Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 67
Văn bản gốc(Tây Tạng)
Trang 10 / 18 (50.000 ký tự/trang)
ེས་པ་ལ་སོགས་པ་རིམ་པ་གསུངས་པ་ཉིད་དེ། དེ་ལ་དང་པོ་ནི་བཅོམ་ ལྡན་འདས་ཕྱག་ན་རྡོ་རྗེའི་སྐུ་བསྐྱེད་པའི་ས་བོན་ནོ། །གཉིས་པ་ནི་བཅོམ་ལྡན་འདས་ཚེ་དང་བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་བསྐྱེད་པའི་ས་བོན་ནོ། །གསུམ་པ་ནི་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་བསྐྱེད་པའི་ས་བོན་ནོ། ། བཞི་པ་ནི་ནམ་མཁའི་སྙིང་པོ་བསྐྱེད་པའི་ས་བོན་ནོ། །ལྔ་པ་ནི་སྤྱན་རས་གཟིགས་དབང་ཕྱུག་བསྐྱེད་པའི་ས་བོན་དུ་ཤེས་པར་བྱའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། འཁོར་ལོ་རྩིབས་བཞི་པར་བྱས་ལ། དེའི་དབུས་སུ་ནི་དེ་བཞིན་གཤེགས་པ་ཚེ་དང་ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་མིང་བྲིས་ཏེ། བྷྲཱུཾ་ཞེས་བྱ་བའི་སྙིང་པོའོ། །དེའི་སྤྱན་སྔར་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ། ཏྲཾ་ཞེས་བྱ་བའི་སྙིང་པོའོ། །གཡོན་པ་ཁྲོ་བོ་སྟེ། ཀྲུཾ་ཞེས་བྱ་བའི་ སྙིང་པོའོ། །གཡས་པར་ནི་ནམ་མཁའི་སྙིང་པོ་སྟེ། ཏྲཾ་ཞེས་བྱ་བའི་སྙིང་པོའོ། །རྒྱབ་ཏུ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟེ། ཧྲཾ་ཞེས་བྱ་བའི་སྙིང་པོའོ། །<ད་‚དེ་>བཞིན་གཤེགས་པའི་འོད་ཀྱི་དཀྱིལ་འཁོར་ལ་ནི་རིག་སྔགས་རྣམས་བྲིའོ། །སྒོ་རྣམས་སུ་ནི་ ལྕགས་ཀྱུ་ལ་སོགས་པའི་སྒོ་སྐྱོང་བ་རྣམས་རང་རང་གི་སྙིང་པོ་དང་བཅས་པ་བྲི་བར་བྱའོ་ཞེས་གསུངས་པ་དེ་དག་དཀྱིལ་འཁོར་ཡོངས་སུ་གསུངས་པ་སྟེ། དེ་ལ་དང་པོ་གནས་ཡིད་དུ་འོང་བ་རྣམས་སུ་ས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། ཐིག་ལེགས་ པར་བཏབ་སྟེ། དབུས་ཀྱི་འཁོར་ལོ་ཁ་དོག་དཀར་པོ་རྩིབས་བཞི་པ་ལྟེ་བ་དང་མུ་ཁྱུད་དུ་ལྡན་པ་གཅིག་བྲི་བར་བྱའོ། །དེའི་བར་བཞི་ནི་བདུད་རྩིའི་བུམ་པ་ཁ་དོག་དཀར་པོ་རིན་པོ་ཆེའི་ཁ་རྒྱན་དང་བཅས་པ་བཞི་བྲི་བར་བྱའོ། །འཁོར་ལོའི་མཐའ་མ་ནི་པདྨའི་ཕྲེང་ བས་བསྐོར་ཞིང་དེའི་ཕྱི་རོལ་དུ་འོད་ཟེར་ཁ་དོག་དཀར་པོ་ཕྱོགས་བཅུར་འཕྲོ་བ་བྲི་བར་བྱའོ། །དེའི་ཕྱི་རོལ་ནི་སྒོ་དང་རྟ་བབས་ལ་སོགས་པ་རྒྱན་རྣམ་པ་སྣ་ཚོགས་པས་ལེགས་པར་བརྒྱན་ཅིང་མཛེས་པ་དང་ཡིད་དུ་འོང་བར་བྱའོ། །དེའི་ཕྱི་རོལ་དུ་ནི་རྡོ་རྗེ་ལ་སོགས་པའི་ ཕྲེང་བ་གསུམ་གྱིས་བསྐོར་བར་བྱའོ། །དེའི་ཕྱི་རོལ་དུ་ནི་ཞོ་ལ་སོགས་པ་བཀྲ་ཤིས་ཀྱི་རྫས་བརྒྱད་དཔག་བསམ་གྱི་ཤིང་དང་བཅས་པ་བྲི་བར་བྱ་བ་དང་། གཞན་ཡང་རྫིང་བུ་དང་འབབ་ཆུ་དང་ཉ་དང་རུས་སྦལ་དང་སྦལ་པ་དཀར་པོ་དང་པདྨའི་ཚལ་དང་ཨུཏྤ་ལའི་ཚལ་ སྨན་གྱི་འབྲས་བུ་ལ་སོགས་པ་བྲི་བར་བྱའོ། །དེའི་དབུས་སུ་ནི་པདྨ་འདབ་མ་བཅུ་དྲུག་པའི་སྟེང་དུ་བཅོམ་ལྡན་འདས་ཚེ་དང་བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་དེ་བཞིན་གཤེགས་པའི་ཆ་ལུགས་ཅན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་དང་ལྡན་པ་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པ། ཕྱག་གཡས་པ་མི་འཇིགས་པ་སྦྱིན་པ་གཡོན་པ་མཆོག་སྦྱིན་དུ་མཛད་པ་བྲི་བར་བྱའོ། །དེའི་གཡས་གཡོན་གཉིས་སུ་ནི་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་དང་། ཡུམ་རིག་ འཛིན་མ་གཉིས་པ་པདྨའི་སྟེང་དུ་ཤིང་ཐོག་ཨ་རུ་ར་འཛིན་པ་དང་། བདུད་རྩིའི་བུམ་པ་ཐོགས་པ་བྲི་བར་བྱའོ། །དེ་བཞིན་གཤེགས་པའི་ཕོ་བྲང་གི་ཁ་དོག་དམར་སེར་དུ་བྱས་པའི་སྟེང་དུ་རྩ་བའི་སྔགས་རྣམས་བྲི་བར་བྱ་ཞིང་རིན་པོ་ཆེའི་ཕྲེང་བས་བསྐོར་བ་ཉིད་དོ། ། དེའི་འཁོར་ལོའི་རྩིབས་ཤར་ཕྱོགས་སུ་ནི་པདྨའི་སྟེང་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ཤིན་ཏུ་ཞི་བའི་ཆ་ལུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་བསྣམས་པ། གཡོན་པས་མཆོག་སྦྱིན་པ་བྲི་བར་བྱའོ། །ལྷོ་ཕྱོགས་ ཀྱི་འཁོར་ལོའི་རྩིབས་ལ་ནི་འཕགས་པ་ནམ་མཁའི་སྙིང་པོ་སྐུ་མདོག་སྔོན་པོ་ལ་བཞིན་འཛུམ་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་པས་རལ་གྲི་འཛིན་པ་གཡོན་པ་མཆོག་སྦྱིན་པ་པདྨའི་སྟེང་དུ་བཞུགས་པ་བྲི་བར་བྱའོ། །ནུབ་ཕྱོགས་ཀྱི་རྩིབས་ ལ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བཞིན་འཛུམ་པ་ཕྱག་གཡས་པས་མཆོག་སྦྱིན་པ་ལས་བདུད་རྩི་འཛག་པ་ལ་གཡོན་པས་པདྨ་དམར་པོ་ཡུ་བ་དང་བཅས་པ་འཛིན་པ་བྲི་བར་བྱའོ། །བྱང་ ཕྱོགས་ཀྱི་རྩིབས་ལ་ནི་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་གོང་དུ་སྨོས་པའི་ཆ་ལུགས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །འཁོར་ལོའི་ཕྱི་རོལ་གྱི་གྲྭ་བཞིར་ནི་སྒེག་མོ་ལ་སོགས་པ་རང་རང་གི་ཁ་དོག་དང་མཚན་མས་མཚན་པ་བྲི་བར་བྱའོ། །སྒོ་ བཞིར་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་སྐྱོང་བ་བཞི་དགོད་པར་བྱ་བ་ཉིད་དོ། །བུམ་པ་ལྔའམ་བརྒྱད་འཁོར་ལོས་སྒྱུར་བའི་སྔགས་ཀྱིས་བཏབ་ལ་བཞག་གོ། །བདུག་པ་ལ་སོགས་པ་མཆོད་པའི་ཡོ་བྱད་ཐམས་ཅད་ལ་ནི་ལས་ཐམས་ཅད་པའི་ཁྲོ་བོའི་སྔགས་ཀྱིས་ བཏབ་ལ་གཞག་པར་བྱ་བ་ཉིད་དོ་ཞེས་གསུངས་པ་ནི་མཆོད་པའི་རྫས་བསག་པར་བྱ་བ་གསུངས་པ་སྟེ། དེ་ལ་དང་པོར་བསྙེན་པ་བྱས་པའི་བུམ་པ་ཁ་དོག་དཀར་པོ་གཅིག་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སྨན་དང་སྤོས་ལ་སོགས་པས་བཀང་བ་གཅིག་ནི་རང་གི་ མདུན་དུ་གཞག་པར་བྱའོ། །དེའི་མཐའ་མ་རྣམས་སུ་ནི་བུམ་པ་ཁ་དོག་དཀར་པོ་ལྔ་ལ་པདྨ་འདབ་མ་བཅུ་དྲུག་པ་འོད་དང་བཅས་པ་བྲིས་ལ། དེའི་ལྟེ་བ་ལ་ལྷ་སོ་སོའི་ཕྱག་རྒྱ་བྲིས་ནས་པདྨའི་འདབ་མ་ལ་ཡིག་འབྲུའི་རྣམ་པ་བྷྲཱུཾ་དང་ཛྷི་ལ་སོགས་པ་བཅུ་དྲུག་ཏུ་འཁོར་ བར་བྲི་བར་བྱའོ། །དེའི་ཕྱི་རོལ་གྱི་འོད་ལ་ནི་ཁྱབ་པར་འབྱུང་བ་རྡོ་རྗེའི་སྐབས་སུ་གསུངས་པའི་གསང་སྔགས་རྣམས་རང་རང་གི་རིག་པ་ཇི་ལྟ་བ་བཞིན་པས་བྲི་བར་བྱའོ། །གཞན་ཡང་འདིར་ནི་མཆོད་པའི་ཚོགས་བསག་པ་ནི་བུམ་པ་དེ་དག་གི་ནང་དུ་དྲི་དང་། འོ་མ་ དང་། སྨན་གྱི་རྣམ་པ་འབྱོར་ཚད་དང་། འབྲས་ཐུག་དང་སྙིང་པོ་ལ་སོགས་པས་རྫོགས་པར་བྱ་བ་དང་། རས་ལ་སོགས་པ་ཁ་དོག་དཀར་པོ་རྣམས་ཀྱིས་མགུལ་བཅིངས་པ་དང་། པདྨ་ལ་སོགས་པའི་འབྲས་བུ་དང་། མེ་ཏོག་དང་ལོ་མར་ལྡན་པ་རྣམས་ཀྱིས་ཁ་རྒྱན་ ལེགས་པར་བྱས་པ་དང་། མེ་ཏོག་དང་བདུག་པ་དང་དྲི་དང་ཞལ་ཟས་དང་སྣང་བ་དང་། བཏུང་བའི་རྣམ་པ་དང་། བཅའ་བའི་རྣམ་པ་རྣམས་ནི་བརྒྱ་རྩ་བརྒྱད་དུ་ཡང་དག་པར་བསྔགས་པས་རྒྱུད་གཞན་ནས་ཡོངས་སུ་གསུངས་པའོ། །མཐའ་འཁོབ་ལ་སོགས་པར་ཤིན་ ཏུ་དཀའ་བར་གྱུར་ན་འང་ལྔའམ་བཅུ་ལས་ཉུང་དུ་མི་རུང་བས་ཁོ་ནས་མི་བྱ་བ་ཉིད་དོ། །དེ་ལ་བདུག་པ་ལ་སོགས་པ་ལ་ནི་ཁྲོ་བོ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཏབ་ལ་གཞག་པར་བྱ་བ་དང་། བུམ་པ་རྣམས་ལ་ནི་གོང་དུ་གསུངས་པའི་རྩ་བའི་རིགས་བརྒྱ་རྩ་བརྒྱད་ ལ་སོགས་པར་བསྔགས་ལ་གཞག་པར་བྱ་བ་ཉིད་དོ། །དེ་ནས་སྔགས་མཁན་བདག་ཉིད་ཞུགས་ལ། བདེ་བར་གཤེགས་པ་སྲས་དང་བཅས་ཤིང་རིག་པ་དང་ལྷན་ཅིག་སྤྱན་དྲངས་ལ་བདག་ཉིད་དབང་བསྐུར་བར་བྱའོ། །དེ་ནས་སྐྱིལ་མོ་ཀྲུང་བཅས་ལ་ འདུག་ལ་མཉམ་པར་བཞག་ལ་སྟོང་ངམ་བརྒྱ་བཟླས་པར་བྱ་སྟེ། དེ་ནས་དེ་བཞིན་གཤེགས་པའམ། དེ་ནས་རྡོ་རྗེ་འཛིན་པའམ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་མངོན་སུམ་དུ་མཐོང་བ་ན་ཅི་འདོད་པའི་མཆོག་སོ་སོར་ཐོབ་པར་འགྱུར་རོ། ། ཅི་སྟེ་མཉམ་པར་མ་བཞག་ནའང་དེའི་ཚེ་ཡིད་ཀྱི་ལས་ནུས་པ་དང་སྟོབས་དང་ལྡན་པར་འགྱུར་རོ་ཞེས་གསུངས་པ་ནི་ཉེ་བའི་སྒྲུབ་པ་གསུངས་པ་སྟེ། དེ་ལ་དང་པོ་བདག་ཉིད་དྲི་དང་། འོ་མ་དང་། བའི་རྣམ་ལྔ་ལ་སོགས་པས་ཁྲུས་ལེགས་པར་བྱས་ལ་ག་བུར་ལ་ སོགས་པས་ལུས་བྱུགས་ཏེ། གོས་དཀར་པོ་ཁ་དོག་གཙང་མ་གྱོན་ནས། དབུ་རྒྱན་དང་རྣ་ཆ་དང་། གདུ་བུ་དང་། མགུལ་རྒྱན་དང་། སོར་གདུབ་རྣམས་ཀྱིས་ལེགས་པར་བརྒྱན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བློ་བསྐྱེད་ནས་རང་གི་ས་བོན་ལས་འོད་ཟེར་སྤྲོས་ ནས་བདེ་བར་གཤེགས་པ་སྲས་དང་རིག་པར་བཅས་པ་སྤྱན་དྲངས་ལ། ཨརྒྷ་ལ་སོགས་པས་ཞབས་བསིལ་ཏེ། ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱས་དགུག་པ་དང་། གཞུག་པ་དང་བཅིང་བ་དང་དགྱེ་བ་རྣམས་བྱས་ལ། གཉིས་སུ་མེད་པར་བྱས་ནས། མཆོད་པའི་ ཚོགས་ཀྱིས་ཡོངས་སུ་མཆོད་དེ། གོང་དུ་གསུངས་པའི་རྡོ་རྗེ་འཛིན་མའི་ཕྱག་རྒྱས་ཞུགས་ལ། བཅོམ་ལྡན་འདས་ལ་དབང་རིམ་པ་ཇི་ལྟ་བ་བཞིན་དུ་ནོད་པར་བྱའོ། །དེ་ནས་གནང་བ་ལེགས་པར་ཐོབ་པ་དང་། སྟན་བདེ་བ་ལ་འདུག་སྟེ། སྙིང་པོ་དང་ཉེ་བའི་ སྙིང་པོའི་བར་དུ་དབྱངས་ཀྱི་ཡི་གེ་གཉིས་པ་དང་། མཐར་གནས་ཀྱི་དང་པོ་ལ་དབྱངས་ཀྱི་ཡི་གེ་ལྔ་པ་བཏགས་པས་འབུམ་ཕྲག་གཅིག་གམ་ཁྲི་ཕྲག་གཅིག་གི་བར་དུ་ངག་གི་སྤྱོད་ཡུལ་ལས་འདས་ཤིང་། པདྨའི་དཀྱིལ་འཁོར་ནས་པདྨའི་ དཀྱིལ་འཁོར་དུ་བཟླས་པར་བྱ་སྟེ་དེ་ནི་རྡོ་རྗེ་བཟླས་པ་ཞེས་བྱའོ། །དེ་ཉིད་འོད་ཟེར་ཁ་དོག་དཀར་པོ་ཤིན་ཏུ་གསལ་ཤིང་འཚེར་བ་སྟོང་གསུམ་གྱི་སྟོང་ཐམས་ཅད་དུ་རབ་ཏུ་ཁྱབ་པའི་འོད་དང་ལྡན་པས་རིན་པོ་ཆེའི་ཕྲེང་བའི་ཚུལ་དུ་བསྒོམ་པར་བྱའོ། །དེ་ནས་ཡིད་ཀྱི་ རྣམ་པར་ཤེས་པ་སྣང་བའི་ཆའམ། མིག་གི་རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་དེ་བཞིན་གཤེགས་པའམ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའམ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གམ་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་སོགས་པ་སྣང་བར་གྱུར་པ་ནི་བདག་ དང་གཞན་གྱི་དོན་མ་ལུས་པར་གྲུབ་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བ་ནི་ངེས་པ་ཉིད་དོ། །དེ་ཉིད་ལས་གཞན་པ་གཟུགས་གཡོ་བའམ་སེམས་ཀྱི་བདེ་བ་ལ་སོགས་པ་རང་གིས་ཡང་དག་པར་རིག་པར་གྱུར་པ་ནའང་དངོས་གྲུབ་ལ་སོགས་པ་ཉེ་བར་གྱུར་པ་དང་ བྱིན་གྱི་རླབས་ཆེན་པོར་གྱུར་པའོ། །ཅི་སྟེ་མཉམ་པར་མ་བཞག་པ་ཞེས་པ་ནི། ཕྱི་རོལ་དུ་དམིགས་པའི་བཟླས་པ་བྱ་བ་སྟེ། དེས་ཀྱང་གྲངས་སུ་ཐེམ་པར་འགྱུར་བ་ནི་ཕྱིས་དབང་བསྐུར་བ་དང་། བསམ་པའི་ཁྱད་པར་ཐམས་ཅད་གུས་པ་དང་ལྡན། སྟོབས་ དང་ལྡན་བྱིན་གྱི་རླབས་དང་ལྡན་པར་འགྱུར་བ་སྟེ། དེ་ནི་སྔགས་ཀྱི་མཐུ་ལས་བྱུང་བར་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ནས། ཨོཾ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭ་དྷ་ར། ཏ་ཐཱ་ག་ཏ་ས་མ་ཡ་མ་ཏི་ཀྲ་མ་ཏ་ཐཱ་ག་ཏ་ས་མ་ཡ་ཨཱཏྨ་ཀོ྅ཧཾ་ ཞེས་ང་རྒྱལ་བསྐྱེད་ལ་སློབ་མ་རྣམས་གཞུག་པར་བྱའོ་ཞེས་པ་ནི་སྒྲུབ་པའི་རིམ་པ་གསུངས་པ་སྟེ། དེ་ལ་རང་གི་སྙིང་གར་པདྨ་དམར་པོ་འདབ་མ་བཅུ་དྲུག་པའི་སྟེང་དུ་སྔགས་གཉིས་པའི་ཡིག་འབྲུ་བསྐྱེད་ལ། དེ་གྱུར་པ་ལས་རྡོ་རྗེ་རྩེ་གསུམ་པར་གྱུར་ཏེ། དེ་དག་ ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བསམས་ལ། ཨོཾ་བཛྲ་དྷ་ར་ས་མ་ཡ་ཨཱཏྨ་ཀོ྅ཧཾ་ཞེས་ང་རྒྱལ་བསྐྱེད་པར་བྱ་བ་དང་། དེ་བཞིན་དུ་དཔྲལ་བར་སྙིང་པོ་ལྔ་པ་ལས་རིན་པོ་ཆེ་བསམས་ལ་དེ་དག་གྱུར་པ་ལས་ནམ་མཁའི་སྙིང་པོའི་ང་རྒྱལ་ བསྐྱེད་པ་དང་། ལྐོག་མར་སྙིང་པོ་དྲུག་པ་ལས་པདྨ་བསམས་པ་ལས་དེ་གྱུར་པ་ལས་སྤྱན་རས་གཟིགས་དབང་ཕྱུག་ཏུ་ང་རྒྱལ་བསྐྱེད་པ་དང་། ལྟེ་བར་སྙིང་པོ་བཞི་པ་ལས་རལ་གྲིར་བསམས་ལ་དེ་གྱུར་པ་ལས་ཁམས་གསུམ་རྣམ་པར་རྒྱལ་བར་བསྐྱེད་པ་དང་། ཡན་ལག་ཐམས་ཅད་ལ་སྙིང་པོ་གསུམ་པ་རྩའི་སྦུབས་སུ་ཞུགས་པ་ལས་འཁོར་ལོ་བསམས་ལ་དེ་གྱུར་པ་ལས་བཅོམ་ལྡན་འདས་འཁོར་ལོས་སྒྱུར་བའི་རྒྱལ་པོར་ང་རྒྱལ་བསྐྱེད་པར་བྱ་བ་ཉིད་དང་། རྡོ་རྗེ་འཛིན་མའི་ཕྱག་རྒྱ་ནི་གོང་དུ་གསུངས་པའི་རིམ་པ་ཇི་ ལྟ་བ་བཞིན་དུ་བྱས་ལ་བསམ་པ་དང་མཐུན་པར་སྔགས་རྣམས་ཀྱིས་བྱིན་གྱིས་བརླབ་པར་བྱ་བ་ཉིད་དོ། །དེ་ནས་འདིས་མེ་ཏོག་དོར་བར་བྱའོ། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཏཱིཙྪ་ཧོ་ས་མ་ཡ་སྟྭཾ། དེ་ནས་ཕྲེང་བ་ཉིད་ཀྱིས་མགོ་ལ་བཅིངས་ཏེ། དབང་བསྐུར་བྱའོ། །ཨོཾ་སརྦ་ཏ་ཐཱ་ ག་ཏ་ཨ་བྷི་ཥིཉྩ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུཾ་བྷྲཱུཾ། ཨོཾ་བཛྲ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཛྲཾ། ཨོཾ་རཏྣ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ་ཏྲཾ། ཨོཾ་པདྨ་པདྨ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཾ། ཨོཾ་ཀརྨ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ་ཀྲུཾ། ཞེས་པ་ལ་སོགས་པ་ནི་དབང་བསྐུར་བའི་རིམ་པ་གསུངས་པ་སྟེ། དེ་ནི་སྒྲུབ་པ་ཆེན་པོ་ཞེས་བྱ་བའོ། ། དེ་ལ་དང་པོ་སློབ་མ་དེ་ཁྲུས་ལ་སོགས་པ་ལེགས་པར་བྱས་ལ། རྒྱན་གྱིས་བརྒྱན་ནས་སྡིག་པ་བཤགས་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་བྱས་ནས། རས་ལ་སོགས་པས་མིག་བཀབ་སྟེ། རིན་པོ་ཆེའམ་མེ་ཏོག་ རྣམས། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཏཱིཙྪ་ཧོ་ས་མ་ཡ་སྟྭཾ་ཞེས་མེ་ཏོག་དོར་བར་བྱའོ། །དེ་ནས་པྲའི་མཚན་མ་ལེགས་པར་གྱུར་པ་དང་། གོང་དུ་གསུངས་པའི་སྔགས་ཀྱིས་གདོང་གཡོགས་བཀྲོལ་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་རིམ་པ་ཇི་ལྟ་བ་བཞིན་དུ་ བསྟན་ཏེ། སྡོམ་པ་གཟུང་བ་དང་རྡོ་རྗེ་ཐེག་པ་ལ་ཁས་ཡང་དག་པར་འཆེས་པར་བྱས་ནས། མེ་ཏོག་གི་ཕྲེང་བ་དེ་ཉིད་མགོ་ལ་བཅིངས་ཏེ། ཆུ་ལ་སོགས་པའི་དབང་རིམ་པ་ཇི་ལྟ་བ་བཞིན་དུ་བསྐུར་བར་བྱའོ། །དེའི་རྗེས་ལ་གོང་དུ་གསུངས་པའི་བུམ་པ་ ལྔས་དབང་བསྐུར་བར་བྱའོ། །དེའི་རྗེས་ཐོགས་སུ་བདག་ཉིད་གོང་དུ་གསུངས་པའི་ལྷའི་ང་རྒྱལ་དང་ལྡན་པར་བྱས་པ་ལས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུཾ་བྷྲཱུཾ་ ཞེས་པ་ལ་སོགས་རིམ་པ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །དེ་ནས་ཁྱད་པར་ འབྱུང་བའི་རྡོ་རྗེར་གསུངས་པའི་དབང་ཕྲེང་བ་དང་ཕྱག་རྒྱ་དང་ལས་དང་། གཟུངས་དང་གསང་བ་དང་ཐབས་དང་ཤེས་རབ་དང་། འཁོར་ལོ་རིན་པོ་ཆེ་ལ་སོགས་པའི་དབང་བཅུ་རྫོགས་པར་བསྐུར་བར་བྱ་བ་ཉིད་དོ། །དེ་ཡང་འདིར་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་ རིགས་ཀྱི་མཚན་ལན་གཉིས་སྨོས་པ་ནི་སྤྲུལ་པ་ལ་དགོངས་ནས་གསུངས་པ་སྟེ། སྤྲུལ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཆོས་ཀྱི་སྐུའི་སྤྲུལ་པ་ཡིན་དུ་ཟིན་ཀྱང་། འབྲས་བུའི་ས་ལ་གནས་པ་དང་། ལམ་གྱི་ས་ལ་གནས་པ་ལ་དགོངས་ནས་བྱང་ཆུབ་སེམས་ དཔའ་རྣམས་སྤྲུལ་པའི་སྤྲུལ་པར་འདོད་དོ། །དེ་བཞིན་གཤེགས་པའི་དབང་ལ་རྡོ་རྗེའི་རིགས་ཀྱི་མཚན་སྨོས་པ་ནི་འདིར་ཚེ་དཔག་མེད་ཀྱི་སྒྲུབ་པ་ཡིན་པའི་ཕྱིར་ཚེ་རྡོ་རྗེ་དང་འདྲ་བར་བྱེད་པས་ན་རྡོ་རྗེའི་ཚིག་སྨོས་པ་ཉིད་དུ་ཤེས་པར་བྱའོ། །དེ་ནས་དམ་ཚིག་དང་བཀའི་ དབང་བསྐུར་བར་བྱའོ། །དེ་ལ་དམ་ཚིག་ནི། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །བླ་མ་དམ་པ་མི་སྤང་ཞིང་། །སྲོག་ཆགས་རྣམས་ནི་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ཞིང་། །བརྫུན་དུ་སྨྲ་བར་བྱ་བ་མིན། །ཕ་རོལ་བུད་མེད་སྤྱད་མི་བྱ། །ཉེས་པ་ཀུན་གྱི་ གཞིར་གྱུར་པའི། །ཆང་ནི་བཏུང་བར་མི་བྱ་ཞིང་། །བླ་མ་སྨད་པར་མི་བྱ་སྟེ། །དེ་ཡི་གྲིབ་མའང་མི་འགོམ་ཞིང་། །སློབ་དཔོན་མ་ཡིན་མི་གཟུང་ལ། །རྡོ་རྗེ་སློབ་དཔོན་མཚན་མི་བརྗོད། །སྔགས་དང་ཕྱག་རྒྱའང་མི་སྨད་ན། །ལྷ་རྣམས་ལ་ལྟ་སྨོས་ཅི་དགོས། །གལ་ཏེ་གླེན་ པས་སྨད་ན་ནི། །འདིར་ནི་ནད་ཀྱིས་འཆི་འགྱུར་ཞིང་། །ཕ་རོལ་མནར་མེད་མི་བཟད་པའི། །དམྱལ་བར་སྐྱེ་བར་ཐེ་ཚོམ་མེད། །སྙིང་དང་ལྷ་ཡི་གྲིབ་མ་དང་། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕྱག་རྒྱ་ཡི་གེ་མཚན་མ་རྣམས། །གོམ་པས་འགོམ་པར་མི་བྱའོ། ། མཁས་པས་དཀོན་མཆོག་གསུམ་སོགས་དང་། །སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མ་སྨོད་བརྩོན་ལ་སོགས་རྣམས། །སྙིང་རྗེས་བསྒྲལ་ཏེ་གསད་པར་བྱ། །ཆོས་མིན་ལྡན་དང་སྡིག་སྤྱོད་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་དང་། །དམ་ཚིག་ཉམས་རྣམས་ མཁས་པས་ནི། །སྔགས་དང་མཐུ་དང་སྦྱོར་བས་བསད། །རྫས་དང་ལྡན་ཞིང་སེར་སྣ་ཅན། །ཤིན་ཏུ་འཆུམས་པའི་ནོར་བླངས་ལ། །སེམས་ཅན་ཕོངས་ལ་སྦྱིན་པ་བྱ། །བླ་མ་ལ་ནི་མཆོད་པ་དང་། །དེ་ལྟར་དམ་ཚིག་བསྒྲུབ་པ་དང་། །དཀྱིལ་འཁོར་ཕྱིར་དང་སྤུན་ རྣམས་དང་། །དེ་བཞིན་རྒྱལ་བའི་སྲས་རྣམས་ལ། །མཆོད་ཕྱིར་མི་ཡི་བདག་པོའམ། །ཕྱུག་པོ་རྣམས་ཀྱི་ནོར་ཕྲོག་གོ། །སེམས་ཅན་རྣམས་ལ་ཕན་སྤྱོད་དང་། །དེ་བཞིན་བླ་མའི་ནོར་རྣམས་དང་། །སྲོག་ཆགས་སྲོག་ནི་བསྲུང་བའི་ཕྱིར། །བརྫུན་གྱི་ཚིག་ནི་སྨྲ་བར་བྱ། ། སངས་རྒྱས་རྣམས་ནི་མཉེས་བྱ་དང་། །དམ་ཚིག་ཡོངས་སུ་བསྲུང་བ་དང་། །སྔགས་མཁན་གྱིས་ནི་སྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་སྤྱད་ཅིང་ཀུན་ཟོས་ཀྱང་། །འགྲུབ་འགྱུར་ཉེས་པར་མི་འགྱུར་ ན། །སྙིང་རྗེ་ལྡན་ལ་སྨོས་ཅི་དགོས། །ཞེས་པ་ལ་སོགས་པ་གསུངས་པ་ནི་དམ་ཚིག་གི་དབང་བསྐུར་བ་གསུངས་པ་སྟེ། དེ་ལ་དེ་དག་ལས་དཀོན་མཆོག་མི་སྤང་བ་དང་། བྱང་ཆུབ་ཀྱི་སེམས་མི་སྤང་བ་དང་། བླ་མ་དམ་པ་མི་སྤང་བ་དང་། སྲོག་གཅོད་པ་ལས་སླར་ ལྡོག་པ་དང་། མ་བྱིན་པར་ལེན་པ་ལས་སླར་ལྡོག་པ་དང་། འདོད་པས་ལོག་པར་གཡེམ་པ་ལས་སླར་ལྡོག་པ་དང་། བརྫུན་དུ་སྨྲ་བ་ལས་སླར་ལྡོག་པ་དག་ནི་རྩ་བའི་དམ་ཚིག་བདུན་ཞེས་བྱ་སྟེ། དེ་དག་ཉམས་པར་གྱུར་པ་ནི་ཐེག་པ་ཆེན་པོའི་ལམ་ལས་ལྟུང་ བར་གྱུར་པ་དང་། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་ངེས་པས་ན། དེ་ལས་གསོ་བར་བྱ་བའི་ཐབས་ནི་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་དུ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཞུགས་ཤིང་དབང་ མནོས་ནས་སྦྱིན་སྲེག་འབུམ་དང་། གཏོར་མ་དང་ཡི་གེ་བརྒྱ་པའི་སྙིང་པོ་འབུམ་དང་། དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྙིང་པོ་ལ་སོགས་པས་ཡོངས་སུ་དག་པར་བྱ་བ་ཉིད་དོ། །དེས་ནི་སྡིག་པའི་རྒྱུད་ལས་རྣམ་པར་ཐར་བར་ འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །དེ་ལ་དཀོན་མཆོག་གསུམ་མི་སྤང་བ་ནི་དེ་དག་ལ་མ་གུས་པ་དང་། རྒྱབ་ཀྱིས་ཕྱོགས་པར་མི་བྱ་བ་ཉིད་དོ། །བྱང་ཆུབ་སེམས་མི་སྤང་བ་ནི་གོང་དུ་སྨོས་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་མི་སྤང་པའོ། །བླ་མ་མི་སྤང་ བ་ནི་བླ་མ་དམ་པ་རྣམས་ལ་མ་གུས་པ་དང་། ཁྱད་དུ་གསོད་པ་ལ་སོགས་པ་མི་བྱ་བ་ཉིད་དོ། །སྲོག་གཅོད་པ་ནི་རྣམ་པ་གཉིས་ཏེ། བསམས་བཞིན་དུ་གདུག་པའི་སེམས་དང་ལྡན་པས་མིའི་འགྲོ་བ་བསད་ན་ལྟུང་བར་འགྱུར་བའོ། །དུད་འགྲོའམ་སྤྲུལ་པ་ལ་སོགས་ པ་ནི་ཉེས་པ་སྦོམ་པོ་ཡིན་ཏེ། དེ་ནི་གཏོར་མས་འདག་པར་གསུངས་སོ། །མ་བྱིན་པར་ལེན་པ་ནི་རྣམ་པ་བཞི་སྟེ། བླ་མའི་རྫས་དང་། ཕྱོགས་བཞིའི་དགེ་འདུན་གྱི་རྫས་དང་། འཕགས་པའི་དཀོར་དང་སྦྱིན་པའི་བདག་པོ་རྣམས་ཀྱི་རྫས་ཏེ། དེ་དག་གི་ཉེས་པས་ ནི་གོང་དུ་སྨོས་པ་རྣམ་པར་སྦྱང་ངོ་། །སེམས་ཅན་གཞན་དང་དུད་འགྲོ་ལ་སོགས་པའི་རྫས་ནི་ཉེས་པ་སྦོམ་པོར་འགྱུར་རོ། །ཕ་རོལ་གྱི་བུད་མེད་མི་སྤྱད་པ་ནི་གཉིས་ཏེ། འཁོར་བའི་ལོངས་སྤྱོད་རེག་བྱའི་བདེ་བ་ལ་ཆགས་པ་དང་། གཟུགས་ལ་ཆགས་པས་བདག་པོ་ དང་བཅས་པའི་བུད་མེད་ལ་སྤྱོད་པ་དང་། རྙེད་པ་དང་བཀུར་སྟིའི་ཕྱིར་བདག་པོ་དང་བཅས་པའི་བུད་མེད་ལ་སྤྱོད་པ་སྟེ། གཞན་གྱིས་བདག་གིར་མ་བྱས་པའི་བུད་མེད་ལ་རྙེད་པ་དང་བཀུར་སྟི་ལ་སོགས་པའི་ཆེད་དུ་སྤྱོད་པ་ནི་ཉེས་པ་སྦོམ་པོར་འགྱུར་རོ། །བརྫུན་དུ་སྨྲ་བ་ ནི་གཉིས་ཏེ། དམ་པའི་ཆོས་ལོག་པར་སྟོན་པ་དང་། བདག་ཉིད་ཡོན་ཏན་གྱི་ཚོགས་དང་མི་ལྡན་པར་གཞན་གྱི་རྙེད་པ་བསྡུ་བའི་ཕྱིར་རང་གི་ཡོན་ཏན་གྱི་ཚོགས་དང་ལྡན་པར་སྨྲ་ཞིང་གཞན་བསླུ་བ་སྟེ། དེ་ལས་གཞན་པའི་བརྫུན་ནི་ཉེས་པ་སྦོམ་པོར་འགྱུར་རོ། ། རྩ་བའི་དམ་ཚིག་ནི་གོང་དུ་སྨོས་པ་ལས་ཤེས་པར་བྱ་བ་ཉེས་པ་སྦོམ་པོ་ནི་གཏོར་མ་དང་ཡི་གེ་བརྒྱ་པ་དང་། སྦྱིན་སྲེག་ལ་སོགས་པ་གང་ཡང་རུང་བས་བཤགས་པར་བྱ་བ་ཉིད་དོ། །ཆང་ནི་ཉེས་པ་སྦོམ་པོ་རྣམས་ཀྱི་ནང་ན་ལྕི་བ་སྟེ། དེ་ནི་རྣམ་པ་གསུམ་མོ། ཉེས་པ་སྦོམ་པོ་རྣམས་ ཤོར་བ་དང་། གཞན་གྱི་སེམས་འཁྲུགས་པར་བྱས་པ་དང་ཇི་སྲིད་འཇིག་རྟེན་པ་མོས་པར་མ་གྱུར་གྱི་བར་དུ་ཡན་ལག་ཚང་བ་སྟེ། ཅུང་ཟད་བསྟེན་པ་ལ་སོགས་པ་ནི་ཡན་ལག་གི་དམ་ཚིག་ཡིན་པས་དེའི་སྐད་ཅིག་ལ་ལྷའི་རྣལ་འབྱོར་ཉིད་ཀྱིས་འདག་པར་འགྱུར་བ་ སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གྱི་རྒྱུད་ལས། བསམས་བཞིན་གདུག་པའི་སེམས་ལྡན་པས། །མཚམས་མེད་རྒྱུ་མིན་མི་གསོད་ན། །སྲོག་གཅོད་པ་ཡི་ཡན་ལག་ཚང་། །བླ་མ་དམ་ཚིག་འབྲེལ་པ་དང་། །ཕྱོགས་བཞིའི་དགེ་འདུན་འཕགས་པའི་ དཀོར། །སྦྱིན་བདག་ལ་སོགས་མི་རྣམས་རྫས། །དེ་མི་ཤེས་པར་བླངས་ནས་ནི། །སྦྱིན་སེམས་མེད་ཅིང་འཁྲུགས་གྱུར་ན། །རྡོ་རྗེ་འཛིན་པའི་སྡོམ་པ་ཞིག །རེག་བྱ་བདེ་བ་གཟུགས་དག་དང་། །རྙེད་པ་ལ་སོགས་བཀུར་སྟིའི་ཕྱིར། །གཞན་གྱིས་བདག་བྱས་བུད་མེད་ ལ། །སྤྱད་ནས་ཕ་རོལ་འཁྲུགས་གྱུར་ན། །འདོད་པས་ལོག་སྤྱོད་རྣམས་སྨིན་ཆེ། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་ལོགས་པར་སྟོན་པ་དང་། །རྙེད་དང་གྲགས་པའི་ཕྱིར་དག་ཏུ། །མེད་བཞིན་ཡོན་ཏན་ཚོགས་སྨྲ་བ། །དམྱལ་བའི་རྒྱུ་ནི་མི་བཟད་འཐོབ། །ཉེས་ པའི་ཚོགས་རྣམས་ཤོར་བ་དང་། །གཞན་གྱི་སེམས་ནད་འཇིག་རྟེན་དཔྱ། །ཆང་བཏུང་བ་ཡི་ཡན་ལག་ཚང་། །ཞེས་གསུངས་པའི་ཕྱིར་རོ། །བླ་མ་སྨད་པར་མི་བྱ་སྟེ། །ཞེས་པ་ནས། གོམ་པས་འགོམ་པར་མི་བྱའོ། །ཞེས་པའི་བར་དུ་ཡན་ལག་གི་དམ་ཚིག་ཤེས་ པར་བྱ་བ་དྲུག་ཅེས་བྱ་བ་སྟེ། དེ་ལ་བླ་མ་མི་སྨད་པ་ནི་བླ་མའི་སྐྱོན་མི་བརྗོད་པའོ། །དེའི་གྲིབ་མ་ལ་མི་འགོམ་པ་ན་དེ་ཉིད་རྡོ་རྗེ་འཛིན་པའི་སྐུའི་ངོ་བོ་ཡིན་པའི་ཕྱིར་བདེ་བར་གཤེགས་པའི་སྐུ་བཅོམ་པ་དང་འདྲ་བར་གསུངས་པའོ། །སློབ་དཔོན་མ་ཡིན་ པ་མི་བཟུང་བ་ནི་རང་ཉིད་ཀྱི་བླ་མ་ལ་ཡོད་བཞིན་དུ་རྙེད་པའམ། ཁ་ཟས་སམ། གཅམ་གསག་གི་ཕྱིར། མི་གཞན་ལ་བླ་མ་ཞེས་པ་ལ་སོགས་པ་ཆེ་བའི་ཡོན་ཏན་གྱི་ཚིག་མི་བརྗོད་པ་དང་། བསྙེན་བཀུར་ལ་སོགས་པ་མི་བྱ་བ་སྟེ། དེ་ནི་བླ་མའི་ཐུགས་ལ་རག་ ལས་པ་ཉིད་དོ། །རྡོ་རྗེ་སློབ་དཔོན་གྱི་མཚན་མི་བརྗོད་པ་ནི་མི་ཕལ་བའི་མིང་ནས་བརྗོད་པ་བཞིན་དུ་རྡོལ་ཐབས་ཀྱི་བླ་མའི་མཚན་མི་བརྗོད་པ་སྟེ། གང་དག་མོས་པ་དང་དད་པའི་ཕྱིར་འདྲི་ན་ནི་གང་དུ་ཡོན་ཏན་བསྟོད་པའི་ཚིག་བརྗོད་དེ། ཞལ་སྔ་ནས་ལྡན་པར་བྱས་ པས་སྨྲ་བ་ཉིད་དོ། །སྔགས་དང་ཕྱག་རྒྱ་དང་ལྷ་ལ་མི་སྨད་པ་ནི། ལྷ་འདི་ཉིད་དང་། སྔགས་འདི་ཉིད་དང་། ཕྱག་རྒྱ་འདི་ལ་བརྟེན་ནས་ནི་དངོས་གྲུབ་འགྲུབ་པར་མི་འགྱུར་བ་ཉིད་དོ་ཞེས་པ་ལ་སོགས་པའི་ཚིག་མི་བརྗོད་པ་སྟེ། དེ་ནི་བླ་ན་མེད་པའི་དཀོན་མཆོག་གསུམ་ ལ་སྐུར་པ་འདེབས་ཤིང་ལོག་པར་ལྟ་བ་ཞེས་བྱ་བ་སྟེ། ངན་སོང་དུ་ལྟུང་བའི་རྒྱུ་ཆེན་པོར་འགྱུར་བ་ཉིད་དོ། །རྙིང་དང་ལྷ་ཡི་གྲིབ་མ་དང་། །ཞེས་པ་ནི་ལྷ་ལ་ཕུལ་བའི་རྙིང་པ་སྟེ། མཆོད་པའི་རྫས་ཐམས་ཅད་དོ། །གྲིབ་མ་ནི་ལྷའི་གྲིབ་མའོ། །དེ་ལ་འགོམས་པ་ནི་ལྷ་ཉིད་ བཤིག་པ་དང་འདྲ་བའི་སྡིག་པར་བཅོམ་ལྡན་འདས་ཀྱི་གཞུང་དུ་མཐོང་ངོ་། །འཇིག་རྟེན་པའི་ཕྱག་རྒྱ་དང་མཚན་མ་ནི་འཇིག་རྟེན་པའི་ལྷ་ཚངས་པ་ལ་སོགས་པའི་རིམ་པའམ། ཨོཾ་ལ་སོགས་པ་སྟེ་དེ་ཡང་བཅོམ་ལྡན་འདས་ཀྱིས་དམ་ཚིག་ཏུ་བསྡུས་པའི་ཕྱིར་རུང་བ་ མ་ཡིན་པ་ཉིད་དོ། །འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་དང་མཚན་མ་ནི་དེ་བཞིན་གཤེགས་པའི་འཁོར་རྣམས་བཞིས་བསྡུས་པའི་རྒྱན་དང་། རྡོ་རྗེ་དང་དྲིལ་བུ་དང་། ཕྲེང་བ་དང་། ཡིག་འབྲུ་ལ་སོགས་པ་ཐམས་ཅད་དེ། དེ་དག་ནི་དེ་བཞིན་གཤེགས་པའི་ གཟུགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་བདག་གི་ཡེ་ཤེས་བསྐྱེད་པའི་ཕྱིར་མ་དང་འདྲ་བ་ཉིད་ཀྱིས་སྡིག་པར་འགྱུར་བ་ཉིད་དོ། །དེ་བས་ན་དེ་དག་ལམ་ཁ་ལ་སོགས་པ་གཞན་སྡིག་པ་སོགས་པའི་གནས་ནའང་གནས་གཙང་མ་རྣམས་སུ་བཞུགས་སུ་གསོལ་བ་ནི་དེ་ བཞིན་གཤེགས་པ་རྣམས་ལ་གཞལ་ཡས་ཁང་ཕུལ་བ་དང་འདྲ་བར་དེ་བཞིན་གཤེགས་པས་གསུངས་སོ། །གཞན་དུ་ན་དེ་དག་ལ་མ་གུས་པ་ནི་དེ་བཞིན་གཤེགས་པ་ལ་མ་གུས་པ་ཉིད་དུ་ཐལ་བར་འགྱུར་རོ། །མཁས་པས་དཀོན་མཆོག་གསུམ་སོགས་དང་། ཞེས་པ་ནས། སྔགས་མཁན་གྱི་ནི་བསྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །ཞེས་པའི་བར་དུ་ནི་གནང་བ་སྤྱད་པར་བྱ་བའི་དམ་ཚིག་བཞི་ཞེས་བྱ་བ་གསུངས་ཏེ། དེ་ལ་དེའི་དགོངས་པ་ནི་རྣམ་པ་གཉིས་སུ་གོ་བར་བྱ་སྟེ། ཕྱི་རོལ་དུ་སྒྲ་ཇི་བཞིན་པ་ མ་ཡིན་པར་གསུངས་པ་དང་། ནང་དུ་སྒྲ་ཇི་བཞིན་མ་ཡིན་པར་གསུངས་པའོ། །དེ་ལ་ཕྱི་རོལ་དུ་སྒྲ་ཇི་བཞིན་པ་གསུངས་པ་ནི། མཁས་པས་དཀོན་མཆོག་གསུམ་སོགས་དང་། །སངས་རྒྱས་བསྟན་ལ་གནོད་བྱེད་དང་། །ཞེས་པ་ལ་སོགས་པ་གསུངས་ཏེ། མི་ གང་དག་རྒྱལ་པོའམ་མུ་སྟེགས་ལ་སོགས་པ་བླ་ན་མེད་པའི་དཀོན་མཆོག་གསུམ་ལ་ཞེ་སྡང་བ་དང་། བདེ་བར་གཤེགས་པའི་བསྟན་པ་ལ་ཡོངས་སུ་བཤིག་པར་བརྩོན་པ་དང་། བདག་གི་ཐེག་པ་ཆེན་པོའི་བླ་མར་གྱུར་པ་ཞེ་སྡང་གིས་སྨོད་པར་བྱེད། སྲོག་ལ་སྡོ་བར་ བྱེད་པ་རྣམས་ནི་འཇིག་རྟེན་འདི་རུ་སྡིག་པའི་རྒྱུ་ཆེན་པོ་བསགས་པ་ལས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བའི་ཕྱིར། རྣལ་འབྱོར་པ་མཆོག་གི་སྙིང་རྗེ་ཆེན་པོ་དང་ལྡན་པས་དེ་ཉིད་དུ་སྡུག་བསྔལ་ལས་ཡུན་ཐུང་བར་བྱ་བ་དང་། བདེ་བར་གཤེགས་པའི་ འཁོར་རྣམས་དང་། བླ་མ་ལ་སོགས་པ་བདེ་བླག་ཏུ་བྱང་ཆུབ་སྒྲུབ་ཏུ་གཞུག་པའི་ཕྱིར། ཞེ་སྡང་གི་སེམས་སྤངས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའི་མཐུ་དང་སྟོབས་ལ་སོགས་པས་གསད་པར་བྱ་བ་སྟེ། དེ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་དང་ལྡན་པ་སྲོག་གི་རྣམ་པར་སྨིན་ པའང་མི་འོང་བར། བདེ་བ་ཆེན་པོའི་གནས་སུ་སྐྱེ་བར་ནུས་པའི་རྣལ་འབྱོར་པས་བྱ་བ་ཉིད་དོ། །དེ་བཞིན་དུ་གཞན་ཡང་། ཆོས་མིན་ལྡན་དང་སྡིག་སྤྱོད་དང་། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ཆོས་མིན་པ་དང་སྡིག་པ་སྤྱོད་པ་ནི་གཅིག་ཏུ་ ཤེས་པར་བྱའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཕྱོགས་གཞན་དུ་དོན་གཞན་ལ་དགོངས་ནས་སྐྱེ་བ་བདུན་པ་དང་ལྡན་པ་དང་། དཔྲལ་བར་ཨུཏྤ་ལ་ལྟ་བུའི་རི་མོ་མཆོག་ཏུ་སྣང་བ་དང་། དྲི་སོགས་ལྡན་པའི་མི་ལ་སོགས། །ཤ་ཟོས་ན་ནི་ ཐར་བར་འགྱུར། །ཞེས་གསུངས་པ་རྣམས་ལ་གཏི་མུག་གི་དྲ་བས་ཀུན་ནས་བཅིངས་ཤིང་ཤེས་རབ་ཀྱི་ཁ་ཕྱིར་ཕྱོགས་བལྟས་ཏེ། ཁོ་ན་བཞིན་དུ་དཔྲལ་བའི་སྟེང་ན་ཨུཏྤ་ལ་འདྲ་བའི་རི་མོ་ཡོད་པ་དང་། ག་བུར་ལ་སོགས་པའི་དྲི་ཞིམ་པ་ཡོད་པ་རྣམས་ཀྱི་མི་དང་། དུད་འགྲོ་ ལ་སོགས་པ་བསད་ནས་ཤ་ཟ་བ་ལ་སོགས་པ་ཡོད་དེ། དེ་ནི་མི་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། ལོག་པར་རྟོག་པའི་བདག་ཉིད་ཀྱིས། དེ་ནི་དུས་ཐམས་ཅད་དུ་དེ་གྲོལ་བར་འདོད་ན། དེ་ལྟར་མི་ལ་སོགས་པ་སྐྱེ་བ་བདུན་དང་ལྡན་པ་དང་། ཨུཏྤ་ལ་འདྲ་བའི་ རི་མོ་དཔྲལ་བའི་སྟེང་ན་ཡོད་པའི་སེམས་ཅན་གང་ཡིན་པ་དེའི་ཤ་ཟོས་པས་གྲོལ་བར་འགྱུར་བ་ཞིག་ན། དེ་ནི་དངོས་གྲུབ་ཀྱི་རྫས་ཆེན་པོ་ཁྱད་པར་ཅན་ཡིན་པའི་ཕྱིར་ལན་ཅིག་ཟོས་པས་ཅི་སྟེ་གྲོལ་བར་མི་འགྱུར་བ་དེ་ལའང་ཡིད་ཆེས་པ་མེད་པར་སྤྱོད་པ་དག་ནི་དམ་པའི་ ཆོས་མ་ཡིན་པ་དང་། སྡིག་པའི་ལས་ཐམས་ཅད་ལ་སྤྱོད་པའི་ཕྱིར་ཆོས་མིན་ལྡན་དང་སྡིག་སྤྱོད་ཅེས་བྱ་སྟེ། དེ་དག་ལ་གོང་དུ་གསུངས་པ་བཞིན་དུ་སྙིང་རྗེ་ཆེན་པོ་བསྐྱེད་པས་གསད་པར་བྱ་བ་ཉིད་དོ། །རྟག་ཏུ་སེམས་ཅན་གནོད་བརྩོན་ནི། །དེ་ཉིད་དང་། ཉ་པ་ དང་། ཤན་པ་དང་། བྱ་པ་དང་། རི་དགས་པ་ལ་སོགས་པ་སྟེ། དེ་དག་ཀྱང་ལས་ཤིན་ཏུ་མི་བཟད་པ་ཆེན་པོ་བྱེད་པ་ན། སྙིང་རྗེའི་སེམས་ཀྱིས་གསད་པར་བྱ་བ་ཉིད་དོ། །དམ་ཚིག་ཉམས་པ་ནི་འདིར་རྣམ་པ་གཉིས་ཏེ། བླ་མ་གང་རྡོ་རྗེ་འཛིན་པ་དང་དབྱེར་མེད་པ་དང་ གཉིས་དམ་ཚིག་ཉམས་པ་ལས་ཕྱིས་ཡང་བླ་མ་གསོད་པར་འདོད་པའི་སེམས་ཅན་སྡིག་པའི་དབང་དུ་གྱུར་པ་དག་སྡིག་པའི་རྒྱུ་གཞིག་པའི་ཕྱིར་སྙིང་རྗེའི་སེམས་ཀྱིས་གསད་པར་བྱ་བ་དང་། ཡང་རྣལ་འབྱོར་པ་གང་དག་གསང་སྔགས་ཀྱི་དམ་ཚིག་ཉམས་ནས། ད་ནི་བདག་ལ་རྩ་བ་ཆད་པའི་ཕྱིར། ཡན་ལག་སྐྱེ་བར་མི་འགྱུར་བས་ན་བདག་གི་སྡིག་པའི་ལས་ཅི་དགར་བྱའོ་སྙམ་ནས་དམག་དཔོན་དང་། གཤེད་མི་དང་། ཉེ་བ་ལ་སོགས་པ་སྡིག་པའི་ཚོགས་དཔག་ཏུ་མེད་པ་སྤྱོད་པ་ཡོད་དོ། །དེ་དག་ལྟ་བུའི་གང་ཟག་ནི་ཏིང་ ངེ་འཛིན་ཁྱད་པར་ཅན་གྱིས་མཉམ་པར་གཞག་ལ། ད་ལྟར་གྱི་ཚེ་སྲོག་འདི་བཤད་པ་ལས་སྡིག་པའི་རྒྱུར་མི་འགྱུར་ཞིང་། དེ་ཉིད་རྣམ་པར་གྲོལ་བའི་ལམ་དུ་ཤེས་པ་ན་སྙིང་རྗེ་ཆེན་པོས་གསད་པར་བྱ་བ་ཉིད་དོ། །དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བསླབ་པ་ཞེས་བྱ་བའི་གྲངས་ སུ་འགྲོའོ། །རྫས་དང་ལྡན་ཞིང་སེར་སྣ་ཅན། །ཤིན་ཏུ་འཆུམས་པའི་ནོར་བླངས་ལ། །སེམས་ཅན་ཕོངས་ལ་སྦྱིན་པ་བྱ། །ཞེས་པ་འདིར་གསུམ་སྟེ། དེ་ལ་གཅིག་ནི་མི་གང་དག་རིན་པོ་ཆེ་ལ་སོགས་པའི་རྫས་ཀྱི་རྣམ་པ་ནི་དཔག་ཏུ་མེད་པ་ཞིག་ཡོད་ལ། ཤིན་ཏུ་སེར་ སྣའི་དབང་དུ་གྱུར་ནས་བླ་ན་མེད་པའི་དཀོན་མཆོག་གསུམ་ལ་མཆོད་པར་མི་བྱེད་ཅིང་། སེམས་ཅན་རྣམས་ལ་སྦྱིན་པ་ལ་སོགས་པའི་ལས་མི་བྱེད་པ་ནི་ཤིན་ཏུ་འཆུམས་པར་འགྱུར་བ་སྟེ། དེའི་རྫས་ནི་སྔགས་དང་སྨན་གྱི་མཐུ་དང་། སྟོབས་ལ་སོགས་པས་བླངས་ལ་རང་ འདོད་པའི་ཕྱིར་མ་ཡིན་པར་སེམས་ཅན་གཞན་ལ་སྙིང་རྗེའི་སེམས་བསྐྱེད་པ་དང་། མི་དེ་ཉིད་ལ་སྙིང་རྗེ་བསྐྱེད་ལ་གཞན་ལ་སྦྱིན་པར་བྱ་སྟེ། དེ་ཡང་ཡུལ་གང་ལ་སྙིང་རྗེའི་སེམས་རྣམ་པ་གཉིས་སྐྱེ་བའི་བྱང་ཆུབ་སེམས་དཔའི་བསླབ་པའི་རང་གི་ངོ་བོ་ཉིད་དོ། །གཅིག་ནི་ རྒྱལ་པོ་ལ་སོགས་པ་དབང་དང་ལྡན་སྟོབས་དང་ལྡན་པས་རང་ཉིད་ལའང་རྫས་ཀྱི་རྣམ་པ་དཔག་ཏུ་མེད་པ་ཡོད་བཞིན་དུ་ཆགས་པའི་དབང་གིས་སེམས་ཅན་གཞན་གྱི་རྫས་འཕྲོག་པར་བྱེད་སྡོམ་པར་བྱེད་ཆད་པ་གཅོད་པར་བྱེད་པ་དང་། སྦྱིན་པའི་སེམས་དང་མི་ལྡན་པ་རྣམས་ ཀྱི་རྫས་ནི་བདག་གིས་འཕྲོག་པ་དང་། རྐུ་བ་ལ་སོགས་པས་བླངས་ནས་ཆགས་པ་མེད་པའི་སེམས་ཀྱིས་གཞན་ལ་སྦྱིན་པར་བྱ་བ་ཉིད་དོ། །བླ་མ་ལ་ནི་མཆོད་པ་དང་། །ཞེས་པ་ནས། ཕྱུག་པོ་རྣམས་ཀྱི་ནོར་འཕྲོག་གོ། །ཞེས་པའི་བར་ནི་འདི་ལྟར་ཡང་ བདག་ནི་སེར་སྣའི་རྒྱུ་ལས་གྲུབ་པས་ཡོ་བྱད་དང་མི་ལྡན་ལ་བླ་མ་དམ་པ་ལ་མཆོད་པ་དང་། རྣལ་འབྱོར་གྱི་བྱ་བ་བསྒྲུབ་པ་དང་། དཀྱིལ་འཁོར་ཆེན་པོ་བཞེངས་པའི་མཆོད་པའི་ཡོད་བྱད་བྱ་བ་དང་། རྡོ་རྗེ་སྤུན་ལ་སོགས་པ་ལ་མཉེས་པར་བྱ་བ་དང་། བླ་ན་མེད་པའི་ འཕགས་པ་དཀོན་མཆོག་གསུམ་ལ་སོགས་པ་ལ་མཆོད་པའི་ཁྱད་ཀྱིས་བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར། རྒྱལ་པོའམ་ཕྱུག་པོ་རྫས་དང་ཡོ་བྱད་ཀྱིས་བྲེལ་བར་མ་གྱུར་པ་རྣམས་ཀྱི་རྫས་ཕྲོགས་ལ་ལོངས་སྤྱོད་པར་བྱ་བ་ཉིད་དེ། དེ་ཡང་ཇི་སྲིད་ སེམས་ཅན་དེ་དག་གི་སེམས་དང་འགལ་བར་མ་གྱུར་པ་དེ་སྲིད་དུ་བསྒྲུབ་པ་སྟེ། དེ་དག་ལས་གཞན་དུ་སེམས་དང་འགལ་བ་ནི་མ་གཏོགས་སོ། །སེམས་ཅན་རྣམས་ལ་ཕན་སྤྱོད་དང་། །རྟག་ཏུ་བླ་མའི་ནོར་རྣམས་དང་། །སྲོག་ཆགས་སྲོག་ནི་བསྲུང་བའི་ཕྱིར། །བརྫུན་ དུ་ཡང་ནི་སྨྲ་བར་བྱ། །ཞེས་གསུངས་པ་ནི་འདི་ལྟར་རྣམ་པ་གསུམ་སྟེ། དེ་ལ་མི་གང་གིས་སེམས་ཅན་གང་དག་བརྡུང་བ་དང་། རྫས་འཕྲོག་པ་དང་། འཛིན་པ་དང་། ཆད་པས་གཅོད་པ་ལ་སོགས་པའི་ལས་བྱེད་པ་ན་གནས་གཞན་དང་གཞན་དག་ཏུ་ཤིན་ཏུ་ འཇིགས་ཤིང་སྐྲག་པས་བྲོས་ནས་འདུག་པ་ལ། དེ་ལ་གཞན་དག་འདྲི་བ་ཞིག་ན་ནི་རྣལ་འབྱོར་པ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་མ་མཐོང་བ་ཞེས་པ་དང་། མེད་ཅེས་པ་དང་། མ་ཡིན་ཞེས་པ་ལ་སོགས་པ་ནི་བརྫུན་དུ་སྨྲ་བར་ བྱ་བ་ཉིད་དང་། ཡང་ཕྱོགས་གཞན་དུ་བླ་མ་ལ་དགྲ་སྡང་བར་གྱུར་པ་དག་ནོར་ལ་སོགས་པ་དག་འཕྲོག་པར་འགྱུར་ན་འདི་ནི་བདག་གི་ཞེས་པ་ལ་སོགས་པས་བླ་མའི་ནོར་བསྲུང་བར་བྱ་བ་དང་། ཡང་ཕྱོགས་འགའ་ཞིག་ཏུ་གཤེད་མ་ལ་སོགས་པས་བརྡས་པའི་མི་དག་ ནགས་ཚལ་ལམ། གྲོང་ཁྱེར་ལ་སོགས་པར་བྲོས་ནས་གཞན་དག་འདྲི་བར་གྱུར་པ་ན་ཕྱོགས་ལོག་པར་གཞན་དུ་ལམ་བསྟེན་པར་བྱ་བ་སྟེ། དེ་ནི་རྣམ་པར་གྲོལ་བའི་རྒྱུའི་བརྫུན་དུ་སྨྲ་བ་ཞེས་བྱའོ། །སངས་རྒྱས་རྣམས་ནི་མཉེས་བྱས་དང་། །ཞེས་པ་ལ་སོགས་ པ་ནི་འདི་ལྟར་རྣམ་པ་གཉིས་ཏེ། བདག་གིས་མཆོད་པའི་ཚོགས་བྱེད་པའི་གནས་སྐབས་སུ་རྡོ་རྗེའི་སྲིང་མོ་ལ་སོགས་པས་དགའ་བ་ཆེན་པོས་ལུང་སྟོན་པར་འགྱུར་བ་ནི་དེ་ཉིད་དམ་ཚིག་ཡིན་པའི་ཕྱིར། གཞན་གྱིས་བདག་ཏུ་བྱས་ཀྱང་། འདོད་པའི་ཆགས་པའི་ བསམ་པ་ནི་མ་ཡིན་གྱི། བདེ་བར་གཤེགས་པའི་ཚོགས་ལ་བདེ་བ་ཆེན་པོའི་རོས་མཆོད་པའི་ཕྱིར་དང་། ལོངས་མ་སྤྱོད་པར་གྱུར་ན་རྡོ་རྗེའི་སྲིན་མོ་འཁྲུགས་ཤིང་ཞེ་སྡང་བར་གྱུར་ཏེ། དམ་ཚིག་ཉམས་པར་གྱུར་པ་བསྲུང་བའི་ཕྱིར། གཞན་གྱི་བུད་མེད་བསྟེན་པ་དང་། །ཡང་ སྒྲུབ་པ་གཞན་དག་ཏུ་བུད་མེད་མཚན་དང་ལྡན་པ་ལོའི་གྲངས་དང་ཁ་དོག་དང་། གཞོན་བྱད་དང་། རང་བཞིན་དང་། ཕྱག་རྒྱ་ལ་སོགས་པས་མཚོན་པའི་བུད་མེད་དག་དགོས་པར་གྱུར་ལ། དེ་དང་མི་ལྡན་ན་ནི་དམ་ཚིག་ཉམས་ཤིང་དངོས་གྲུབ་འགྲུབ་པར་མི་འགྱུར་བ་ཞིག་ན། གཞན་གྱི་དབང་དུ་བྱས་ཀྱང་སྔགས་དང་སྨན་ལ་སོགས་པས་བཀུག་ལ་ལོངས་སྤྱད་པར་བྱ་བ་སྟེ། དེ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་བདག་པོ་དག་གིས་ཤེས་པར་མ་གྱུར་པ་དེ་སྲིད་དུ་བསྒྲུབ་པར་བྱ་བ་སྟེ། གཞན་དག་ཞེ་སྡང་ལས་ནན་ གྱིས་སྒྲུབ་པ་ནི་སྡིག་པའི་རྒྱུར་གྱུར་པ་ཉིད་དོ། །དེ་དག་རྣམས་ཀྱང་རབ་ཏུ་བྱུང་བའི་དགེ་སློང་རྣམས་ཀྱིས་ནི་བསྒྲུབ་པའི་དུས་སུ་ལུས་ལ་རེག་པར་བྱ་བ་དང་། དེའི་གཟུགས་བརྙན་བྲིས་ལ་བསྟེན་པས་བྱས་ཀྱང་འགྲུབ་པར་གསུངས་ཏེ། དེ་ལ་ཐེག་པ་ཆེན་པོ་ནམ་མཁའ་མཛོད་ ཀྱི་རྒྱུད་ལས། གང་དུ་ཁྱིམ་པས་བསྒྲུབ་བྱ་བའི། །ཕྱག་རྒྱ་མཆོད་རྫས་བུད་མེད་སོགས། །ཚངས་པར་སྤྱོད་པའི་དགེ་སློང་གིས། །ཆོས་ཀུན་སེམས་ལས་གྲུབ་པས་ན། །མི་འགལ་བར་ནི་ཡིད་ཀྱིས་བརྟག །ཅེས་གསུང་པའི་ཕྱིར་རོ། །ཡང་དེ་དག་གི་དོན་ནང་དུ་སྒྲ་ཇི་བཞིན་ མ་ཡིན་པར་བསྟན་པར་ནི། འདི་ལྟར་བདག་ཉིད་ཀྱི་རྣམ་པར་རྟོག་པའི་རྒྱུད་ཡོངས་སུ་གཅད་པར་བྱ་བ་སྟེ། དེ་ནི་དེ་ཡིས་འཚོ་བའི་ཕྱིར་སྲོག་ཅེས་བྱ་སྟེ། དེ་ཉིད་དམ་ཚིག་ཉམས་པའི་རྒྱུ་ཡིན་པ་དང་། ཡང་དག་པའི་ཆོས་མ་ཡིན་པ་དང་། སྡིག་པའི་ ལས་ལ་ཀུན་དུ་སྤྱོད་པའི་ཕྱིར་དང་། དེ་བཞིན་གཤེགས་པའི་བསྟན་པའི་སྙིང་པོ་ལ་གནོད་པར་བྱེད་པའི་ཕྱིར་གསད་པར་བྱ་བ་ཉིད་དོ། །དེ་ཇི་ལྟ་བུས་གསད་པར་བྱ་ཞེ་ན། ཤེས་རབ་ཆེན་པོའི་མཚོན་བདེ་བར་གཤེགས་པའི་བཀའ་ལ་བརྡར་ཏེ། ཐར་པ་ཆེན་པོའི་ གྲོང་ཁྱེར་གསང་སྔགས་བླ་ན་མེད་པའི་ཁྱིམ་དུ་ཁྲིད་ལ། བླ་མ་དམ་པའི་རྩལ་དང་བསྡོངས་ཏེ། སྐེ་གཅད་པར་བྱ་བ་ཉིད་དོ། །མ་བྱིན་པར་ལེན་པ་ནི་འདི་ལྟར་བདག་ཉིད་ཀྱིས་ཆོས་དང་ཟང་ཟིང་དང་། སྐྱབས་ཀྱི་སྦྱིན་པ་ལ་སོགས་པས་སེམས་ཅན་ཐམས་ཅད་ལ་དུས་ གསུམ་དུ་གཏང་བར་བྱ་བ་སྟེ། ཅིའི་ཕྱིར་ཞེ་ན། སེམས་དེ་ཉིད་ལས་བསམས་པའི་འབྲས་བུ་སྣ་ཚོགས་པ་འབྱུང་བ་དང་། དེ་ཉིད་སྔར་རུས་སྦལ་ཁོག་པའི་ནང་དུ་འཁུམས་པ་བཞིན་དུ་བསམ་པ་ཆུང་ངུ་དང་ལྡན་པར་འཇུག་པ་དང་། རྒྱལ་པོ་ལྟ་བུར་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ གཙོ་བོ་ཡིན་པའི་ཕྱིར་ཕྱུག་པོ་ཞེས་བྱ་བ་དང་། འཆུམས་པ་ཞེས་བྱ་བ་དང་། མིའི་བདག་པོ་ཞེས་བྱ་བ་སྟེ། དེ་ནི་ནོར་དབྲོག་པའོ། །དེ་མ་བྱིན་པར་ལེན་པར་ཇི་ལྟར་འགྱུར་སྙམ་པ་ལ། དེ་ནི་བདག་ལས་སུས་ཀྱང་མ་བྱིན་པར་གང་ལས་ཀྱང་མ་ཐོབ་ཅིང་བདག་ གིས་བླངས་ནས་གཏོང་བའི་ཕྱིར་མ་བྱིན་པར་ལེན་པ་ཉིད་དོ། །ཡང་འདིར་བརྫུན་དུ་སྨྲ་བ་ནི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བླ་ན་མེད་པ་བསྐྱེད་ནས། བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པ་སྟེ། དེ་ཉིད་བླ་ན་མེད་པ་བྱང་ཆུབ་ཀྱི་ ནོར་ཚོལ་བ་དང་། གསང་སྔགས་ཀྱི་དམ་ཚིག་ལ་མངོན་པར་སྤྱོད་པ་དང་། བདག་ཉིད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པའི་གཤེད་མ་ལས་བསྲུང་བ་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྤྱོད་པའི་ཕྱིར་སེམས་ཅན་ལ་ཕན་པར་སྤྱོད་པ་དང་། བླ་མའི་ནོར་བསྲུང་ བ་དང་། སྲོག་ཆགས་རྣམས་ཀྱི་སྲོག་བསྲུང་བ་ཞེས་བྱའོ། །དེ་ལ་བརྫུན་གྱི་ཚིག་ཏུ་ཇི་ལྟར་འགྱུར་སྙམ་པ་ལ། དེ་ནི་འདི་ལྟར་སེམས་ཅན་རྣམས་ནི་སྐྱེ་བ་ཐོག་མ་མེད་པ་ནས་ལོག་པར་རྟོག་པའི་དབང་གིས་འཁོར་བའི་རྒྱ་མཚོའི་གཏིང་མཐའ་མེད་པར་གང་བ་ དེ་ལ་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་འང་བདག་གིས་གྲོལ་བར་མི་འགྱུར་བའི་བརྫུན་གྱི་ཚིག་ཅེས་བྱ་བ་ཁོ་ནའོ། །ཡང་འདི་ལྟར་གཞན་གྱི་བུད་མེད་བསྟེན་པ་ནི་མེ་ལོང་ལྟ་བུ་ཡེ་ཤེས་ལ་སོགས་པ་ལ་མངོན་པར་སྦྱོར་བ་སྟེ། དེ་ནི་འདི་ལྟར་བདེ་བར་གཤེགས་ པ་རྣམས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང་། ཆོ་ག་རྣམ་པ་གསུམ་གྱིས་དགྱེས་པར་བྱེད་པ་དང་། དེ་ཉིད་དམ་ཚིག་ཆེན་པོ་དང་ལྡན་པ་དང་། ཡང་དག་པའི་རྣལ་འབྱོར་སྒྲུབ་པའི་ཕྱིར། །སངས་རྒྱས་རྣམས་མཉེས་པར་བྱ་བ་དང་དམ་ཚིག་བསྲུང་བ་དང་སྔགས་ མཁན་གྱི་བསྒྲུབ་པའི་ཕྱིར་ཞེས་བྱ་བར་སྦྱར་རོ། །དེ་ལ་ཅིའི་ཕྱིར་བུད་མེད་ཅེས་བྱ་སྙམ་པ་ལ། དེ་ནི་རྣམ་པར་རྟོག་པ་དང་བྲལ་བའི་བདེ་བ་སྟེར་བའི་ཕྱིར་དང་། འགྲོ་བ་མ་ལུས་པ་ལ་ཕན་པར་བྱེད་པའི་ཡོན་ཏན་དཔག་ཏུ་མེད་པའི་ཚོགས་བསྐྱེད་པའི་ཕྱིར་བུད་མེད་ ཅེས་བྱའོ། །དེ་ལ་གཞན་གྱི་ཇི་ལྟར་ཡིན་ཞེ་ན། བདག་ཉིད་ཉོན་མོངས་པ་དང་བཅས་པའི་རྒྱུད་ལས་གཞན་པ། རྣམ་པར་གྲོལ་བའི་ལམ་པ་རྣམས་ཀྱིས་སྤྱོད་པའི་ཕྱིར། གཞན་གྱི་བུད་མེད་ཅེས་པ་ཉིད་དོ། །རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་ སྤྱད་ཅིང་ཀུན་ཟོས་ཀྱང་། །འགྲུབ་འགྱུར་ཉེས་པར་མི་འགྱུར་ན། །སྙིང་རྗེ་ལྡན་པ་སྨོས་ཅི་དགོས། །ཞེས་གསུངས་པ་ནི་རྣལ་འབྱོར་པ་སེམས་ཀྱི་ཁྱད་པར་བསྡུས་པའི་དོན་གསུངས་པ་སྟེ། དེ་ལ་དེའི་དགོངས་པ་ནི་རྣམ་པ་གསུམ་དུ་གོ་བར་བྱའོ། །དེ་ལ་གཅིག་ནི་དཔལ་ རྡོ་རྗེ་སེམས་དཔའི་གནས་དམ་པར་འགྱུར་བ་ཐར་པའི་གྲོང་ཁྱེར་ཆེན་པོ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་ཞུགས་པའི་གང་ཟག་དེས་སྒོར་ཞུགས་པ་ཙམ་གྱིས་ཀྱང་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་དང་། བཟའ་བ་ལ་སོགས་པ་ཐམས་ཅད་ཀྱང་ཟོས་ཀྱང་ སྡིག་པའི་ལམ་དུ་འཇུག་པར་མི་འགྱུར་ན། དེར་ཞུགས་ཤིང་ཞུགས་ནས་ཀྱང་། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཞིང་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པར་ འགྱུར་རོ་ཞེས་པ་སྟེ། དེ་ནི་གཞན་དག་ཏུ་གཞུག་པའི་ཡན་ལག་ཏུ་ལམ་གྱི་ཕན་ཡོན་བསྟན་པར་ཤེས་པར་བྱའོ། །གཅིག་ནི་འདི་ལྟར་དཔལ་རྡོ་རྗེ་སེམས་དཔའི་གནས་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་སྟོང་པ་ཉིད་ཡིན་ཞིང་དེ་ལ་ཡང་དག་པར་ གནས་པར་བྱས་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་འདུ་ཤེས་ཀྱིས་ཆགས་པ་དང་འདོད་པའི་སེམས་སྤངས་ནས། འདོད་པའི་ལོངས་སྤྱོད་ལ་མངོན་པར་སྤྱད་ཀྱང་། ཡང་དག་པར་དེ་ཁོ་ན་ཉིད་འགྲུབ་པར་འགྱུར་ཞིང་ཉེས་པར་མི་འགྱུར་བ་དེ་ལས་ ཀྱང་ཁྱད་པར་དུ་ལྷའི་རྣམ་པར་དག་པའི་རྣལ་འབྱོར་གྱིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་སྨོས་ཀྱང་ཅི་དགོས་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་མྱུར་དུ་འཐོབ་པར་བྱ་བ་ཉིད་དེ་ཞེས་སྦྱར་བར་བྱའོ། །གཅིག་ནི་རང་ཉིད་དཔལ་རྡོ་རྗེ་སེམས་ དཔའི་གནས་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་བསྐྱེད་པ་གཅིག་པུ་ལ་གནས་ནས་འདོད་པའི་ལོངས་སྤྱོད་ལ་ལོངས་སྤྱད་ཀྱང་ཡང་དག་པའི་དེ་ཁོ་ན་ཉིད་འགྲུབ་པར་འགྱུར་ན། དེ་ལས་ཀྱང་སྙིང་རྗེ་ཆེན་པོས་འགྲོ་བའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་བ་ཁོ་ནའོ་ཞེས་བྱ་བ་ཉིད་དོ། །དེ་དག་གིས་ནི་ཐེག་པ་ཆེན་པོ་གསང་སྔགས་པའི་གང་ཟག་རྣམས་ཀྱི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་སེམས་ཀྱི་བསླབ་པ་ དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྣམ་པ་གསུམ་དང་། ཐེག་པ་ཆེན་པོ་གསང་སྔགས་ཀྱི་གྲུབ་པའི་མཐའ་ཡང་བཤད་པ་ཉིད་དུ་ཤེས་པར་བྱའོ། །ཡང་དེ་དག་ལ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཚད་མེད་པ་རྣམ་པ་བཞི་དང་། དྲན་པ་ཉེ་ བར་གཞག་པ་བཞི་དང་ཡང་དག་པར་སྤོང་བ་བཞི་དང་ལམ་བཞི་ལ་སོགས་པའི་ཆོས་རྣམས་ཀྱང་ཐམས་ཅད་ཚང་བར་ལྡན་པ་སྟེ། ཚིག་མངས་པའི་སྐྱོན་དུ་འགྱུར་གྱིས་དོགས་ནས་འདིར་ནི་མ་བྲིས་པས་ཅི་རིགས་སུ་སྦྱར་བར་བྱ་བ་ཉིད་དོ། །དེ་ཡན་ཆད་ཀྱིས་ནི་དམ་ཚིག་ གི་དབང་བསྐུར་བ་བསྟན་ནས། དེ་ནི་བཀའི་དབང་བསྐུར་བར་བྱ་བ་གསུངས་ཏེ། དེ་ནས་འདིས་བཀའི་དབང་བསྐུར་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཛྙཱ་ཏེ། རཱ་ཧཱ་སི་མེ་གྲྀཧྞ་བཛྲ་སུ་སིདྡྷ་ཡེ། ཨོཾ་བཛྲ་ཏིཥྛ་ཧཱུཾ་ཞེས་པ་ནི་གོང་དུ་གསུངས་པའི་ཆོ་ག་ལས་ཤེས་པར་བྱ་སྟེ། དེ་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་བསྒྲལ་བའི་ཕྱིར། སྔགས་ཀྱི་རྒྱུད་རྣམས་བཤད་པ་ཡང་། །དཀྱིལ་འཁོར་རབ་གནས་སྦྱིན་སྲེག་རྣམས། །རྒྱུད་ནས་གསུངས་པ་བཞིན་དུ་བསྒྲུབ། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་བསྒྲག་པར་བྱ་བ་ཉིད་དོ། །འདིས་ ལག་ཏུ་རྡོ་རྗེ་བྱིན་ལ་ལས་ཀྱི་དབང་བསྐུར་བར་བྱའོ། །ཨོཾ་སརྦ་ཀརྨ་ཎི་ཀུ་རུ་བྷཱུ་ཏ་མ་རེ་ཧཱུཾ། དེ་ནས། སངས་རྒྱས་བསྒྲུབ་ཕྱིར་བླ་མ་ལ། །ཁྱོད་ཀྱི་ལུས་མཆོག་སྦྱིན་པར་བྱ། །ནོར་དང་དབྱིག་དང་འབྲུ་རྣམས་དང་། །སྟན་དང་བཞོན་པ་དེ་བཞིན་ཏེ། །བྲན་གྱི་མཆོག་དང་ ཁང་པ་དང་། །རྒྱལ་པོ་རྒྱལ་སྲིད་དེ་བཞིན་ཏེ། །བུ་དང་བུ་མོ་ཆུང་མ་དང་། །མ་དང་སྲིང་མོ་ཚ་མོ་དང་། །གཞན་ཡང་ཅི་བདོག་ཐམས་ཅད་ནི། །དད་པས་བསམས་ནས་བླ་མ་ལ། །དབུལ་བ་ཉིད་དུ་བྱ་བ་ཡིན། །དེ་ནས་བྱང་ཆུབ་བར་དུ་ནི། །སངས་རྒྱས་ཉིད་དང་གཞན་དག་ དང་། །འཇིག་རྟེན་པ་ཡི་མཐུ་ཆེན་རྣམས། །གང་འདོད་པ་དག་སྒྲུབ་འདོད་པས། །དངོས་གྲུབ་རྣམས་ནི་གསོལ་བ་གདབ། །ཅེས་གསུངས་པ་ནི་སྔགས་གཉིས་པ་དང་། །ཁྱོད་ཀྱིས་ཤར་ཕྱོགས་སོང་ནས་ནི། །རྡོ་རྗེ་ཆོས་ཀྱི་འཁོར་ལོ་བསྐོར། ཞེས་གསུངས་པ་ལ་ སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ནི་ལས་ཀྱི་དབང་བསྐུར་བ་གསུངས་པ་སྟེ། ཁྱབ་པ་འབྱུང་བ་རྡོ་རྗེའི་སྐབས་སུ་གསུངས་པའི་སྔགས། ཨོཾ་བུདྡྷ་ཀརྨ་ཨ་བྷིཥིཉྩ་ཨོཾ་ཞེས་པ་ལ་སོགས་པའི་སྔགས་རྣམས་ཀྱིས་ཀྱང་རིམ་པ་ཇི་ལྟ་བ་བཞིན་དུ་དབང་ བསྐུར་བར་བྱ་བ་ཉིད་དོ། །སངས་རྒྱས་འགྲུབ་ཕྱིར་བླ་མ་ལ། །ཁྱོད་ཀྱི་ལུས་མཆོག་སྦྱིན་པར་བྱ། །ཞེས་པ་ལ་སོགས་པ་ནི་སློབ་མའི་བྱ་བ་གསུངས་པ་སྟེ། དེ་ལ་འཇིག་རྟེན་འདིར་སྐྱབས་དང་། གླིང་ལ་སོགས་པ་ཡུད་ཙམ་གྱི་བདེ་བ་སྟེར་བ་ལའང་ རྫས་དང་ཁ་ཟས་ལ་སོགས་པས་ཡང་དག་པར་མགུ་བར་བྱེད་ན། བསྐལ་པ་གྲངས་མེད་པར་འཁོར་བའི་སྡུག་བསྔལ་མི་ཟད་པ་ལས་ཐར་བར་བྱེད་པའི་བླ་མ་ལ་ནོར་དང་། དབྱིག་དང་། འབྲུ་དང་། ཆུང་མ་དང་། བུ་དང་བུ་མོ་དང་། སྲིང་མོ་དང་། ཡུལ་ལ་སོགས་པ་ དབུལ་བར་བྱ་བ་ཉིད་དོ། །རྒྱལ་པོ་རྒྱལ་སྲིད་ཅེས་པ་ནི། །སློབ་མ་གང་དག་རྒྱལ་པོ་ཡིན་ནའང་རྒྱལ་སྲིད་ཀྱང་དབུལ་བར་བྱ་བ་ཉིད་དང་། གཞན་ཡང་བླ་མའི་ཐུགས་སུ་ཇི་ལྟར་འོང་བའི་རྫས་དབུལ་བར་བྱ་བ་དང་། ཐ་ན་རང་གི་སྲོག་གིས་ཀྱང་བླ་མ་ལ་མཆོད་ པར་བྱ་བ་སྟེ། བླ་མ་ལ་གུས་པར་བྱ་བ་ནི། ཐེག་པ་ཆེན་པོ་རྒྱལ་བའི་བཀའ་ཐམས་ཅད་ནས་རྒྱས་པར་གསུངས་པས་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་ཡོངས་སུ་མཉེས་པར་བྱ་བ་ཁོ་ནའོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟེར་བར་ལྟ་བ་མ་ ཡིན་གྱི། ཕྱི་རོལ་གྱི་བསྟན་བཅོས་དབང་ཕྱུག་ཆེན་པོའི་རྒྱུད་ལ་བརྟེན་པ་ཤིན་ཏུ་མཆོག་ཏུ་གྱུར་པའང་། སྲིད་པའི་རྩེ་མོ་ལས་མི་འཐོབ་པ་ལ་ཡང་། བླ་མ་དང་མཉམ་པ་ཡང་མིན། བླ་མ་དང་མཉམ་མ་ཡང་མིན། །འཁོར་བ་རྒྱ་མཚོ་རྒལ་དཀའ་བའི། །སྡུག་ བསྔལ་དེ་ལས་དེ་དག་ཀུན། །ཞེས་ཟེར་ན། ཡང་དག་པར་རྫོགས་པའི་སངས་རྒྱས་སྟེར་བ་ལ་བཀའ་དྲིན་གྱི་ལན་གཞན་གྱིས་མི་འཁོར་བ་ཡིན་པས་ན། འཇིག་རྟེན་པའི་མཆོག་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཡིན་ནོ། །དེ་ཡང་བསམ་པ་ཇི་ལྟ་བུས་བྱ་སྙམ་ པ་ལ། འདོད་པས་བསམས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲགས་པ་དང་། སྙན་པ་དང་གཞན་ལ་འགྲན་པའི་ཕྱིར་ནི་མ་ཡིན་གྱི། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བྱ་བའི་ཕྱིར་སེམས་རྣམ་པར་དག་པ་ དང་བཅས་པས་དབུལ་བར་བྱ་བ་ཉིད་དོ། །དེ་ནས་བྱང་ཆུབ་བར་དུ་ནི། །ཞེས་པ་ལ་སོགས་པ་ནི་རྒྱུའི་དྲིན་མནོད་པར་གསུངས་པ་སྟེ། དེ་ལ་དང་པོ་བླ་མ་དམ་པ་ལ་ཡང་དག་པར་བསྙེན་པས་དབང་དམ་པ་རྣམས་བསྐུར་བས་སྣོད་དུ་བྱས་པའོ། །དེ་ནས་བསྐྱེད་པར་ བྱ་བའི་རྒྱུ་གསོལ་བ་གདབ་པར་བྱ་བ་ནི། ཡོན་ལ་སོགས་པས་གོང་དུ་སྨོས་པ་བཞིན་དུ་ཕུལ་ལ། འཇིག་རྟེན་པའི་དངོས་གྲུབ་རལ་གྲི་དང་། དྲིལ་བུ་དང་རྩེ་གསུམ་པ་ལ་སོགས་པ་སྣ་ཚོགས་པ་གསོལ་བ་གདབ་པ་དང་། གཞན་ཡང་བདག་ཉིད་ཞི་བ་དང་། རྒྱས་པ་ལ་ སོགས་པའི་དངོས་གྲུབ་གང་ཡིན་ལ་འདོད་པ་རྣམས་གསོལ་བ་གདབ་པ་དང་། དེ་བཞིན་དུ་ཇི་སྲིད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྲུབ་པའི་བར་དུ་དངོས་གྲུབ་རྣམས་གསོལ་བ་གདབ་པ་བྱ་བ་ཉིད་དོ། །དེ་ནས་སློབ་དཔོན་གྱི་ལས་སུ་བྱ་བ་ ཇི་ལྟ་བུ་ཞིག་སྙམ་པ་ལ། དེ་ནས་བུ་ལ་ཕན་པའི་ཕྱིར། །སྔགས་མཁན་སེར་སྣ་མེད་སེམས་ཀྱིས། །དད་པས་དད་པའི་སེམས་ལྡན་ལ། །དངོས་གྲུབ་རྣམས་ནི་སྦྱིན་པར་བྱ། །ཞེས་གསུངས་པ་སྟེ། དེ་ལ་དང་པོ་སློབ་དཔོན་གྱིས་སློབ་མའི་སྣོད་བརྟག་པར་བྱ་ སྟེ། སྣོད་བརྟག་པ་ནི་རྣམ་པ་གཉིས་སོ། །དང་པོར་ལོ་གཅིག་གི་བར་དུ་ཕྱག་ཙམ་བླངས་ལ། ཚིག་མི་སྦྱིན་པར་བྱ་བ་དང་། དེ་ནས་ལོ་གཉིས་ཀྱི་བར་དུ་ཚངས་པར་སྤྱོད་པ་དགེ་བསྙེན་གྱི་སྡོམ་པ་འབོགས་པ་དང་། ལོ་གསུམ་པ་ལ་དཀྱིལ་འཁོར་དུ་གཞུག་ པ་དང་། དེ་ནས་དེ་སྲིད་ཀྱི་བར་དུའང་དང་པོ་སྐྱོ་བ་མེད་ཅིང་འཕགས་པ་རྟག་ཏུ་ངུ་ལྟ་བུར་གནས་པ་ན། ལོ་བཞི་པ་ལ་དབང་རྫོགས་པར་བསྐུར་ལ། ལྔ་པ་ལ་མན་ངག་སྦྱིན་པར་བྱ་བ་ནི། བུ་དེ་ལ་ཕན་པའི་ཕྱིར་རྡོ་རྗེ་སློབ་དཔོན་དམ་པའི་ཆོས་ལ་སེར་སྣ་མེད་པས་ བདག་ཉིད་དད་པ་དང་ལྡན་པས་སློབ་མ་དད་པ་དང་ལྡན་པ་ལ་དངོས་གྲུབ་རྣམས་ཇི་ལྟར་སྒྲུབ་པ་ཡང་དག་པར་སྦྱིན་ནོ། །གཅིག་ནི་ཡུན་ཐུང་བར་གནས་པ་ཡིན་ཡང་འཇིག་རྟེན་ན་འཇིག་རྟེན་པ་རྣམས་རྫས་དང་ཡོ་བྱད་དང་། ལོངས་སྤྱོད་ལ་ཆགས་ཤིང་གཏོང་མི་ བྲ་བར་གྱུར་པ་སྟེ། དེ་ལ་མི་གང་དག་གོང་དུ་གསུངས་པ་ལྟར་མཆོག་ཏུ་དད་པ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར་ཡུལ་དང་བུ་དང་ཆུང་མ་དང་། རྒྱལ་སྲིད་ལ་སོགས་པ་ཡང་གཏོང་ཞིང་འབུལ་བར་གྱུར་ པ་ན་དེ་ནི་གདོན་མི་ཟ་བར་དམ་པའི་ཆོས་ཀྱི་སྣོད་དུ་གྱུར་པ་ཡིན་པས་ན་རྣལ་འབྱོར་པས་སེར་སྣ་མེད་པས་དད་པ་ཆེན་པོས་དད་པ་དང་ལྡན་པའི་བུ་ལ་དངོས་གྲུབ་འགྲུབ་པའི་རྒྱུ་བླ་ན་མེད་པ་སྦྱིན་པར་བྱ་བ་ཉིད་དོ། །དེ་ལ་དངོས་གྲུབ་ཀྱི་རྒྱུ་ཇི་ལྟ་བུ་ཞིག་ཡིན་སྙམ་ པ་ལ། ཆོས་རྣམས་ཐམས་ཅད་བདག་མེད་པར། །སེམས་ཀྱིས་བསྒོམ་པར་བྱས་ནས་ཀྱང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་ས་བོན་དེ་དབུས་སུ། །བསམས་ནས་དམ་ཚིག་ཕྱག་རྒྱ་ཡང་། །བསམས་བཞིན་དེ་བཞིན་དེ་ཉིད་དུ། །སྒྲུབ་པ་ པོ་ནི་བསྒྱུར་བར་བྱ། །ལྷ་ཡི་རྣལ་འབྱོར་ཚུལ་གནས་ཏེ། །དེ་ནས་རང་གི་ས་བོན་དང་། །ཕྱག་རྒྱ་སྔགས་ཀྱིས་དེ་བྱིན་བརླབ། །རིམ་པའི་རྗེས་ལས་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱི་དབང་བསྐུར་རོ། །དེ་ནས་ང་རྒྱལ་བསྐྱེད་ནས་ཀྱང་། །མཁས་པ་ཡིས་ནི་ བསྒྲུབ་བྱས་ནས། །དེ་བཞིན་གཤེགས་ཀྱང་འགྲུབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས་པ་སྟེ། དེ་ལ་ཚིགས་སུ་བཅད་པ་འདི་དག་ནི། རྣམ་པར་སྣང་མཛད་ཀྱི་རྒྱུད་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཚིག་ཅེས་གསུངས་སོ། དེ་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཚིག་ཏུ་འགྱུར་སྙམ་པ་ལ། དེ་ནི་འདི་ལྟར་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་སེམས་ཅན་རྣམས་ཀྱིས་གང་དང་གང་བསམ་པ་ཐམས་ཅད་འབྱུང་བར་བྱེད་པ་སྟེ། དེ་བཞིན་དུ་འདི་ལའང་དམ་པའི་ཆོས་ཀྱི་དོན་མཐའ་ དག་མ་ལུས་པར་སྟོན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཚིག་ཅེས་བྱའོ། །དེ་ལ་དམ་པའི་ཆོས་ཀྱི་དོན་མཐའ་དག་ཇི་ལྟར་སྟོན་སྙམ་པ་ལ། དེ་ནི་འདི་ལྟར་དམ་པའི་ ཆོས་མཐའ་དག་ནི་རྒྱུ་རྣམ་པར་དག་པ་དང་། ལམ་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་དང་གསུམ་དུ་འདུས་ཏེ། དེ་ལ་རྒྱུ་རྣམ་པར་དག་པ་ནི་གོང་དུ་སྨོས་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་མོ། །ལམ་རྣམ་པར་དག་པ་ཡང་གསུམ་སྟེ། གཞན་ལ་བརྟེན་པའི་ མཚན་ཉིད་དང་། །བདག་ལ་བརྟེན་པའི་མཚན་ཉིད་དང་། །རྟེན་པ་སྤངས་པའི་མཚན་ཉིད་དོ། །འབྲས་བུ་རྣམ་པར་དག་པ་ནི། །ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་གསུམ་མོ། །དེ་དག་གི་མཚོན་པའི་ཕྱག་རྒྱ་ནི་ཚིགས་སུ་བཅད་པ་ བཞི་པོ་འདི་ཡིན་ཏེ། དེ་ལ་ལམ་རྣམ་པར་དག་པ་གཞན་ལ་བརྟེན་པའི་མཚན་ཉིད་ཀྱི་སྐབས་སུ་ནི་དོན་རྣམ་པ་གཉིས་ཀྱིས་སྟོན་ཏེ། དམིགས་པ་དང་བཅས་པའི་དབང་དང་། དམིགས་པ་མེད་པའི་དབང་ངོ་། །དེ་ལ་དམིགས་པ་དང་བཅས་པའི་དབང་ནི་དང་པོ་བདག་ ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམས་ཏེ། དེའི་རྗེས་ལ་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ་མོ། །དེའི་སྟེང་དུ་ཧཱུཾ་བསམས་ལ་དེ་གྱུར་པ་ལས་རྡོ་རྗེ་བསམ་མོ། །ཡང་དེའི་དབུས་སུ་ཧཱུཾ་བསམས་ལ། དེ་དག་གྱུར་པ་ལས་བདག་ཉིད་བཅོམ་ལྡན་ འདས་རྡོ་རྗེ་སེམས་དཔར་བསྐྱེད་དེ། སློབ་མའི་མིག་ལ་སོགས་པ་གནས་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་དང་ཕྱག་རྒྱ་དང་སྙིང་པོ་རྣམས་ཀྱིས་བྱིན་གྱིས་བརླབས་ནས། ཡང་ཆོ་ག་རྣམ་པ་གསུམ་མམ། མངོན་པར་བྱང་ཆུབ་པ་རྣམ་པ་ ལྔ་ལས་བདེ་བར་གཤེགས་པ་རྣམས་བསྐྱེད་ལ་དབང་བསྐུར་བར་བྱ་བ་སྟེ། དེས་ནི་སློབ་མ་བདེ་བར་གཤེགས་པ་རང་གི་ངོ་བོར་བྱིན་གྱིས་བརླབས་པས། ནུས་པ་དང་། སྟོབས་དང་། དངོས་གྲུབ་འགྲུབ་པའི་རྒྱུ་ཆེན་པོར་འགྱུར་བའི་ཕྱིར་རོ། །གཞན་དག་ན་རེ་ རྒྱུད་གཞན་ན་གནས་པ་དེ་འདིར་ཤེས་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན་སྙམ་པ་ལ། དམིགས་པ་མེད་པའི་དབང་འདིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པའི་ཕྱིར་དེ་ལ་དེ་ནི་སྐུའི་གནས་དང་། གསུང་ གི་གནས་དང་། ཐུགས་ཀྱི་གནས་དང་། སྲིད་པའི་གནས་དང་། རླུང་གི་གནས་རྣམས་སུ་སྒྱུ་མ་བྱང་ཆུབ་ཀྱི་སེམས་དམིགས་པར་བྱས་ལ། དེ་དག་ཏུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སྐུའི་གནས་སུ་ནི་དེ་ཉིད་ཀྱི་གཟུགས་སུ་མུ་ཏིག་གི་ཆུན་པོ་ལྟ་བུ་ ལས་རྣམ་པར་བསྐྱོད་པའི་སྐད་ཅིག་ལ་གང་ཟག་གི་ནུས་པ་དང་། སྟོབས་དང་སྦྱར་ནས་ཡུངས་ཀར་ཙམ་དང་། སྲན་ཆུང་ཙམ་དང་མུ་ཏིག་རྣམ་པར་རྒྱལ་བ་ཙམ་དུ་འོང་བར་འགྱུར་ཏེ། དེ་ནི་དྲི་མ་དང་བྲལ་ཞིང་ཁ་དོག་དཀར་པོས་རྣམ་པར་རྒྱུ་བའི་ཕྱིར་མེ་ལོང་ལྟ་བུའི་ ཡེ་ཤེས་ཞེས་བྱའོ། །དེ་ནས་གསུང་གི་གནས་སུ་ནི་དངུལ་ཆུ་ལྟ་བུར་འབར་བ་དང་། འབྲོས་པ་ལ་སོགས་པ་མེད་པར་རྣལ་དུ་འདུག་པས་གནས་པའི་ཕྱིར་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །དེ་ནས་ཐུགས་ཀྱི་གནས་སུ་ནི་དེའི་འཁོར་དུ་གྱུར་པ་ལུས་ཀྱི་ཡན་ལག་ ཐམས་ཅད་ནས་འདུས་པའི་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་ཏུ་འདུག་པའི་ཕྱིར། སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱའོ། །དེ་ནས་སྲིད་པའི་གནས་ནས་རླུང་གི་གནས་ཀྱི་བར་དུ་ནི་བཙལ་བ་ལས་བྱུང་བའི་བྱ་བ་གྲུབ་པའི་ཕྱིར་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱ་བའོ། ། དེ་ནས་གཞལ་ཡས་ཁང་གི་ནང་དུ་རྟ་བབས་ཀྱི་ཕྱི་རོལ་དུ་མ་གྱུར་པའི་སྐད་ཅིག་ལ་ནི་འདི་ལྟར་སྣང་བའི་ཆོས་ཐམས་ཅད་རྣམ་པར་རྟོག་པ་དང་བྲལ་ཞིང་འོད་གསལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱའོ། །དེ་ནས་གསང་བ་འདུས་པ་དང་འཁོར་ལོ་སྡོམ་པ་དང་ གསང་སྔགས་བླ་ན་མེད་པ་རྣམས་སུ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་གསུངས་སོ། །དེ་ལ་ཡེ་ཤེས་ལྔའི་ངོ་བོ་དེ་ཉིད་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་སོགས་པ་བདེ་བར་གཤེགས་པ་ལྔའི་ངོ་བོ་ཡིན་ཏེ། དེ་བས་ན་རྡོ་རྗེ་སློབ་ དཔོན་གྱིས་སློབ་མ་སྟན་བདེ་བ་ལ་བཞག་ལ་རང་ལ་མངོན་དུ་ཕྱོགས་པས་བྱང་ཆུབ་ཀྱི་སེམས་ཀྱི་ནང་དུ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་རྒྱས་པར་བསྐྱེད་ལ། ཕྱོགས་བཅུ་དུས་གསུམ་ གྱི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ་གཉིས་སུ་མེད་པར་བྱས་ཏེ་གནས་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཉིད་བདག་ཉིད་འདོད་པའི་ལྷར་བསམས་ལ། དེའི་ནང་དུ་ཡོངས་སུ་རྫོགས་པར་འདོད་དོ། །དེ་ནས་བྱིན་གྱི་རླབས་ཆེན་པོ་ཉམས་སུ་མྱོང་ བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་བ་ཆེན་པོ་གཉིས་སུ་མེད་པ་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ངོ་བོར་བསམས་པར་བྱས་ཏེ། དེ་དག་གི་སྐད་ཅིག་ལ་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ཡང་ཡོངས་སུ་རྫོགས་པར་གྱུར་པ་ཉིད་དོ། །དེ་ལྟར་སློབ་མའི་ཉོན་མོངས་པ། ཆེ་འབྲིང་དང་སྦྱར་ནས། ཡུད་ཙམ་མམ། ཐང་ཅིག་གམ། མཚན་མོའམ། ཞག་གི་བར་དུ་གནས་པར་བྱའོ། ། དེས་ནི་འཇིག་རྟེན་པ་ཐམས་ཅད་སྐད་ཅིག་མ་གཅིག་གིས་བགྲོད་པ་ཡིན་ཏེ། དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །ཕྱག་བྱར་ འོས་པ་བླ་མའི་རབ། །ཅེས་གསུངས་སོ། །དེ་དག་ནི་སྐུ་འབེབས་པ་དང་། གསུང་འབེབས་པ་དང་། ཐུགས་འབེབས་པ་ཞེས་བྱ་སྟེ། གསང་བ་འདུས་པ་ལ་སོགས་པ་རྣམས་སུ་ནི་བདག་བྱིན་གྱིས་བརླབ་པ་ཞེས་བྱ་བར་གསུངས་སོ། །དེ་ནས་ཉམས་སུ་མྱོང་ བར་གྱུར་པ་དང་། སློབ་མ་གང་ཡིན་པ་དེས་བླ་མས་ཇི་ལྟར་བསྟན་པ་ལྟར་ཡོངས་སུ་གོམས་པར་བྱ་སྟེ། དེ་ཡང་རྣམ་པ་གཉིས་སོ། །བདག་དང་གཞན་གྱི་སྦྱོར་བ་ལས་བྱུང་བ་དང་། བདག་གི་སྦྱོར་བ་ལས་བྱུང་བའོ། །བདག་དང་གཞན་ཉིད་ཀྱི་སྦྱོར་བ་ ལས་བྱུང་བ་ནི་གཉིས་ཏེ། ལས་དང་པོ་པས་ནི་གཞལ་ཡས་ཁང་གི་ནང་ན་རྟ་བབས་ཀྱི་ཕྱི་རོལ་དུ་མ་གྱུར་པ་དེ་སྲིད་དུ་བྱིན་གྱི་རླབས་སྐྱེའོ། །དེ་བས་ཁྱད་པར་དུ་གྱུར་པར་ནི་རླུང་གི་གནས་སུ་བྱིན་གྱི་རླབས་སྐྱེའོ། །བདག་གི་སྦྱོར་བ་ལས་བྱུང་བ་ལ་ལས་དང་ པོ་པས་གསུང་གི་གནས་སུ་སྐྱེ་སྟེ། དེ་ནི་བདག་གི་ལུས་ཀྱི་སྦྱོར་བ་དག་བྱུང་བའོ། །དེ་བས་ཁྱད་པར་དུ་གྱུར་པས་ནི་སེམས་ཀྱི་སྦྱོར་བས་ཐུགས་ཀྱི་གནས་སུ་སྐྱེས་ནས་ཡུན་རིང་ཞིག་དངོས་པོ་ཐམས་ཅད་ལ་རྣམ་པར་རྟོག་པ་དང་བྲལ་བའི་ ཡེ་ཤེས་སྐྱེ་བར་འགྱུར་བ་ཉིད་དོ། །དེ་ལྟར་དུས་ཐམས་ཅད་དུ་གཉིས་ཀྱི་སྦྱོར་བ་ལས་བྱུང་བ་དང་། བདག་གི་སྦྱོར་བ་ལས་བྱུང་བ་ཐམས་ཅད་དུ་སྒྱུ་མ་བྱང་ཆུབ་ཀྱི་སེམས་རྣམ་པར་མ་སྤངས་པར་གྱུར་པ་ལ་ནི་ནུས་པ་དང་ལྡན་པ་ལས་འཇིག་རྟེན་དང་འཇིག་རྟེན་ལས་ འདས་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བས་ན། ཚིགས་སུ་བཅད་པ་ཐ་མའི་དོན་ཡོངས་སུ་རྫོགས་པ་ཉིད་དོ། །དེ་ཉིད་སློབ་མས་བསྒྲུབ་པའི་དབང་དུ་བྱས་ནས་ནི། བདག་ལ་བརྟེན་པའི་མཚན་ཉིད་ཅེས་བྱ་བར་འདོད་དོ། །དེ་ཉིད་ལས་རྣམ་པ་ ཐམས་ཅད་དང་བྲལ་བའི་དབང་དུ་བྱས་ནས་ནི། བརྟེན་པ་སྤངས་པའི་མཚན་ཉིད་ཅེས་བྱ་བ་ཁོ་ནའོ། །དེ་ལྟར་རྒྱུ་རྣམ་པར་དག་པ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ལྟ་བུ་བདུད་ཀྱི་ཚོགས་ཐམས་ཅད་འཇོམས་པའི་ཕྱིར་སྔགས་པས་རྡོ་རྗེ་དང་བྲལ་དུ་མི་རུང་བར་གསུངས་ཏེ། དེ་ནི་མི་བརྗེད་པར་བྱ་བའི་རྟགས་སུ་བསྟན་པར་ཤེས་པར་བྱའོ། །བདག་ལ་བརྟེན་པའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་ཚིགས་སུ་བཅད་པ་བཞི་པོ་འདིས་ནི་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་རྒྱུད་འདིར་གསུངས་པའི་དཀྱིལ་ འཁོར་ཐམས་ཅད་ལ་ཁྱབ་པར་འཇུག་པ་སྟེ། དེ་ཡང་སྐབས་ཀྱི་བྱེ་བྲག་གིས་རང་ཉིད་དང་པོ་རྡོ་རྗེ་འཛིན་མའི་ཕྱག་རྒྱས་ཞུགས་ནས། བདེ་བར་གཤེགས་པ་ཐམས་ཅད་ལ་དབང་མནོད་པ་ལས་གནང་བ་ཐོབ་ཀྱི་བར་དུ་ཤེས་པར་བྱའོ། །རྟེན་པ་སྤངས་ པའི་དབང་དུ་བྱས་ནས་ནི་གོང་དུ་བཤད་མ་ཐག་པའི་རིམ་པས་སྐུ་གསུང་ཐུགས་དབབ་པར་ཤེས་པར་བྱའོ། །དེ་ལྟར་སྒྱུ་མ་བྱང་ཆུབ་ཀྱི་སེམས་ནི་སྤྲུལ་པའི་སྐུའི་རྒྱུ་རྣམ་པར་དག་པའོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རྒྱུ་ རྣམ་པར་དག་པའོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་ཆོས་ཀྱི་སྐུའི་རྒྱུ་རྣམ་པར་དག་པའོ། །དེ་བཞིན་དུ་ལམ་རྣམ་པར་དག་པ་གཞན་ལ་བརྟེན་པའི་མཚན་ཉིད་ནི་སྤྲུལ་པའི་སྐུའི་ལམ་རྣམ་པར་དག་པའོ། །བདག་ལ་བརྟེན་པའི་མཚན་ཉིད་ནི་ལོངས་སྤྱོད་ རྫོགས་པའི་སྐུའི་ལམ་རྣམ་པར་དག་པའོ། །རྟེན་པ་སྤངས་པའི་མཚན་ཉིད་ནི་ཆོས་ཀྱི་སྐུའི་ལམ་རྣམ་པར་དག་པ་ཉིད་དོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་གཞུང་གིས་ཀྱང་ཆོས་ཀྱི་སྐུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་ཐོབ་པར་འདོད་དོ། །ལོངས་ སྤྱོད་རྫོགས་པའི་སྐུ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཐོབ་པར་འདོད་དོ། །སྤྲུལ་པའི་སྐུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐོབ་པར་འདོད་དོ། ། འདིར་ནི་རྒྱུ་དང་ལམ་རྣམ་པ་གསུམ་གྱིས་སྐུ་གསུམ་བསྒྲུབ་པར་འདོད་དོ། །གསང་སྔགས་བླ་ན་མེད་པ་རྣམས་སུ་ནི་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་སྐུ་རྣམ་པ་གསུམ་བསྒྲུབ་པར་འདོད་དེ། དེ་ནི་འདིར་ཡང་ཚང་བ་ཁོ་ནས་མི་འགལ་བ་ཉིད་དོ། །ཕ་རོལ་ཏུ་ཕྱིན་པ་ དྲུག་ཀྱང་འདི་ཉིད་ལས་ཚང་བས་ན་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པར་བྱའོ། །ཡང་འདིར་ལམ་རྣམ་པ་གསུམ་གྱི་སྐབས་སུ་ནི་གསང་སྔགས་ཡོངས་སུ་ཟློས་པའི་ཕྱིར་དྲིལ་བུ་ཞེས་བྱ་བ་དང་། ཕྱག་རྒྱ་བཞིས་ཀུན་དུ་སྤྱོད་པའི་ཕྱིར། ཕྱག་རྒྱ་ཞེས་བྱ་བ་དང་། བྱང་ ཆུབ་ཀྱི་སེམས་མི་བརྗེད་པའི་ཕྱིར་རྡོ་རྗེ་ཞེས་བྱ་བ་དང་། སློབ་དཔོན་གྱི་བྱ་བ་ལ་ཞུགས་པའི་ཕྱིར་སློབ་དཔོན་ཞེས་བྱ་སྟེ། དེ་དག་དང་ལྡན་པ་ལ་རྣལ་འབྱོར་པ་ཞེས་བྱ་བ་ཉིད་དོ། །དེའི་ཕྱིར་དེ་ཁོ་ན་བསྡུས་པའི་བརྟག་པ་ལས་ཀྱང་། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །ཞེས་སྡོམ་པ་འབོགས་པའི་སྐབས་སུ་གསུངས་སོ། །དེ་ལ་གང་དག་འདི་སྐད་དུ་ཆོས་ཀྱི་སྐུ་གཅིག་ལ་ཕ་རོལ་ཏུ་ཕྱིན་པའི་གཞུང་དུ་ནི་ཆོས་ཀྱི་སྐུ་ལ་རབ་ཏུ་ཞི་བའི་འོད་གསལ་བའི་ངོ་བོ་ཞེས་བརྗོད་ལ། ཐེག་པ་ཆེན་པོ་ གསང་སྔགས་སུ་ནི་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཞེས་གསུངས་པའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཐེག་པ་ཆེན་པོ་གསང་སྔགས་ནི་འདོད་ཆགས་ཆེན་པོས་འདུལ་བའི་སེམས་ཅན་ལ་དགོངས་ནས་བདེ་བ་ཆེན་པོའི་རོ་གཉིས་སུ་མེད་པ་ཞེས་ གསུངས་ལ། ཕ་རོལ་ཏུ་ཕྱིན་པ་ནི་འདོད་ཆགས་དང་བྲལ་བའི་སེམས་ཅན་འདུལ་བ་ལ་དགོངས་ནས་བདེ་བ་ཆེན་པོ་ཞེས་སྦས་ཏེ། རབ་ཏུ་ཞི་བ་འོད་གསལ་བ། །ཞེས་བྱ་བ་སྟེ། དེ་གཉིས་ཀ་ལ་ཡང་གཅིག་ཏུ་རབ་ཏུ་ཞི་བའམ། རྟོག་པ་དང་བྲལ་བའི་ཕྱིར་བདེ་བ་ ཡིན་པ་ལ་བདེ་བ་ཆེན་པོའང་སྤྲོས་པ་དང་བྲལ་བའི་ཕྱིར་ཞི་བ་ཁོ་ནས་མདོར་ན་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ཉིད་དོ། །ཕན་ཚུན་དུ་མི་འགལ་བ་ཉིད་དོ། །དེ་ལྟར་ན་དད་པ་དང་ལྡན་པའི་སློབ་མ་ལ་སློབ་དཔོན་གྱིས་དངོས་གྲུབ་ཡང་དག་པར་ འཛིན་པ་སྟེ། ཆོས་དེ་དག་དང་ལྡན་པའི་ཕྱིར་ན་ཚིགས་སུ་བཅད་པ་བཞི་པོས་དེ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་བྱ་བ་ཁོ་ནའོ། །ད་ནི་དེ་དག་གི་ཕན་ཡོན་ཡང་དག་པར་བསྟན་པའི་ཕྱིར། །ཚངས་པ་ལ་སོགས་པའི་སེམས་ཡང་དག་པར་བསྐུལ་ནས་ཞུ་བའི་ ཚུལ་དུ་སྟོན་པ་ཉིད་དོ། །དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱང་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོ་དང་རྒྱལ་པོའི་བུ་དང་། རྒྱལ་པོའི་བློན་པོ་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དང་། གཞན་ཡང་རིགས་དམན་ཞིང་བསོད་ནམས་ཆུང་བ་ཕྱག་དར་བ་དང་། མཐའ་འཁོབ་པའི་རིགས་ངན་གྱི་སྐྱེ་བོ་ལ་སོགས་པ་རྣམས་དཀྱིལ་འཁོར་རྒྱལ་པོ་འདིར་ཞུགས་ན། དེ་དག་གི་རྣམ་པར་སྨིན་པ་ཇི་ལྟ་བུར་གྱུར་པ་ ལགས་ཞེས་པ་ལ་སོགས་པ་དེ་ལ་དཀྱིལ་འཁོར་གྱི་རྒྱལ་པོ་ཞེས་པ་ནི་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོར་བའི་རྒྱལ་པོའི་རྒྱུད་དུ་གསུངས་པའི་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ལ་བྱ་སྟེ། འཇིག་རྟེན་པའི་དཀྱིལ་ འཁོར་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །སོགས་པ་ཞེས་པའི་སྒྲས་ནི་དུད་འགྲོ་ལ་སོགས་པའི་སེམས་ཅན་ཐམས་ཅད་བསྡུས་སོ། །དེ་ལ་དེ་དག་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་དུ་ཞུགས་པ་ལས་འབྲས་ བུ་ཇི་ལྟ་བུ་ཞིག་ཐོབ་པར་འགྱུར་ཞེས་ཞུ་བར་སྦྱར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ང་ལ་ཞུས་པ་དེ་ནི་ལེགས་སོ་ལེགས་སོ། །ལྷའི་བུ་རྣམས་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདིར་ཞུགས་པ་དང་། དབང་བསྐུར་བ་དང་། བྲིས་པ་དང་། འདིར་འཇུག་པ་དང་། རྗེས་སུ་ཡི་རང་བ་དང་། ཕྱག་བྱས་པ་དང་། མཆོད་པ་རྣམས་ཀྱི་འབྲས་བུ་དང་། རྣམ་པར་སྨིན་པ་ཉོན་ཅིག །ལྷའི་བུ་རྣམས་མདོར་ན་ང་ལའང་དེའི་ཕན་ཡོན་བཤད་པའི་སྤོབས་པ་མེད་དོ། །ངའི་བསོད་ ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་བརྒྱ་ཕྲག་སྟོང་དུ་མར་བརྒྱུད་ཀྱང་གྲངས་སུ་ཡང་མི་ཆོག །བགྲང་བར་ཡང་མི་ཆོག །དཔེར་ཡང་མི་བཟོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོས་ཀྱང་མི་བཟོད་དོ་ཞེས་གསུངས་པ་ནི་འདིར་དེར་ཞུགས་པའི་ ཕན་ཡོན་ཡང་དག་པར་གསུངས་པ་སྟེ། དེ་ལ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རང་ལ་ཞུས་པ་ལེགས་སོ་ལེགས་སོ་ཞེས་གསུངས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་འཇུག་པར་སྤྲོ་བ་བསྐྱེད་པའི་ཕྱིར་ཞུས་པ་ལེགས་སོ་ལེགས་སོ། །ལྷའི་བུ་ རྣམས་དཀྱིལ་འཁོར་གྱི་རྒྱལ་པོ་འདིར་ཞུགས་པ་དང་ཞེས་པ་ལ་སོགས་པ་ནི་དེ་ལ་མངོན་པར་དད་པ་རྣམས་ཀྱི་གང་ཟག་བསྟན་པའོ། །ང་ལ་དེའི་ཡོན་ཏན་བཤད་པའི་སྤོབས་པ་མེད་དེ་ཞེས་གསུངས་པ་ནི་འདིར་དོན་གཉིས་སུ་གོ་བར་བྱ་སྟེ། དེ་ལ་གཅིག་ནི་འདི་ལ་ བརྟེན་པའི་གང་ཟག་ཡོངས་སུ་རྫོགས་པའི་མཐར་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པའི་གནས་སྐབས་ན་གཉིས་སུ་མེད་པ་དེ་ཡེ་ཤེས་དེའི་བདེ་བ་དང་། ངོ་བོ་འདི་ལྟ་བུའོ་ཞེས་པ་བསྟེན་པར་མ་ནུས་ཤིང་བརྗོད་པར་དཀའ་བ་ལ་དགོངས་ནས། དེའི་ཡོན་ ཏན་བཤད་པའི་སྤོབས་པ་མེད་དོ་ཞེས་གསུངས་པའོ། །གཅིག་ནི་ཡོན་ཏན་ཆེན་པོ་ཕུལ་དུ་བྱུང་བས་སེམས་ཅན་རྣམས་དད་པ་ཆེན་པོས་ཞུགས་པར་བྱ་བའི་ཡན་ལག་ཏུ་གསུངས་པར་ཤེས་པར་བྱའོ། །ངའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་ ཞེས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོས་ཀྱང་མི་བཟོད་དོ་ཞེས་པའི་བར་ནི་དོན་གསུམ་དུ་གོ་བར་བྱ་སྟེ། དེ་ལ་སྐད་ཅིག་ནི་ང་ཞེས་པའི་སྒྲ་འཇིག་རྟེན་པའི་ལྟ་བ་ལ་མངོན་པར་དད་པ་བདག་དང་བདག་གིར་ལྟ་བ་ལ་སོགས་པའོ། །དེ་དག་ གིས་འཇིག་རྟེན་པའི་ལྷ་ལ་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་པ་གྲངས་མེད་པ་བརྒྱད་ཁྲི་བཞི་སྟོང་དུ་བསྙེན་བཀུར་བྱས་པའི་བསོད་ནམས་དེ་བརྒྱ་ཕྲག་སྟོང་དུ་བསྒྱུར་ཀྱང་། སེམས་ཅན་གང་དག་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་དཀྱིལ་ འཁོར་དུ་ཞུགས་པའི་གང་ཟག་དེའི་བསོད་ནམས་ལ་གྲངས་སུ་མི་ཆོག །བགྲང་བར་ཡང་མི་ཆོག །དཔེར་ཡང་མི་བཟོད་དོ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོས་ཀྱང་མི་བཟོད་དོ་ཞེས་པ་ནི་ཀུན་ནས་ཉོན་མོངས་པའི་དེ་བཞིན་ གཤེགས་པ་ཐམས་ཅད་དེ། དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་བརྒྱ་ཕྲག་སྟོང་དུ་བསྒྱུར་བས་ཀྱང་། སེམས་ཅན་གང་དག་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་འདིར་ཞུགས་པ་བསོད་ནམས་ཀྱི་ཕུང་པོ་ལ་དཔེར་ཡང་མི་བཟོད་པའི་ ཕྱིར་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོས་ཀྱང་མི་བཟོད་ཅེས་བྱའོ། །གཅིག་ནི་ང་ཞེས་པའི་སྒྲས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་དེ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚུལ་དུ་བཞུགས་པ་ལ་དགོངས་ནས། དེ་བཞིན་ གཤེགས་པའི་བསོད་ནམས་ཀྱི་ཕུང་པོ་ཁྱད་པར་དུ་ཕྱུང་བ་སྟེ། དེ་ནི་འདི་ལྟར་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་རྣམ་པ་གཉིས་ལ་དགོངས་ནས་དེའི་ཆོས་ཀྱི་སྐུའི་ཡོན་ཏན་ལ་བགྲང་བས་མི་བཟོད་ཅེས་པ་ཉིད་དོ། །གཅིག་ནི་གོང་དུ་བསྟན་པ་ལྟར་ཡོན་ ཏན་གྱི་ཁྱད་པར་དཔག་ཏུ་མེད་པ་ཕུལ་དུ་བྱུང་བ་ལས་སེམས་ཅན་རྣམས་ཞུགས་པའི་ཡན་ལག་ཏུ་ཕན་ཡོན་རྒྱ་ཆེན་པོ་ཚད་མེད་པར་གསུངས་པར་ཤེས་པར་བྱའོ། །ལྷ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདིར་ཞུགས་པའི་ སེམས་ཅན་རྣམས་ཀྱི་འབྲས་བུ་དང་རྣམ་པར་སྨིན་པ་གང་ལགས་པ་དེ་ནི་ངོ་མཚར་ཆེའོ། །རྡོ་རྗེ་འཛིན་པ་ཆེན་པོ་ངོ་མཚར་ཆེ་སྟེ། བཅོམ་ལྡན་འདས་བདག་ཅག་ཀྱང་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདིར་འཇུག་པར་སྤྲོའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་འཇུག་པར་ སྤྲེའོ་ཞེས་པ་ལ་སོགས་པ་ནི་ངོ་མཚར་ཆེན་པོའི་ཚིག་གིས་བཅོམ་ལྡན་འདས་ལ་དཀྱིལ་འཁོར་དུ་འཇུག་པར་ཞུ་བ་སྟེ། དེ་ལ་ཚངས་པ་ལ་སོགས་པའི་ལྷ་རྣམས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་བསོད་ནམས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ ནམས་ཀྱིས་ཀྱང་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་དཀྱིལ་འཁོར་དུ་ཞུགས་པའི་སེམས་ཅན་དེའི་བསོད་ནམས་ལ་མི་བཟོད་པར་གསུངས་པས། ལྷ་རྣམས་ཡོན་ཏན་གྱི་ཚོགས་ཁྱད་པར་ཅན་མཐོང་བས་དེ་བཞིན་གཤེགས་པ་ངན་སོང་ཐམས་ ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་དུ་ཞུགས་པར་འདོད་པའོ། །ངོ་མཚར་གྱི་ཚིག་ལན་གཉིས་པ་ནི་ཤིན་ཏུ་ངོ་མཚར་བའོ། །འཇུག་པར་སྤྲོ་བའི་ཚིག་ལན་གཉིས་པ་ནི་མཆོག་ཏུ་འཇུག་པར་སྤྲོ་བ་སྟེ། དེ་དག་གི་མཐར་དཀྱིལ་འཁོར་ཆེན་པོའི་བརྟག་པ་ རྫོགས་ནས་ལྷ་རྣམས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་ནི་ལྷ་དབང་བསྐུར་བའི་བརྟག་པ་ཞེས་བྱ་བ་ཞིག་བཞུགས་པར་རྒྱུད་གཞན་ནས་གསུངས་སོ། །དེ་ནས་ཚངས་པ་ལ་སོགས་པ་ལྷ་དེ་དག་གིས་དེ་བཞིན་གཤེགས་པ་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་འཛམ་བུའི་གླིང་གི་སེམས་ཅན་རྣམས་བསོད་ནམས་ཆུང་ཞིང་ཚེ་ཐུང་བ་དང་། ངན་སོང་གི་རྒྱུ་དང་ལྡན་པ་དང་། སེམས་ཅན་དམྱལ་བ་དང་། ཡི་དགས་དང་བྱོལ་སོང་རྣམས་སུ་སྐྱེ་བ་དག་མཆིས་ན། བཅོམ་ལྡན་འདས་དེ་ལ་བདག་ཅག་གིས་ནི་ ཇི་ལྟར་བསྒྲུབ་པར་བགྱི་ཞེས་པ་ལ་སོགས་པ་ནི་ཚངས་པ་ལ་སོགས་པའི་ལྷ་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་ནས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཞུ་བ་སྟེ། དེ་ལ་འཛམ་བུའི་གླིང་གི་སེམས་ཅན་སྨོས་པ་ནི་གང་ ན་ནད་ཞི་བར་བྱེད་པའི་སྨན་གྱི་ཚོགས་མང་བ་དེ་ནི་ལོག་པར་གྱུར་པའི་དབང་གི་ནད་དང་། འཆི་བ་མང་བར་གྱུར་པ་བཞིན་དུ། ལྷོའི་འཛམ་བུའི་གླིང་ན་དམ་པའི་ཆོས་ཕལ་ཆེར་སྤྱོད་དེ། དེ་དག་གིས་མི་ཤེས་པ་དང་། ལོག་པར་སྤྱད་པ་ལས་ངན་སོང་གི་དབང་དུ་ གྱུར་པ་དང་། སེམས་ཅན་དམྱལ་བ་ལ་སོགས་པའི་ནང་དུ་སྐྱེ་བ་མང་བའི་ཕྱིར། འཛམ་བུའི་གླིང་གི་སེམས་ཅན་ཞེས་སྨོས་པའོ། །བསོད་ནམས་ཆུང་བ་ནི་ནད་མང་བ་དང་། མི་སྡང་བ་དང་། ནོར་ལ་སོགས་པ་དབུལ་པོར་གྱུར་པའོ། །ཚེ་ཐུང་བ་ནི་འཚོ་བ་ཡུན་ཐུང་ བའོ། །ངན་སོང་གི་རྒྱུ་དང་ལྡན་པ་ནི། སྡིག་པ་མི་དགེ་བའི་ཆོས་ལྷག་པར་སྤྱོད་པ་དང་། སྡིག་པ་ཆེན་པོའི་ལས་བྱས་པའི་སེམས་ཅན་ཏེ། དེ་དག་གི་འཚོ་བ་དང་། ལྟ་བ་ལ་བསམས་ནས་སྨྲས་པའོ། །དམྱལ་བ་ལ་སོགས་པའི་ནང་དུ་སྐྱེས་པ་ནི་འཚོ་བ་འདས་ པའི་སེམས་ཅན་རྣམས་ལ་བསམས་ནས་སྨྲས་པས་ན། དེ་དག་ལ་ཇི་ལྟར་བགྱི་ན་ངན་སོང་དུ་སྐྱེས་པ་རྣམས་ངན་སོང་ལས་ཐར་བར་བགྱི་བ་དང་། ངན་སོང་དུ་སྐྱེ་བ་རྣམས་ངན་སོང་གི་རྒྱུ་གཞིག་པར་བྱ་བའི་ཐབས་ཞུ་བ་ཉིད་དུ་ཤེས་པར་བྱའོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཀྱེ་ལྷའི་བུ་རྣམས་སེམས་ཅན་དེ་དག་དཀྱིལ་འཁོར་དུ་ཆུག་ལ་དབང་བསྐུར་ཅིག །ཆོས་ཀྱི་ཡི་གེ་ཡང་ཟློས་ཤིག་དང་། དེས་ནི་སེམས་ཅན་དེ་དག་ཚེ་རིང་བར་འགྱུར་བསོད་ནམས་དང་བྲལ་བ་རྣམས་བསོད་ནམས་དང་ལྡན་པར་འགྱུར་རོ། ། ངན་སོང་བའི་རྒྱུ་དང་ལྡན་པ་རྣམས་ནི་ངན་སོང་གི་རྒྱུད་བཅད་དེ། ཐར་པ་དང་བདེ་འགྲོའི་རྒྱུ་དང་ལྡན་པར་འགྱུར་རོ་ཞེས་གསུངས་པ་ནི་འཚོ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་དགོངས་ནས་གསུངས་པ་སྟེ། དེ་ལ་སེམས་ཅན་གང་དག་ཚེ་ཐུང་བ་དང་། བསོད་ནམས་ ཆུང་བ་དང་། ངན་སོང་གི་རྒྱུ་དང་ལྡན་པ་རྣམས་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་རྣམ་པ་གསུམ་དུ་བཅུག་ནས། དབང་ཇི་ལྟ་བ་བཞིན་དུ་བསྐུར་ཏེ། དེ་བཞིན་གཤེགས་པའི་རྩ་བའི་སྙིང་པོ་དང་། ཚེ་དང་བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་ པའི་སྙིང་པོའི་དུས་ཐམས་ཅད་དུ་བཟླས་བརྗོད་བྱས་ན་ཚེ་ཐུང་བ་རིང་བར་འགྱུར་བ་དང་། བསོད་ནམས་ཆུང་བ་བསོད་ནམས་དང་ལྡན་པར་འགྱུར་བ་དང་། སྡིག་པའི་རྒྱུ་དང་ལྡན་པ་རྣམས་སྡིག་པའི་ཚོགས་ཐམས་ཅད་དང་བྲལ་ནས། བདེ་འགྲོ་དང་ཐར་པའི་ ལམ་ལ་གནས་པར་གྱུར་པ་ནི་ངེས་པ་ཉིད་དུ་ཤེས་པར་བྱའོ། །ཀྱེ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པ་རྣམས་གང་ཡིན་པ་དེ་དག་གི་མིང་ལ་དབང་བསྐུར་ཅིག །གང་གཟུགས་བརྙན་ལའང་དབང་བསྐུར་བར་གྱིས་ཤིག །མཆོད་རྟེན་ལ་ཡང་དབང་བསྐུར་བར་བྱོས་ ཤིག །རང་གི་ལྷའི་གཟུགས་ལ་དབང་བསྐུར་བར་བྱོས་ཤིག །ཆུང་ངུ་ན་དེ་དང་རིགས་མཐུན་པ་དང་། དེའི་བུ་དང་དེ་དང་རུས་མཐུན་པ་དང་། དེའི་མིང་འཛིན་པ་དང་བྲན་ལ་ཡང་དབང་བསྐུར་བར་བྱོས་ཤིག །དེ་ལྟར་ལན་བདུན་དུ་དཀྱིལ་འཁོར་དུ་བཅུག་ཅིང་། དབང་ བསྐུར་ན་གདོན་མི་ཟ་བར་ཞག་བདུན་གྱིས་ངན་སོང་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་གསུངས་པ་ནི་འཚོ་བ་འདས་པའི་གང་ཟག་རྣམས་ལ་དགོངས་ནས་གསུངས་པ་སྟེ། དེ་ལ་ངན་སོང་དུ་སྐྱེ་བར་གྱུར་པའི་སེམས་ཅན་རྣམས་ཀྱི་མིང་དང་གཟུགས་ བརྙན་ལ་སོགས་པ་ནི་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱིས་དེའི་རྣམ་པར་ཤེས་པ་བཀུག་ལ། ཚིགས་སུ་བཅད་པ་དང་། སེམས་བསྐྱེད་པ་ལ་སོགས་པ་ནི་བུའམ། ཕའམ། སྲིང་མོའམ། ཕུ་བོ་ལ་སོགས་པས་བརྗོད་ཅིང་ཡོན་ཕུལ་ལ་དེ་དང་གཉིས་སུ་མེད་པར་ བྱས་པས་དབང་བསྐུར་བར་བྱའོ། །དེ་ལྟར་