Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 67

Văn bản gốc(Tây Tạng)

Trang 17 / 18 (50.000 ký tự/trang)
ཞི་པ་ལ་སྒོ་བཞི་པ། །
སྒོ་བ་བཞི་དང་ཡང་དག་ལྡན། །རྟ་བབས་བཞི་དང་ལྡན་པར་བྱ། །ཞེས་བྱ་བ་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཕྱི་དང་ནང་གི་དཀྱིལ་འཁོར་སྤྱིར་ལྟེ་བར་བཅས་ཤིང་སྒོ་ཁྱུད་དང་ལྡན་པ། ལྟེ་བ་དང་ནི་སྒོ་ཁྱུད་ལྡན། །ཞེས་བྱའོ། །ནང་གི་དཀྱིལ་འཁོར་རྩིབས་བཞིའི་ལྟེ་བ་དང་བཅས་པའོ། །དེ་ཡི་
དབུས་སུ་འཁོར་ལོའོ། །དཀྱིལ་འཁོར་དམ་པ་བྲི་བྱ་སྟེ། །རྩིབས་བཞི་པ་དང་ལྡན་པ་ལ། །ལྟེ་བའི་དཀྱིལ་འཁོར་ལྡན་པར་བྱ། །ཞེས་བྱ་བ་སྟོན་ཏོ། །དེ་རུ་ལྷ་གང་བྲི་ཞེ་ན། །དེ་ཡི་དབུས་སུ་གཙོ་བོ་ནི། །ཕྱག་ན་རྡོ་རྗེ་སྟོབས་ཆེན་ཏེ། །ཕྱག་ན་རྡོ་རྗེ་དྲིལ་བསྣམས་ཤིང་། །ཟླ་བ་འདྲ་བའི་ཞལ་

འཛུམ་བྲི། །ཞེས་བྱ་བ་ལ་སོགས་པ་བྲི་བ་གསུངས་སོ། །དཀྱིལ་འཁོར་གྱི་འཁོར་ལོའི་ལྟེ་བར་གཙོ་བོ་རྡོ་རྗེ་འཛིན་པ་ཞི་བ་ཕྱག་ན་རྡོ་རྗེ་དང་དྲིལ་བུ་བསྣམས་ཤིང་ཁ་དོག་དཀར་པོ་ཞལ་འཛུམ་པར་བྲི་བར་བྱའོ། །འཁོར་ལོའི་རྩིབས་བཞི་ལ་ཤར་དུ་མི་བསྐྱོད་པ། ལྷོར་རིན་ཆེན་འབྱུང་
ལྡན། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་ཡོད་གྲུབ་པ་བྲི་སྟེ་ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན་ཁ་དོག་དཀར་པོ་དབུ་རྒྱན་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གཡས་པ་མཆོག་སྦྱིན་དུ་བྱེད་པ། གཡོན་མི་འཇིགས་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་སོ། །ནང་གི་གྲྭ་ལ་
ལཱ་སྱེ་ལ་སོགས་པ་བྲིའོ། །ཕྱིའི་གྲྭ་ལ་དྷུཔྤེ་ལ་སོགས་པའོ། །སྒོ་བཞི་ལ་སྒོ་མ་བཞི་བྲི་སྟེ་གཡོན་བརྐྱང་བ་དང་། ཟླུམ་པོ་དང་། མཐུན་པའི་རྐང་ཐམས་ཅད་ཀྱིས་གནས་པར་བྲི་སྟེ། དེ་ནས་གཞན་ཡང་བྲིས་པ་ལྟར་བར་སྣང་ལས་འོངས་ཏེ་གཅིག་ཏུ་བསྲེ་བ་དང་། གདུགས་དང་རྒྱལ་མཚན་
བུམ་པའི་མཆོག་དང་གཏོར་མ་དང་རྟ་བབས་དང་ཆོས་ཀློག་པ་དང་། མེ་ཏོག་སིལ་མ་བཀྲམ་པ་དང་བཅས་པ་ནི་དེ་ནས་ཞེས་བྱ་བས་སྟོན་ཏེ། རྣལ་འབྱོར་བདག་ཉིད་ཞུགས་ཞེས་བྱ་སྟེ། ཞུགས་ནས་ལྷག་ཆད་བསྐང་བ་དང་སྒོ་དབྱེ་བ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་གསུམ་དང་ལྡན་པར་གནས་
པས་སྒོ་དབྱེ་བ་སྟོན་ཏོ། །དེ་ནས་བསྡུ་ཞིང་སྤྱན་དྲང་བ་ནི་སྔགས་ཀྱིས་ལྷ་རྣམས་སྤྱན་དྲངས་ཏེ། ཛཿཧཱུཾ་བཾ་ཧོཿབྷ་ག་བཱན་བཛྲ་ཨེ་ཧྱ་ཧི་ས་མ་ཡ་སྟྭཾ། དེ་ནས་གཙོ་བོ་བྱོན་པ་དང་། །ཞེས་བྱ་བ་ནི། མདོར་ན་མཆོད་པ་བྱས་ནས་ཀྱང་། །ཞེས་བྱ་བ་ནི། མདོར་བསྡུ་ན་ལྕགས་ཀྱུ་ལ་སོགས་པས་ལས་
བྱ་ཞིང་བགེགས་བསལ་སྒོ་བཅད་པ་ལ་སོགས་པ་སྔ་མ་བཞིན་དུ་བྱས་ནས། ཕྱག་རྒྱ་བཞིས་རྒྱས་གདབ་དབང་བསྐུར་བཟླས་བརྗོད་བྱ་བ་རྣམས་ནི་མདོར་ན་ཞེས་བྱའོ། །མཆོད་པ་བྱས་ནས་ཞེས་བྱ་བ་ནི། ཨརྒྷ་མཆོག་བསྟབས་པ་ལ་སོགས་པའི་མཆོད་པ་བྱའོ། །ཀྱང་ཞེས་བྱ་བ་ནི་གཏོར་མ་
དང་སྦྱིན་སྲེག་དང་གནང་བ་ནོད་པ་བསྡུའོ། །འཆི་བདག་སྦྲུལ་གྱི་འཇིགས་ལྡན་རྣམས། །ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་དུ་གཞུག་པ་བསྟན་ཏོ། །འཆི་བདག་སྦྲུལ་དང་འདྲ་བས་འཇིགས་ལྡན་རྣམས་གཞོམ་པའི་ཕྱིར་གཞུག་པར་བྱ་སྟེ། མདོར་ན། ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཞེས་བྱ་

བས་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ལ་རིན་ཆེན་ཐོགས་ཏེ་ཡང་ན་ཕྲེང་བ་ཐོགས་ཏེ་གཞུག །ཧཱུཾ་པྲ་ཏཱིཙྪ་བཛྲ་ཧཱུཾ་ཞེས་བྱ་བས་མེ་ཏོག་དོར། བཛྲ་ས་མ་ཡ་ཧཱུཾ་ཞེས་བྱ་བས་དམ་ཚིག་སྦྱིན། ཨོཾ་བཛྲ་ཧཱ་སྱོད་གྷ་ཏྲ་ཡ་ཞེས་བྱ་བས་གདོང་གཡོགས་དགྲོལ། ཨོཾ་བཛྲ་པཱ་ཤྱ་ཧཱུཾ་
ཞེས་བྱ་བས་དཀྱིལ་འཁོར་བསྟན་ནས་སྙིང་གར་ཕྱག་རྒྱ་དགྲོལ། འདིའི་སྒྲུབ་པའི་གོ་རིམས་ནི་རྩ་བའི་རྒྱུད་དུ་བཤད་ཟིན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་བ་བསྟན་ཏོ། །དེ་ཡང་དང་པོར་དབུ་རྒྱན་དང་། བུམ་པ་དང་། ཕྲེང་བ་དང་། ཕྱག་རྒྱ་དང་། རྡོ་རྗེ་དང་། ལས་ཀྱི་
རྡོ་རྗེ་དང་། འཁོར་ལོ་དང་། ཐབས་དང་། ཤེས་རབ་དང་། གསང་བ་དང་། ཤེས་རབ་ཀྱིས་དབང་བསྐུར་བ་རྣམས་ཡིན་ཏེ། འདི་ཡང་རྩ་བའི་རྒྱུད་དུ་བཤད་པ་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་དབང་བསྐུར་ན་ཚེ་རིང་བའི་རིག་པ་འདི་སྦྱིན་ནོ་ཞེས་བྱ་བ་ལ་སོགས་པས་འདི་ཉིད་དུ་དབང་བསྐུར་
བ་དང་དམ་ཚིག་ཐོབ་པ་ལ་དངོས་གྲུབ་སྦྱིན་ནོ་ཞེས་བྱ་བ་སྟེ། དེ་ལྟར་སྔར་བཤད་པ་ལྟར་བསྐུར་ནས་ཚེ་རིང་བ་ཐོབ་པར་བྱེད་པའི་རིག་པ་འདི་སློབ་དཔོན་གྱིས་སློབ་མ་ལ་སྦྱིན་ནོ། །དེ་ཉིད་ཨོཾ་བྷྲུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ་ཞེས་བྱ་བའོ། །དེ་ནས་སྒྲུབ་པ་འདི་ཡིན་ཏེ་ཞེས་བྱ་བ་ནི་འདིས་སྒྲུབ་པས་ན་བསྒྲུབ་
སྟེ་འོག་ནས་འབྱུང་བའི་ཆོ་གས་སོ། །འདི་ཡིན་ཏེ་ཞེས་བྱ་བ་ནི་སྟོན་པས་རྩོམ་པའོ། །བཅོམ་ལྡན་འདས་རྡོ་རྗེ་ཚེ་དཔག་མེད་ཟླ་བའི་འོད་ཅན་ཞེས་བྱ་བ་ལ་སོགས་པས་དང་པོ་བྲི་བ་དང་བསྙེན་པ་སྟོན་ཏེ་བཅོམ་ལྡན་འདས་ཚེ་དཔག་མེད་ཁ་དོག་དཀར་པོ་རྒྱན་ཀུན་གྱིས་བརྒྱན་པ་གཡས་པ་མཆོག་
སྦྱིན་དང་གཡོན་པ་མི་འཇིགས་པ་སྦྱིན་པ་དེ་ལས་བདུད་རྩི་འཛག་པ་བྲིའོ། །དེའི་འོག་ཏུ་རྣལ་འབྱོར་པ་ཐལ་མོ་སྦྱར་བ་གདོང་གྱེན་དུ་བལྟས་པ། མཆོད་པ་རྣམ་པ་ལྔ་དང་བཅས་པ་རས་ལ་བྲིས་ཏེ་སྤྱན་དབྱེ་བའི་ཆོ་ག་སྔར་བཤད་པ་བཞིན་དུ་བྱས་ལ། དེའི་སྤྱན་སྔར་དང་པོའི་སྦྱོར་བའི་ཏིང་ངེ་
འཛིན་བསྒོམ་སྟེ་བཅོམ་ལྡན་འདས་ལ་སེམས་བཞིན་དུ་འབུམ་བཟླས་སོ། །དེ་ནས་ཟླ་བ་ཉ་བ་ལ་ཞེས་བྱ་བ་ལ་སོགས་པས་སྒྲུབ་པ་སྟོན་ཏེ། ཉའི་ནུབ་མོ་དཀྱིལ་འཁོར་ཆེན་པོ་བརྩམས་ཏེ་མཆོད་པ་བྱས་ལ་བ་དམར་སེར་གྱི་མར་སྣོད་གསར་པར་བཅུག་ལ་རྡོ་རྗེ་ཁུ་ཚུར་གཡོན་པས་མནན་ལ། བཅོམ་ལྡན་འདས་སྲོག་

དང་བཅས་པ་ལྟ་བུར་སེམས་ཤིང་མཚན་ཐོག་ཐག་བཟླས་བརྗོད་བྱ་བ་ཡིན་ནོ། །དེ་ནས་དྲི་སྣ་ཚོགས་བསྣམས་ཤིང་ཞེས་བྱ་བ་ལ་སོགས་པས་མཚན་མ་དང་དངོས་གྲུབ་སྟོན་ཏོ། །དེ་ནས་དྲི་དང་ལྡན་པ་འམ་རླངས་པ་འམ། དུ་བའམ་མེའམ་འོད་ཟེར་རམ་མེ་སྒྲོན་ནམ་འོད་ལ་སོགས་པའི་མཚན་མ་བྱུང་
ན་མར་མེ་དེ་ཡང་མར་སར་པ་ལ་སོགས་པ་རྫས་བཅུ་གཅིག་པོ་གང་ཡང་རུང་བ་ལ་བསྲེས་ཏེ། ནད་པར་སྔར་སྲུང་བ་དང་། ཁྲུས་ལ་སོགས་པས་བདག་ཉིད་དཀྱིལ་འཁོར་བརྟགས་པའི་ཚུལ་དུ་སྦྱངས་ནས། ལྷའི་རྣལ་འབྱོར་དུ་བྱས་ཏེ་འཐུངས་སམ་ཟོས་ན་ཉི་མ་དང་ཟླ་བ་ཡོད་ཀྱི་བར་དུ་ཚེ་རིང་
བ་རྡོ་རྗེ་དང་འདྲ་བར་འགྱུར་རོ། །མཚན་མ་ཐ་མ་བྱུང་ན། ནད་མེད་ཟོ་མདོག་བདེ་སྐྲ་དཀར་དང་གཉེར་བ་མེད་པའི་ཚེ་ལོ་བརྒྱ་པར་འགྱུར་རོ། །གཞན་ཡང་དེས་ཉུངས་ཀར་ལ་སོགས་པས་ཞི་བ་ལ་སོགས་པའི་ལས་འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད་དོ། །དེ་ལྟར་ཚེ་ཚད་མེད་པའི་དཀྱིལ་འཁོར་
བཤད་ནས། ད་ནི་འཇིག་རྟེན་པའི་ལྷ་ལ་མོས་པའི་དོན་དུ་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་བསྟན་ཏེ། དེ་ཡང་དང་པོར་དེ་ནས་རྒྱལ་པོ་བཞི་ཞེས་བྱ་བ་ལ་སོགས་པས་རྒྱལ་པོ་བཞིའི་དཀྱིལ་འཁོར་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་དང་པོའི་སྦྱོར་བའི་རྗེས་ཐོགས་སོ། །དེ་ཡང་འདིར་གཙུག་ཏོར་དུ་
བཤད་པ་ལས། རྒྱལ་པོ་བཞི་དང་བཅས་པའོ། །དེ་ཉིད་ཀྱི་སྙིང་གར་དཀྱིལ་འཁོར་སྤྲུལ་པའི་དུས་སུ་གཙོ་བོའི་ཐུགས་ཀར་ཟླ་བ་ལ་སྔགས་བཀོད་དེ། །ངན་འགྲོ་སྦྱོང་བའི་དུས་སུ་རྒྱལ་པོ་བཞི་ཡང་དགུག་པ་དང་བཅས་པ་བསྒོམ་ཞེས་བྱ་བའི་དོན་ཏོ། །རྒྱལ་པོ་བཞི་ཞེས་བྱ་བ་ལ་སོགས་པ་
ལ་བཤད་དུ་གསོལ་ཞེས་བྱ་བར་སྦྱར་རོ། །དེ་ཡང་རྒྱལ་ཆེན་བཞིས་མོས་པ་བྱེད་པའི་ས་ཐོབ་པའི་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་སེམས་ཅན་ངན་འགྲོ་ལས་བསྐྱབ་པ་དང་། ཚེ་ཕྱི་མ་དང་འདིའི་དོན་དུ་རང་རང་དགོད་པའི་སྙིང་པོ་དང་། སྤྲུལ་པ་ལ་སོགས་པ་བཤད་ཀྱིས། དེ་ལ་བརྟེན་
པའི་དཀྱིལ་འཁོར་རྡོ་རྗེ་འཛིན་པས་བཀའ་སྩལ་དུ་གསོལ་ཞེས་གསོལ་བ་གདབ་བོ། །རྒྱལ་པོ་ཆེན་པོ་དག་ལེགས་ཀྱིས་ཤོད་ཅིག་དང་ངས་རྗེས་སུ་ཡི་རང་ཞིང་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་ཁྱོད་ཀྱིས་ཞུས་པ་བཞིན་དུ་ངས་བྱིན་གྱིས་བརླབ་ཅིང་བཤད་པའོ་ཞེས་བྱའོ། །དེ་ནས་

གནོད་སྦྱིན་གྱི་རྒྱལ་པོ་ལ་བོས་ཏེ་ཞེས་བྱ་བ་ནས་རང་རང་གི་སྙིང་པོ་ཕུལ་ཏེ། ཨོཾ་བཻ་གནོད་སྦྱིན་གྱི་རྒྱལ་པོའི་འོ། །ཨོཾ་དྷི་དྲི་ཟའི་རྒྱལ་པོའི་འོ། །ཨོཾ་བི་གྲུལ་བུམ་གྱི་རྒྱལ་པོའི་འོ། །ཨོཾ་ཁྱ་ཀླུའི་རྒྱལ་པོ་སྟེ་འདི་དག་གིས་དེ་རྣམས་དགོད་པ་ལ་སོགས་པ་སྟོན་ཏོ། །སྒོ་བ་
རྣམས་ཀྱི་ནི་ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་ཡིན་ནོ། །འདིས་ཀྱང་འདི་སྐད་དུ་སྟོན་ཏེ། སྦྱོར་བ་དང་པོ་བསྒོམ་པ་ལ་ཁང་པ་བརྩེགས་མ་དང་གདན་བསྐྱེད་ལ་རྒྱལ་པོ་བཞི་དང་བཅས་པ་བསམས་ནས་སྙིང་པོ་དེ་རྣམས་ཀྱིས་རྒྱལ་པོ་གནས་རྣམས་སུ་བཀོད་དེ། ཕྱག་ན་རྡོ་རྗེའི་ཐུགས་ཀ་ལས་སྒོ་བ་བཞི་
བཏོན་ནས་བསྒོམ་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ནས་བསྡུ་ཞིང་བྱིན་གྱིས་བརླབ་པ་ནི་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཡིན་པར་ཤེས་པར་བྱའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནི། སློབ་དཔོན་གྱི་ལས་དང་སློབ་མ་གཞུག་པ་ལ་སོགས་
པ་སྟོན་ཏེ། དེ་ཡང་རྒྱལ་པོ་ཆེན་པོ་དེ་དག་གི་དཀྱིལ་འཁོར་བཤད་པ་ནི། ཕྱིའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ་ནང་གི་དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པས་བརྒྱན་པའོ། །དེའི་ལྟེ་བ་ལ་སྔ་མ་བཞིན་དུ་རྡོ་རྗེ་འཛིན་པ་ཞི་བ་བྲི་བའོ། །བྱང་ཕྱོགས་ཀྱི་རྩིབས་ལ་ལུས་ངན་པོ་ནེའུ་ལེའི་རྐྱལ་པ་
ཐོགས་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སྦོམས་པ་སེང་གེའི་གདན་ལ་གསེར་གྱི་མདོག་ཅན་བུམ་པ་བཟང་པོའི་ཁ་ནས་ཆུ་འབབ་པ་དང་། དཔག་བསམ་གྱི་ཤིང་དང་བཅས་པར་བྲིའོ། །ཤར་ཕྱོགས་ཀྱི་རྩིབས་ལ་ཡུལ་འཁོར་སྲུང་པི་ཝང་བསྒྲེང་བ་ལྗང་གུ་རྒྱན་རྣམས་ཀྱིས་བརྒྱན་པའོ། །ལྷོ་
ཕྱོགས་ཀྱི་རྩིབས་ལ་ལུས་འཕགས་རལ་གྲི་ལག་ན་ཐོགས་པ་བྲིའོ། །ནུབ་ཕྱོགས་ཀྱི་རྩིབས་ལ་མིག་མི་བཟང་རྡོ་རྗེ་དང་ཞགས་པ་འཛིན་པ་མགོ་བོ་ལ་སྦྲུལ་མགོ་བདུན་གྱིས་བསྐོར་བ་མིག་དམར་ཞིང་ཤིན་ཏུ་འབུར་བ་བྲིའོ། །སྒོ་བཞིའི་ཕྱོགས་སུ་ལྕགས་ཀྱུ་མ་ལ་སོགས་པ་བྲིའོ། །དེ་ནས་དགོངས་ཀའི་དུས་
ལ་བབ་པ་དང་རྡོ་རྗེའི་ཕྱག་རྒྱས་རྣལ་འབྱོར་པ་ཉིད་ཞུགས་ལ་ལྷག་ཆད་ཞི་བར་བྱ་བ་དང་། མེ་ཏོག་དོར་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་གསུམ་དང་ཡང་སྒོ་ཕྱེ་སྟེ་དང་པོ་རྡོ་རྗེ་འཛིན་པ་སྤྱན་དྲང་། དེ་ནས་ཨོཾ་བཻ་ཞེས་བྱ་བ་ལ་སོགས་པ་ལ་ཛཿཧཱུཾ་བཾ་ཧོཿ། བཏགས་པས་རྒྱལ་པོ་སྤྱན་དྲང་།

ལྕགས་ཀྱུ་ལ་སོགས་པས་ལས་བྱ། ཕྱག་རྒྱ་བཞིས་རྒྱས་གདབ། དབང་བསྐུར་བ་དང་མཆོད་པ་བྱ་བ་དང་ཆོ་ག་བཞིན་དུ་ཕྱི་རོལ་དུ་གཏོར་མ་དབུལ་སྦྱིན་སྲེག་བྱ་ཞིང་གནང་བ་ནོད་ཅེས་བྱ་བ་སྟོན་ཏོ། །དེ་ནས་སྔགས་མཁན་སྔགས་འདི་དང་ཞེས་བྱ་བ་ལ་སོགས་པས་གཞུག་པ་དང་དབང་བསྐུར་བ་
ཕན་ཡོན་དང་བཅས་པ་སྟོན་ཏོ། །དེ་ནས་རྣལ་འབྱོར་པས། ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་འདི་དང་། རྡོ་རྗེ་འཛིན་པའི་ཕྱག་རྒྱས་རིགས་བཞི་པོ་གང་ཡང་རུང་བ་མེ་ཏོག་གམ། རིན་ཆེན་ཐོགས་སུ་གཞུག་གོ། །དེ་ནས་པྲ་ཏཱིཙྪ་བ་མ་ཧོ་དྷ་མ་ཞེས་བྱ་བས་དོར་རོ། །གང་ལ་བབས་པ་དེ་འདིས་
འགྲུབ་པར་འགྱུར་རོ། །དེ་ནས་སྔར་བཤད་པ་བཞིན་དུ་པདྨ་ལ་བཞག་སྟེ། ཕྱི་རོལ་དུ་གནས་པའི་བུམ་པ་བཞིས་དབང་བསྐུར་ཞིང་ཕྱག་ན་རྡོ་རྗེའི་ཕྱག་རྒྱར་བསྐྱེད་ལ་དབང་བསྐུར་བར་བྱ་སྟེ། དེ་ནས་དབང་ཉི་ཤུ་རྩ་གཅིག་པོ་ཀུན་སྔ་མ་བཞིན་དུ་བསྐུར་ནས་རྒྱལ་པོར་གྱུར་པ་དང་། རྒྱལ་པོ་
ཡང་གླིང་གཅིག་དང་། གླིང་བཞི་ལ་དབང་བསྐུར་བའི་རྒྱལ་པོར་འགྱུར་རོ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱར་བསྐྱེད་པ་བཞིན་དུ་གཞན་ཡང་རྒྱལ་པོ་བཞིའི་ཕྱག་རྒྱ་བསྐྱེད་དེ་ལན་བཞིར་དབང་བསྐུར་ཞིང་ཞུགས་ན་རྡོ་རྗེ་འཛིན་པ་དང་རྒྱལ་པོ་བཞི་འཁོར་དང་བཅས་པས་རྟག་ཏུ་སྐྱོང་བ་དང་གཞན་གྱི་གནོད་པ་དང་
ནད་དང་འཆི་བདག་གི་འཇིགས་པ་དང་མུ་གེ་ལ་སོགས་པའི་གནོད་པ་འཇོམས་སོ། །རྒྱལ་པོ་བཞིས་ཁྱད་པར་དུ་ཞི་བ་དང་མངོན་སྤྱོད་དང་དབང་དང་རྒྱས་པ་བྱེད་དེ། དེ་ལྟར་མ་བྱས་ན་ཕྱག་ན་རྡོ་རྗེ་ལ་འཁུས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱོགས་སྐྱོང་བ་བཅུ་
རྣམས་ཀྱི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་ཕྱོགས་སྐྱོང་བཅུ་དང་བཅས་པའི་ཕྱག་ན་རྡོ་རྗེ་སྟེ་མདོར་ན་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ཏེ་དེའི་རྗེས་ཐོགས་ལའོ། །ཕྱོགས་སྐྱོང་བ་བཅུ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་སྐྱོང་བ་བཅུ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་
བྱས་ཏེ་སེམས་ཅན་གྱི་དོན་དུ་རང་གི་སྙིང་པོ་དབུལ་བར་གསོལ་བ་བཏབ་པ་དང་། བཅོམ་ལྡན་འདས་ཀྱིས་གནང་བས་རང་གི་སྙིང་པོ་ཕུལ་བ། ཨོཾ་ཨི་ཞེས་བྱ་བ་ནས་ཨོཾ་བྲ་ཞེས་བྱ་བའི་བར་བརྒྱ་བྱིན་དང་། གཤིན་རྗེ་དང་། ཆུ་ལྷ་དང་། གནོད་སྦྱིན་དང་། མེ་ལྷ་དང་། སྲིན་པོ་དང་། རླུང་ལྷ་དང་། དབང་

ལྡན་དང་། ཉི་མ་དང་། ཕག་རྣམས་ཀྱི་སྙིང་པོ་ཡིན་ཏེ་འདིས་ནི་འདི་རྣམས་དགོད་པ་སྟོན་ཏོ། །དེ་ནས་བསྡུ་ཞིང་བྱིན་གྱིས་བརླབ་པ་ནི་སྔ་མ་བཞིན་ནོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་དང་སློབ་མ་གཞུག་པ་
ལ་སོགས་པ་སྟོན་ཏེ། དེ་ཡང་ཏིང་ངེ་འཛིན་གསུམ་དང་ས་དང་ལྷག་པར་གནས་པ་བྱས་པ་དེའི་རྗེས་ལ་དཀྱིལ་འཁོར་ཟུར་བཞི་པ་སྒོ་བཞི་པ་ལ་སོགས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ། དེའི་ལྟེ་བ་ལ་རྡོ་རྗེ་འཛིན་པ་སྔ་མ་བཞིན་གཞག །ཕྱོགས་སྐྱོང་རྣམས་ཤར་ལ་
སོགས་པའི་ཆར་བརྒྱ་བྱིན་ལ་སོགས་པ་གཞག །ལྟེ་བ་ལ་སྤྱན་སྔར་ཉི་མ་དང་ཕག་ཀྱང་གཞག །སྒོ་རྣམས་སུ་ལྕགས་ཀྱུ་ལ་སོགས་པ་ཡང་གཞག །དེ་ནས་ཏིང་ངེ་འཛིན་གསུམ་ལ་སོགས་པ་དང་སྤྱན་དྲང་བ་དང་མཆོད་པ་བྱ། དེ་ནས་སློབ་མ་གཞུག་པའི་དོན་དུ་ཡང་བདག་ཉིད་གཅིག་
པུ་ཞུགས་ནས། གནང་བ་ནོད་པའི་མཐར་ཐུག་པར་བྱ་ཞེས་པའི་དོན་ཏོ། །སློབ་མ་རྣམས་ནི་གཞུག་བྱས་ཤིང་། །ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་དུ་གཞུག་པ་དང་དབང་བསྐུར་བ་དང་ཕན་ཡོན་སྟོན་ཏོ། དང་པོ་སློབ་མ་རྣམས་སྔར་རྩ་བའི་རྒྱུད་དུ་བཤད་པ་བཞིན་དུ་གཞུག་ཅིང་། ཕྱོགས་
སྐྱོང་བའི་བུམ་པ་རྣམས་ཀྱིས་དབང་བསྐུར་ཏེ། དབང་བསྐུར་བ་གཞན་རྣམས་ཀྱིས་ཀྱང་དབང་བསྐུར་ཏེ་སྙིང་པོ་སྦྱིན་པར་བྱའོ། །དེ་ནས་བསྒྲུབས་ན་འགྲུབ་པར་ཐེ་ཚོམ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནས་དེ་དག་མགུ་ནས་ནི། །འདི་སྐད་དུ་ནི་ཚིག་གསོལ་ཏོ། །ཞེས་བྱ་བ་ལ་སོགས་པ་བརྒྱ་བྱིན་ལ་
སོགས་པས་ཞུས་པ་སྟེ་དབང་བསྐུར་བའི་ཕན་ཡོན་ཡིན་ཏེ་གོ་སླ་བས་མ་བཤད་དོ། །དེ་ནས་གཟའ་ཆེན་པོ་བརྒྱད་ཅེས་བྱ་བ་ལ་སོགས་པས་གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བ་ནི་དང་པོའི་སྦྱོར་བ་སྟེ། འདིར་དང་པོའི་སྦྱོར་བ་ནི་ཕྱག་ན་རྡོ་རྗེ་གཟའ་ཆེན་
པོ་རྒྱུ་སྐར་དང་བཅས་པ་ཡིན་ནོ། །གཟའ་ཆེན་པོ་བརྒྱད་ཅེས་བྱ་བ་ལ་སོགས་པ་ལ་གཟའ་འཁོར་དང་བཅས་པ་རྣམས་རང་རང་གི་སྙིང་པོ་ཕུལ་བ་ལ་བྱིན་གྱིས་བརླབས་ནས་རང་རང་གི་སྙིང་པོ་བཟླས་པ་ནི། ཨོཾ་ཨ་ཞེས་བྱ་བ་ནས་ཨོཾ་ར་ཞེས་བྱ་བའི་བར་པ་བ་སངས་དང་། ཕུར་བུ་དང་། ཟླ་བ་དང་། གཟའ་

ལག་དང་། མིག་དམར་དང་། སྒྲ་གཅན་དང་། ཉི་མ་དང་། སྤེན་པ་ལ་སོགས་པ་དང་། སྨིན་དྲུག་ལ་སོགས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་བཅས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབ་པ་ནི་སྔ་མ་བཞིན་ཏེ་ཏིང་ངེ་འཛིན་རྣམ་པ་གསུམ་མོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དོ་ཞེས་བྱ་བ་ལ་སོགས་པས་
སློབ་དཔོན་གྱི་ལས་སྟོན་ཏེ་དེ་ཡང་ཏིང་ངེ་འཛིན་གསུམ་གྱིས་བསྙེན་པ་བྱས་ནས་ས་དང་ལྷག་པར་གནས་པའི་རྗེས་ལ་ཐིག་གདབ་པ་སྔོན་དུ་འགྲོ་བས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་དང་། ནང་གི་ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་དང་བཅས་པ་བྲིས་ལ། དབུས་ཀྱི་པདྨོའི་ལྟེ་བ་ལ་རྡོ་རྗེ་འཛིན་པའི་
ཁྲོ་བོ་གཞག་པར་བྱའོ། །པདྨ་འདབ་མ་བརྒྱད་ཀྱི་མཚམས་བཞི་བོར་བའི་ཕྱོགས་བཞི་ལ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་བྲིའོ། །རྩིབས་ལ་ཤར་དུ་པ་བསངས། ལྷོར་ཕུར་བུ། ནུབ་ཏུ་ཟླ་བ། བྱང་དུ་གཟའ་ལག །ཤར་ལྷོར་མིག་དམར། ལྷོ་ནུབ་ཏུ་སྒྲ་གཅན་འཛིན། ནུབ་བྱང་དུ་
ཉི་མ། བྱང་ཤར་དུ་སྤེན་པ། སྒོ་བཞིར་ལྕགས་ཀྱུ་ལ་སོགས་པ་ཁྲོས་པ་བྲི། ཁོར་ཡུག་གི་ཕྱི་རོལ་དུ་སྨིན་དྲུག་ནས་བྲ་ཉེའི་མཐར་ཐུག་པར་རྒྱུ་སྐར་བདུན་བདུན་ཕྱོགས་རེ་རེར་བྲིའོ། །འདིར་ལཱ་སྱེ་ལ་སོགས་པ་རྣམས་མི་བྲི་བ་ནི་འཇིག་རྟེན་པའི་ལྷར་དངོས་གྲུབ་སྩོལ་བའི་རྒྱུར་གྱུར་པས་མཆོད་པ་བྱ་བ་མ་
ཡིན་པའི་ཕྱིར་རོ། །དེ་ནས་ཁྲུས་ལ་སོགས་པ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་གསུམ་དང་ལྡན་པས་ལྕགས་ཀྱུ་ལ་སོགས་པས་ལས་བྱ་ཞིང་། མཆོད་པ་དང་གནང་བ་ནོད་པ་སྔ་མ་བཞིན་ནོ། །དེ་ནས་སློབ་མ་རྣམས་གཞུག་སྟེ་ཞེས་བྱ་བ་ལ་སོགས་པས་གཞུག་པ་དང་དབང་བསྐུར་བའི་ཕན་
ཡོན་དང་བཅས་པ་སྟོན་ཏོ། །ཨོཾ་བཛྲ་ཞེས་བྱ་བ་ལ་སོགས་པ་གསུམ་གྱིས་གཞུག་པའི་ཁྱད་པར་བསྟན་ཏོ། །ལྷག་མ་ནི་སྔར་བཤད་པ་བཞིན་ནོ། །དེ་ནས་གཟའ་བརྒྱད་ཀྱིས་བྱིན་གྱིས་བརླབས་པའི་བུམ་པས་དབང་བསྐུར་རྡོ་རྗེའི་ཕྱག་རྒྱས་དབང་བསྐུར། དབང་བསྐུར་བ་ལྷག་མ་རྣམས་
ཀྱིས་ཀྱང་དབང་བསྐུར། གཟའ་ཡི་དམ་འདི་ལྟར་བཟུང་སྟེ་སྙིང་པོ་དོན་ཙམ་གྱི་སྒོ་ནས་བསྒྲུབ་པར་བྱའོ། །འདིར་སྒྲུབ་པའི་ཁྱད་པར་མ་བཤད་པ་ནི་རྒྱུ་ནི་གསུམ་ཡིན་ཏེ། དབང་དང་དམ་ཚིག་ཁོ་ན་གཙོར་ཟུང་ཤིག །དབང་གི་འབྲས་བུ་གཟའི་དཀྱིལ་འཁོར་ལ་སོགས་པ་གསུམ་

ཡིན་ནོ། །ཀླུའི་དཀྱིལ་འཁོར་ལ་སོགས་པ་གསུམ་ནི་དབང་དང་དམ་ཚིག་དང་དངོས་གྲུབ་ཐམས་ཅད་སྒྲུབ་པ་ཁོ་ནའོ། །འདི་ལྟར་བསྟན་པ་དེ་ཡང་དེས་འདུལ་བའི་གང་ཟག་ལ་སོགས་པ་ཡིན་ནོ་ཞེས་བྱ་བའོ། །དེ་ནས་ཕན་ཡོན་གཟའ་རྣམས་ཀྱིས་འདོད་པ་ཐམས་ཅད་
སྒྲུབ་པོ། །རྒྱུ་སྐར་དང་སྐད་ཅིག་དང་ཡུད་ཙམ་དང་ཐང་གཅིག་དང་། དུས་གཅིག་དང་ཟླ་ཚིགས་དང་སྦྱོར་བ་དང་ཁྱིམ་དང་དུས་སྦྱོར་དང་འཇུག་ཕོད་ལ་སོགས་པ་ཞེས་བྱ་བ་ནི་རྒྱུ་སྐར་དེ་དག་ཉིད་སྐད་ཅིག་ལ་སོགས་པ་ལ་དབང་བ་དང་། དུས་དྲུག་པ་ལ་སོགས་པ་ནས་ཟླ་ཚིགས་ལ་དབང་བ་དང་།
དཔལ་ལ་སོགས་པའི་འབྱོར་པ་དང་། ཁྱིམ་དང་དུས་སྦྱོར་བ་ལ་སོགས་པ་འགྲུབ་པ་དང་འཇུག་ཕོད་བཟང་ངན་བྱེད་པ་དང་ཞེས་བྱ་བ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླ་བས་མ་བཤད་དོ། །དེ་ནས་ཀླུ་ཆེན་བརྒྱད་ཀྱི་ཞེས་བྱ་བ་ལ་སོགས་པས་ཀླུའི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་
ལ་སོགས་པ་ནི་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེ་ཡང་སྔ་མ་ལས་ཀླུ་ཆེན་བརྒྱད་དང་བཅས་པའོ། །ཀླུ་ཆེན་བརྒྱད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། རང་གི་སྐད་ཅིག་ཙམ་གྱིས་མཚོན་པའི་སྒྲས་བཅོམ་ལྡན་འདས་མཉེས་པར་བྱས་ཏེ་སྙིང་པོ་དབུལ་བར་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་
གནང་ནས་རང་རང་གི་སྙིང་པོ་ཕུལ་བ། ཨོཾ་ཕུཿཞེས་བྱ་བ་ནས། ཨོཾ་ཕུཿཞེས་བྱ་བའི་བར་མཐའ་ཡས་དང་། འཇོག་པོ་དང་། ཀརྐོ་ཊ་དང་རིགས་ལྡན་དང་། ནོར་རྒྱས་དང་དུང་སྐྱོང་དང་པདྨ་དང་ཆུ་ལྷ་རྣམས་ཀྱི་ཡིན་ནོ། །དེ་སྔ་མ་བཞིན་དུ་བཤད་པས་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་
འཛིན་བསྟན་ཏོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབ་པ་ནི་སྔ་མ་བཞིན་དུ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་བསྟན་ཏོ། །དེ་ཡང་སྔོན་དུ་བསྙེན་པ་དང་ས་ལྷག་པར་གནས་པའི་ཆོ་ག་དང་། ཐིག་གདབ་པ་དང་བཅས་པར་བྱ་བ་ལ་དེ་ནས་
ཞེས་བྱའོ། །པདྨ་འདབ་མ་བརྒྱད་པའི་དཀྱིལ་འཁོར་བཤད་དེ། པདྨ་འདབ་མ་བརྒྱད་པ་ཁ་དོག་དཀར་པོ་དེའི་ལྟེ་བར་རྡོ་རྗེ་འཛིན་པ་ཁྲོ་བོ་དབུ་ལ་སྦྲུལ་མགོ་བདུན་མཐའ་ཡས་པ་ཡོད་པར་བྲིའོ། །དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་མཐའ་ཡས་ནས་ཆུ་ལྷའི་བར་མཐར་ཐུག་པར་པདྨ་རེ་རེ་ལ་སྦྲུལ་

མགོ་བདུན་བདུན་མགོ་ལ་ཡོད་པ། ཆུང་མས་ལག་པ་གཡས་པས་མགུལ་ནས་འཁྱུད་པར་བྲི་བར་བྱའོ། །འདི་དག་དང་ཕྱིའི་དཀྱིལ་འཁོར་དང་སྒོ་ལ་སོགས་པ་མེད་ན་ནི་རྒྱ་མཚོ་ཆེན་པོ་ལ་བརྟེན་པའི་དབང་དུ་བྱས་ནས་དུས་དེ་ལ་དགོངས་ནས་བཤད་པ་ཡིན་ནོ། །དེའི་ཕྱིར་པདྨ་ཡང་ཆུ་དང་
འདམ་ལས་སྐྱེ་སྟེ་འདི་དག་ཀྱང་པདྨ་ལ་གནས་པ་ཉིད་དོ། །གཞན་དག་ཏུ་ནི་གཞལ་ཡས་ཁང་དང་བཅས་པར་ཡང་བཤད་དོ། །གཞན་ཡང་བུམ་པ་བརྒྱད་དང་། གཏོར་མ་དང་ཤིན་ཏུ་མཛེས་པའི་བཤོས་དང་། འབྱུང་པོའི་གཏོར་མ་མར་དང་འོ་མ་དང་སྦྲང་རྩིར་བཅས་པར་བྲིའོ། །དེ་ནས་
ཁྲུས་བྱ་བ་སྔོན་དུ་འགྲོ་བས་ཞུགས་ལ་ཏིང་ངེ་འཛིན་གསུམ་དང་ལྡན་པར་བྱའོ། །སྦྲུལ་མགོའི་ཕྱག་རྒྱས་རང་གི་སྐད་མཚོན་པ་ཕུཿཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ། ལྕགས་ཀྱུ་ལ་སོགས་པས་ལས་བྱ་བ་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་བུ་ནི་རྒྱལ་པོ་དང་ཞེས་བྱ་བ་ལ་སོགས་པས་སློབ་མ་
གཞུག་པ་སྟོན་ཏོ། དེ་ནས་རྒྱལ་པོ་དང་རྒྱལ་རིགས་རྩ་བའི་རྒྱུད་དུ་བསྟན་པ་བཞིན་དུ་དཀྱིལ་འཁོར་དུ་བཅུག་ནས་དུག་གི་ཉེས་པ་བསལ་བའི་ཕྱིར། ཕུཿཞེས་བྱ་བས་དྲངས་པའི་སྔར་བཤད་པའི་སྔགས་རྣམས་ཀྱིས་སྔ་མ་བཞིན་དུ་དབང་བསྐུར་རོ། །དེ་ནས་ཨོཾ་བེའུ་ཞེས་བྱ་བ་ལ་སོགས་
པའི་སྙིང་པོ་ཙམ་བརྗོད་ནས་ཀླུ་རྣམས་བསྒྲུབ་པར་བྱའོ། །དེ་ནས་དེ་དག་མགུ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །ཀླུའི་དཀྱིལ་འཁོར་འདི་ཉིད་དུ་དབང་ཐོབ་པ་རྣམས་ལ་དངོས་གྲུབ་བསྟན་པའི་ཕྱིར། དེ་ནས་སྒྲུབ་པ་བཤད་ཅེས་བྱ་བ་ལ་སོགས་པས་དངོས་
གྲུབ་བཤད་དེ། དེ་ཡང་དང་པོར་གནས་དབེན་པར་ཁྲུས་བྱས་པ་སྔོན་དུ་འགྲོ་བས་བདག་རྡོ་རྗེ་འཛིན་པར་བསམས་ཏེ། དེའི་དབུ་ལ་སྦྲུལ་མགོ་དེ་ལས་ལྷ་རྫས་ཀྱི་འོད་ཟེར་གྱི་ཕྲེང་བ་དཀར་པོ་བདུད་རྩི་འབབ་པ་ལྟ་བུར་བསམས་ཏེ། ཕུཿཞེས་བྱ་བ་ཐུན་མོང་གི་སྙིང་པོ་འབུམ་བཟླས་ལ་བསྙེན་པ་
བྱས་ཏེ། དེ་ནས་ཀླུའི་དཀྱིལ་འཁོར་བསམས་ཏེ་མཆོད་ལ་དུག་གིས་ཟིན་པའམ། གཡན་པའམ་འཚེ་བ་ལ་སོགས་པས་ཟིན་པ་ལ་དབུའི་ལྷ་རྫས་འོད་ཟེར་གྱི་ཕྲེང་བས་བཀང་སྟེ། དེའི་དོན་དུ་ཕུཿཞེས་བྱ་བས་ཀླུའི་དཀྱིལ་འཁོར་བསམས་ཏེ་ལག་པ་སྦྲུལ་མགོའི་ཞགས་པ་འདྲ་བས་དྲང་ཞིང་

ཕུཿཞེས་བརྗོད་ལ་འོད་ཟེར་གྱི་རླུང་གིས་གཏོར་ལ། དང་པོར་པགས་པ། དེ་ནས་ཤ་དང་། ཐ་མར་རུས་པ་ལ་གནས་པའི་དུག་རྣམས་ཕུཿཞེས་བྱ་བ་དང་སྦྲུལ་མགོས་དྲངས་ན་འདྲོངས་པར་འགྱུར་རོ་ཞེས་བྱ་བའི་དོན་ནི་སྒྲུབ་པ་ཡིན་ནོ། །དེ་ནས་ལས་ཐམས་ཅད་བྱེད་ཅིང་
དུག་རིམས་དང་དུག་སྦྱར་མ་ལ་སོགས་ཀྱི་དུས་སུ་སྔ་མ་བཞིན་དུ་སྦྱར་ན་ཁུ་ཚུར་གྱིས་ཀྱང་འབྱིན་ཏེ། སྦྲུལ་མགོའི་ཕྱག་རྒྱ་སྨོས་ཅི་དགོས། །ཞེས་བྱ་བ་ཁྱད་པར་དུ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་འཇིགས་
བྱེད་ཆེན་པོའི་དཀྱིལ་འཁོར་དང་བཅས་པ་སྔ་མ་བཞིན་ནོ། །ལྷ་ཆེན་པོ་རྣམས་ཀྱི་བདག་པོ་འཇིགས་བྱེད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་འཇིགས་བྱེད་རང་གི་འཁོར་བུད་མེད་བརྒྱད་དང་བཅས་པས་བསྐོར་བས་ཕྱག་བྱས་ཏེ་ཞུས་པའི་དོན་ཏོ། །སྐྲག་ཅིང་སྨྱོ་བ་ལ་སོགས་པ་ལ་ཕན་གདགས་
པའི་སླད་དུ་སྙིང་པོ་ཕུལ་ལ་གསོལ་བ་བཏབ་པ་དང་། བཤད་པར་གནང་ནས་འཇིགས་བྱེད་ཆེན་པོ་ཁོ་ནས་འཇིགས་པའི་སྒྲ་ཕྱུང་སྟེ་སྨྲས་པ་ནི་ཨོཾ་བྷེ་ར་ཞེས་བྱ་བ་ནས། ཨོཾ་བ་སྭཱ་ཧཱ་ཞེས་བྱ་བའི་བར་ཡིན་ཏེ། འཇིགས་བྱེད་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། བརྒྱ་བྱིན་དང་། གཞོན་
ནུ་ཀརྟི་ཀ་དང་། བྷྲྀངྒི་རི་ཏི་དང་། སྟོབས་བཟངས་དང་། ཚོགས་ཀྱི་བདག་པོ་ཁྲོས་པ་དང་བཅས་པ། ཆུང་མ་དང་བཅས་པ་རྣམས་ཀྱི་སྙིང་པོ་ཡིན་ཏེ། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་སྟོན་ཏེ་གང་གི་ཕྱིར་འཇིགས་བྱེད་ཆེན་པོ་ཁོ་ནས་སྨྲས་ཤེ་ན། བཅོམ་ལྡན་འདས་འཇིགས་
བྱེད་ཆེན་པོ་ནི། བརྒྱད་པོ་དེ་དག་བདག་ངག་ཉན། །ཞེས་བྱ་བ་གསུངས་ཏེ་གཙོ་བོ་ཡིན་པའི་ཕྱིར་ངག་ཉན་པའོ། །ཏིང་ངེ་འཛིན་གསུམ་པ་ནི་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་སྟོན་ཏེ་དེ་བཞིན་དུ་བསྙེན་པ་
ལ་སོགས་པ་ཐམས་ཅད་བྱས་ལ་ཕྱིའི་དཀྱིལ་འཁོར་བྲི་བའི་ནང་དུ་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་དང་བཅས་པ་བྲིས་ནས། རྡོ་རྗེ་འཛིན་པ་ཁྲོ་བོ་འཇིགས་བྱེད་ཆེན་པོ་ཆུང་མ་དང་བཅས་པ་ཞབས་འོག་ཏུ་ནོན་པར་བྲི། ཤར་ཕྱོགས་ཀྱི་རྩིབས་སུ་བརྒྱ་བྱིན་ལ་སོགས་པ། ལྷོའི་ཕྱོགས་ཀྱི་རྩིབས་

ལ་ཚངས་པ་ཁྲོས་པ། ནུབ་ཕྱོགས་ཀྱི་རྩིབས་ལ་གཏོགས་འདོད་ཁྲོས་པ། བྱང་ཕྱོགས་ཀྱི་རྩིབས་ལ་གཞོན་ནུ་ཀརྟི་ཀ་ཁྲོས་པ། ཤར་ལྷོའི་རྩིབས་ལ་ཚོགས་ཀྱི་བདག་པོ་ཁྲོས་པ། ལྷོ་ནུབ་ཀྱི་མཚམས་སུ་བྷྲྀངྒི་རི་ཏི་ཁྲོས་པ། ནུབ་བྱང་གི་མཚམས་སུ་དགའ་བྱེད་དབང་ཕྱུག་ཁྲོས་པ། བྱང་ཤར་གྱི་རྩིབས་
ལ་སྟོབས་བཟངས་ཁྲོས་པ་ཆུང་མ་དང་བཅས་པ་བྲི་བར་བྱའོ། །རྒྱུད་འདིར་ནི་ལྷ་རྣམས་ཀྱི་ཁ་དོག་དང་ཕྱག་མཚན་དང་གདན་དང་དབྱིབས་ལ་སོགས་པ་མ་བསྟན་པ་ནི་འགྲོ་བ་འདུལ་བ་རྣམས་ཀྱི་ཕྱག་མཚན་ལ་སོགས་པ་ངེས་པ་མེད་པའི་ཕྱིར་མ་བསྟན་ཏོ། །ཡང་དཀྱིལ་འཁོར་དུ་
དགོད་པའི་དུས་སུ་ནི་བྱ་བ་དང་སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་གཞན་རྣམས་ལས་ཤེས་པར་བྱའོ། །འདིར་ཡང་སྒོ་བ་རྣམས་ནི་ཁྲོ་བ་དང་ལྡན་པར་བྲི་ལ། སྔར་བཤད་པ་བཞིན་དུ་བུམ་པ་ལ་སོགས་པ་རྣམས་གཞག་པར་བྱའོ། །དེ་ནས་ཏིང་ངེ་འཛིན་གསུམ་དང་ལྡན་པས་སྒོ་དབྱེ་བ་
ལ་སོགས་པ་ལྕགས་ཀྱུ་ལ་སོགས་པས་ལས་བྱ་སྟེ་ཁྲག་གིས་བཀང་པའི་ཐོད་པས་མཆོད་པ་དང་། ཤ་ཆང་གི་གཏོར་མ་དང་། སྣོད་མགོའི་ཐོད་རྣམས་ཁྲག་ཆང་གིས་བཀང་བ་གཞག །བུམ་པ་བརྒྱད་འཇིགས་བྱེད་ཀྱིས་བྱིན་གྱིས་བརླབས་པ་རྣམས་ཀྱིས་མཆོད་ཅིང་ཕྱི་རོལ་དུ་གཏོར་མ་བྱིན་
ལ་གནང་བ་ནོད་པའི་བར་དུ་བྱའོ། །དེ་ནས་འཇིག་རྟེན་གསུམ་རྒྱལ་པོའི། །ཞེས་བྱ་བ་ལ་སོགས་པས་སློབ་མ་གཞུག་པ་སྟོན་ཏོ། །སློབ་དཔོན་གྱི་ལས་རྣམས་ཀྱི་རྗེས་ཐོགས་ལ་འདིར་འཇུག་པའི་ཕྱག་རྒྱ་ནི་དྲག་པོ་ཡིན་པའི་ཕྱིར་འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱས་སྔར་བཤད་པ་བཞིན་དུ་
བཅུག་ལ། བུམ་པའམ་མགོའི་ཐོད་པ་བརྒྱད་ཀྱི་ཁྲག་ལྕེ་ལ་མྱང་དུ་གཞུག་ཅིང་དབང་བསྐུར་བ་ཐམས་ཅད་ཀྱིས་དབང་བསྐུར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་འདི་ཉིད་དུ་དབང་ཐོབ་པ་ལ་སྦྱིན་པར་སྟོན་ཏོ། །དེ་ནས་དང་པོར་རེ་ཞིག་བུད་མེད་ཀྱི་ཁྱིམ་མམ། ཤིང་གཅིག་པར་
ལྕེ་དང་ལག་པ་བྱིན་རླབས་ནས་བརྩམས་ཏེ་འཇིག་རྟེན་གསུམ་རྒྱལ་དུ་བསྐྱེད་ནས་མཆོད་དེ། ཨོཾ་བྷཻ་ར་ཞེས་བྱ་བ་འབུམ་ཕྲག་བཞིར་བཟླས་པ་ནས་ཐ་མར་མཚན་ཡལ་ནས་སུ་གནས་ཏེ་དེ་ནས་སྒྲ་ཐོས་ནས་ཁྲག་གི་ཐོད་པ་ཕུལ་ཏེ་འཇིགས་བྱེད་དེ་མཐོང་བར་འགྱུར་རོ། །ཁམས་གསུམ་རྣམ་

རྒྱལ་ཧཱུཾ་ཞེས་བྱ་བ་དྲན་པར་བྱེད་ཅིང་ཐོད་པ་བཀང་སྟེ་ཡང་ཕུལ་ན་གྲུབ་ནས་ཅི་འདོད་ཅེས་བྱ་བར་སྨྲ་བར་བྱེད་དེ་ས་སྦྱིན་པ་མ་གཏོགས་པར་ཁམས་གསུམ་རྣམ་རྒྱལ་གྱི་ང་རྒྱལ་དུ་བསྒོམས་པས་གསོལ་བ་བཏབ་ན་ཁུ་བ་ལ་སོགས་པ་ཐམས་ཅད་སྦྱིན་པར་བྱེད་དོ། །མི་སྐྲག་པར་བྱ་
སྟེ་སྐྲག་ན་དེ་མ་ཐག་ཏུ་གསོད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ལྷ་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་སྔ་མ་བཞིན་ཏེ་ཚངས་པ་ལ་སོགས་པ་དང་བཅས་པའོ། །ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ལྷ་ཆེན་པོ་རྣམས་ཀྱིས་རྡོ་རྗེ་
འཛིན་པ་ལ་ཕྱག་བྱས་ཏེ་ཞུས་པའི་དོན་རང་གི་སྙིང་པོ་བཤད་པར་འདོད་པ་ལ་བྱིན་གྱིས་བརླབ་པར་གསོལ་བ་བཏབ་ནས། རང་གི་སྙིང་པོ་སྨྲས་པ་ཞེས་བྱ་བ་ནས་ཀྲ་ཞེས་བྱ་བའི་མཐར་ཐུག་པར་ཏེ་དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། བརྒྱ་བྱིན་དང་། གཏོགས་འདོད་དང་། གཞོན་ནུ་ཀརྟི་
ཀ་དང་ཚོགས་ཀྱི་བདག་པོ་དང་བྷྲྀངྒི་རི་ཏི་དང་སྟོབས་བཟངས་རྣམས་ཀྱི་ཡིན་ནོ། །འདིའི་བཤད་པ་སྔ་མ་བཞིན་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་གསུམ་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་བསྟན་ཏོ། །
བསྙེན་པ་ལ་སོགས་པ་ཐམས་ཅད་བྱས་ལ་དེ་ནས་ཚེ་དཔག་ཏུ་མེད་པ་བཞིན་དུ་དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པ་བྲིས་ལ། ལྟེ་བ་ལ་རྡོ་རྗེ་འཛིན་པ་ཁྲོ་བོ། ཤར་གྱི་རྩིབས་ལ་དབང་ཕྱུག་ཆེན་པོ། །ལྷོའི་རྩིབས་ལ་བརྒྱ་བྱིན། ནུབ་ཀྱི་རྩིབས་ལ་ཚངས་པ། བྱང་གི་རྩིབས་ལ་གཏོགས་
འདོད། རང་རང་གི་ཆུང་མ་དང་བཅས་པ་བྲི་སྟེ་ལྕགས་ཀྱུ་ལ་སོགས་པ་བཞི་ཡང་ཁྲོས་པ་དང་བཅས་པ་བྲིས་ལ། དཀྱིལ་འཁོར་གྱི་ཕྱི་རོལ་དུ་དབང་ལྡན་གྱི་མཚམས་ནས་བརྩམས་ནས་སྟོབས་བཟངས་དང་། ཚོགས་ཀྱི་བདག་པོ་དང་། བྷྲྀངྒི་རི་ཏི་དང་། གཞོན་ནུ་ཀརྟི་ཀ་གཞག །བྱ་
དང་བུམ་པ་ལ་སོགས་པ་ཐམས་ཅད་ཀྱང་སྔ་མ་བཞིན་དུ་གཞག །དེ་ནས་ཞུགས་པ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་གསུམ་དང་ཕྱག་རྒྱ་བཞིས་རྒྱས་བདབ་པ་ལ་སོགས་པ་མཆོད་པའི་མཐར་ཐུག་པ་ཐམས་ཅད་དགའ་བ་ཆེན་པོས་མཆོད་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་པ་ནི། །ཞེས་བྱ་བ་ལ་

སོགས་པས་སློབ་མ་གཞུག་པའི་ལས་ལ་སོགས་པ་སྟོན་ཏོ། །འདིར་རྡོ་རྗེ་འཛིན་པའི་ཕྱག་རྒྱ་བཅིངས་ལ་སྔ་མ་བཞིན་དུ་བཅུག་ནས། ཨོཾ་པྲ་ཏཱིཙྪ་ཞེས་བྱ་བ་ལ་སོགས་པས་མེ་ཏོག་དོར་བ། མིག་དབྱེ་བ། བསྟན་པར་བྱ་བ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུའོ། །དེ་ནས་སྔགས་ཀྱིས་
བཏབ་པའི་བུམ་པ་བརྒྱད་ཀྱིས་དབང་བསྐུར། དབང་བསྐུར་བ་ལྷག་མ་ཡང་རྩ་བའི་རྒྱུད་དུ་བཤད་པ་བཞིན་ཤེས་པར་བྱའོ། །དེ་ནས་ལྷ་རྣམས་གང་དགའ་བའི། །ཞེས་བྱ་བ་ལ་སོགས་པས་འདི་ཉིད་དུ་དབང་དང་དམ་ཚིག་ཐོབ་པ་ལ་དངོས་གྲུབ་སྦྱིན་པ་སྟོན་ཏོ། །གང་ལ་དགའ་བའི་སྔགས་
བྱིན་ལ་སྔ་མ་བཞིན་དུ་རྡོ་རྗེ་འཛིན་པ་བསམས་ཏེ་འབུམ་ཕྲག་གཉིས་བསྙེན་པ་བྱས་ནས་ཤིས་པའི་གནས་སུ་དཀྱིལ་འཁོར་ཆེན་པོ་བསམས་ཏེ་བསྒྲུབས་ན་ནམ་ཕྱེད་ན་ལྷ་འོངས་ནས་ཅི་འདོད་པ་སྦྱིན་གྱིས་སོམས་ཏེ་སྨྲོས་ཤིག །དེ་ནས་ལྷ་ལ་གསོལ་བ་ཅི་འདོད་པ་གདབ་བོ། དེ་ནས་བླ་མ་
དང་སློབ་དཔོན་ལ་ཆ་རེ་དབུལ་བ་ནི་རྩ་བའི་རྒྱུད་དུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བཅུ་གཉིས་པོ་མཐའ་དག་ཏུ་ཞུགས་པའི་འབྲས་བུ་ལམ་བཅོ་ལྔ་དང་། འཇིག་རྟེན་པའི་ཡོན་ཏན་མཐའ་དག་ཀྱང་བསྟན་ཏེ་གོ་
སླ་བས་མ་བཤད་དོ། །འཇིག་རྟེན་པའི་དྲུག་བར་དུ་ཅིའི་ཕྱིར་བསྟན་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་སྐུ་གསུམ་དང་རིགས་གསུམ་གྱིས་བསྡུས་པའོ། །དེ་ཡང་ཀུན་རིག་དང་། གཙུག་ཏོར་དང་། ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གསུམ་གྱིས་བསྟན་པ་དེ་དག་རྟོགས་པར་
བྱ་བའི་ཕྱིར་དང་པོར་སྟོན་ཏོ། །དེ་ནས་དེ་དག་ལ་འཇུག་པ་ཡང་བྱང་ཆུབ་སེམས་དཔའ་མོས་པའི་ས་ཡན་ཆད་ཐོབ་པ་ཡིན་པས་སྦྱོར་བའི་ལམ་ལ་གནས་པ་ཐོབ་པའི་རང་བཞིན་ཅན་རྒྱལ་པོ་བཞི་དང་ཕྱོགས་སྐྱོང་བཅུ་དང་། གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དང་དབང་དང་དམ་ཚིག་དང་གཙོ་བོར་
གྱུར་པ་སྟོན་ཏོ། །སྦྱོར་བའི་ལམ་མངོན་པར་རྟོགས་པ་དང་འབྲེལ་པའི་རང་བཞིན་ལ་གཞན་གྱི་དོན་བྱེད་པ་གཙོ་བོར་འགྱུར་བས། ཀླུ་ཆེན་པོ་བརྒྱད་དང་འཇིགས་བྱེད་ཆེན་པོ་དང་། ལྷ་ཆེན་པོའི་དཀྱིལ་འཁོར་གཙོ་བོར་གྱུར་པ་བསྟན་ཏོ། །དེ་དག་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་གནས་

པ་ཞེས་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས། དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷའི་བུ་རྣམས་དང་རྒྱལ་པོ་བཞི་དང་འཇིག་རྟེན་སྐྱོང་བ་བརྒྱད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོ་དང་ནོར་
བཟངས་པོ་ཆེན་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ས་ལ་རབ་ཏུ་གནས་པ་རྣམས་དང་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་ཡང་ས་བཅུ་དང་སངས་རྒྱས་ཀྱི་ས་ལ་སྐུ་གསུང་ཐུགས་ཉིད་དུ་འབྱུང་བས་འཆི་བདག་འཇོམས་པ་གསུང་དང་། བདེ་བ་ཆེན་པོ་སྐུ་དང་། ཁྲོ་བོ་ཐུགས་ཀྱི་དཀྱིལ་འཁོར་
ཏེ་གསུམ་གྱིས་བཤད་དོ། །དེ་ལྟར་ན་རྒྱུ་འབྲས་ཀྱི་གོ་རིམས་སུ་བཤད་ནས་ཞེས་བྱ་བ་ཡིན་ལ། གྲངས་ཀྱང་ངེས་པ་འདི་ཙམ་གྱིས་བསྟན་ཏོ། །དེ་ལྟར་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་བཤད་ནས། དོན་དེ་ནས་ཞེས་བྱ་བ་ལ་སོགས་པས་འཆི་བདག་འཇོམས་པའི་དཀྱིལ་འཁོར་སྟོན་ཏེ།
དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་སྦྱོར་བ་དང་པོའི་རྗེས་ཐོགས་ལའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་འཁོར་གྱི་དཀྱིལ་འཁོར་གཟིགས་ནས་ཞེས་བྱ་བ་ལ་སོགས་པ་ལ་མཐུ་ཆེན་པོའི་རིག་བཤད་དུ་གསོལ་ཞེས་བྱ་བ་སྦྱར་རོ། །དེ་ཡང་ཕྱག་ན་རྡོ་རྗེ་ཉིད་ཀྱིས་འཁོར་ལ་གཟིགས་ཏེ་འཛུམ་
པ་དང་། འཁོར་གཡོས་པ་དང་། འགུལ་བ་དང་། འབར་བ་དང་། དགོད་པ་དང་། རྩེ་བ་དང་རྨད་ཀྱི་ཡ་མཚན་སྣང་བར་གྱུར་ཏོ། །དེ་ལ་ལྷ་རྣམས་དམ་པར་གྱུར་ནས་ཕྱག་འཚལ་ཏེ་འཛུམ་པ་མཛད་པའི་རྒྱུ་དྲིས་པ་དང་། ཕྱག་ན་རྡོ་རྗེས་གསན་ནས་ལྷ་རྣམས་ལ་འཆི་བདག་འཇོམས་པར་བྱེད་པའི་རིག་པ་
ཐོས་སམ་ཞེས་བཀའ་སྩལ་པ་དང་། ཕྱག་འཚལ་ཞིང་མགུ་ཞིང་དང་བའི་དད་པ་སྐྱེས་ཏེ་ལེགས་སོ་ཞེས་བྱ་བ་སྔོན་དུ་འགྲོ་བས་ཚེ་བསྲིང་ཞིང་འཆི་བདག་ཞི་བར་བྱ་བ་དང་ངན་སོང་གྲོལ་བར་བྱ་བ་དང་། འཁོར་བ་སྤངས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་རིག་པ་བཤད་
དུ་གསོལ་ཞེས་བྱ་བའི་དོན་ཏོ། །སྔ་མ་ནི་ཚེ་འདི་ལ་གནས་པའི་དོན་དུ་བཤད་པ་ཁོ་ན་ཡིན་ལ། འདི་ནི་འདི་དང་ཕྱི་མ་གཉིས་ཀ་ནས་ཐམས་ཅད་ཡིན་པའི་ཕྱིར་ཁྱད་པར་དེ་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ལྷ་རྣམས་ཀྱིས་གསོལ་བའི་ཚིག་གསན་ནས་ཞེས་བྱ་བ་ནི་སྔར་གསོལ་བ་

བཏབ་པའི་ཚིག་གསན་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རིག་སྔགས་འདི་ཉིད་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་རིག་སྔགས་འདི་ཉིད་སྐུ་ལས་འོད་ཟེར། གསུང་ལས་སྒྲ། ཐུགས་ལས་ངེས་པའི་ཡེ་ཤེས་ཕྱུང་ངོ་ཞེས་བྱ་བའི་དོན་
ཏོ། །དེ་ཉིད་ཨོཾ་པུཎྱེ་ཞེས་བྱ་བ་ལ་སོགས་པའོ། །སྙིང་པོ་རིག་པའོ་ཞེས་བྱ་བ་ནི་སྙིང་པོ་ནི་ཡེ་ཤེས་ལྔའོ། །དེ་ཉིད་ནི་རིག་པའོ། །དེ་སྟོན་པའི་སྒྲ་ལ་ཡང་དེ་སྐད་ཅེས་གདགས་སོ། །འདིས་ནི་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་ལ་བྲི་བའི་རིག་པ་དང་བཟླས་བརྗོད་དུ་བྱ་བ་བསྟན་ཏོ། །ཨོཾ་
དྷི་སྭཱ་ཧཱ། ཉེ་བའི་སྙིང་པོའི་རིག་པའོ་ཞེས་བྱ་བ་ནི་མངོན་སུམ་པའི་རྒྱུའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །དེའི་སྒྲ་ཡང་སྔ་མ་བཞིན་ནོ། །ཕྱག་ན་རྡོ་རྗེའི་སྙིང་པོའོ། །ཨོཾ་བྷྲཱུཾ་སྭཱ་ཧཱ་སྙིང་པོའོ། །ཉེ་བའི་སྙིང་པོ་རིག་པ་ཞེས་བྱས་པ་ལ་སྙིང་པོ་ནི་གཟུགས་ཀྱི་སྐུའོ། །ཉེ་བའི་སྙིང་པོ་ནི་རིག་པའོ། །
མངོན་སུམ་པའི་རྒྱུ་ཡེ་ཤེས་ཏེ་དེའི་སྒྲ་ཡང་སྔ་མ་བཞིན་ནོ། །གཙོ་བོ་ནི་རིག་པའོ། །ཨོཾ་བྲུཾ་སྭཱ་ཧཱ་སྙིང་པོ་ཡང་དག་པར་བསྐུལ་བའོ་ཞེས་བྱ་བ་ནི་ཐུགས་རྗེས་ཐུགས་ཡང་དག་པར་བསྐུལ་བའི་རིག་པའོ། །དེའི་སྒྲ་ཡང་སྔ་མ་བཞིན་ཏེ། ཁྲོ་བོའི་རིག་པའོ། །ཨོཾ་ཏྲཾ་སྭཱ་ཧཱ་སྙིང་པོ་དམ་པའོ་ཞེས་
བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་སྒྲ་ལ་ཡང་དེ་བཞིན་ནོ། །ནམ་མཁའི་སྙིང་པོའི་རིག་པའོ། །ཨོཾ་ཧྲིཾ་སྭཱ་ཧཱ། གསང་བའི་སྙིང་པོའོ་ཞེས་བྱ་བ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཏེ་སྤྱན་རས་གཟིགས་ཀྱི་རིག་པའོ། །འདི་དག་གིས་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་བསྟན་
ཏོ། །སྔ་མ་བཞིན་དུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བསྟན་ཏེ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་བསྟན་ཏེ་སྔ་མ་བཞིན་དུ་བསྙེན་པ་ལ་སོགས་པ་སྔོན་དུ་འགྲོ་བས་
ཕྱིའི་དཀྱིལ་འཁོར་བྲིས་ཏེ། ནང་གི་དཀྱིལ་འཁོར་དུ་འཁོར་ལོ་རྩིབས་བཞི་པ་བྲིས་ལ་དབུས་སུ་དེ་བཞིན་གཤེགས་པ་ཚེ་དང་ཚོགས་དང་གཟི་བརྗིད་ཚད་མེད་པ་གཞག་པ་བྷྲཱུཾ་ཞེས་བྱ་བས་སོ། །སྤྱན་སྔར་ཕྱག་ན་རྡོ་རྗེ་སྟེ་ཧྲི་ཞེས་བྱ་བའི་སྙིང་པོས་གཞག་གོ། །བྱང་ཕྱོགས་སུ་ཁྲོ་བོ་སྟེ་ཀྲུཾ་

ཞེས་བྱ་བའི་སྙིང་པོས་སོ། །ལྷོ་ཕྱོགས་སུ་ནམ་མཁའ་སྙིང་པོའི་སྙིང་པོ་སྟེ། ཏྲཾ་ཞེས་བྱ་བའི་སྙིང་པོས་སོ། །ནུབ་ཕྱོགས་སུ་སྤྱན་རས་གཟིགས་ཏེ་ཧྲི་ཞེས་བྱ་བའི་སྙིང་པོས་སོ། །ཀུན་གྱི་འོད་ལ་ཨོཾ་པུ་ཎྱེ་ཞེས་བྱ་བ་ལ་སོགས་པའི་རིག་པ་བྲིའོ། །དབང་བསྐུར་
བའི་བུམ་པ་ལྔ་དང་། མཆོད་པའི་བུམ་པ་བརྒྱད་དང་། ཏྲཾ་ཞེས་བྱ་བའི་སྔགས་ཀྱི་བཟླས་བརྗོད་བྱས་ཏེ་གཞག་གོ། །བདུག་པ་ལ་སོགས་པའི་མཆོད་རྫས་ཀུན་ལ། ཀྲུཾ་ཞེས་བྱ་བའི་བཟླས་པས་གཞག། གཞན་ཡང་མཆོད་པའི་ལྷ་མོ་བརྒྱད་དང་སྒོ་བ་བཞི་སྔ་མ་བཞིན་དུ་བྲིའོ། །དེ་ནས།
དགོངས་ཀའི་དུས་ལ་བབ་པ་དང་། །ཞེས་བྱ་བ་ནི་དེ་ནས་སྔགས་མཁན་བདག་ཉིད་ཞུགས་ལ་བདེ་བར་གཤེགས་པ་སྲས་དང་འབངས་སུ་བཅས་པའི་འཁོར་གྱིས་བསྐོར་ཏེ་རིག་པ་དང་ལྷན་ཅིག་སྤྱན་དྲང་ངོ་། །དེ་ནས་བདག་ཉིད་དབང་བསྐུར་ཏེ། །སྐྱིལ་ཀྲུང་བཅས་ཏེ་འདུག་ལ་སྟོང་ཕྲག་བརྒྱར་
བཟླས་ན་དེ་བཞིན་གཤེགས་པའམ་རྡོ་རྗེ་འཛིན་པའམ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཀྱང་རུང་སྟེ་མངོན་སུམ་དུ་མཐོང་ནས་འདོད་པའི་མཚན་མ་སོ་སོར་ཐོབ་པར་འགྱུར་རོ། །ཅི་སྟེ་མཉམ་པར་མ་བཞག་ན་ཡིད་ཀྱིས་ཐམས་ཅད་ནུས་པར་འགྱུར་རོ། །དེ་ནས་རྡོ་རྗེ་འཛིན་མའི་
ཕྱག་རྒྱ་བཅིངས་ནས། ཨོཾ་བཛྲ་དྷཱ་ར། རཏྣ་དྷཱ་ར། པདྨ་དྷཱ་ར། བི་ཤྭ་དྷཱ་ར། ཏ་ཐཱ་ག་ཏ་ས་མ་ཡ་མ་ཏི་ཀྲ་མ་ཐ་ཏ་ཐཱ་ག་ཏ་ས་མ་ཡ་དྷཱ་ར་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་ང་རྒྱལ་བསྐྱེད་ལ་ཞེས་བྱ་བ་ནི་སྔགས་པ་ཉིད་ཞུགས་ལ་ལྷག་ཆད་ཞི་བར་བྱས་ནས་ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བས་སྒོ་ཕྱེ་སྟེ། རྒྱལ་
བ་སྲས་དང་བཅས་པ་རིག་པ་དང་ལྷན་ཅིག་སྤྱན་དྲང་ངོ་། །དེ་ནས་ལྕགས་ཀྱུ་ལ་སོགས་པས་ལས་བྱ། ཕྱག་རྒྱ་བཞིས་རྒྱས་གདབ། དབང་བསྐུར། བཟླས་པ་དང་། མཆོད་པ་དང་། གཏོར་མ་དང་། སྦྱིན་སྲེག་དང་གནང་བ་ནོད་པའི་བར་དུ་བྱའོ། །དེ་ནས་སློབ་མ་འཇུག་པའི་ཆོ་གས་
ཞུགས་ཏེ། བདག་ཉིད་དབང་ཉི་ཤུ་རྩ་གཅིག་བསྐུར་ནས། སྐྱིལ་ཀྲུང་བཅས་ནས་འབུམ་བཟླས་ན་དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་གྱི་གཙོ་བོ་མངོན་སུམ་དུ་མཐོང་ནས་འབྲས་བུ་མཆོག་ཐོབ་པོ། །བཟླས་བརྗོད་མ་བྱས་ཀྱང་ཡིད་ཀྱིས་ལས་ཐམས་ཅད་བྱེད་ནུས་པར་

འགྱུར་རོ། །དེ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ནས། རྡོ་རྗེ་འཛིན་གྱི་ཕྱག་རྒྱས་འཇུག་པ་ཡིན་ནོ་ཞེས་བྱ་བའམ། རིན་ཆེན་འཛིན་དང་། པདྨ་འཛིན་དང་། ཁྲོ་བོ་དང་དེ་བཞིན་གཤེགས་པའི་འཇུག་པ་ནི་ང་ཡིན་ཞེས་ང་རྒྱལ་བསྐྱེད་ལ་ཞེས་བྱ་བའི་དོན་ཏོ། །དེ་ནས་སློབ་མ་རྣམས་
གཞུག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་སློབ་མ་གཞུག་པ་ལ་སོགས་པ་སྟོན་ཏེ་དེ་ཡང་རྩ་བའི་རྒྱུད་དུ་བཤད་པ་བཞིན་དུ་ཡེ་ཤེས་དབབ་པའི་མཐར་ཐུག་པ་བྱས་ལ་འདིར་མེ་ཏོག་དོར་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཏཱིཙྪ་ཧོ་ས་མ་ཡ་སྟྭཾ། དེ་ཉིད་བརྗོད་ལ་མགོ་ལ་བཅིངས་གདོང་
གཡོགས་དགྲོལ། །ལྷ་ངོ་བསྟན་འཇུག་པའི་ཕྱག་རྒྱ་སྙིང་གར་བསྟན། དབང་བསྐུར་བར་བྱ་སྟེ་སྔ་མ་བཞིན་དུ་ཤར་ཕྱོགས་ཀྱི་སྒོར་བཞག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་བཛྲ་དྷཱ་ཏུ་ཨཛྙཱ་ཧཱུཾ་བྷྲཱུཾ། ཞེས་བྱ་བ་དང་གཙོ་བོའི་བུམ་པས་དབང་བསྐུར་རོ། །ཨོཾ་བཛྲ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ། ཞེས་
བྱས་པས་རྡོ་རྗེ་འཛིན་པའི་བུམ་པས་དབང་བསྐུར་རོ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ་ཏྲཾ། ཞེས་བྱ་བས་ནམ་མཁའི་སྙིང་པོའི་བུམ་པས་དབང་བསྐུར་རོ། །ཨོཾ་པདྨ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱིཿ། ཞེས་པས་སྤྱན་རས་གཟིགས་ཀྱི་བུམ་པས་དབང་བསྐུར་རོ། །དེ་ནས་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ་ཀྲུཾ་ཞེས་བྱ་བ་དང་
ཁྲོ་བོའི་བུམ་པས་དབང་བསྐུར་རོ། །དབང་ལྷག་མ་ཉི་ཤུས་ཀྱང་དབང་བསྐུར་བར་བྱ་སྟེ། དེ་ལ་དམ་ཚིག་ནི་འདི་ཡིན་ནོ། །དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་དང་བླ་མ་མི་སྤང་ངོ་། །སྲོག་ཆགས་མི་གསད་མ་བྱིན་པར་མི་བླང་། བརྫུན་དུ་སྨྲ་བར་མི་བྱ། གཞན་གྱི་བུད་མེད་ལ་
མི་སྤྱད། །བླ་མའི་གྲིབ་མ་ལ་མི་འགོམ། །སློབ་དཔོན་དུ་ཡོན་ཏན་ཅན་མ་ཡིན་པ་མི་གཟུང་། སློབ་དཔོན་གྱི་མཚན་ནས་མི་བརྗོད། སྔགས་དང་ཕྱག་རྒྱ་དང་ལྷ་ལ་མི་སྨད་གལ་ཏེ་གླེན་པས་སྨད་ན་ནད་ཀྱིས་ཐེབས་ནས་འཆི་བར་འགྱུར་རོ། །སྙིང་པོ་དང་ལྷའི་གྲིབ་མ་དང་ཕྱག་རྒྱ་དང་གོམ་
པས་མི་འགོམ། དཀོན་མཆོག་གསུམ་དང་བསྟན་པ་ལ་གནོད་པ་དང་བླ་མ་ལ་སྨོད་པ་རྣམས་ངན་སྔགས་ཀྱིས་གསད་པར་བྱའོ། །ལོག་པར་ལྟ་བ་དང་སྡིག་པ་སྤྱོད་པ་དང་སེམས་ཅན་ལ་གནོད་པ་དང་དམ་ཚིག་ལ་སྡང་བ་རྣམས་སྙིང་རྗེ་ཆེན་པོས་ངན་སྔགས་ཀྱིས་གསད་པར་བྱའོ། །འཇུངས་

པ་ཅན་གྱི་ནོར་བླངས་ལ། །ཕོངས་པ་རྣམས་ལ་སྦྱིན་པར་བྱ། །བླ་མ་ལ་མཆོད་པ་བྱ་བའི་ཕྱིར་དང་། དམ་ཚིག་བསྒྲུབ་པའི་ཕྱིར་དང་། དཀྱིལ་འཁོར་མཆོད་པའི་ཕྱིར་དང་། དམ་ཚིག་ཅན་ལ་ཕན་པའི་ཕྱིར་དང་། རྒྱལ་བ་སྲས་དང་བཅས་པ་ལ་མཆོད་པའི་ཕྱིར་
དུ་འཇུངས་པ་རྣམས་ཀྱི་ནོར་དབྲོག་གོ། །སེམས་ཅན་ལ་ཕན་པར་འདོད་པས་བླ་མའི་ནོར་དང་། སྲོག་ཆགས་ཀྱི་སྲོག་བསྲུང་བའི་ཕྱིར་བརྫུན་དུ་སྨྲ་བར་བྱའོ། །སངས་རྒྱས་མཉེས་པར་བྱ་བའི་ཕྱིར་དམ་ཚིག་སྲུང་བ་དང་བསྒྲུབ་པའི་ཕྱིར་གཞན་གྱི་བུད་མེད་བསྟེན་པར་བྱའོ། །དེ་དག་ཀྱང་
ཇི་ལྟ་བུ་ཞེ་ན། རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པས་ཐམས་ཅད་སྤྱད་ཅིང་བསྒྲུབས་ན་འགྲུབ་པར་འགྱུར་ཏེ་མཉེས་པར་མི་འགྱུར་ན། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཐབས་ཀྱིས་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །དེ་ནས་བཀའི་དབང་བསྐུར་བར་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེ་
ལག་ཏུ་བྱིན་ལ་ལས་ཀྱི་དབང་བསྐུར་བར་བྱའོ། །དབང་བསྐུར་བ་ནི་རྩ་བའི་རྒྱུད་དུ་བསྟན་པ་བཞིན་དུ་ཤེས་པར་བྱའོ། །དེ་ནས་བླ་མ་ལ་ལུས་དང་ནོར་དང་དབྱིག་དང་འབྲུ་དང་སྟན་དང་བྲན་དང་ཁང་པ་དང་རྒྱལ་པོ་ཡིན་ན་རྒྱལ་སྲིད་དང་བུ་དང་བུ་མོ་དང་ཆུང་མ་དང་མ་དང་སྲིང་མོ་དང་ཚ་བོ་དང་།
གཞན་ཡང་ཅི་བཞེད་པ་ཐམས་ཅད་རང་ལ་ཕན་པའི་ཕྱིར་བླ་མ་ལ་དབུལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་ནས་བྱང་ཆུབ་བར་དུ་ནི། །ཞེས་བྱ་བ་ལ་སོགས་པས་དངོས་གྲུབ་སྟོན་ཏེ། འདི་ཉིད་དུ་དབང་དང་དམ་ཚིག་ཐོབ་པ་དེ་ནས་བྱང་ཆུབ་ཐོབ་པའི་བར་དུ་སངས་རྒྱས་ཉིད་དང་། བྱང་ཆུབ་སེམས་དཔའ་
དང་འཇིག་རྟེན་པའི་མཐུ་ཆེན་རྣམས་སྒྲུབ་པར་འདོད་པས་སློབ་དཔོན་ལ་དངོས་གྲུབ་རྣམས་གསོལ་བ་གདབ་བོ། །དེ་ནས་སློབ་མ་ལ་ཕན་པའི་ཕྱིར་སློབ་དཔོན་སེར་སྣ་མེད་ཅིང་སེམས་དད་པ་དང་ལྡན་པའི་སློབ་མ་ལ་དངོས་གྲུབ་རྣམས་སྦྱིན་པར་བྱའོ་ཞེས་བྱ་བ་སྦྱིན་ནོ། །ཇི་ལྟ་བུ་སྦྱིན་ཞེ་ན། ཆོས་
རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱིས་བསྒོམ་པ་བྱས་ནས་ཀྱང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་ས་བོན་དེ་དབུས་སུ། །བསམས་ནས་དམ་ཚིག་ཕྱག་རྒྱ་དག །བསམས་ཤིང་དེ་བཞིན་དེ་ཉིད་དུ། །སྒྲུབ་པ་ཡིས་ནི་བསྒྱུར་བར་བྱ། །ལྷ་ཡི་རྣལ་འབྱོར་ཚུལ་དུ་བསྒྱུར། །

དེ་ནས་རང་གི་ས་བོན་དང་། །ཕྱག་རྒྱས་ཕྱག་རྒྱ་དེ་བྱིན་བརླབ། །ལྟག་འོག་གོ་རིམས་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །དེ་ནས་ང་རྒྱལ་བསྐྱེད་ནས་ཀྱང་། །ཞེས་བྱ་བ་གསུངས་ཏེ། ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ནི་མཚན་ཉིད་འཛིན་པས་ན་ཆོས་
ཏེ་དངོས་པོ་ཐམས་ཅད་དོ། །དངོས་པོ་མེད་པར་ཞེས་བྱ་བ་ནི་རྒྱུ་དང་བྲལ་བས་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་དང་བྲལ་བ་དེ་ཡང་རྒྱུ་ཡོད་པ་ལས་སྐྱེའམ་མེད་པ་ལས་སྐྱེའམ་གཉི་ག་ལས་སྐྱེ་ཞེ་ན། ཅི་དང་པོར་ཡོད་པ་ལས་མ་ཡིན་ཏེ་ངོ་བོ་ཉིད་ཡོངས་སུ་གྲུབ་ཟིན་པ་ནི་མ་འོངས་པའི་དུས་གཞན་
དུ་སྐྱེ་བ་དོན་དུ་མི་རིགས་སོ། །གཞན་དུ་གལ་ཏེ་ཡོད་པ་སྐྱེ་བར་འགྱུར་བ་ནི་སྐྱེས་ཟིན་པའང་སྐྱེ་བར་འགྱུར་རོ། །མེད་པ་ལས་ཀྱང་མི་སྐྱེ་སྟེ་ཤིན་ཏུ་གཟུགས་མེད་པའི་རི་བོང་གི་རྭ་ལ་སོགས་པ་དང་འདྲ་ཞིང་སྐྱེ་བར་འཇུག་པ་དང་མི་ལྡན་པའི་ཕྱིར་རོ། །གཞན་དུ་འདི་དག་ཐམས་ཅད་མེད་
པར་འགྱུར་ཞིང་གང་གི་ཕྱིར་དངོས་པོའི་ཕྱོགས་གང་ཡང་རུང་བ་འགའ་ཞིག་ལས་ཀྱང་དངོས་པོ་ཐམས་ཅད་རྟག་ཏུ་སྐྱེ་བར་ཐལ་བར་འགྱུར་བས་རྒྱུ་དང་འབྲས་བུ་ངེས་པ་མེད་པར་འགྱུར་རོ། །གལ་ཏེ་སོ་སོའི་ནུས་པ་ངེས་པར་མི་འགྱུར་བར་དངོས་པོ་འདི་རྣམས་ཀྱི་ནུས་པ་སོ་སོར་ངེས་པར་གྱུར་
ན་ནི་དངོས་པོ་དེ་རྣམས་ལས་ཅུང་ཟད་ཅིག་སྐྱེ་བར་འགྱུར་བས་ཁྱད་པར་མེད་པས་ཀྱང་ཐམས་ཅད་མེད་པ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ་འབྲས་བུ་རྣམས་དང་འདྲེས་པའི་གཟུགས་རྣམས་རྐྱེན་དུ་གྱུར་ན་ནི་དེའི་ཚེ་དེ་རྣམས་ཀྱིས་སོ་སོར་ངེས་པའི་འབྲས་བུ་དང་འབྲེལ་པར་འགྱུར་བས་འབྲས་བུ་
གང་ཞིག་ལ་ངེས་པར་ནུས་པ་ཡིན། དེ་ལྟ་ན་ནུས་པ་ངེས་པ་མེད་པ་ཉིད་དུ་གནས་པར་འགྱུར་རོ། །དེ་བས་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བས་བཟློག་དཀའ་བར་འགྱུར་བ་དང་ཡོད་པ་དང་མེད་པའི་ཕྱོགས་སུ་སྨྲས་པའི་ཉེས་པ་དང་འདྲེས་པར་འགྱུར་རོ། །གཉི་ག་
ལས་ཀྱང་མི་སྐྱེ་སྟེ་གཅིག་ལ་ངོ་བོ་ཉིད་གཉིས་སུ་འགྱུར་བ་མེད་དེ། གཅིག་པ་ཉིད་དང་གཉིས་པ་ཉིད་ནི་ཕན་ཚུན་འགལ་བའི་ཕྱིར་དེ་ཡང་། ཡོད་དང་མེད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །མེད་ན་གང་གི་རྐྱེན་དུ་འགྱུར། །གང་ཚེ་ཆོས་

ནི་ཡོད་པ་ན། །མེད་དང་ཡོད་མིན་མི་སྒྲུབ་པ། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟར་ཡིན་ན་མི་རིགས་སོ། །རྐྱེན་རྣམས་སོ་སོ་འདུས་པ་ལས། །འབྲས་བུ་དེ་ནི་མེད་པ་ཉིད། །རྐྱེན་རྣམས་ལས་ནི་གང་མེད་པ། །དེ་ནི་རྐྱེན་གྱིས་ཇི་ལྟར་སྐྱེད། །ཅི་སྟེ་དེ་
ནི་མེད་པར་ཡང་། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་དག་ལས་ཀྱང་འབྲས་བུ་ནི། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །ཞེས་བཤད་པ་ཡིན་ནོ། །སེམས་ཀྱི་བསྒོམ་པ་བྱས་ནས་ཀྱང་། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་དོན་བསྒོམ་ཞེས་བྱ་བའི་ཐ་ཚིག་གོ། །སྔ་མ་ལས་ཟླ་བའི་དཀྱིལ་
འཁོར་བསྒོམ་ཞེས་བྱ་བ་ནི་རང་གི་སེམས་ཉིད་ཟླ་བ་དང་པོ་དང་གཉིས་པར་བསྒོམ་པའོ། །རང་གི་ས་བོན་དེ་དབུས་སུ། །བསམས་ཤིང་དམ་ཚིག་ཕྱག་རྒྱ་དག །ཅེས་བྱ་བ་ནི་དབུས་སུ་རང་གི་ས་བོན་ལས་དམ་ཚིག་གི་ཕྱག་རྒྱ་བསྐྱེད་པར་བྱ་བའི་དོན་ཏོ། །བསམ་ཞིང་དེ་བཞིན་དེ་ཉིད་དུ། །
སྒྲུབ་པ་པོས་ནི་བསྒྱུར་བར་བྱ། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་དཔག་ཏུ་མེད་པ་འདུས་པའོ། །ལྷ་ཡི་རྣལ་འབྱོར་ཚུལ་དུ་བསྒྱུར། །ཞེས་བྱ་བ་ནི་དེ་ཉིད་ལས་ལྷའི་སྐུ་རྫོགས་པའོ། །དེ་ནས་རང་གི་ས་བོན་དང་། །ཕྱག་རྒྱ་ཕྱག་རྒྱས་དེ་བྱིན་བརླབ། །ཅེས་བྱ་བ་ནི་བྱིན་གྱིས་བརླབ་པ་རང་གི་
ས་བོན། ཨོཾ་སརྦ་བིད་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ་ཞེས་བྱ་བ་དང་ཕྱག་རྒྱ་གཉིས་བཅིངས་ཏེ། སྙིང་ག་ལ་སོགས་པའི་གནས་བཅོ་བརྒྱད་དུ་བྱིན་གྱིས་བརླབ་པའོ། །ལྟག་འོག་གོ་རིམས་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །ཞེས་བྱ་བ་ནི་སྙིང་གར་དཀྱིལ་འཁོར་གཞན་
དུ་སྤྲུལ་ཏེ་ཞུགས་ནས་དེའི་འོག་ཏུ་སངས་རྒྱས་ལྔའི་དབུ་རྒྱན་དང་། དར་དཔྱངས་དང་། རྡོ་རྗེ་དང་། བདག་པོ་དང་། མིང་དང་། བརྟུལ་ཞུགས་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ང་རྒྱལ་བསྐྱེད་ནས་ཀྱང་། །ཞེས་བྱ་བ་ནི་དམ་ཚིག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པས་
རྒྱས་བཏབ་ནས་ཞེས་བྱ་བའི་དོན་ཏོ། །ཀྱང་ཞེས་བྱ་བ་ནི་མཆོད་པ་བསྡུའོ། །འདི་སྐད་དུ་སྟོན་པ་ཡིན་ཏེ། རིགས་རྣམས་ཀྱི་ཟློས་པ་པོས་ཁྲུས་ཀྱི་ཆོ་ག་སྔོན་དུ་འགྲོ་བ་ལས་ལྷ་ལ་སོགས་པ་མཆོད་དེ་མི་སྣང་བར་གྱུར་པར་བྱས་ལ་དང་པོ་ཆོས་ཐམས་ཅད་རྒྱུ་དང་འབྲས་བུའི་སྒོ་ནས་སྟོང་པ་

ཉིད་དུ་བསྒོམ། ཨ་ལས་ཟླ་བའི་དཀྱིལ་འཁོར་དང་། ཡང་ཟླ་བའི་དཀྱིལ་འཁོར་དང་། ས་བོན་ལས་དམ་ཚིག་གི་ཕྱག་རྒྱ་དང་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་ཞུགས་པ་དང་གཟུགས་ཉིད་རྫོགས་པར་བྱེད་པ་དང་། རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ་སྔགས་
བརྗོད་ལ་བྱིན་གྱིས་བརླབ་པ་དང་། སྙིང་གར་སྤྲུལ་ཏེ་འཇུག་པ་དང་། དབང་རྣམས་ཀྱིས་དབང་བསྐུར་བ་དང་རྒྱས་གདབ་པ་དང་མཆོད་པ་ཡང་བྱའོ་ཞེས་བྱ་བའི་དོན་ཏོ། །མཁས་པ་ཡིས་ནི་བསྒྲུབ་བྱས་ན། །ཞེས་བྱ་བ་ནི་བསྙེན་པ་དང་མཚན་ཐོག་ཐག་ཏུ་བསྒོམས་ནས་ཞེས་བྱ་བའི་དོན་ཏོ། །
འབྲས་བུ་ཅིར་འགྱུར་ཞེ་ན། དེ་བཞིན་གཤེགས་ཀྱང་འགྲུབ་འགྱུར་ན། །དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། །ཞེས་བྱ་བ་ཡིན་ནོ། །འདིས་ནི་རྟོག་པ་ཐམས་ཅད་ཀྱི་དམ་ཚིག་སེམས་དཔའ་བསྐྱེད་པ་དང་དངོས་གྲུབ་ཀྱི་ཆོ་ག་སྟོན་ཏོ། །དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་
ཀྱིས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་འདིར་གཞུག་པའི་ཕན་ཡོན་བསྟན་ཏེ་གོ་སླ་བས་མ་བཤད་དོ། །དེ་ནས་ལྷ་དེ་དག་དེ་བཞིན་གཤེགས་པ་ལ་སོགས་པས་དབང་བསྐུར་བ་དང་བཟླས་བརྗོད་སྟོན་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཞུས་པའི་དོན་ཚེ་ཐུང་བ་དང་། ངན་
སོང་དུ་སྐྱེས་པར་འགྱུར་བ་མ་མཆིས་ན་ཇི་ལྟར་བསྒྲུབ་ཅེས་ཞུས་པ་དང་། ལན་དུ་དཀྱིལ་འཁོར་དུ་ཆུག་ཅིག །ཆོས་ཀྱི་ཡི་གེ་ཟློས་སུ་ཆུག་ཅིག །དེ་ཚེ་རིང་བར་འགྱུར། བསོད་ནམས་དང་ལྡན་པར་འགྱུར། ངན་སོང་ལས་གྲོལ་བར་འགྱུར་ཞེས་བྱ་བ་ཡིན་ནོ། །ཚེ་འདི་ལ་གནས་པའི་
དོན་བཤད་ནས། ཕ་རོལ་ཏུ་འཕོས་པ་རྣམས་ཀྱི་དོན་དུ་ངན་སོང་དུ་སྐྱེས་ཟིན་པ་རྣམས་མིང་ལ་སོགས་པ་ལ་བཀུག་ལ་ལན་བདུན་དུ་དཀྱིལ་འཁོར་དུ་བཅུག་ལ་དབང་བསྐུར་ན་ངན་སོང་ལས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་དང་། ཤི་བའི་མིང་ནས་སྨོས་ཏེ་སྔར་བཤད་པའི་རིག་པའི་རྒྱུད་
ཉིད་འབུམ་ཕྲག་སྟོང་གི་བར་དུ་བཟླས་བརྗོད་བྱས་པ་ལ་ཡང་ཁ་དོན་དུ་ཀློག་པའི་ཚུལ་གྱིས་བྱས་ན། མཚམས་མེད་པ་ལྔ་དང་ལྡན་པ་ཡང་འབྱང་བར་འགྱུར་ན་སྡིག་པ་ཆུང་ངུ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཕན་ཡོན་གསུངས་པ་ཡིན་ནོ། །ལྷའི་བུ་རྣམས་ཞི་བའི་ཞེས་བྱ་བ་ལ་སོགས་པའི་ངན་

སོང་དུ་སྐྱེས་ཟིན་པ་རྣམས་སྦྱང་བ་སྟོན་ཏེ་ཞི་བའི་ཧོམ་ཁུང་ཐ་མ་ཁྲུ་གང་བར་མ་ཁྲུ་དོ་མཆོག་ཁྲུ་བཞི་པ་ཟླུམ་པོ་ཉིད་དུ་བྱས་ནས་མིང་དང་སྔགས་སྤེལ་ཏེ་ཉུངས་ཀར་གྱིས་བརྒྱ་ཕྲག་སྟོང་དུ་སྦྱིན་སྲེག་བྱས་ན་ངན་སོང་ལས་ཐར་བར་འགྱུར་རོ། །དེའི་ཤ་དང་རུས་པ་
དང་སྐྲ་དང་ཐལ་བ་དང་གཟུགས་བརྙན་ལ་སོགས་པས་བརྒྱ་ཕྲག་སྟོང་དུ་སྦྱིན་སྲེག་བྱས་ན་ཡང་ངན་སོང་ལས་ཐར་བར་འགྱུར་རོ། །ཐབ་ཁུང་ལ་སོགས་པ་ལ་ཅི་ཞིག་བྲི་ཞེ་ན། དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་དང་འོད་ཟེར་དཀར་པོ་བྲི། །འཁོར་ཡུག་ལ་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་
དཀར་པོ་བྲི། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཞི་པ་ལ་ཤར་ཕྱོགས་སུ་རྡོ་རྗེ་གཞག །བྱང་དུ་རྒྱ་གྲམ། ལྷོ་ཕྱོགས་སུ་རྡོ་རྗེ་རིན་ཆེན། ནུབ་ཏུ་པདྨ། སྡིག་པ་གཞོམ་པའི་ཕྱིར་ཕྱག་རྒྱ་སྣ་ཚོགས་པ་གཞག་པར་བྱ་སྟེ་མུ་རན་དཀར་པོའི་ནང་དུ་ཕྱི་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་བྲི་བ་ནི་གཟའ་
དང་སྐར་མ་དང་འཇིག་རྟེན་སྐྱོང་བ་དང་བཅས་པ་བྲི། གཙོ་བོ་གང་ཞིག་ཏུ་གཞག་ཅེ་ན། རི་མོའམ་ལུགས་མ་ཡང་རུང་། ཤར་ཕྱོགས་ཀྱི་རྩིབས་ལ་རྡོ་རྗེ་ཅན་དང་ལྷན་ཅིག་གཞག །གཞན་ཡང་བྱང་དུ་བུམ་པ་དང་གཏོར་མ་དང་ལྷ་བཤོས་རབ་ཏུ་བཀང་བ་གཞག །མདོར་ན་ཐིག་
གཏབ་ནས་ཆོ་ག་བཞིན་དུ་བྲི་བར་བྱ། དེ་ནས་དཀར་པོའི་གོས་གོན་རྣལ་འབྱོར་དང་ལྡན་པས་ངན་སོང་གི་རྒྱུད་ན་གནས་པའི་སེམས་ཅན་དྲང་ཞིང་སྡིག་པ་ཞི་བར་བྱ་བའི་ཕྱིར་དང་དག་པའི་སེམས་ཀྱིས་སྦྱིན་སྲེག་བྱའོ། །རྫས་ཅི་ཞིག་གིས་བྱ་ཞེ་ན། མར་དང་འོ་མ་སྦྲང་རྩི་དང་། ཆན་
དང་འབྲས་ཡོས་དང་ཡུངས་ཀར་དང་དེའི་རུས་པ་ལ་སོགས་པ་བསྲེས་ཏེ་སྦྱིན་སྲེག་བྱའོ། །རུས་པ་ལ་སོགས་པ་མེད་ན་མིང་ནས་སྨོས་ཏེ་བྱའོ། །དེ་ལྟར་ཞི་བའི་སྦྱིན་སྲེག་གིས་བདེ་འགྲོར་སྐྱེས་ནས། རྒྱས་པའི་སྦྱིན་སྲེག་མཁས་པས་རྒྱས་པར་བྱ་དགོས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་
རྣལ་འབྱོར་པས་ཁྲུ་དོ་པ་དང་ཁྲུ་བཞི་པ་དང་། མཆོག་ལ་ཁྲུ་བརྒྱད་པ་བྱས་ནས་ཧོམ་ཁུང་ཁྲུ་བཞི་པ་མུ་རན་དང་ལྡན་པ་དེའི་དབུས་སུ་པདྨ་དང་རིན་པོ་ཆེའི་འོད་ཟེར་སེར་པོ་དང་ལྡན་པར་བྲིའོ། །དེའི་ཁོར་ཡུག་ཏུ་རིན་པོ་ཆེ། མུ་རན་ལ་པདྨ། ཕྱི་རོལ་དུ་རྩིབས་ཆེན་པོ་བཞི་ལ། ཤར་དུ་རྡོ་རྗེ།

ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་སྣ་ཚོགས་རྡོ་རྗེ། ཤར་དུ་འཁོར་ལོའི་རྩིབས་ལ་གཙོ་བོའི་རི་མོ་ལ་སོགས་པ་བྲིའོ། །གྲྭ་རྣམས་སུ་ལྷ་མོ་བརྒྱད་ཀྱི་ཕྱག་མཚན། སྒོར་ལྕགས་ཀྱུ་ལ་སོགས་པའི་ཕྱག་མཚན་བྲི་བར་བྱའོ། །དེ་ནས་གོས་སེར་པོ་བགོས་ནས་མཐོ་རིས་ན་
གནས་པ་དྲན་པར་བྱེད་ཅིང་དེ་ལ་ཕན་ཞིང་རྒྱས་པར་བྱ་བའི་ཕྱིར་རྒྱས་པའི་ལས་སྔ་མ་བཞིན་དུ་བྱས་ནས། དེའི་ཚེ་དང་དཔལ་དང་གཟི་བརྗིད་དང་ལོངས་སྤྱོད་འཕེལ་བར་བྱ་བའི་ཕྱིར་དེ་ལྟར་རྒྱས་པའི་ལས་བྱའོ། །དེ་ནས་དབང་དུ་བྱ་བའི་ལས་བཤད་པ་ནི། དེ་ནས་ཕན་ཕྱིར་ངེས་པར་
ཡང་། །དབང་དུ་བྱ་བའི་ལས་བཤད་དོ། །ཞེས་བྱ་བ་ལ་སོགས་པ་ལ་རྒྱས་པར་བྱ་བ་ནས་དབང་དུ་བྱ་བའི་ལས་ནི་ཐབ་ཁུང་གཞུའི་དབྱིབས་འདྲ་བ་དང་། ཐ་མ་ཁྲུ་གང་། བར་མ་ཁྲུ་དོ་མཆོག་ཁྲུ་བཞི་པར་བྱས་ལ་དེའི་དབུས་སུ་པདྨ་དམར་པོ་བྲིས་ལ། ལྟེ་བ་ལ་མདའ་དང་
གཞུ་བྲི། འཁོར་ཡུག་ཏུ་མདའ་དང་གཞུ་བྲི། སྔགས་ཤེས་པས་མུ་རན་ལ་ཡང་མདའ་དང་གཞུ་བྲི། ཕྱི་རོལ་ལྷག་མ་རྣམས་ཞི་བ་དང་རྒྱས་པ་དང་འདྲ་བར་བྱའོ། །དེ་ནས་སེམས་ཅན་དེ་དྲན་པར་བྱས་ཏེ་གོས་དམར་པོ་གོན་ལ་པདྨ་འམ་འབྲས་བུ་དམར་པོ་ཚོན་གྱིས་སྦྲུས་ནས་མར་
དང་གུར་གུམ་དང་བསྲེས་ནས། ཙནྡན་དམར་པོའི་ཕྱེ་མའི་སྦྱིན་སྲེག་བྱས་ན་ཐམས་ཅད་དེའི་དབང་དུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ནས་མངོན་སྤྱོད་བསྟན་པ་ནི། །དེ་ལ་གདོན་རྣམས་གཞོམ་པའི་ཕྱིར། །མངོན་སྤྱོད་ཀྱི་ལས་ནི་བརྩམ་པར་བྱ། དབང་དུ་གྱུར་པ་དེ་ལ་
གཞོམ་པའི་ཕྱིར་མངོན་སྤྱོད་བརྩམ་པར་བྱ་སྟེ། ཐ་མ་ཕྱེད་དང་གསུམ། བར་མ་ཁྲུ་གསུམ། མཆོག་ཁྲུ་དགུ་པ། ཐབ་ཁུང་ཁྲུ་གསུམ་པ། དབུས་སུ་རྡོ་རྗེ་རྩེ་དགུ་པ་མུ་ཁྱུད་ལ་རྩེ་གསུམ་པ་དང་། རྒྱ་གྲམ་དང་རྡོ་རྗེ་དང་དབྱུག་པ་དང་། ཕྱོགས་གཅིག་རྩེ་གསུམ་པའི་རྡོ་རྗེ་དང་། དགྲ་སྟ་
དང་རྡོ་རྗེ་རྩེ་གཅིག་པས་བསྐོར། ཕྱི་རོལ་དུ་ལྷའི་གནས་འཁོར་ལོ་རྩིབས་བཞི་པ་དང་ལཱ་སྱེ་ལ་སོགས་པའི་གནས་དང་། རྡོ་རྗེ་རིགས་ཀྱི་གནས་སུམ་རིམ་དུ་བྱ། བྱ་དང་གཏོར་མ་དང་བུམ་པ་དང་བཤོས་ཆ་རྣམ་པ་མང་པོ་དང་། ཆང་དང་ཁྲག་གིས་བཀང་བའི་ཐོད་པ་གཞག །དེ་ནས་ལུས་

ཅན་གྱི་སྡིག་པ་དང་བགེགས་གཞོམ་པའི་ཕྱིར། གོས་ནག་པོ་བགོས་ཤིང་ཁྲོ་བོ་ཚད་མར་བྱས་ལ་འཇིག་རྟེན་གསུམ་རྒྱལ་དུ་བསྐྱེད་དེ་སྔ་མ་བཞིན་དུ་སྦྱིན་སྲེག་བྱས་ནས། དེ་ནས་དེའི་ལུས་ལ་སྡིག་པ་བཅོམ་ནས་བགེགས་དང་བྲལ་ཏེ་མཐོ་རིས་ལྷ་དང་མིའི་
ནང་ན་ཅི་དགའ་བར་སྤྱོད་དོ། །དེ་ནས་ཐབ་ཀྱི་གོ་རིམས་དང་པོ་ཞི་བ་དང་དེ་ལས་རྒྱས་པ་འབྱུང་བས་རྒྱས་པ་དང་། དེ་ནས་དབང་དུ་བྱ་བ་དེ་ནས་མངོན་སྤྱོད་ཀྱི་ལས་ཡིན་ཏེ། གོ་རིམས་འདི་དག་ཉིད་ཀྱིས་ནི། །དེ་ནས་གང་གི་ཕྱིར་བྱས་པ། །དེ་ཡི་ཕྱིར་ཡང་དེ་བཞིན་འགྱུར། །ཞེས་
གསུངས་པའི་ཕྱིར་རོ། །ཚེ་འདི་ཉིད་ལ་གནས་པ་རྣམས་ཀྱི་གོ་རིམས་ཕན་ཡོན་དང་བཅས་པ། གཞན་དག་གི་ལས་རྣམས་ཀྱང་། སྔ་མ་བཞིན་དུ་དེ་ལྟར་བྱ། །དེས་ནི་སེམས་ཅན་རྣམས་ལ་ཡང་། །མྱུར་དུ་བདེ་སྐྱིད་འགྲུབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ནས་
ཚངས་པ་ལ་སོགས་པའི་ལྷ་རྣམས་དང་ཞེས་བྱ་བ་ལ་སོགས་པས་བརྟག་པའི་རྒྱལ་པོའི་ཕན་ཡོན་དང་། རྒྱུད་གཏད་པ་བསྟན་ཏེ་གོ་སླ་བས་མ་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་བདེ་བ་ཆེན་པོའི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་སྦྱོར་བ་དང་
པོའི་རྗེས་ཐོགས་ལ་སྟེ། འདིར་དང་པོའི་སྦྱོར་བ་ནི་ཕྱག་ན་རྡོ་རྗེ་ཉིད་ཡིན་པར་གཟུང་ངོ་། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྔགས་དང་ཕྱག་རྒྱ་དང་སྙིང་པོ་ཐམས་ཅད་ཅེས་བྱ་བ་ནི་གསུང་དང་ཐུགས་དང་ལས་དང་སྐུ་ཐམས་ཅད་དོ། །བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འོག་ནས་འབྱུང་
བའི་དཀྱིལ་འཁོར་ཡོད་པ་ལས་བསྟན་པར་འགྱུར་རོ། །ཉིད་ཀྱི་སྙིང་པོ་འདི་བཤད་དོ། །ཞེས་བྱ་བ་ནི་ཉིད་ཀྱི་ཡེ་ཤེས་ངེས་པར་བསྟན་པའི་སྒྲས་གསུངས་པའོ། །དེའི་གནས་ལའང་བྱ་བ་སྟེ་དེ་ཉིད་ཨོཾ་བཛྲ་བྷི་ཧཱུཾ། རྡོ་རྗེ་སེམས་དཔའི་འོ། །ཨོཾ་ཨཱཿཧཱུཾ་ཀུན་དུ་བཟང་པོའི་འོ། །
བཛྲ་ཧཱུཾ་ཕཊ་ཕྱག་ན་རྡོ་རྗེའི་འོ། །ཨོཾ་བཛྲ་ཀྲོ་དྷ་བཛྲ་ཧཱུཾ་ཕཊ། རྡོ་རྗེ་བསྣམས་པའོ། །ཨོཾ་བཛྲ་དྷཾ་སྒྲིབ་པ་རྣམ་པར་བསལ་བའི་འོ། །ཨོཾ་བཛྲ་ཧཱུཾ་ཨ་རྒྱ་གྲམ་བསྣམས་པའོ། །འདི་དག་གིས་ཀྱང་དཀྱིལ་འཁོར་རྒྱལ་མཆོག་སྒོམ་པ་པོས་སྔ་མ་བཞིན་དུ་དཀྱིལ་འཁོར་ལུས་ལ་བརྟགས་

པའི་བར་བྱས་ནས་ཁང་པ་བརྩེགས་པ་དང་གདན་བསྐྱེད་ལ་ཀུན་རིག་གི་དཀྱིལ་འཁོར་ཇི་ལྟ་བ་བཞིན་བསམས་ལ། དབུས་སུ་བདེ་བ་ཆེན་པོའམ། རྡོ་རྗེ་སེམས་དཔའ་བསམས་ལ་ཐབས་དང་ཤེས་རབ་ཀྱི་མཚན་ཉིད་ལས་སྔར་བཤད་པའི་ཡེ་ཤེས་ལས་སྐུ། དེའི་ཐུགས་ཀར་ཟླ་བ་ལ་ཡིག་འབྲུ་
རྣམས་བཀོད་དེ་བསྐྱེད་ཅེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ནས་བསྡུ་ཞིང་བྱིན་གྱིས་བརླབ་པ་ལ་སོགས་པ་ལས་རྒྱལ་པོ་མཆོག་ཅེས་པའི་ཏིང་ངེ་འཛིན་སྔ་མ་བཞིན་ཤེས་པར་བྱའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ལ་སོགས་པས་
སློབ་དཔོན་གྱི་ལས་སྟོན་ཏོ། །སྔོན་ལ་བསྙེན་པ་བྱས་པ་དང་། ས་ལྷག་པར་གནས་པ་དང་། ཆོ་ག་ཐམས་ཅད་སྤྱད་དེ་དེ་ནས་དཀྱིལ་འཁོར་བཤད་པ་ནི། རྩ་བའི་རྒྱུད་ལྟར་དཀྱིལ་འཁོར་བྲིས་ལ་ཀུན་རིག་གི་གནས་སུ་རྡོ་རྗེ་འམ། རྡོ་རྗེ་སེམས་དཔའ་འམ། བདེ་བ་ཆེན་པོ་གང་རུང་ཅིག་བྲི། དེའི་
སྤྱན་སྔར་ཕྱག་ན་རྡོ་རྗེ་གཡས་ཕྱོགས་སུ་རྡོ་རྗེ་བསྡམས་པ། ནུབ་ཕྱོགས་སུ་རྣམ་པར་གསལ་བ། བྱང་ཕྱོགས་སུ་རྒྱ་གྲམ་བསྣམས་པ། དེའི་ཕྱི་རོལ་གྱི་དཀྱིལ་འཁོར་དུ། ཤར་ཕྱོགས་སུ་ངན་སོང་སྦྱོང་བ། ལྷོར་རིན་ཆེན་ཏོག །ནུབ་ཕྱོགས་སུ་ཤཱཀྱའི་དབང་པོ། བྱང་ཕྱོགས་སུ་མེ་ཏོག་
ཆེར་རྒྱས། དེའི་ཕྱི་རོལ་འཁོར་ལོའི་རྩིབས་རྣམས་ལ་སེམས་དཔའ་བཅུ་དྲུག་པོ་གོ་རིམས་བཞིན་དུ་བྲི། ཁྱམས་དང་གྲྭའི་ཆར་བྱམས་པ་དང་། ལཱ་སྱེ་ལ་སོགས་པ་དང་། སྒོ་གཉིས་པའི་ནང་དུ་དཔེ་མེད་པའི་བྱང་ཆུབ་སེམས་དཔའ་བྲི། རིམ་པ་གཉིས་པ་ལ་ཀུན་དགའ་བོ་ལ་སོགས་པའི་ཉན་ཐོས་
གསུམ་པ་ལ་རང་སངས་རྒྱས་བྲིའོ། །མུ་རན་དཀར་པོའི་ནང་དུ་འཁོར་ཡུག་ལ་རང་རང་གི་བུ་དང་ཆུང་མས་བསྐོར་བའི་ཚངས་པ་ལ་སོགས་པ་དང་། གཟའ་དང་སྐར་མའི་ལྷ་རྣམས་དང་། རྒྱལ་པོ་བཞི་དང་། འཇིག་རྟེན་སྐྱོང་བ་རྣམས་བྲི། དེའི་ཕྱི་རོལ་གྱི་མཚམས་ཀྱི་ཆར་ཤར་ལྷོར་དམྱལ་བ། ལྷོ་
ནུབ་ཏུ་ཡི་དགས། ནུབ་བྱང་དུ་བྱོལ་སོང་། བྱང་ཤར་དུ་མིའི་འགྲོ་བ་བྲི་བར་བྱའོ། །ཤར་ལ་སོགས་པའི་ཕྱོགས་བཞིར་ཤར་ཕྱོགས་སུ་འདོད་ཆགས་བྱ། ལྷོ་ཕྱོགས་སུ་ཞེ་སྡང་སྦྲུལ། ནུབ་ཕྱོགས་སུ་གཏི་མུག་ཕག །བྱང་ཕྱོགས་སུ་བུད་མེད་ཀྱི་གཟུགས་བྲི་བར་བྱའོ། །ནང་སྒོར་ལྕགས་ཀྱུ་

ལ་སོགས་པ། ཕྱི་རོལ་གྱི་སྒོར་འཇིག་རྟེན་གསུམ་མཐར་བྱེད་པ་ལ་སོགས་པ་སྟོབས་ཀྱི་དམ་པ་རྣམས་བྲི་བར་བྱའོ། །དྲི་རྣམ་པ་ལྔའི་ཆུས་བཀང་བའི་གསེར་གྱི་བུམ་པ་དང་གཏོར་མ་དང་ལྷ་བཤོས་དང་། མེ་ཏོག་དང་བདུག་པ་དང་གདུགས་དང་རྒྱལ་མཚན་དང་འཕན་དང་
བླ་རེ་དང་རྔ་མ་དང་དྲིལ་བུ་དང་། རྡོ་རྗེ་ནོར་བུ་དང་དོ་ཤལ་དང་ཉི་མ་ལ་སོགས་པས་བརྒྱན་ཞིང་གཞག་པར་བྱའོ། །འདོད་པའི་ཡོན་ཏན་རྣམས་ཀྱི་རང་བཞིན་གཟུགས་སྡུག་པ་ལ་སོགས་པ་ལྔས་དཀྱིལ་གྱི་འཁོར་ཉེ་འཁོར་ཀུན་དུ་དགང་ངོ་། །དེ་ནས་སྦྱོར་བ་དང་པོ་ལ་སོགས་པ་སྔོན་དུ་འགྲོ་བས་སྒོ་
ཕྱེ་སྟེ། སྤྱན་དྲངས་ལ་ལྷ་རྣམས་མཆོད་པའི་མཐར་ཐུག་པ་བྱས་པའི་རྗེས་ཐོགས་ལ་གནང་བ་ནོད་མནོས་ནས་བདག་ཉིད་ཞུགས་ལ་བདག་ཉིད་དབང་བསྐུར་ལ་ཞེས་བྱ་བ་ཡིན་ནོ། །སྡོམ་གནས་དམ་ཚིག་ལྡན་པ་ཞེས་བྱ་བ་ལ་སོགས་པས་སློབ་མ་གཞུག་པ་ལ་སོགས་པ་སྟོན་ཏོ། །སློབ་མ་སྡོམ་
པ་ལ་གནས་ཤིང་དམ་ཚིག་ལ་གནས་པ་བླ་མ་ལ་མོས་པ་སྟོང་པ་ཉིད་ལ་མི་འཇིགས་པ། རིགས་ཀྱི་སྐྱོན་དང་བྲལ་བ། སེར་སྣ་དང་བྲལ་བ། ཡོན་ཏན་དང་ལྡན་པ། གཏོང་བ་དང་། ཚུལ་ཁྲིམས་དང་། མང་དུ་ཐོས་པ་དང་། ཚད་མེད་པ་བཞི་དང་། རྣམ་པར་ཐར་པའི་སྒོ་དང་ཡིད་དང་མཐུན་པའི་
སློབ་མས་སྔ་མ་བཞིན་དུ་གསོལ་བ་བཏབ་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྔགས་འདིས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ། ཨོཾ་བཛྲ་ཧཱུཾ་ཛ། སྔགས་འདིས་གཟུང་བར་བྱ་སྟེ། ཨོཾ་བཛྲ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། སྔགས་འདིས་མེ་ཏོག་དོར་བར་བྱའོ། །ཨོཾ་བཛྲ་པཱ་ཎི་པྲ་ཏཱིཙྪ་བཛྲ་སཏྭ་
མ་ཧཱ་སུ་ཁ་ཧཱུཾ་ཧ་ཧོ་ས་མ་ཡ་སྟྭཾ། རང་གི་ལྷའི་སྔགས་དང་ཕྱག་རྒྱས་མགོ་ལ་བཅིང་བར་བྱའོ། །དེ་ནས་དམ་ཚིག་སྦྱིན་པར་བྱའོ། །ཨོཾ་ཇི་སྟེ་ཁྱོད་ཀྱིས་སུ་ཡང་རུང་བ་ལ་སྨྲས་ན། ཕྱག་ན་རྡོ་རྗེའི་རྡོ་རྗེ་འབར་བས་ཁྱོད་ཀྱི་མགོ་བོ་འགས་པར་འགྱུར་རོ། །འདིས་དམ་ཚིག་གི་ཆུ་བླུད་དོ། །
ཨོཾ་བཛྲ་ས་མ་ཡ་ཧྲི་ཏྲཾ་ཧཱུཾ་ཨ། འདིས་གདོང་གཡོགས་དགྲོལ་ལོ། །ཨོཾ་བཛྲ་ཙཀྵུ་པཱ་ཤེ་ཧཾ། ཨོཾ་ཏ་ཛྙཱ་ན་བེ་ཏ་ལན་ཏེ། མ་ཧཱ་མ་མི་ཧཱུཾ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྟན་ལ་རྩ་བའི་རྒྱུད་དུ་བཤད་པ་བཞིན་དུ་ཐམས་ཅད་བྱས་ལ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་

དབང་བསྐུར་བར་བྱའོ། །ཨོཾ་བཛྲ་པཱ་ཎི་སྭ་ཡ་ཏི། ཨ་ནུ་ར་ག་ཏེ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་ཕྱག་ན་རྡོ་རྗེའི་བུམ་པས་དབང་བསྐུར། ཨོཾ་བཛྲ་ཨ་བྷི་ཥིཉྩ་སརྦ་ཨ་བྷི་ཥེ་ཀ་ཏེ་ཧཱུཾ། རྡོ་རྗེ་སེམས་དཔའི་བུམ་པས་དབང་བསྐུར། ཨོཾ་བུདྡྷ་དྷརྨཱ་བྷི་ཥིཉྩ་སརྦ་བུདྡྷཱ་བི་ཥི་ཀ་ཏ་ཨོཾ་ཧཱུཾ། ཀུན་དུ་བཟང་པོའི་བུམ་པས་
དབང་བསྐུར། ཨོཾ་རཏྣཱ་བྷི་ཥིཉྩ་སརྦ་རཏྣཱ་བྷི་ཥི་ཀ་ཏ་ཨོཾ་ཧྲི། རྡོ་རྗེ་བསྡམས་པའི་བུམ་པས་དབང་བསྐུར། ཨོཾ་པདྨཱ་བྷི་ཥིཉྩ་སརྦ་པདྨཱ་བྷི་ཥེ་ཀ་ཏ་ཧྲི། རྣམ་པར་གསལ་བའི་བུམ་པས་དབང་བསྐུར། ཨོཾ་ཀརྨཱ་བྷི་ཥིཉྩ་སརྦ་ཀརྨཱ་བྷི་ཥེ་ཀ་ཏ་ཨ། སྣ་ཚོགས་རྡོ་རྗེ་བསྡམས་པའི་བུམ་པས་
དབང་བསྐུར། དབང་བསྐུར་བ་ལྷག་མ་ནི་རྩ་བའི་རྒྱུད་དུ་བསྟན་པ་བཞིན་ཤེས་པར་བྱའོ། །དེ་ནས་ལུས་ལ་སོགས་པ་ཡོན་དུ་ཕུལ་ནས་བཀའ་ནོད་པར་བྱའོ། །དེའི་སྔགས་ཨོཾ་སརྦ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ལས་ཐམས་ཅད་བྱེད་དུ་བཅུག་ཅིང་དངོས་གྲུབ་ཐམས་
ཅད་ཀྱང་སྦྱིན་ནོ་ཞེས་བྱ་བ་ལ་སོགས་པས་དངོས་གྲུབ་བསྟན་ཏོ། །བདེ་བས་བདེ་བ་བསྐྱེད་ནས་ནི། །ཞེས་བྱ་བ་ནི་བདེ་བ་ཆེན་པོ་ལྷག་པའི་ལྷ་ཐོབ་པས་བདེ་བ་ཆེན་པོའི་སྐུར་བསྐྱེད་ནས་ནི་ཞེས་བྱ་བ་ཡིན་ནོ། །དཀྱིལ་འཁོར་བཞི་ཡི་དབུས་སུ་ནི། །ཀུན་དུ་བཟང་ངམ་བདེ་ཆེན་པོ། །
བདག་ཉིད་ཀྱིས་ནི་བསྒོམས་ནས་ཀྱང་། སྙིང་གར་ཧཱུཾ་ཞེས་བྱ་བ་ནས། །ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པ་བཞིའི་དབུས་སུ་བདེ་བ་ཆེན་པོ་སྔ་མ་བཞིན་དུ་བསྒོམས་ནས་སྙིང་གར་ཟླ་བའི་ཐོག་ཏུ་ཧཱུཾ་ཞེས་བྱ་བ་དང་པོའི་བསྙེན་པ་ལ་མཚན་མ་ཐོབ་ཀྱི་བར་དུ་བསམས་ཏེ་མཚན་ཐོག་ཐག་
བསམས་ནས་ཞེས་བྱ་བ་ཡིན་ནོ། །དེའི་ཕན་ཡོན་ནི། རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར། །དཔལ་ལྡན་ལས་རྣམས་ཀུན་བྱེད་ཅིང་། །ཀུན་དུ་བཟང་པོར་བདག་ཉིད་འགྱུར། །དེ་ལྟར་འགྱུར་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ཡིན་ནོ། །གཞན་ཡང་འཆི་བདག་འཇོམས་
པའི་སྐབས་སུ་བཤད་པ་བཞིན་དུ་ལྷའི་རྣལ་འབྱོར་རྫོགས་པར་བསྐྱེད་ལ། ཧཱུཾ་ལས་ཕྱག་ན་རྡོ་རྗེར་བསྒྱུར་ལ་སྙིང་གར་འདི་ཉིད་ཀྱི་དཀྱིལ་འཁོར་བསྒོམས་ཏེ་བསྙེན་པ་དང་སྒྲུབ་པ་བསྒོམས་ན་ཕྱག་ན་རྡོ་རྗེ་དང་འདྲ་བར་འགྱུར་རོ་ཞེས་བྱ་བ་ནི། ཧཱུཾ་ལས་སངས་རྒྱས་གཟུགས་གྱུར་ན། །ཕྱག་ན་

རྡོ་རྗེ་བདག་ཉིད་འགྱུར། །སྙིང་གར་འཁོར་ལོ་རབ་བསྒོམས་ན། །ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །ཞེས་གསུངས་པའི་དོན་ཡིན་ནོ། །གཞན་ཡང་། རྡོ་རྗེ་ཁྲོ་བོར་མཉམ་གཞག་སྟེ། །སྙིང་གའི་དབུས་སུ་ཕཊ་ཅེས་བྱ། །ཧཱུཾ་ཞེས་བྱ་བས་བསྐོར་བསམས་
ཏེ། །ཁྲོ་བོ་སྟོབས་ཆེན་ཉིད་དུ་འགྱུར། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་བསམས་ཏེ་ཁྲོ་བོར་བསྒྱུར་ལ་རང་གི་ཟླ་བའི་སྟེང་དུ་ཕཊ་ཅེས་བྱ་བ་ཧཱུཾ་ཞེས་བྱ་བས་བསྐོར་བར་བསམས་ཏེ་བསྙེན་པ་དང་སྒྲུབ་པ་བསྒོམས་ན་ཁྲོ་བོ་སྟོབས་པོ་ཆེ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་བསྡམས་པར་
བདག་བསྒྱུར་ལ། །སྙིང་གར་ཨོཾ་ཞེས་བྱ་བ་ཡིས། །བསྐོར་བའི་ཧཱུཾ་དང་ཧྲི་ཟླ་བ། །བསམས་ན་རིན་ཆེན་འདྲ་བར་འགྱུར། །ཞེས་བྱ་བ་ནི་སྔ་མ་བཞིན་རྡོ་རྗེ་རིན་ཆེན་དུ་བསྒྱུར་ལ། ཧཱུཾ་ཧྲི་གཉིས་ཟླ་བའི་དབུས་སུ་བསམས་ལ། ཨོཾ་ཞེས་བྱ་བས་བསྐོར་བ་སྙིང་གར་བསམས་ལ་བསྙེན་པ་དང་སྒྲུབ་
པས་རྡོ་རྗེ་རིན་ཆེན་དུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །སྔ་མ་བཞིན་དུ་རྡོ་རྗེ་ཆོས་སུ་བསྒོམས་ལ་སྙིང་གའི་དབུས་སུ་ཏྲཾ་ཞེས་བྱ་བ་ཨོཾ་ཨོཾ་ཞེས་བྱ་བས་བསྙེན་པ་དང་སྒྲུབ་པའི་དུས་སུ་ཟླ་བ་ལ་བསྒོམས་པས་ཕྱག་ན་པདྨོ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་བསྒོམས་ནས་སྙིང་གི་ནི། །
དབུས་སུ་ཧྲཱི་ཞེས་བྱ་བ་ལ། །ཨོཾ་ཞེས་བྱ་བས་བསྐོར་བསམས་ན། །ཕྱག་ན་པདྨོ་མཉམ་པར་འགྱུར། །ཞེས་བྱ་བ་ཡིན་ནོ། །གཞན་ཡང་སྔ་མ་བཞིན་དུ་རྡོ་རྗེ་ལས་སུ་བསྐྱེད་ལ། ཨ་ལས་འཁོར་ལོའི་དབུས་སུ་སྣ་ཚོགས་རྡོ་རྗེ་དབུས་སུ་ཧཱུཾ་དང་ལྡན་པ་ཨོཾ་ཞེས་བྱ་བས་བསྐོར་བ་བསྙེན་པ་
མཚན་ཐོག་ཐག་བཟླས་ན་རྡོ་རྗེ་ལས་དང་མཉམ་པར་འགྱུར་རོ་ཞེས་བྱ་བ་ནི། འཁོར་ལོ་རྒྱ་གྲམ་ཧཱུཾ་ལྡན་པས། །ཨཿཞེས་བྱ་བ་བསྐྱེད་ནས་ཀྱང་། །ཨོཾ་ཞེས་བྱ་བས་བསྐོར་བསམས་ན། །རྡོ་རྗེ་ལས་དང་མཉམ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་ལས་རྣམས་བཤད་བྱ་སྟེ། །ཞེས་
བྱ་བ་ལ་སོགས་པས་ལས་བཤད་དེ། དེ་ནས་བཤད་པར་བྱའི་ལས་རྣམས་ནི། ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་ལས་རྣམས་བཟླས་པ་དང་སྦྱིན་སྲེག་གི་སྒོ་ནས་ཞི་བ་ལ་སོགས་པའི་ལས་རྣམས་བྱ་བ་ཡིན་ནོ། །ཞི་བའི་རྣལ་འབྱོར་པ་རྡོ་རྗེ་སེམས་དཔའ་བསྒྱུར་ལ་ཞི་བའི་ལས་

བརྩམ་ཞིང་། དུས་ངན་པར་བཟླས་པ་དང་སྦྱིན་སྲེག་བྱེད་ཅིང་འོད་ཟེར་སྤྲིན་གྱིས་དེའི་ལུས་ལ་འོག་ནས་འབྱུང་བའི་བརྡུང་བའི་སྔགས་བརྗོད་ཅིང་འཕྲོ་བར་གྱུར་པར་བསྒོམས་ལ་ཤར་དུ་ཁ་བལྟས་ནས་གཞན་གྱི་ཉེས་པ་སེལ་བར་བྱེད་ལ་སེམས་ཅན་ལ་ཕན་པར་དགའ་བས་དེ་བཞིན་གཤེགས་པའི་
རིགས་ལ་མཆོད་ཅིང་ཀུན་དུ་བཟང་པོའམ་བདེ་བ་ཆེན་པོ་བསམས་ནས་ནང་པར་རེ་རེ་སྔ་མ་བཞིན་ཐམས་ཅད་བྱས་པས་སྡིག་པ་ཞི་བར་འགྱུར་ཞེས་བྱ་བར་གནས་སོ། །རྒྱས་པ་ནི་འོད་ཟེར་སེར་པོ་དང་ལྡན་པའི་རིན་ཆེན་འཛིན་དུ་བསམས་ལ། ཟས་དཀར་གསུམ་བཟའ་ཞིང་ཉི་མའི་གུང་ལ་རྒྱས་
པའི་ལས་ཤིས་ཏེ། ཐབ་ཁུང་རིན་ཆེན་ལྟ་བུར་བརྐོས་ལ་བཟླས་པ་དང་སྦྱིན་སྲེག་བྱ་བ་ནི། སྔགས་པས་སྔ་མ་བཞིན་དུ་འོད་ཟེར་སེར་པོས་ལུས་དགོང་ངོ་ཞེས་པའི་དོན་ཏོ། །དབང་དུ་བྱ་བ་ནི་ལྷའི་རྣལ་འབྱོར་དང་ལྡན་པས་ཐབ་ཁུང་པདྨོ་འདྲ་བར་བྱས་པ་སྤྱན་རས་གཟིགས་སུ་བདག་བསྒྱུར་ལ་
ཉི་མ་རྒས་པའི་མཐར་དབང་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ལྷ་གང་དག་གི་རྣལ་འབྱོར་གྱིས་འགྲུབ་པར་བསྟན་པ་ནི། འདྲེན་པ་ཀུན་ཏུ་བཟང་པོས་ནི་ཞི་བའི་ལས་བྱའོ། །རྡོ་རྗེ་རིན་ཆེན་གྱི་རྣལ་འབྱོར་ནི་རྒྱས་གདབ་པ་དབང་བསྐུར་བ་འགྲུབ་བོ། །རྡོ་རྗེ་དཔལ་གྱི་རྣལ་འབྱོར་ནི་རྣམ་པར་རྒྱལ་
བ་དང་ལོངས་སྤྱོད་དང་། དབང་ཕྱུག་དང་དཔལ་མཉམ་པ་མེད་པ་འགྲུབ་བོ། །རྡོ་རྗེ་ཉི་མ་ནི་གཟི་བརྗིད་དང་མདོག་ཤིན་ཏུ་འབར་བ་གཙོ་བོར་འགྲུབ་བོ། །བཞད་པ་ནི་དགའ་མགུ་རངས་པ་གཙོ་བོར་འགྲུབ་བོ། །རྡོ་རྗེ་ཆོས་ནི་ཆོས་ཐམས་ཅད་བརྟགས་ནས་སངས་རྒྱས་ལ་སོགས་པ་ཐམས་ཅད་
མཉེས་པར་བྱེད་པ་གཙོ་བོར་འགྲུབ་བོ། །དབང་ཕྱུག་ཆེན་པོ་ལ་སོགས་པའི་རིགས་རྣོན་པོས་གཅོད་པ་ཉིད་དུ་འགྲུབ་བོ། །མ་རུངས་པ་རྣམས་རྩད་ནས་གཅོད་པ་འཁོར་ལོས་གཙོ་བོར་འགྲུབ་བོ། །མི་སྨྲ་བ་སྨྲ་བར་མཛད་ཅིང་མ་རུངས་པ་ལྐུགས་པས་རྡོ་རྗེ་སྨྲ་བ་གཙོ་བོར་འགྲུབ་བོ། །རྡོ་རྗེ་
ལས་ཀྱི་རྣལ་འབྱོར་གྱིས་མཆོད་པ་དང་སེམས་ཅན་གྱི་དོན་བྱ་བར་གཙོ་བོར་འགྲུབ་བོ། །རྡོ་རྗེ་སྲུང་བས་བསྲུང་བ་གཙོ་བོར་འགྲུབ་བོ། །མ་རུངས་པ་ཐམས་ཅད་ཟ་བ་རྡོ་རྗེ་གནོད་སྦྱིན་གྱི་གཙོ་བོར་འགྲུབ་བོ། །རྡོ་རྗེ་ཁུ་ཚུར་གྱིས་བཅིངས་ནས་གཙོ་བོར་འགྲུབ་བོ། །དེ་དག་གི་ལྷའི་རྣལ་

འབྱོར་གྱིས་ཞི་བ་དང་རྒྱས་པ་དང་དབང་དང་། མངོན་སྤྱོད་རྣམས་ལ་གཅིག་དང་བཞི་དང་བཞིས་གཙོ་བོར་འགྲུབ་བོ་ཞེས་བྱ་བ་ཡིན་ནོ། །གཞན་ཡང་དེ་དག་གི་ཐུན་མོང་གི་འབྲས་བུ་ནི། བཟླས་པ་དང་སྦྱིན་སྲེག་གི་ལས་ཀྱི་དགོས་པ་ཐམས་ཅད་བསྒྲུབ་པར་
བྱའོ་ཞེས་བྱ་བ་ཡིན་ནོ། །ཞི་བ་ལ་འོད་ཟེར་གསལ་བས་བསྒྲུབ་པའི་དངོས་པོ་གང་བར་བསྒོམ་ཞིང་། ཞི་བ་ལྷའི་རྣལ་འབྱོར་དང་ལྡན་པ་ཞི་བའི་སེམས་ཀྱིས་ཞི་ཞེས་བྱའོ། །རང་གི་ལུས་གསེར་བཙོ་མ་ལྟ་བུ་དང་། ཉི་མ་ཤར་བ་ལྟ་བུར་བསམས་ལ་རྒྱས་པའི་ལས་བྱའོ། །འོད་ཟེར་
སེར་པོས་དགང་བར་བྱའོ། །སྤྱན་རས་གཟིགས་ཀྱི་རྣལ་འབྱོར་གྱིས་ཧྲི་དང་འདྲ་བའི་འོད་ཟེར་བཏང་བས་བསྒྲུབ་པར་བྱ་བའི་སྙིང་ལ་ཀུན་དུ་བསྐོར་ནས་བྱེད་ཅིང་བསམས་ན་འདོད་པ་ཐམས་ཅད་དབང་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལས་རྣམས་བཤད་ནས་དེ་ནས་བཅོམ་ལྡན་འདས་
ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་རྟོག་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་སྦྱིན་སྲེག་ལ་སོགས་པའི་དུས་སུ་རྒྱས་གདབ་པ་སྟོན་ཏེ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སེམས་ཅན་ཐམས་ཅད་ལ་ཕན་
པའི་ཕྱིར་ཐེ་ཚོམ་ཐམས་ཅད་གཅོད་པ་ངན་སོང་ཐམས་ཅད་བཟློག་པའི་རྟོག་པ་དམ་པ་འདི་བཤད་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་དགའ་ནས་ལན་གཉིས་སུ་ཞུས་པའོ། །དེ་ནས་ཕྱག་ན་རྡོ་རྗེས་ཕྱག་རྒྱའི་ལེའུ་འདི་བཤད་དོ་ཞེས་བྱ་བ་ནི་བདེ་བར་བྱེད་པས་ན་ཕྱག་རྒྱ་སྟེ་འོག་ནས་འབྱུང་
བའོ། །ལེའུ་ཞེས་བྱ་བ་ནི་གོས་དང་འདྲ་བ་སྟེ་ཆོ་ག་དང་རིམ་པ་དང་རྣམ་པར་འབྱེད་པ་དང་དུམ་བུ་ཞེས་བྱ་བའི་དོན་ཏོ། །འདི་བཤད་དོ་ཞེས་པ་ནི་གསུངས་པའོ། །ལག་པ་གཉིས་མདུན་དུ་བཞག་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་ལག་པ་
གཉིས་མདུན་དུ་བཞག་ནས་ཨ་ལས་ཟླ་བ་ཧཱུཾ་ལས་རྡོ་རྗེ་བསྐྱེད་དེ་ཐིམ་པའོ། །ཧཱུཾ་ཞེས་བྱ་བ་དང་ཨ་ཞེས་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་བྱིན་གྱིས་བརླབས་ལ་ཞེས་བྱ་བ་ནི་ཧཱུཾ་ཨཱཿཞེས་བརྗོད་པས་སོ། །ལག་པ་གཉིས་ཀྱི་ཐལ་མོ་གཉིས་ཀ་ལ་ཨ་ལ་སོགས་པའི་ཡི་གེ་བཅུ་དྲུག་

ཀུན་དུ་གང་ཞིང་འཕྲོ་བར་བྱ་སྟེ་ཞེས་བྱ་བ་ནི་ཟླ་བ་ལ་གཡས་སྐོར་གྱིས་ཨ་ཨཱ་ལ་སོགས་པ་བཅུ་དྲུག་འོད་ཟེར་དང་བཅས་ཏེ་ཞེས་བྱ་བའི་དོན་ཏོ། །མཐེ་བོང་གཉི