབ་ཀྱི་འབྲས་
བུ་སྩོལ་བ་སྟེ། དེ་ལ་དངོས་གྲུབ་ནི་འདིར་གཉིས་སོ། །གཅིག་ནི་དམིགས་པའི་རིག་བྱར་མ་གྱུར་པ་བྱིན་གྱིས་རླབས་པ་ཆེན་པོ་དང་ལྡན་པའོ། །གཅིག་ནི་དམིགས་པའི་རིག་བྱར་གྱུར་པ་རྫས་ལ་སོགས་པའི་གཟུགས་སུ་འོངས་ཏེ། དེ་ལ་འདིར་ནི་རྫས་ལ་སོགས་པ་འོང་བ་
དགོངས་ནས། བླ་མ་དཀོན་མཆོག་གསུམ་དག་ལ། །སྐལ་བ་རེ་རེ་ཕུལ་ནས་ནི། །ཞེས་གསུངས་ཏེ། དེ་ལ་བདུད་རྩིའམ། མི་གཙང་བའམ་བཟའ་བའི་རྣམ་པ་ལ་སོགས་པ་རྒྱུ་དང་རྐྱེན་མེད་པར་སྣང་བར་གྱུར་ན་ཐེ་ཚོམ་དང་རྟོག་པ་ལ་སོགས་པ་མི་བྱ་བར་བླངས་ཏེ་བླ་
མ་དང་དཀོན་མཆོག་གསུམ་ལ་སྐལ་བའི་ཕུད་བཅད་དེ། བདག་ཉིད་ཀྱིས་བླ་ན་མེད་པའི་སེམས་ཆགས་པ་ཆེན་པོ་བསྐྱེད་ལ་སྲུང་བ་ལ་སོགས་པ་བྱས་ནས་བཟའ་བ་ལ་སོགས་ལ་ལོངས་སྤྱོད་པར་བྱ་བའོ། །མེད་པ་མཁས་པ་བདག་ཉིད་ཀྱིས། །བླངས་ནས་ཡོངས་སུ་སྤྱད་པར་

བྱ། །ཞེས་པ་ནི་བླ་མ་ལ་དགོངས་པ་སྟེ། བླ་མ་ལ་ཡུལ་གྱིས་བསྐལ་པའམ། དུས་ཀྱིས་བསྐལ་པ་ཡིན་ན་བདག་རང་གིས་སྤྱད་པར་བྱ་བ་ཉིད་དེ་དེ་དག་ནི་སྒྲུབ་པ་ཆེན་པོ་ཞེས་བྱའོ། །སེམས་ཅན་ཀུན་ལ་ཕན་བརྩོན་པར། །བསྐལ་པ་དུ་མར་གནས་པར་འགྱུར། །
ཇི་ལྟར་དངོས་གྲུབ་མ་གྲུབ་ན། །ལས་རྣམས་མ་ལུས་ནུས་འགྱུར་ཏེ། །གནོད་སྦྱིན་སྐར་མའི་གདོང་ལ་སོགས། །ཆད་པ་བཅད་ཅིང་བཀའ་ཙམ་གྱིས། །ཞི་བ་ལ་སོགས་ལས་ཀུན་ནི། །བྲན་བཞིན་ལས་ཀུན་བྱེད་པར་འགྱུར། །ཞེས་གསུངས་པ་ནི་འདིར་
དཀྱིལ་འཁོར་ཆེན་པོ་གསུམ་ལ་རྣལ་འབྱོར་པ་ཚེ་བསྲིང་བའི་ཆོ་ག་གསུམ་གསུངས་ཏེ། དེ་ལ་འོག་མ་གཉིས་པོ་ནི་ཚེ་འདི་ཉིད་ཁོ་ན་བསྒྲུབ་པ་ཡིན་ལ། འདི་ནི་ཚེ་དང་ཡང་དག་པའི་བྱང་ཆུབ་གཉི་ག་སྒྲུབ་པར་གསུངས་སོ། །དེ་གྲུབ་པ་ལས་འབྲས་བུ་ཅི་ཞིག་འོང་
སྙམ་པ་ལ། སེམས་ཅན་ཀུན་ལ་ཕན་བརྩོན་པར། །ཞེས་པ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བསྐལ་པ་གྲངས་མེད་པར་འགྲོ་བའི་དོན་བྱེད་པར་འགྱུར་རོ་ཞེས་པར་འབྲེལ་ཏོ། །ཅི་སྟེ་
དངོས་གྲུབ་མ་གྲུབ་ན། །ཞེས་པ་ནི་གལ་ཏེ་འམ་བརྒྱ་ལ་དངོས་གྲུབ་མ་གྲུབ་པར་གྱུར་ཀྱང་ཞི་བ་ལ་སོགས་པའི་ཕྲིན་ལས་རྣམ་པ་བཞི་འགྲུབ་པར་གསུངས་སོ། །གནོད་སྦྱིན་སྐར་མའི་གདོང་ལ་སོགས། །ཞེས་པ་ནི་བདག་ཉིད་འཇིག་རྟེན་པའི་དངོས་གྲུབ་ཏུ་འགྱུར་བ་ལས་
ཤིན་ཏུ་གདུལ་བར་དཀའ་བའི་ཆ་གཟུང་བ་སྟེ། གནོད་སྦྱིན་སྐར་མའི་གདོང་ལ་སོགས་པ་བདག་ཉིད་ཀྱིས་མིང་བོས་པ་ཙམ་གྱིས་ཀྱང་དྲུང་དུ་འོངས་ཏེ། བདག་གིས་བསྒོ་བའི་ལས་ཐམས་ཅད་བྱེད་པར་འགྱུར་བ་ནི་ངེས་པ་སྟེ་ཐེ་ཚོམ་མི་བྱ་བ་ཉིད་དོ། །དེ་དག་གིས་ནི་
བཅོམ་ལྡན་འདས་ཀྱིས་དབང་པོ་རྟུལ་པོའི་སེམས་ཅན་རྣམས་ཀྱི་དོན་དུ་བསྡུས་པའི་སྒྲུབ་པ་འདི་གསུངས་སོ། །ཟབ་ཅིང་རྒྱ་ཆེ་བའི་བློ་དང་ལྡན་པ་དབང་པོ་རྣོན་པོའི་གང་ཟག་རྣམས་ཀྱི་དོན་དང་། ཐེག་པ་ཆེན་པོའི་རྒྱུད་འདི་ཉིད་སྔར་གསུངས་པ་རྣམས་ཀྱི་ཚུལ་ཇི་ལྟ་བ་ཡིན་པ་

ནི་འདི་ལྟར་གཙུག་ཏོར་ཆེན་པོའི་བརྟག་པ་ལས། ཁམས་གསུམ་མ་ལུས་འདི་དག་ནི། །དཀྱིལ་འཁོར་ཆེན་པོའི་ངོ་བོ་ཡིན། །ཞེས་གསུངས་པས་ན་དེ་ལ་དེ་བཞིན་གཤེགས་པས་ནི་གསང་སྔགས་རྣམས་སྐྱེ་བ་བཞིས་བསྡུས་པའི་སེམས་ཅན་གྱི་ཚུལ་
དང་སྦྱར་ནས་གསུངས་ཏེ། དེ་ལ་དགྱེས་པའི་རྡོ་རྗེ་ལ་སོགས་པ་ནི་མངལ་ནས་སྐྱེས་པའི་ཚུལ་དུ་གསུངས་སོ། །བདེ་མཆོག་འཁོར་ལོ་ལ་སོགས་པ་ནི་རྫུས་ཏེ་སྐྱེས་པའི་ཚུལ་དང་སྦྱར་ནས་གསུངས་སོ། །གསང་བ་འདུས་པ་ལ་སོགས་པ་ཁ་ཅིག་སྐྱེ་བ་བཞིའི་ཚུལ་ལྟ་
བུར་སྣང་ཡང་ཕལ་ཆེར་སྒོ་ང་ལས་སྐྱེས་པའི་ཚུལ་དང་སྦྱར་ནས་གསུངས་སོ། །གཞུང་འདི་པ་ལ་སོགས་པ་ནི་དྲོད་གཤེར་ལས་སྐྱེས་པ་དང་སྦྱར་ནས་གསུངས་པར་ཤེས་པར་བྱ་ཞིང་། དེ་ལ་འདིར་ནི་ཤེས་པ་ཐམས་ཅད་རང་གི་ངོ་བོ་ཙམ་དུ་མཐར་ཐུག་པ་སྟེ། གཞན་ལ་
ཡོངས་སུ་འཛིན་པ་ནི་མེད་དོ། །དེ་བས་ན་ཡུལ་མེད་པའི་ཕྱིར་ཐ་སྙད་ལ་སོགས་པས་བྱེ་བྲག་ཏུ་མི་ཕྱེད་པ་ཉིད་དེ། དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་འདི་ལྟར་སྣང་བ་རེ་རེ་ལའང་མི་མཐུན་པའི་ཕྱོགས་མཐའ་དག་ལས་ལོག་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རང་གི་
སེམས་ལས་བྱུང་བའི་ངོ་བོར་བརྟག་པར་བྱའོ། །དེ་ལ་རང་གི་ཏིང་ངེ་འཛིན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་ལོག་ལ་དམིགས་པར་མི་འགྱུར་ཞིང་། སེམས་གང་ཐ་མལ་བ་འཛིན་པ་ལ་སོགས་པའི་རྣམ་པར་བྲལ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་འགྱུར་ཏེ། དེ་ཉིད་
གློ་བུར་གྱི་དྲི་མ་དང་བྲལ་བའི་ཕྱིར་འོད་གསལ་བའོ། །དེ་ལ་འདིར་ནི་འདི་ལྟར་སྣང་བ་ཐམས་ཅད་དཀྱིལ་འཁོར་ལྔས་འདུས་པ་སྟེ། སྣོད་ཀྱི་དཀྱིལ་འཁོར་དང་། རྒྱུའི་དཀྱིལ་འཁོར་དང་། ཐབས་ཀྱི་དཀྱིལ་འཁོར་དང་། ལམ་གྱི་དཀྱིལ་འཁོར་དང་། འབྲས་བུའི་
དཀྱིལ་འཁོར་རོ། དེ་ལ་སྣོད་ཀྱི་དཀྱིལ་འཁོར་ནི་རྟེན་པ་སྟེ། དབུས་ཀྱི་རི་བོ་མཆོག་རབ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། ངན་སོང་སྦྱོང་བ་དང་། རིན་ཆེན་ཏོག་དང་། ཤཱཀྱ་ཐུབ་པ་དང་། མེ་ཏོག་ཆེར་རྒྱས་སོ། །གཉའ་ཤིང་འཛིན་ནི་རྡོ་རྗེ་སེམས་

དཔའོ། །དེ་ལྟར་རིམ་པ་ཇི་ལྟ་བ་བཞིན་དུ། གཉའ་ཤིང་འཛིན་དང་། གཤོལ་མདའ་འཛིན་དང་། སེང་ལྡེང་ཅན་དང་། བལྟ་ན་སྡུག་རི་དང་། རྟ་རྣ་དང་། རྣམ་འདུད་དང་། མུ་ཁྱུད་འཛིན་དང་། དེ་དག་གི་བར་གྱི་རོལ་མཚོ་བདུན་དང་། ལྕགས་སྦས་དང་། འཁོར་
ལོ་ཅན་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་བཅུ་དྲུག་གི་ངོ་བོ་ཉིད་དོ། །འཛམ་བུའི་གླིང་དང་། བ་ལང་སྤྱོད་དང་། སྒྲ་མི་སྙན་དང་། ལུས་འཕགས་པོ་རྣམས་ནི་སངས་རྒྱས་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་སོ། །
ལུས་དང་། ལུས་བསྲུང་དང་། སྒྲ་མི་སྙན་དང་། སྒྲ་བསྲུང་དང་། རྔ་ཡབ་དང་། རྔ་ཡབ་གཞན་དང་། གཡོ་ལྡན་དང་། ལམ་མཆོག་འགྲོ་རྣམས་ནི་སྒེག་མོ་ལ་སོགས་པའི་ལྷ་མོ་བརྒྱད་དོ། །ཤིང་ཆེན་པོ་ལུས་བརྒྱད་དང་། འཛམ་བུ་ཤིང་དང་། བ་ལང་སྣ་དང་། སྒྲ་
འབྱིན་རྣམས་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་སྐྱོང་བཞིའོ། །ཕྱིའི་ལྕགས་རི་ནག་པོ་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་ལ་སོགས་པ་ནི་རིན་པོ་ཆེའི་གཞལ་ཡས་ཁང་དུ་ཤེས་པར་བྱའོ། །རྒྱུའི་དཀྱིལ་འཁོར་ནི་བསྐྱེད་པ་ཉིད་དེ། དེ་ལ་གཟུགས་
ཀྱི་ཕུང་པོ་ནི་ངན་སོང་སྦྱོང་བའོ། །ཚོར་བའི་ཕུང་པོ་ནི་རིན་ཆེན་ཏོག་གོ། །འདུ་ཤེས་ཀྱི་ཕུང་པོ་ནི་ཤཱཀྱ་ཐུབ་པའོ། །འདུ་བྱེད་ཀྱི་ཕུང་པོ་ནི་མེ་ཏོག་ཆེར་རྒྱས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྣམ་པར་སྣང་མཛད་དེ། །སའི་ཁམས་ནི་སངས་རྒྱས་སྤྱན་ནོ། །ཆུའི་ཁམས་
ནི་མཱ་མ་ཀཱིའོ། །མེའི་ཁམས་ནི་གོས་དཀར་མོའོ། །རླུང་གི་ཁམས་ནི་སྒྲོལ་མའོ། །མིག་གི་ཁམས་ནི་རྡོ་རྗེ་སེམས་དཔའོ། །གཟུགས་ཀྱི་ཁམས་ནི་རྡོ་རྗེ་རྒྱལ་པོའོ། །མིག་གི་རྣམ་པར་ཤེས་པའི་ཁམས་ནི་རྡོ་རྗེ་ཆགས་པའོ། །རྣ་བའི་ཁམས་ནི་རྡོ་རྗེ་ལེགས་པའོ། །
སྒྲའི་ཁམས་ནི་རྡོ་རྗེ་རིན་ཆེན་ནོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་ནི་རྡོ་རྗེ་ཉི་མའོ། །སྣའི་ཁམས་ནི་རྡོ་རྗེ་རྒྱལ་མཚན་ནོ། །དྲིའི་ཁམས་ནི་རྡོ་རྗེ་བཞད་པའོ། །སྣའི་རྣམ་པར་ཤེས་པའི་ཁམས་ནི་རྡོ་རྗེ་ཆོས་སོ། །ལྕེའི་ཁམས་ནི་རྡོ་རྗེ་རྣོན་པོའོ། །རོའི་ཁམས་ནི་རྡོ་རྗེ་འཁོར་

ལོའོ། །ལྕེའི་རྣམ་པར་ཤེས་པའི་ཁམས་ནི་རྡོ་རྗེ་གསུང་ངོ་། །ལུས་ཀྱི་ཁམས་ནི་རྡོ་རྗེ་ལས་སོ། །རེག་བྱའི་ཁམས་ནི་རྡོ་རྗེའི་གོ་ཆའོ། །ཡིད་ཀྱི་ཁམས་ནི་རྡོ་རྗེ་གནོད་སྦྱིན་ནོ། །ཆོས་ཀྱི་ཁམས་ནི་རྡོ་རྗེ་ཁུ་ཚུར་རོ། །མིག་གི་སྐྱེ་མཆེད་ནི་སྒེག་མོའོ། །སྣའི་
སྐྱེ་མཆེད་ནི་ཕྲེང་བའོ། །རྣ་བའི་སྐྱེ་མཆེད་ནི་གླུ་མའོ། །ལྕེའི་སྐྱེ་མཆེད་ནི་གར་མཁན་ནོ། །གཟུགས་ཀྱི་སྐྱེ་མཆེད་ནི་བདུག་པ་མའོ། །རོའི་སྐྱེ་མཆེད་ནི་མེ་ཏོག་མའོ། །སྒྲའི་སྐྱེ་མཆེད་ནི་སྣང་བ་མའོ། །དྲིའི་སྐྱེ་མཆེད་ནི་དྲི་ཆབ་མའོ། །ལུས་ཀྱི་སྐྱེ་མཆེད་ནི་ལྕགས་ཀྱུ་
མའོ། །རེག་བྱའི་སྐྱེ་མཆེད་ནི་ཞགས་པ་མའོ། །ཡིད་ཀྱི་སྐྱེ་མཆེད་ནི་ལྕགས་སྒྲོག་མའོ། །ཆོས་ཀྱི་སྐྱེ་མཆེད་ནི་དྲིལ་བུ་མའོ། །རྐང་ལག་གི་དུམ་བུ་བརྒྱད་ནི་ཀ་བ་བརྒྱད་དོ། །བུ་ག་བཞི་ནི་སྒོ་བཞི་པའོ། །ས་བོན་ལ་སོགས་པ་ལྔ་ནི་རིན་པོ་ཆེ་སྣ་ལྔའི་རྩིག་པའོ། །སྒལ་ཚིགས་
ནི་རིན་པོ་ཆེའི་ཕ་གུའོ། །རྩིབ་མ་དང་རྩིབ་བུ་ཐུང་ནི་དྲ་བ་དང་དྲ་བ་ཕྱེད་དོ། །སྨིན་མ་ལ་སོགས་པ་བུ་ག་བཞིའི་ཕྱི་རོལ་ན་གནས་པ་ནི་རྟ་བབས་བཞིའོ། །སྐྲ་དང་བ་སྤུ་ལ་སོགས་པ་ནི་བ་དན་དང་ལྡ་ལྡི་རྣམས་སུ་ཤེས་པར་བྱའོ། །ཐབས་ཀྱི་དཀྱིལ་འཁོར་ནི་སྒྲུབ་པ་ཉིད་དོ། །དེ་ནི་རྣམ་པ་
གཉིས་ཏེ་ནང་གི་བདག་ཉིད་ཅན་གྱིས་བསྡུས་པ་དང་། ཕྱིའི་བདག་ཉིད་ཅན་གྱིས་བསྡུས་པའོ། །དེ་ལ་ནང་གི་བདག་ཉིད་ཅན་ལ་གཉིས་ཏེ། དམིགས་པའི་རྐྱེན་གྱིས་བསྡུས་པ་དང་། བདག་པོའི་དབང་གིས་བསྡུས་པའོ། །དམིགས་པའི་རྐྱེན་གྱིས་བསྡུས་པ་ལ་དྲུག་སྟེ། མིག་
དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དོ། །དེ་དག་ལ་ནི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཁོ་ནར་གསུངས་ཏེ། དེ་ཡང་མིག་ལ་ནི་གཟུགས་དང་ཁ་དོག་གི་བྱེ་བྲག་གིས་མཚོན་ཏོ། །རྣ་བ་ལ་ནི་ངག་རྩུབ་མོ་ལ་སོགས་པ་ཡིད་ཀྱི་རྣམ་པར་ཤེས་པས་ཀུན་ནས་བསླང་བའི་སྒྲའི་བྱེ་
བྲག་གིས་མཚོན་ཏོ། །སྣ་ལ་ནི་དྲི་ཞིམ་པ་ལ་སོགས་པ་དྲིའི་བྱེ་བྲག་གི་སྒོ་ནས་མཚོན་ཏེ་ལྕེ་ལ་ནི་རོ་མངར་བ་ལ་སོགས་པ་རོའི་བྱེ་བྲག་གི་སྒོ་ནས་མཚོན་ཏོ། །ལུས་ལ་ནི་འཇམ་པ་ལ་སོགས་པ་རེག་བྱའི་བྱེ་བྲག་གི་སྒོ་ནས་མཚོན་ཏོ། །ཡིད་ལ་ནི་ཞེ་སྡང་ལ་སོགས་པ་སེམས་

ཀྱི་ཁྱད་པར་གྱིས་མཚོན་ཏོ། །བདག་པོའི་དབང་གིས་བསྡུས་པ་ལ་གཉིས་ཏེ། ཕྱི་རོལ་དུ་དམིགས་པ་དང་། ནང་དུ་དམིགས་པའོ། །ཕྱིའི་བདག་ཉིད་ཅན་གྱིས་བསྡུས་པ་ལ་བཞི་སྟེ། ལུགས་སུ་བླུགས་པ་དང་། འབུར་དང་། ཚོན་དང་བྱུག་པའོ། །ཚོན་ལ་གཉིས་ཏེ།
ཆུ་ཚོན་དང་རྡུལ་ཚོན་ནོ། །དེ་དག་གིས་གཞན་དུ་གསུངས་པའི་སྐུ་དང་གསུང་དང་། ཐུགས་དང་། ངོ་བོ་ཉིད་དང་། གཟུགས་བརྙན་དང་། དམ་ཚིག་ལ་སོགས་པའང་བསྡུས་སོ། །ལམ་གྱི་དཀྱིལ་འཁོར་ནི་བགྲོད་པ་ཡིན་ལ་དེ་ནི་རྣམ་པ་གཉིས་ཏེ། སྦྱིན་པ་ལ་སོགས་པའི་
ཕ་རོལ་ཏུ་ཕྱིན་པ་ལྔ་ལ་ཟང་ཟིང་ལ་སོགས་པའི་དབྱེ་བས་ལྷའི་ངོ་བོ་ནི་གཞན་དུ་བཤད་ལ། འདི་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ཉེ་བར་སྦྱར་བར་བྱ་སྟེ། དེ་ལ་དད་པའི་སྟོབས་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ། །དྲན་པའི་སྟོབས་ནི་ངན་སོང་སྦྱོང་བའོ། །ཏིང་
ངེ་འཛིན་གྱི་སྟོབས་ནི་རིན་ཆེན་ཏོག་གོ། །ཤེས་རབ་ཀྱི་སྟོབས་ནི་ཤཱཀྱ་ཐུབ་པའོ། །བརྩོན་འགྲུས་ཀྱི་སྟོབས་ནི་མེ་ཏོག་ཆེར་རྒྱས་སོ། །ལུས་དྲན་པ་ཉེ་བར་གཞག་པ་ནི་སངས་རྒྱས་སྤྱན་ནོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་གོས་དཀར་མོའོ། །ཆོས་དྲན་པ་ཉེ་བར་
གཞག་པ་ནི་མཱ་མ་ཀཱིའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་སྒྲོལ་མའོ། །དད་པའི་དབང་པོ་ནི་རྡོ་རྗེ་སེམས་དཔའོ། །དྲན་པའི་དབང་པོ་ནི་རྒྱལ་པོའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཆགས་པའོ། །ཤེས་རབ་ཀྱི་དབང་པོ་ནི་ལེགས་པའོ། །བརྩོན་འགྲུས་ཀྱི་དབང་པོ་
ནི་རིན་ཆེན་ནོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཉི་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྒྱལ་མཚན་ནོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བཞད་པའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་སོ། །དགའ་བ་
ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྣོན་པོའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གསུང་པའོ། །འདུན་པ་རྫུ་འཕྲུལ་གྱི་རྐང་པ་ནི་ལས་སོ། །བརྩོན་འགྲུས་རྫུ་འཕྲུལ་གྱི་

རྐང་པ་ནི་གོ་ཆའོ། །སྤྱོད་པ་རྫུ་འཕྲུལ་གྱི་རྐང་པ་ནི་གནོད་སྦྱིན་ནོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་ཁུ་ཚུར་རོ། །ཡང་དག་པའི་ངག་ནི་སྒེག་མོའོ། །ཡང་དག་པའི་དྲན་པ་ནི་ཕྲེང་བ་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་གླུ་མཁན་མའོ། །ཡང་དག་པའི་
ལྟ་བ་ནི་གར་མཁན་མའོ། །ཡང་དག་པའི་འཚོ་བ་ནི་བདུག་པ་མའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་མེ་ཏོག་མའོ། །ཡང་དག་པའི་རྟོག་པ་ནི་སྣང་བ་མའོ། །ཡང་དག་པའི་རྩོལ་བ་ནི་དྲི་ཆབ་མའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་འཇིག་པར་བྱེད་པ་ནི་རྡོ་
རྗེ་ལྕགས་ཀྱུའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་ཞགས་པ་མའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་ནི་ལྕགས་སྒྲོག་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་བསྲུང་བ་ནི་དྲིལ་བུ་མའོ། །བྱམས་པ་ལ་སོགས་པ་ཚད་མེད་
པ་བཞི་ནི་སྒོ་བ་བཞིའོ། །ཏིང་ངེ་འཛིན་བཞི་ནི་རྟ་བབས་བཞིའོ། །རྣམ་པར་ཐར་པ་བརྒྱད་ནི་ཀ་བ་བརྒྱད་དོ། །འཕགས་པའི་བདེན་པ་བཞི་ནི་ལོགས་བཞིའོ། །བསམ་གཏན་བཞི་ནི་རིན་པོ་ཆེའི་ཕ་གུའོ། །མཐར་གྱིས་སྙོམས་པར་འཇུག་པ་དགུ་ནི་དྲ་བ་དྲ་ཕྱེད་དུ་ཡང་དག་
པར་ཤེས་པར་བྱའོ། །འབྲས་བུའི་དཀྱིལ་འཁོར་ནི་གཉིས་ཏེ་ཆོས་ཀྱི་སྐུའི་ཚུལ་དང་། ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་ལོ། །དེ་ལ་འདིར་ཆོས་ཀྱི་སྐུའི་ཚུལ་ནི་འདི་ལྟར་རང་བཞིན་རྣམ་པར་དག་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐམས་ཅད་ཀྱི་རྒྱུར་འགྱུར་བ་
ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ནི་རྣམ་པར་སྣང་མཛད་ཀྱི་བདག་ཉིད་དོ། །ཤེས་རབ་ཀྱི་མཐའ་ལས་བྱུང་བའི་རྒྱུ་མཚན་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་བདག་ཉིད་དོ། །དམིགས་པ་མེད་ཅིང་བདག་ཉིད་དང་དབྱེར་མི་ཕྱེད་པའི་མཉམ་
པ་ཉིད་ཀྱི་ཡེ་ཤེས་ནི་རིན་པོ་ཆེ་ཏོག་གི་བདག་ཉིད་དོ། །ཤེས་བྱ་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པར་རྟོག་པ་སོ་སོར་རྟོག་པའི་ཡེ་ཤེས་ནི་ཤཱཀྱ་ཐུབ་པའི་བདག་ཉིད་དོ། །འགྲོ་བ་མཐའ་དག་གི་དོན་བྱེད་པ་བྱ་བ་གྲུབ་པའི་ཡེ་ཤེས་ནི་མེ་ཏོག་ཆེན་པོ་རྒྱས་པའི་བདག་ཉིད་དོ། །རྣམ་

པར་ཐར་པའི་སྒོས་ཆོས་ཀྱི་དབྱིངས་ལ་དམིགས་ཏེ། ཏིང་ངེ་འཛིན་ཐམས་ཅད་བསྐྱེད་པའི་རྒྱུ་སྟོང་པ་ཉིད་ནི་སངས་རྒྱས་སྤྱན་ནོ། །མཚན་མ་མེད་པ་ནི་མཱ་མ་ཀཱིའོ། །སྨོན་པ་མེད་པ་ནི་གོས་དཀར་མོའོ། །མངོན་པར་འདུ་མི་བྱེད་པ་ནི་སྒྲོལ་མའོ། །དེ་བཞིན་དུ་ལོག་པའི་ཆོས་རེ་རེ་ལས་
བྲལ་བའི་ནང་སྟོང་པ་ཉིད་ནི་རྡོ་རྗེ་སེམས་དཔའོ། །ཕྱི་སྟོང་པ་ཉིད་ནི་རྡོ་རྗེ་རྒྱལ་པོའོ། །ཕྱི་ནང་སྟོང་པ་ཉིད་ནི་རྡོ་རྗེ་ཆགས་པའོ། །ཆེན་པོ་སྟོང་པ་ཉིད་ནི་རྡོ་རྗེ་ལེགས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་རྡོ་རྗེ་རིན་ཆེན་ནོ། །དོན་དམ་པ་སྟོང་པ་ཉིད་ནི་རྡོ་རྗེ་ཉི་མའོ། །འདུས་བྱས་སྟོང་པ་
ཉིད་ནི་རྡོ་རྗེ་རྒྱལ་མཚན་ནོ། །འདུས་མ་བྱས་སྟོང་པ་ཉིད་ནི་རྡོ་རྗེ་བཞད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་རྡོ་རྗེ་ཆོས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་རྡོ་རྗེ་རྣོན་པོའོ། །དོར་བ་མེད་པ་སྟོང་པ་ཉིད་ནི་རྡོ་རྗེ་འཁོར་ལོའོ། །རང་བཞིན་སྟོང་པ་ཉིད་ནི་རྡོ་རྗེ་གསུང་ངོ་། །
རང་གི་མཚན་ཉིད་སྟོང་པ་ཉིད་ནི་རྡོ་རྗེ་ལས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་རྡོ་རྗེ་སྲུང་བའོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི་རྡོ་རྗེ་གནོད་སྦྱིན་ནོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་རྡོ་རྗེ་མཚམས་སྦྱོར་རོ། །དེ་བཞིན་དུ་འདིར་ཡང་ཕྱིན་ཅི་ལོག་གི་ཆོས་རེ་རེའི་གཉེན་པོ་
བདག་དང་གཞན་དུ་དམིགས་པ་ཆོས་ཀྱི་སྐུའི་ཏིང་ངེ་འཛིན་རྒྱུན་ཆེན་པོ་དམིགས་པ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྒེག་མོའི་བདག་ཉིད་དོ། །བདག་དང་གཞན་དུ་རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྲེང་བ་མའོ། །དུས་ཐམས་ཅད་དུ་སྲོག་ལ་
བབ་ཀྱང་ཁྲོ་བའི་སེམས་མི་སྐྱེ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་གླུ་མཁན་མའོ། །གནས་སྐབས་ཐམས་ཅད་དུ་བར་ཆད་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གར་མཁན་མའོ། །དེ་བཞིན་དུ་རྟོག་པ་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདུག་པ་མའོ། །
ནང་དང་ཕྱི་རོལ་གྱི་རྣམ་པར་གཡེང་བ་ཐམས་ཅད་དང་བྲལ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མེ་ཏོག་མའོ། །བསམ་པ་ཕྱིན་ཅི་ལོག་གིས་བསྐྱེད་པའི་སྨོན་ལམ་ངན་པ་དང་བྲལ་བའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣང་བ་མའོ། །ཐབས་ཕྱིན་ཅི་ལོག་ཐམས་ཅད་དང་བྲལ་

བའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲི་ཆབ་མའོ། །འགྲོ་བའི་སྡུག་བསྔལ་ལ་མངོན་པར་གཟིགས་པའི་སྙིང་རྗེ་ནི་ལྕགས་ཀྱུ་མའོ། །དེ་ཉིད་སྒྲོལ་བ་ལ་མངོན་པར་བརྩོན་པའི་བྱམས་པ་ནི་ཞགས་པ་མའོ། །དེ་དག་ལ་མངོན་པར་དགྱེས་པའི་དགའ་བ་ནི་ལྕགས་
སྒྲོག་མའོ། །ཐམས་ཅད་དུ་དམིགས་པ་མེད་པའི་བཏང་སྙོམས་ཆེན་པོའི་ཏིང་ངེ་འཛིན་ནི་དྲིལ་བུ་མའི་བདག་ཉིད་དོ། །ལོངས་སྤྱོད་རྫོགས་པ་སྐུའི་ཚུལ་ནི་གོང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རིན་པོ་ཆེ་ཐམས་ཅད་ཀྱི་མཆོག་ལྷ་དང་མི་རྣམས་ལས་ཁྱད་པར་དུ་
གྱུར་པ་ཆོས་ཀྱི་སྐུ་ལས་བྱུང་བས་ཡེ་ཤེས་ལྔའི་ཚུལ་དང་། སྤྲུལ་པའི་སྐུས་འགྲོ་བའི་དོན་མཛད་པའི་འདོད་པའི་ཡོན་ཏན་ལྔས་གདུལ་བྱའི་སེམས་ཅན་རྣམས་གདུལ་བའི་ཆེད་དུ་རིན་པོ་ཆེའི་གཞལ་ཡས་ཁང་ན་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པ་དང་། ཐེག་པ་ཆེན་
པོ་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཉིད་ཀྱིས་ལོངས་སྤྱོད་པའི་སངས་རྒྱས་འབའ་ཞིག་ཉིད་དོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་ཅན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྤངས་པ་ལས་རྣམ་པར་བྱང་བའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་
ཀྱི་མཚན་ཉིད་ཅན་དུ་རིག་པར་བྱ་སྟེ། དེ་བས་ན་ཇི་སྲིད་སེམས་ཀྱི་ཀུན་དུ་རྟོག་པ་མཐའ་དག་སྤངས་པ་ནས། དེ་ཁོ་ན་ཉིད་ཀུན་རྟོག་གི་བར་དུ་དེ་ཁོ་ན་ཉིད་ལ་བརྟེན་ནས་དེའི་ངོ་བོ་ལྷག་པར་ཞེན་པའི་ཕྱིར་དང་། དེ་བས་བྱུང་བ་ལ་བརྟེན་ཏེ་རྣལ་འབྱོར་པ་རྣམས་ཀྱི་ཤེས་པ་རྫོགས་པ་
ལས་དེ་རྣམས་སྐྱེ་བར་འདོད་དོ། །དེ་ལྟར་བདག་ཉིད་དང་དངོས་པོ་ཐམས་ཅད་དབྱེར་མེད་པར་བལྟས་ཏེ། གཟུགས་ལ་སོགས་པ་ཐམས་ཅད་ཡུལ་མེད་པར་གསལ་བས་ཡུལ་དུ་བྱས་ནས་བདག་ཉིད་ལ་ཡང་དག་པར་མཆོད་པར་བྱའོ། །དེ་ལ་གང་དག་གཟུགས་ལ་སོགས་པ་
ཉམས་སུ་མྱོང་བ་ཐམས་ཅད་བཀག་ནས་བདག་ཉིད་ལ་མཆོད་པས་མཆོག་ཏུ་ཇི་ལྟར་འགྱུར་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་སེམས་ལས་མ་གཏོགས་པའི་གཞན་དུ་ལྷའི་བདག་ཉིད་ཡོད་པ་མ་ཡིན་པས་ན། བདག་ཉིད་ཁོ་ན་མཆོད་པར་བྱ་བ་ཉིད་དོ། །དེ་བས་ན་

སེམས་ལས་གཞན་དུ་མཆོད་པར་བྱ་བ་གང་ཡང་མེད་དེ། སྐུ་གཟུགས་ལ་སོགས་པ་ཡང་རང་གི་སེམས་ཀྱིས་ལྷར་བསྐྱེད་པའི་བཏགས་པ་ཙམ་ལས་གཞན་དུ་དངོས་པོ་མེད་པ་ཉིད་དོ། །དེ་བས་ན་བདག་ཉིད་ལྷར་བསྐྱེད་པ་ལས་དུག་མེད་ཅིང་བླ་ན་མེད་པའི་འབྲས་བུ་ཐོབ་པ་
ནི་ངེས་པ་ཉིད་དེ་ཐེ་ཚོམ་མི་བྱ་བ་ཉིད་དོ། །གང་དག་ཉམས་སུ་མྱོང་བ་བཀག་པ་ལས་མི་སྐྱེ་བ་ནི་ཁྱད་པར་སྤྱིར་ཞུགས་པའི་ཚིག་སྟེ། ཁྱད་པར་དུ་བྱ་བ་དང་ལྡན་པའི་ཕྱིར་རོ། །ཡུལ་གཅིག་ལ་ནི་བྱེད་པ་འགག་པར་འགྱུར་ཏེ། ཡུལ་སྣ་ཚོགས་ལ་ནི་མ་ཡིན་ནོ། །དེ་ལ་
གང་དག་གི་ངོ་བོ་ཡུལ་དུ་བྱེད་ན་ནི་ཡུལ་སྣ་ཚོགས་པར་ཡང་འཐད་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ཚོགས་པའི་ཁྱད་པར་ལ་འདོད་པའི་འབྲས་བུ་སྐྱེ་བ་ནི་རྗེས་སུ་མཐུན་པའོ། །ལས་གང་ལས་མི་འདོད་པའི་འབྲས་བུ་འབྱུང་བ་ནི་དགག་པར་བྱ་བའི་ཡུལ་ཡིན་ཞིང་དེའི་ངོ་
བོ་ལྷག་པར་ཞེན་པ་ཙམ་གྱིས་ནི་ཐམས་ཅད་དུ་དེ་ལྟར་མི་འགྱུར་ཏེ། དཔེར་ན་དུག་ལ་སྔགས་ལ་སོགས་པས་བྱིན་གྱིས་བརླབས་པ་ཟོས་ཀྱང་འཆི་བ་ལ་སོགས་པའི་ནུས་པ་མེད་པ་བཞིན་ནོ། །ལུས་ཀྱི་ལ་སོགས་པ་སྤྱིར་ཡང་བཀག་པ་དེ་དག་ཀྱང་ངེས་པ་མེད་དེ། འདི་
ལྟར་སྙིང་རྗེ་ལ་སོགས་པས་བསླང་བའི་ལས་ཀྱིས་ཕྱོགས་གཞན་དུ་མི་འདོད་པའི་འབྲས་བུར་འགྱུར་བའང་ཡོད་དེ། ཁ་ཅིག་ཏུ་ཚ་པའི་ནད་ཀྱིས་བཏབ་པ་རླུང་གཡབ་པ་ལས་དེ་དང་མི་མཐུན་པས་གང་ཟག་དེ་འཆི་བའི་རྒྱུ་བསྐྱེད་པ་ཉིད་དང་། ཡང་ཁ་ཅིག་ཏུ་བུད་མེད་ཀྱི་
འགྲོ་བ་ཆུ་ཡིས་ཁྱེར་བ་ལ་སའི་འདུ་ཤེས་ཀྱིས་བཏོན་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སྙིང་རྗེ་ལ་སོགས་པ་དགེ་བ་ཡིད་ལ་བྱེད་པའི་སྟོབས་ཀྱིས་ལས་གང་དང་གང་བྱས་པ་ཐམས་ཅད་གནང་བའི་ཡུལ་ཡིན་ཞིང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་
གྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་བཤད་པའི་མདོ་ལས། དགེ་བའི་སེམས་ཀྱིས་བྱམས་བསྐྱེད་ནས། །སྙིང་རྗེས་དོན་གཞན་སྟོན་པ་ལ། །གནང་བ་བྱིན་པས་སྡིག་མི་འགྱུར། །ཞེས་པ་ནས་གཞན་ཡང་། བྱང་ཆུབ་སེམས་

དཔའི་རྟོག་པ་ཡིས། །དགེ་དང་མི་དགེ་གང་བྱས་ཀྱང་། །དེ་དག་ཡིད་ཀྱི་དབང་བྱས་ཕྱིར། །ཐམས་ཅད་དགེ་བར་འགྱུར་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ཐབས་མཁས་པ་མ་ཡིན་པས་ཀྱང་སྲོག་གཅོད་པ་ལས་ཕྱིར་ལྡོག་པར་གཞག་པར་བྱ་
སྟེ། ཐབས་མཁས་པ་ཡིན་པ་ལ་གནང་བ་བྱིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་སུམ་ཅུ་རྩ་གསུམ་པ་ལས། འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྲོག་གཅོད་པ་ལས་ཕྱིར་ལྡོག་པར་བྱ་བ་ཡིན་ཏེ། ཇི་སྲིད་དཀོན་མཆོག་གསུམ་
ལ་གནོད་པ་བྱེད་པ་མཐོང་བའི་བར་དུའོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་སྤང་བའི་ཕྱིར་ཏེ། ཇི་སྲིད་དུ་སེར་སྣ་ཅན་དག་མཐོང་བའི་བར་དུའོ། །དེ་བཞིན་དུ་འདོད་པའི་དབང་གིས་གཞན་གྱི་བུད་མེད་སྤྱད་པར་བྱ་བ་མ་ཡིན་ཏེ། ཇི་སྲིད་གཏེར་ལ་སོགས་པ་སྟེར་བའི་པར་དུའོ་ཞེས་
གསུངས་ཏེ། དེ་དག་ལ་སོགས་པ་བསླབ་པའི་གཞི་ཐམས་ཅད་ནི་གཞན་དུའང་རྒྱས་པར་བལྟ་བར་བྱའོ། །ཡང་འདིར་རྙེད་པ་ལ་སོགས་པས་བསླང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ནི་མི་དགེ་བ་ཉིད་ཡིན་ཏེ། མི་འདོད་པའི་འབྲས་བུ་སྟེར་བའི་ཕྱིར་རོ། །དེ་ལ་དེའི་རང་གི་
ངོ་བོ་ནི་ལུང་དུ་མ་བསྟན་པ་ཡིན་ཞིང་གང་དུ་གཞན་ལ་ཕན་པར་བྱེད་པའི་བསམ་པ་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའི་བསླབ་པའི་རང་གི་ངོ་<བ་‚བོ་>ཡིན་ཏེ་བླ་ན་མེད་པའི་འབྲས་བུ་འདྲེན་པར་བྱེད་པའི་ཕྱིར་རོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་བདག་ཉིད་ཀྱི་སྤྱོད་པས་ཡོངས་
སུ་སྤྱོད་པ་ལ་ནི་ཁ་ན་མ་ཐོ་བ་དང་བཅས་པར་མི་འགྱུར་ཏེ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས། ཆོས་དང་ཡོན་ཏན་བྱང་ཆུབ་ལུང་བསྟན་ཤེས་གྱུར་པ། །དེ་ནི་ཚུལ་ཁྲིམས་ནོར་དང་ཆོས་དང་ཡང་དག་ལྡན། །གང་ཞིག་ཆོས་དང་བྱང་ཆུབ་ཡོན་ཏན་སྨོད་བྱེད་པ། །
དེ་ནི་གཙོ་བོའི་ཚུལ་ཁྲིམས་འཆལ་ཞེས་རབ་ཏུ་བཤད། །ཅེས་གསུངས་པའི་ཕྱིར་དང་། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ཆེན་པོ་ལས་ཀྱང་ཐབས་མཁས་པ་དང་ལྡན་པ་དག་གིས་དངོས་པོ་ཐམས་ཅད་སྨད་པར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་འདིར་གཟུགས་ལ་

སོགས་པའི་ཡུལ་རང་གི་བསམ་པས་ལོངས་སྤྱོད་པར་མཚུངས་ཀྱང་། ཁ་ན་མ་ཐོ་བ་དང་ཁ་ན་མ་ཐོ་བ་མེད་པའི་འབྲས་བུར་རྣམ་པར་གཞག་པར་བྱ་སྟེ། ཉོན་མོངས་པའི་བསམ་བས་ནི་ཉོན་མོངས་པའི་ཡུལ་ལ་སྤྱོད་དོ། །ཉོན་མོངས་པ་མེད་པ་ནི་ཉོན་མོངས་པ་མེད་པར་ལོངས་སྤྱོད་
པའོ། །དེ་ཡང་རྣམ་པ་གསུམ་སྟེ། འཇིག་རྟེན་པའི་འབྲས་བུར་མཐུན་པ་དང་། རང་མྱ་ངན་ལས་འདས་པའི་འབྲས་བུར་མཐུན་པ་དང་བླ་ན་མེད་པའི་འབྲས་བུར་མཐུན་པའོ། །དེ་ལ་དང་པོ་ནི་མཐོ་རིས་ལ་སོགས་པའི་འབྲས་བུ་འདོད་པས་ལྷ་ལ་སོགས་པ་ལ་མཆོད་པའི་ངེས་པར་
འབྱུང་བ་ཡིད་ལ་བྱེད་པའོ། །གཉིས་པ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཀྱི་དོན་དུ་གཟུགས་ལ་སོགས་པ་ལ་ངེས་པར་འབྱུང་བའི་རྣམ་པས་སོ་སོར་རྟོག་པ་སྟེ། ཇི་ལྟར་ཡང་དག་པ་མཚུངས་པར་ལྡན་པའི་མདོ་ལས། དགེ་སློང་དག་འདིར་གང་མིག་གིས་གཟུགས་རྣམས་མཐོང་
བ་ན་གཟུགས་དེ་དག་ཉེ་བར་དམིགས་པར་མི་བྱ་བ་ནི་མི་རྟག་པ་ལ་སོགས་པའི་བར་ལ་གནས་ཏེ། གཟུགས་ལ་སོགས་པ་ལ་ཉེ་བར་དམིགས་པར་མི་བྱའོ་ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི་རྣམ་པ་བཞི་སྟེ། སྨོན་ལམ་གྱི་སྟོབས་ཀྱིས་རྣམ་པར་གྲོལ་བ་བསྒོམ་པ་དང་དེ་ཁོ་ན་ཉིད་
འབའ་ཞིག་ལ་སོ་སོར་རྟོག་པས་བསྒོམ་པ་དང་། བདག་མེད་པ་ཙམ་ལ་དམིགས་པས་བསྒོམ་པ་དང་། ཟབ་ཅིང་རྒྱ་ཆེ་བ་ལ་བསྒོམ་པའོ། །དེ་ལ་དང་པོ་ནི་གཟུགས་ལ་སོགས་པ་འདི་ལྟར་སྣང་ཞིང་ཉམས་སུ་མྱོང་བ་རྣམས་ཀྱི་རྗེས་སུ་འབྲངས་ཏེ་འགྲོ་བ་མཐའ་དག་ལ་ཕན་པར་བྱེད་པའི་
སེམས་མངོན་དུ་བསྒོམ་པ་སྟེ། ཇི་ལྟར་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་གང་དུ་གཟུགས་ཡིད་དུ་འོང་བ་དག་མཐོང་ན། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་མཆོག་གི་གཟུགས་ཐོབ་པར་གྱུར་ཅིག་ཅེས་དེ་ལྟར་སེམས་
བསྐྱེད་པར་བྱ་བ་དང་། གནས་གང་དུ་གཟུགས་ཡིད་དུ་མི་འོང་བ་དག་མཐོང་བ་ན། སེམས་ཅན་ཐམས་ཅད་འདི་འདྲ་བའི་འཁོར་བའི་སྡུག་བསྔལ་ལས་ཐར་བར་གྱུར་ཅིག་ཅེས་པ་དེ་ལྟར་སེམས་བསྐྱེད་པར་བྱ་བ་དང་། གནས་གང་དུ་བཏང་སྙོམས་ཀྱི་གཟུགས་མཐོང་བ་ན། སེམས་

ཅན་ཐམས་ཅད་སེམས་མཉམ་པ་ཉིད་དུ་གྱུར་ཅིག་ཅེས་དེ་ལྟར་སེམས་བསྐྱེད་པར་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང་། དེ་བཞིན་དུ་མདོ་སྡེ་རྒྱན་ལས་ཀྱང་། དབང་པོའི་སྤྱོད་ཡུལ་སྣ་ཚོགས་ཇི་ལྟ་ཇི་ལྟ་བར། །དེ་ལྟ་དེ་ལྟར་རིག་པས་མཉམ་ཉིད་གོ་འཕང་ལ། །
སེམས་ཅན་རྣམས་ལ་ཕན་པས་མངོན་པར་འདུ་བྱེད་ཅིང་། །སྙིང་རྗེའི་བདག་ཉིད་ཞུགས་པས་སྤྱོད་ཡུལ་ཡོངས་སུ་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི་སེམས་ཅན་གྱི་ཁམས་ལ་སྙིང་རྗེས་རྣམ་པར་བལྟས་ཏེ་བདག་མེད་པ་ལ་སོ་སོར་རྟོག་པ་ཡིད་ལ་བྱེད་པས་ཡུལ་
མཐའ་དག་ལ་ཉེ་བར་ལོངས་སྤྱོད་པ་ཉིད་དོ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་ལས་རིགས་ཀྱི་བུ་ཆོས་སྨྲ་བའི་དགེ་སློང་དེ་ལ་བདུད་སྡིག་ཅན་བར་ཆད་བྱ་བའི་ཕྱིར་ཡིད་དུ་འོང་བའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཀྱི་སྟོབས་ཏེ། དེ་ལ་ཐབས་མཁས་པའི་
ཤེས་རབ་ཀྱིས་བཤིགས་ནས་ཡོངས་སུ་ལོངས་སྤྱོད་པར་བྱའོ་ཞེས་རྒྱས་པར་གསུངས་སོ། །དེ་བས་ན་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི་ཉེས་པ་མཐའ་དག་གི་གཉེན་པོ་ཡིན་པའི་ཕྱིར། གང་དུ་མི་འདོད་པའི་ལས་སྐྱེས་པ་རྣམས་ཀྱང་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པས་ཟད་པར་འགྱུར་
ཏེ། དེའི་དབང་གིས་མི་འདོད་པའི་འབྲས་བུ་བསྐྱེད་པའི་ནུས་པ་ལ་གེགས་བྱེད་པའི་ཕྱིར་རོ། །གང་ལ་སོ་སོར་རྟོག་པའི་བདག་ཉིད་ཀྱིས་གཟུགས་ལ་སོགས་པ་ཡོངས་སུ་ཤེས་པ་དེ་ལ་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་ཇི་ལྟར་འགྱུར་ཏེ། ཕྱིན་ཅི་ལོག་གི་སེམས་ཀྱི་ཁྱད་པར་
ལས་བྱུང་བའི་ལས་དང་ཉོན་མོངས་པ་དང་བདག་མེད་པ་ལ་སོ་སོར་རྟོག་པ་འགལ་བའི་ཕྱིར་ལྷན་ཅིག་ཏུ་ནི་སྐྱེ་བར་མི་འགྱུར་རོ། །དེ་ཡང་མདོ་སྡེ་རྒྱན་ལས། གང་ལ་འཇིག་རྟེན་དུ་མར་སྣང་བར་འདོད་པ་མིན། །སྐྱེས་བུས་ཆགས་པར་བལྟས་པ་འདོད་པ་སྟེ། །སྣ་ཚོགས་དེ་
ཡིས་འཁོར་བར་གནས་འགྱུར་བས། །དེས་ན་བྱང་ཆུབ་སེམས་དཔའ་འདུལ་བར་འདོད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི་བདག་མེད་པ་ལས་དམིགས་པ་ཉིད་ཁོ་ནས་གཟུགས་ལ་སོགས་པའི་ཐ་མལ་གྱི་ངོ་བོ་ལ་ལྷག་པར་ཞེན་པའི་གཉེན་པོ་སྟེ། དེས་ནི་གོང་

ནས་གོང་དུ་བརྒྱུད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་གནས་པར་བྱེད་པའི་རྒྱུ་ཡིན་ཞིང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་ང་རྒྱལ་གྱིས་གཟུགས་ལ་སོགས་པ་ཉམས་སུ་མྱོང་བར་འགྱུར་བ་ཉིད་དོ། །དེ་ལ་གང་དག་འདི་སྐད་དུ་
དེ་ལྟ་ན་ནི་གང་ཟག་དེ་དུས་ཡུན་རིང་བ་ཞིག་ན་ངེས་པར་འབྱུང་བའི་ཕྱིར་དོན་དམ་པར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རང་གི་ངོ་བོ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཐ་མལ་དུ་ལོངས་སྤྱོད་པ་འང་མེད་པར་འགྱུར་ཏེ། དེ་ཁོ་ན་ཉིད་ལ་གང་ཟག་ལ་སོགས་པ་མེད་པའི་ཕྱིར་རོ། །
དེ་ལ་ཇི་ལྟར་ལྷག་པར་ཞེན་པས་གཟུགས་ལ་སོགས་པ་མཐོང་ངོ་ཞེས་ཡུལ་དུ་བྱེད་པ་དང་། དེ་ཁོ་ན་ཉིད་ལ་ནི་གཟུགས་ལ་སོགས་པ་མེད་པར་ནི་སྔར་སྨྲས་ཟིན་ཏོ། །དེ་བས་ན་ལྷག་པར་ཞེན་པ་ནི་དེ་ཁོ་ན་ཉིད་ལ་ལྟོས་པ་མེད་པ་སྟེ། ཁ་ཅིག་ཏུ་མི་འདོད་པའི་འབྲས་བུ་འབྱུང་བ་ནི་
མི་དགེ་བའི་དབང་ལས་བྱུང་བའོ། །གཞན་དུ་སྐྱེས་བུ་མཆོག་གི་དོན་དུ་སྦྱོར་བ་ནི་དགེ་བར་བཅོམ་ལྡན་འདས་ཀྱི་གཞུང་དུ་མཐོང་ངོ་། དེ་བས་ན་དེའི་མིང་ཙམ་གྱིས་ཀྱང་སངས་རྒྱས་ཀྱི་ང་རྒྱལ་བྱ་བ་སྟེ། ད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བཅོམ་ལྡན་འདས་
ཀྱིས་རྣམ་པར་གཞག་གོ། །དེ་བས་ན་ཐམས་ཅད་བདག་ཉིད་ཀྱིས་ཉེ་བར་ལོངས་སྤྱོད་པས་ནི་དགེ་བའི་བདག་ཉིད་དུ་མི་འགྱུར་རོ་ཞེས་བྱ་བར་ནི་རྣམ་པར་གཞག་པར་མི་ནུས་ཏེ། དེ་ནི་བསམ་པའི་དབང་གིས་དགེ་བའི་བདག་ཉིད་ཡིན་པའི་ཕྱིར་ཏེ། དེ་ཡང་དཀོན་མཆོག་བཀོད་
པའི་མདོ་ལས། བྱང་ཆུབ་སེམས་དཔའ་གང་གིས་སྟོང་ཕྲག་བརྒྱད་ཅུ་རེ་རེ་ལ་ཡང་དགེ་སློང་སྟོང་ཕྲག་བརྒྱད་ཅུའི་འཁོར་དང་བཅས་པ་ལ་བསྐལ་པ་དུ་མར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱས་པ་བས། བྱང་ཆུབ་སེམས་དཔའ་གཞན་གང་ཞིག་གིས་དམ་པའི་
ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཉིད་རྣམ་པར་དག་པས་ལོངས་སྤྱོད་པར་བྱེད་པ་ནི་སྔར་གྱི་བྱང་ཆུབ་སེམས་དཔའ་བས་ཆེས་བསོད་ནམས་ཁྱད་པར་དུ་འཕགས་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །ཡང་འདིར་བཞི་པས་བཙལ་བར་བྱ་བའི་བདེ་བར་གཤེགས་པའི་

སྐུའི་བདག་ཉིད་ནི་རང་བཞིན་གྱིས་རྟོག་པའི་དྲི་མ་དང་བྲལ་བ་ཡིན་ཏེ། འདི་ལྟར་འོད་ཟེར་དཔག་ཏུ་མེད་པའི་ཚོགས་འབྱུང་ཞིང་སྤྲུལ་པ་སྣ་ཚོགས་བཀྱེ་བས་འགྲོ་བ་མ་ལུས་པའི་དོན་བྱེད་པའི་ནུས་པ་དང་ལྡན་པ་ཡིན་གྱི་གཟུགས་ལ་སོགས་པ་ཐམས་ཅད་དེའི་ངོ་བོར་
མཐོང་ཞིང་སྔར་སྨྲས་པའི་རྣམ་པས་དངོས་པོ་མཐའ་དག་མཉམ་པ་ཉིད་དུ་ལྟ་བར་བྱེད་དེ། ཕན་ཚུན་དུ་ལྟོས་པ་མེད་པས་རང་གི་ངོ་བོ་ལ་བསྒྲུབ་པ་མངོན་དུ་དམིགས་པའི་ཕྱིར་རོ། །དེ་བས་ན་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་བདག་མེད་པའི་སྐུ་
ལ་མཆོད་པས་སངས་རྒྱས་ལ་མཆོད་པར་ཇི་ལྟར་འགྱུར་སྙམ་པའི་དོགས་པ་ནི་ཁ་ན་མ་ཐོ་བའི་རྒྱུན་ཆེན་པོར་འགྱུར་བ་ཉིད་དོ། །དེ་བས་ན་དེ་དག་ནི་ཐ་མལ་གྱི་གནས་སྐབས་ཕྱིན་ཅི་ལོག་ཡིད་ལ་བྱེད་པའི་གཉེན་པོ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པའི་ཕྱིར། མིག་ལ་
སོགས་པའི་ཡུལ་རྣམས་ལ་བདེན་པ་མ་ཡིན་པ་ཡིད་ལ་བྱེད་པ་སྤངས་པས་མཆོག་གི་མྱ་ངན་འདས་པ་ཐོབ་ཅིང་དོན་ཆེན་པོ་བླ་ན་མེད་པའི་སྡོམ་པ་སྟེ། མིག་ལ་སོགས་པའི་ཡུལ་ཐམས་ཅད་ལའང་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་ལྷར་བསྐྱེད་པར་བྱ་ཞིང་། དེའི་སྔགས་
དང་ཕྱག་རྒྱས་དག་པར་བྱ་བ་ཉིད་དེ། དེ་ཡང་མདོ་སྡེ་ཉིས་བརྒྱ་ལྔ་བཅུ་པ་ལས་ཀྱང་། མིག་གི་སྡོམ་པ་ལེགས་པ་སྟེ། །རྣ་བའི་སྡོམ་པའང་ལེགས་པ་ཡིན། །སྣ་ཡི་སྡོམ་པ་ལེགས་པ་སྟེ། །ལྕེ་ཡི་སྡོམ་པ་ལེགས་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པས་ན། །ཡིད་
ཀྱི་སྡོམ་པ་ལེགས་པ་སྟེ། །ཀུན་དུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་རང་དང་གཞན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་དམིགས་པ་ཉིད་ཀྱིས་བྱང་ཆུབ་ཀྱི་བསླབ་པ་སེམས་ཀྱི་བསླབ་
པ་རང་གི་ངོ་བོ་དང་། རང་གི་ངོ་བོ་ལ་ཕྱིན་ཅི་མ་ལོག་པར་རྟོགས་པ་ཉིད་ཀྱི་བསླབ་པ་ཤེས་རབ་ཀྱི་བསླབ་པ་ཉིད་དོ། །ཡང་འདི་ལྟར་སེར་སྣ་ལ་སོགས་པ་ལས་བཟློག་ནས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་མཐའ་དག་ཀྱང་དེའི་ཁོངས་སུ་འདུས་པ་ནི་སྔར་གྱི་རྗེས་སུ་འབྲངས་

པ་ལས་བལྟ་བར་བྱའོ། །ཐབས་དེ་ལྟ་བུའི་སེམས་ལས་ཡང་དག་པར་བྱུང་བའི་གཟུགས་ལ་སོགས་པའི་རང་གི་ངོ་བོ་དང་རྗེས་སུ་མཐུན་པ་ལས་བཟློག་པ་ནི་བླ་ན་མེད་པའི་རྒྱུ་བསལ་བས་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་མ་ཡིན་པ་དང་། སྐྲག་པའི་གནས་མ་
ཡིན་པར་སྐྲག་པ་ནི་སྡུག་བསྔལ་གྱི་ཕུང་པོ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཡང་ཕྱིན་ཅི་ལོག་བཞི་བསྟན་པའི་མདོ་ལས། གནས་མ་ཡིན་པར་སྐྲག་པ་ནི། །འགྲོ་བ་འཆིང་བའི་རྒྱུ་ཡིན་ཏེ། །བསོད་ནམས་མ་ཡིན་ཕུང་པོ་ཆེ། །འབྱུང་བར་བྱེད་པའི་གཞི་དག་དང་། །རིགས་
མིན་དམ་ཚིག་རིང་བ་དང་། །བཤེས་མེད་བྱ་བ་མ་ཡིན་བྱེད། །དགེ་སེམས་སྔ་ན་མེད་གྱུར་པས། །དམ་ཆོས་འདི་ཡིས་སྐྲག་པ་ནི། །དོན་ཆེན་པོ་ལས་ལྟུང་བར་འགྱུར། །ཞེས་གསུངས་སོ། །དེ་བས་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་ནི་འདི་
ཡིན་པས་སྐྱོ་བ་མེད་ཅིང་གཞན་ལ་མི་གཡེང་བར་གཞུང་འདི་ཁོ་ན་ལ་འབད་པར་བྱ་བ་ཉིད་དོ། །དེ་དག་ནི་བླ་ན་མེད་པའི་སྒྲུབ་པ་ཆེན་པོ་ཞེས་བྱ་སྟེ། ད་ལྟ་བའི་སྐྱེས་བུ་རྣམས་ཀྱིས་སྤྱད་པར་བྱ་བའོ། །ད་ནི་ཚེ་འདས་པའི་སེམས་ཅན་རྣམས་ལ་ཕན་གདགས་པར་བྱ་བ་གསུངས་ཏེ།
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྡིག་པ་བགྱིས་པའི་སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པ་རྣམས། ཇི་ལྟར་ན་སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པའི་སྡུག་བསྔལ་སྤངས་
པའི་སླད་དུ་བསྒྲུབ་པར་བགྱི་ཞེས་པ་ནི་དེ་ཡན་ཆད་དུ་གསལ་བར་མ་གསུངས་པ་ཉིད་ཀྱིས་ནི་དོན་རྒྱས་པར་ཞུ་བའི་ཚིག་སྟེ། དེ་ལ་ལྷའི་དབང་པོ་བརྒྱ་བྱིན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། རང་གི་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་སེམས་ཅན་དམྱལ་བའི་གནས་ནས་ཐར་བ་ཐབས་
ཇི་ལྟ་བུས་བསྒྲུབ་པར་བྱ་ཞེས་ཞུ་བར་འབྲེལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་སེམས་ཅན་གང་དག་སྡིག་པ་ཆེན་པོ་བྱས་པའི་དབང་གིས་སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པ་དེ་དག་ཅི་ནས་ཀྱང་སེམས་ཅན་དམྱལ་བ་ལ་སོགས་པའི་

སྡུག་བསྔལ་ལས་ཐར་བར་འགྱུར་བ་ཉོན་ཅིག་ཅེས་གསུངས་པ་ནི་ནན་ཏན་དུ་གྱིས་ལ་སྒྲུབས་ཤིག་ཅེས་པར་གོ་བར་བྱ་སྟེ་གོ་བའི་ཕྱིར་མ་བཤད་དོ། །དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །དེ་ལྟར་ཡང་ནི་བུམ་པ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །དབང་
བསྐུར་བར་ནི་རབ་ཏུ་བརྟག །ཅེས་པ་ནི་མདོར་བསྟན་པ་སྟེ། གོང་མ་ལ་སྙེགས་སོ། །དེ་ནས་སྡིག་པ་ཀུན་བྱང་སྟེ། །དམྱལ་བ་ལ་སོགས་སྡུག་བསྔལ་ལས། །དེ་ནི་མྱུར་དུ་རྣམ་པར་ཐར། །སྡིག་ལས་རྣམ་གྲོལ་བདག་ཉིད་དེ། །དག་པར་གྱུར་པའི་ལྷ་རྣམས་ཀྱི། །རིགས་
སུ་སྐྱེ་བར་གྱུར་ནས་ཀྱང་། །དེ་ནི་རྟག་ཏུ་སངས་རྒྱས་དང་། །ཆོས་དང་དགེ་འདུན་མཐོང་བར་འགྱུར། །ཕྱིར་མི་ལྡོག་པའི་ས་ལ་གནས། །རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པ་ནི་དེའི་འབྲས་བུ་ཡོངས་སུ་གསུངས་པ་སྟེ། དེ་ལ་སྡུག་བསྔལ་མི་བཟད་
པ་ལས་ཀྱང་ཐར་ནས་ལྷ་དང་མིའི་རིགས་ཆེན་པོ་རྣམས་སུ་སྐྱེས་ཏེ། བླ་ན་མེད་པའི་དཀོན་མཆོག་གསུམ་དང་རྟག་ཏུ་མི་འབྲལ་ཞིང་ཕྱིར་མི་ལྡོག་པའི་ས་ལ་གནས་ཏེ་མཐར་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་གསུངས་པའོ། །དེ་ཡི་གཟུགས་བརྙན་བྲི་བའམ། །གུར་གུམ་
གྱིས་ནི་མིང་ཡང་རུང་། །ངན་སོང་གསུམ་གྱི་འཇིགས་ཆེན་ལས། །སེམས་ཅན་རྣམས་ནི་དགྲོལ་བའི་ཕྱིར། །སྔགས་མཁན་གཞན་ལ་ཕན་བརྩོན་ཞིང་། །སྙིང་རྗེ་ཅན་གྱིས་དེ་ལ་ནི། །སྔགས་དང་ཕྱག་རྒྱས་དབང་བསྐུར་ཏེ། །ལྷ་ཡི་གཟུགས་སུ་བརྟགས་ནས་
ཀྱང་། །རང་གི་ལྷའམ་གཞན་གྱི་ལྷ། །སྙིང་པོ་སྙིང་གར་བྲིས་བྱས་ནས། །ལྷ་འདྲ་བར་ནི་སེམས་བསྐྱེད་དེ། །མཆོད་རྟེན་དབུས་སུ་གཞག་པའམ། ཁྱིམ་སོགས་ནང་དུ་གཞག་པར་བྱ། །ཞེས་གསུངས་པ་ནི་འདིར་སྒྲུབ་པའི་ཐབས་ཕྱོགས་གཅིག་གསུངས་པ་སྟེ།
དེ་ལ་གཟུགས་བརྙན་བྲི་བའམ། །ཞེས་པ་ནི་ཚེ་འདས་པའི་གང་ཟག་དེའི་ལུས་མེད་པ་ལ་དགོངས་པ་སྟེ། དེའི་ལུས་མེད་ན་རས་ལ་སོགས་པ་ལ། དེའི་གཟུགས་བརྙན་བྲི་བའམ་ཡང་ན་དེའི་མིང་ལ་སོགས་པ་བྲིས་ཏེ། ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་བར་བྱ་བའི་

ཕྱིར་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་བསྐྱེད་ནས་སྔར་སྨོས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་དུ་གཞུག་ཅིང་སྔགས་དང་ཕྱག་རྒྱ་ལ་སོགས་པས་དབང་བསྐུར་བར་བྱའོ། །ལྷ་ཡི་གཟུགས་སུ་བརྟགས་ནས་ཀྱང་། །ཞེས་པ་ལ་སོགས་པ་ནི་འདི་ལྟར་
དབང་བསྐུར་བའི་རྗེས་ལ་རང་གི་རིགས་ཀྱི་ལྷས་དེ་ལ་རབ་ཏུ་གནས་པ་ལ་སོགས་པ་བྱས་ནས་ལྷ་དེ་ཡང་བདེ་བར་གཤེགས་པའི་སྙིང་པོ་ལ་སོགས་པའི་སྙིང་པོ་དང་མཚན་མ་སྙིང་གར་བྲིས་ཏེ་ལྷ་དང་གཉིས་སུ་མེད་པ་བསམས་ནས། མཆོད་རྟེན་ནམ་གཙུག་ལག་ཁང་ངམ་ཁྱིམ་
ལ་སོགས་པ་སྐྱེ་བོ་མང་པོས་ཕྱག་དང་མཆོད་པ་བྱེད་པའི་སར་གཞག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་སྙམ་པ་ལ། དེ་ལ་བརྟེན་ནས་སྐྱེ་བོ་རྣམས་གྲོལ་བར་འགྱུར་ཏེ། སྐྱེ་བོ་རྣམས་གྲོལ་བ་ལས་དེ་ཡིས་འགྲོ་བའི་དོན་བྱས་པས་དེ་ཉིད་གྲོལ་བར་འགྱུར་བ་ཁོ་ནའོ། །དེའི་མིང་ནས་སྨོས་
ནས་ནི། །གུར་གུམ་བཟང་པོས་སྔགས་བྲིས་ལ། །སྡིག་ཅན་སྡིག་ནི་ཟད་བྱའི་ཕྱིར། །རིམ་གྱིས་འབུམ་མམ་བྱེ་བ་ཡི། །གྲངས་ནི་རབ་ཏུ་ཚང་བ་རུ། །མཆོད་རྟེན་ལས་ནི་རབ་ཏུ་བྱ། །དེ་ནི་ངེས་པར་དམྱལ་གནས་ལས། །འདི་བྱས་པ་ཡིས་གྲོལ་བར་འགྱུར། །ཡི་དགས་
བྱོལ་སོང་སྡུག་བསྔལ་ལས། །གྲོལ་ཏེ་ལྷ་ཡི་གནས་སུ་སྐྱེ། །ཞེས་གསུངས་པ་ནི། ཡང་མཆོད་རྟེན་ལ་སྒྲུབ་པ་ཕྱོགས་གཅིག་གསུངས་པ་སྟེ། དེ་ལ། དེ་ཡི་མིང་ནས་སྨོས་ནས་ནི། །གུར་གུམ་བཟང་པོས་སྔགས་བྲིས་ལ། །ཞེས་པ་ནི་འདི་ལྟར་རས་སམ་ཤིང་ཤུན་ལ་འཁོར་
ལོ་རྩིབས་བཅུ་པ་བྲིས་ལ། དེའི་ལྟེ་བ་ལ་གདོན་མི་ཟ་བའི་རྡོ་རྗེའི་བྱིན་གྱི་རླབས་ཞེས་བྱ་བའི་སྙིང་པོ་དང་པོ་གུར་གུམ་གྱིས་བྲིས་པའོ། །དེ་ནས་རྩིབས་ལྔ་ལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དུམ་བུ་ལྔར་བྲིའོ། །
དེ་དག་གི་བར་བར་དུ་ཚེ་འདས་པ་དེའི་མིང་བྲིས་ལ། །དེ་ནས་འཁོར་ལོ་དེ་ལེགས་པར་དྲིལ་ཏེ། བྱེ་མའམ་འཇིམ་པའམ་བ་སོའམ་ཟངས་སམ་རིན་པོ་ཆེ་ལ་སོགས་པའི་མཆོད་རྟེན་འབུམ་མམ་བྱེ་བའི་གྲངས་ཐེམ་པར་བྱ་བ་ཁོ་ནའོ། །དེ་ནི་