Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 54

Văn bản gốc(Tây Tạng)

Trang 12 / 23 (50.000 ký tự/trang)
ང་གསལ་བར་བྱའོ་ཞེས་བསྟན་ཏོ། །སྙིང་པོ་ཏིཥྛ་བཛྲ་ཞེས་བྱ་བའི་དོན་ནི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་
བརྟན་པར་འདུག་ཤིག་པའོ། །འདིས་ཀྱང་ཞེས་པ་འདི་ལྟར་སྔགས་དང་བཅས་པར་བསམ་པ་འདིས་ཀྱང་འབྲས་བུ་ཐོབ་པར་བསྟན་པ་དང་འབྲེལ་པའོ། །མངོན་པར་བྱང་ཆུབ་པས་ཐོབ་པར་བྱ་བའི་ཞེས་པ་ནི། རྒྱུ་བྱང་ཆུབ་སེམས་དཔའི་ས་བཅུ་རྫོགས་པར་བྱས་ནས་འབྲས་བུ་སངས་རྒྱས་ཀྱི་ས་ལ་
སྦྱོར་ཞིང་བླ་ན་མེད་པའི་བྱང་ཆུབ་དེ་ཐོབ་པས་ན། ཐམས་ཅད་མཁྱེན་པ་མངོན་དུ་འགྱུར་བར་བསྟན་ཏེ། ཐམས་ཅད་མཁྱེན་པ་ཞེས་པ་ནི་ཤེས་བྱ་མ་ལུས་པར་ཁོང་དུ་ཆུད་པ་སྟེ། སྣོད་དང་བཅུད་དུ་བཅས་པའམ་འཁོར་བ་དང་མྱ་ངན་ལས་འདས་པར་བསྡུས་པའི་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པ་སྟེ།
དཔེར་ན་ཤིང་ཏོག་སྐྱུ་རུ་རའི་འབྲས་བུ་མ་ཉམས་པའམ། ཤེལ་དྭངས་པ་ལག་མཐིལ་དུ་བླངས་པ་བཞིན་དུ་གྱུར་པས་ན་དེ་སྐད་བརྗོད་དོ། །ཡན་ལག་ལྔའི་མཚན་ཉིད་སྤྱོད་དམ་མཚོན་པ་ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་རྡོ་རྗེ་རྩེ་ལྔ་པར་བསྟན་པ་སྟེ། དཔེར་ན་ལག་པ་དང་རྐང་པའི་ལུས་
རྫོགས་པའི་རྒྱུ་བྱེད་པས་ན། ཡན་ལག་ཅེས་འབོད་པ་བཞིན། ཡེ་ཤེས་ལྔ་པོ་འདིས་ཀྱང་སྐུ་ཡོངས་སུ་རྫོགས་པར་བྱེད་པས་ན། ཡན་ལག་ཅེས་བྱ་སྟེ། དེ་བས་ན་དེ་བཞིན་གཤེགས་པའི་ས་ལ་གནས་པ་བསྟན་ཏོ་ཞེས་བྱའོ། །རྒོལ་བ་པ་ན་རེ། འོ་ན་འཇིག་རྟེན་ན་རྡོ་རྗེ་ཞེས་མིང་མཐུན་པར་
གྲགས་པ་མང་པོ་དག་ཡོད་ན། དེ་དག་མཚན་ཉིད་མི་མཐུན་ཞིང་དབྱིབས་ཐ་དད་པར་གནས་པ་ཤ་སྟག་ཏུ་སྣང་ན། འདིར་བསྟན་པ་འདི་དབྱིབས་འདི་ལྟར་འདོད་པ་ཅི་དགོས་ཤེ་ན། །སྨྲས་པ། འཇིག་རྟེན་དུ་གྲགས་པའི་རྡོ་རྗེ་ཞེས་མིང་མཐུན་པ་ལས་མཚན་ཉིད་མི་མཐུན་པ་དང་། དབྱིབས་ཐ་དད་པར་

སོ་སོ་ན་གནས་པར་སྣང་ཡང་དེ་དག་ཆོས་མཐུན་པས་ན་དེ་སྐད་དུ་བརྗོད་ལ་འདིར་རྡོ་རྗེ་ཞེས་བརྗོད་པ་འདི་ལྟར་བསྟན་པ་འདིའི་དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། གང་ཞེ་ན། འདི་ནི་ལོག་པར་ལྟ་བའི་རི་ཐམས་ཅད་འཇོམས་པ་ལ་མཁས་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་འདི་ནི་
ཞེས་པ་ནི་དེ་ལྟར་བསྟན་པའི་རྡོ་རྗེ་བརྗོད་པ་འདིའོ། །ལོག་པར་ལྟ་བ་ནི་ཕྱིན་ཅི་ལོག་བཞི་ལ་སོགས་པ་ཡང་ཡིན་མོད་ཀྱི། འདིར་ནི་ཁྱད་པར་དུ་ཡང་བདག་ཏུ་ལྟ་བའི་རྣམ་པ་གཉིས་པོ་ཁོ་ནའོ། །དེ་ནི་ཤིན་ཏུ་བརྩན་པར་འགྱུར་ཏེ། རི་དང་མཐུན་པ་ནི་རི་ཞེས་བརྗོད་དོ། །དེ་འཇོམས་ཤིང་འཇིག་པར་བྱེད་
པ་ལ་ཐབས་ཁྱད་པར་དུ་གྱུར་པའི་མཚན་ཉིད་དང་ལྡན་པའི་ཡེ་ཤེས་ཏེ། རྩེ་མོ་ལྔ་དང་ལྡན་པ་ཉིད་ཡེ་ཤེས་ལྔའི་བདག་ཉིད་དུ་བསྟན་པ་སྟེ། རྩེ་མོ་དབུ་མ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་མར་བསྟན་པའོ་ཞེས་པ་ནི། ཆེ་བའི་ཡོན་ཏན་གྱི་འབྱུང་གནས་དབྱིངས་རྣམ་པར་དག་པ་དེ་ལ་ནི་ཆོས་ཀྱི་
དབྱིངས་ཀྱི་ཡེ་ཤེས་བརྗོད་དེ། དེའི་མཚན་མར་ནི་དབུས་མ་དེ་བསྟན་ཏོ། །དེ་ལས་གཞན་པའི་བཞི་རྣམས་ནི། །ཞེས་པ་ནི། དེ་ཕྱོགས་བཞི་ནས་འདུད་པའི་རྭ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་པ་ནི། ཀུན་གཞི་རྣམ་པར་དག་པའི་ངོ་བོ་ལས་གྱུར་པའི་ཆོས་ཐམས་ཅད་གསལ་བཞིན་དུ་རྟོགས་པ་མེད་
པ་མཁྱེན་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་དག་པ་ལས་གྱུར་པའི་ངོ་བོ་ཐམས་ཅད་མཉམ་པར་རྟོགས་པ་ལས། བདག་གཞན་དུ་མི་འབྱེད་པའོ། །སོ་སོར་རྟོག་པ་ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དུས་གསུམ་ལ་གསལ་བར་གཅོད་པ་དེ་རྣམ་པར་དག་པ་ལས་
གྱུར་པའི་ངོ་བོ་ཆོས་ཐམས་ཅད་གསལ་ཞིང་མ་འདྲེས་པ་རྟོགས་པ་ཡང་མི་འབྱུང་བཞིན་དུ་དེ་ལྟར་རིག་པར་བྱའོ། །བྱ་བ་གྲུབ་པའི་ཡེ་ཤེས་ཞེས་པ་ནི། སྒོ་ལྔའི་རྣམ་པར་ཤེས་པ་རྣམ་པར་དག་པ་ལས་གྱུར་པའི་ངོ་བོ་བདག་གཞན་གྱི་དོན་ལ་བརྩོན་པར་བྱེད་པ་སྟེ། དེ་ལྟ་བུའི་རྣམ་པ་བསྟན་ཏོ། །ཁ་ཅིག་ན་རེ།
ཡེ་ཤེས་དེ་ལ་ཡང་དོན་རྣམ་པ་ལྔ་སྟེ། རྒྱུ་དང་རྐྱེན་དང་། རང་བཞིན་དང་། འབྲས་བུ་དང་། ངེས་པའི་ཚིག་གོ་ཞེས་བཤད་དོ། །ཁ་གཉིས་ཀྱིས་ཞེས་པ་རྩེ་ལྔ་པ་གཉིས་ཡིན་མན་དུ་བྱུང་བའོ། །ཡེ་ཤེས་ཀྱི་སྣང་བ་ཞེས་པ་ནི་ཡེ་ཤེས་ལྔ་པོ་དེའི་སྣང་བ་ཕྱོགས་བཅུར་རྒྱས་ཤིང་ཁྱབ་པར་བྱེད་པས་ཁྱད་པར་

བསྟན་པའོ། །ཨོཾ་བཛྲ་མ་ཀ་སྟྭཾ། ཞེས་པ་ནི། སྔགས་འདི་བརྗོད་པའི་དོན་ནི་དེ་ལྟ་བུའི་དོན་དང་ལྡན་པའི་རྡོ་རྗེ་དེ་ཉིད་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་དང་ལྡན་པའི་བདག་ཉིད་དུ་མོས་པ་བསྐྱེད་པར་བྱའོ། །རྡོ་རྗེ་དེ་ལ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་ཡེ་ཤེས་
ལྔའི་བདག་ཉིད་དང་ལྡན་པ་དེའོ། །སྐུ་གསུང་ཐུགས་རྡོ་རྗེ་དབྱིངས་ཞུགས། །ཞེས་པ་ནི། ཕྱོགས་བཅུའི་འཇིག་རྟེན་ཇི་སྙེད་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དབྱིངས་མ་ལུས་པ་དག་འདུས་ནས་དེ་ལ་ཞུགས་པར་མོས་པའོ། །དེ་ཡང་མ་རིག་པའི་མུན་པ་དང་ལྟ་བའི་
ཐིབས་པོ་ཐམས་ཅད་བཅོམ་པས་ན། གསལ་བ་ཞེས་བྱའོ། །གཞན་གྱིས་བསྐྱོད་པར་མི་ནུས་ཤིང་མི་མཐུན་པའི་དབང་དུ་མི་འགྲོ་བས་བརྟན་པ་ཞེས་བྱའོ། །བདག་ཡིན་ནོ་ཞེས་པ་ནི། ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེ་བདག་ཡིན་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དབྱིངས་ཞེས་བརྗོད་པ་དེ་ཇི་ལྟ་བུ་དག་ལ་བྱ་ཞེ་
ན། སྨྲས་པ། སྐུའི་དབྱིངས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དབྱིངས་ཇི་སྙེད་པ་དག་རྡོ་རྗེ་ལ་འཇུག་པའི་མཚན་ཉིད་ནི་འདི་དག་ཁོ་ནར་ཤེས་པར་བྱ་སྟེ། དབྱིངས་ཞེས་བྱ་བ་ཡང་འདིར་ནི་རང་བཞིན་ཁོ་ན་ལ་ཤེས་པར་བྱ་སྟེ། སྐུ་མང་པོ་རྣམས་སོ་ཞེས་པ་འདི་དག་ཀྱང་
སྐུ་ཤིན་ཏུ་ཕྲ་བའི་མཚན་ཉིད་ཅན་དག་ཏུ་ཤེས་པར་བྱ་ཞེས་པ་ཁ་ཅིག་འཆད་དོ། །ཁ་ཅིག་ན་རེ་ཕྲ་བར་ངེས་པ་མེད་ཀྱི་གོང་ལྟར་དད་པའམ་ཏིང་ངེ་འཛིན་གྱིས་ཇི་ལྟར་ལྕོགས་པ་བཞིན་ནོ་ཞེས་ཟེར་རོ། །གསུང་བཀོད་པའི་རྒྱན་སོ་སོར་སྣང་བ་ཞེས་པ་ནི། འགྲོ་བ་རིགས་མི་མཐུན་པ་སྡེ་མང་པོར་གྱུར་པ་
རྣམས་ལ་དེ་དང་ཇི་ལྟར་འཚམ་པ་བཞིན་དུ་སྐད་དོ་ཅོག་གིས་རྣམ་པས་སོ་སོར་ཆོས་སྟོན་པས་གྲོལ་བར་མཛད་པའི་གསུང་ངོ་། །རྣམ་པ་གཅིག་ཏུ་ན་གསུང་གཅིག་ཕྱུང་བས་འགྲོ་བ་རིགས་མི་མཐུན་པ་བསམ་པ་ཐ་དད་པ་དག་ལ་གང་ལ་མོས་པ་བཞིན་དུ་རང་རང་གི་སྐད་དང་མཐུན་པར་དོན་གྱིས་གོ་བར་ནུས་པ་སྟེ།
ཇི་ལྟར་མདོ་སྡེ་ལས་དེ་བཞིན་གཤེགས་པའི་གསུང་གཅིག་གིས་འགྲོ་བ་སོ་སོའི་སྐད་དུ་ཆོས་སྟོན་པར་ནུས་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་བསྒྲགས་ཞེས་བྱ་སྟེ། བསོད་ནམས་ཆེན་པོ་བསགས་པའི་མཐུ་ལས་གྲུབ་པ་ཡིན་གྱི། ཇི་ཙམ་གྱིས་བསོད་ནམས་ཚོད་གཟུང་དུ་ཡོད་པའམ། ཐེག་པ་འོག་

མ་པ་དག་གི་བསམ་པས་འགྲུབ་པ་མ་ཡིན་ནོ་ཞེས་གསུངས་པའི་དོན་དེ་དང་མཐུན་པ་སྟེ། འདིའི་ཕྱི་མ་ཡང་དོན་དེ་བཞིན་དུ་ཤེས་པར་བྱའོ། །མི་གནས་པའི་མྱ་ངན་ལས་འདས་པ་ཞེས་པ་ནི་བྱིས་པ་སོ་སོའི་སྐྱེ་བོའམ། ཉན་ཐོས་དང་རང་སངས་རྒྱས་ལྟ་བུར་གང་གི་མཐར་ཡང་མ་བྱུང་བའི་བདེ་བ་ཆེན་པོ་
གྱ་ནོམ་པ་དེ་ལ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེའི་མཚན་ཉིད་དུ་བྱིན་གྱིས་བརླབས་པར་རིག་པར་བྱའོ། །དེ་ནས་སྙིང་པོ་འདི་བརྗོད་པས་ཞེས་པ་ནི་དེ་ལྟར་གནས་པའི་རྡོ་རྗེའི་མཚན་ཉིད་འཛིན་པ་དེ་ལས་འོག་ནས་འབྱུང་བའི་སྙིང་པོ་འདི་བརྗོད་པས་སྐུ་ཕྱག་རྒྱ་ལ་སྦྱོར་བ་མངོན་
དུ་བྱ་བ་སྟེ། འོད་ཟེར་འཕྲོ་བ་དང་འདུ་བའི་ཚུལ་གྱིས་ཞེས་པ་ནི། ཡེ་ཤེས་ཀྱི་རྡོ་རྗེ་ཚོགས་རྣམ་པ་གཉིས་རྫོགས་པར་ཟླ་བའི་དཀྱིལ་འཁོར་ན་གནས་པ་དེ་ལས་འོད་ཟེར་གྱི་འཕྲོ་འདུ་འབྱུང་བ་སྟེ། དེ་ལས་དེ་བཞིན་གཤེགས་པའི་སྐུ་འཇིག་རྟེན་གྱི་རྡུལ་ཕྲ་མོ་དང་མཉམ་པའི་གྲངས་སྙེད་འབྱུང་ཞིང་
འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཇི་སྙེད་པ་རྣམས་སུ་གཤེགས་ཏེ། ཞིང་དེ་དག་ན་གནས་པའི་འགྲོ་བ་དེ་དག་གི་བསམ་པ་དང་། སྐལ་བ་དང་། མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་མཛད་པས་དོན་མཛད་ནས་དེ་དག་སླར་འདུས་ཏེ། ཡེ་ཤེས་ཀྱི་རྡོ་རྗེ་དེ་ཉིད་ལ་ཐིམ་པ་ལས་འོད་
ཀྱི་གོང་བུ་གཅིག་ཏུ་གྱུར་པ་ལས་སྐུ་ཕྱག་རྒྱ་ཆེན་པོའི་བདག་ཉིད་དུ་གྱུར་ཏེ། སྐུ་ཡང་ཇི་ལྟ་བུ་ཞིག་ཅེ་ན། གང་ལྟར་མོས་པ་དེ་བཞིན་དུ་གྱུར་པའི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའམ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཉི་མའི་འོད་ཀྱི་དཀྱིལ་འཁོར་གྱིས་འཇིག་རྟེན་གྱི་ཁམས་མཐའ་
ཡས་པར་ཁྱབ་པའི་བདག་ཉིད་དུ་གྱུར་པར་རབ་ཏུ་བརྟག་གོ་ཞེས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་པ་ནི་བཅོམ་པ་དང་ལྡན་པའི་དོན་གྱིས་ན། བཅོམ་ལྡན་འདས་ཏེ། སྐལ་བ་དང་ལྡན་པའི་འགྲོ་བ་རྣམས་ལ་ཅི་མོས་པའི་རྣམ་པར་སྣང་བའི་སྐུ་སྟོན་པར་མཛད་པས་ན།
རྣམ་པར་སྣང་མཛད་དེ། དངོས་སུ་ན་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཞེས་བརྗོད་པའི་སངས་རྒྱས་སོ། །སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་པ་སྟེ། འདི་ཡང་ཉོན་མོངས་པའི་མུན་པ་དང་བྲལ་ཞིང་ཤེས་བྱའི་ཡུལ་ཆེ་བའི་ཡོན་ཏན་གྱི་རྣམ་པས་ཁམས་རྒྱས་པར་འགྱུར་ཏེ། མི་མཐུན་པའི་ཕྱོགས་

འཇོམས་ཤིང་ལེགས་པར་གྱུར་པའི་ཡོན་ཏན་རྣམ་པ་དྲུག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །ཤཱཀྱ་ཐུབ་པ་ཞེས་པ་ནི། ཤཱཀྱའི་རིགས་རྒྱལ་པོའི་སྲས་སུ་སྐུ་སྐྱེ་བ་བཞེས་ཤིང་ཤཱཀྱ་རྣམས་ཀྱིས་ཐུབ་པར་མཛད་པའི་གཟི་མདངས་མངའ་བས་ན། ཤཱཀྱ་ཐུབ་པ་
སྟེ། དེའི་སྐུ་ཐབས་ཀྱི་བདག་ཉིད་ཉི་མའི་དཀྱིལ་འཁོར་གྱིས་བསྐོར་བ་སྟེ། མ་རིག་པའི་མུན་པ་འཇོམས་པར་བྱེད་པའི་དོན་དང་ལྡན་པས་ན། འདི་ལྟར་བསྟན་ཏོ། །གཞན་དག་ན་རེ་ཇི་ལྟར་སྦྱོར་བའི་རྒྱུད་རྣམས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁོ་ནས་གསུངས་པར་ཟད་ཀྱི།
གཞན་གྱིས་གསུངས་པ་མ་ཡིན་ལ། དེ་དག་གི་ནང་ནས་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁོ་ན་རིམ་པ་འདི་དག་གིས་གསལ་བར་བསྒོམ་ཞེས་གསུངས་ན། འདིར་འདི་ལྟར་སྟོན་པ་ཅི་དགོས་ཤེ་ན། སྨྲས་པ། དེ་ལྟར་སྦྱོར་བའི་རྒྱུད་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁོ་ནས་
གསུངས་ཤིང་། དེའི་ཆ་ལུགས་གསལ་བར་བསྒོམ། །ཞེས་གསུངས་པར་ཟད་ཀྱི། གཞན་དག་མ་གསུངས་པ་ཡང་བདེན་མོད་ཀྱི་འོན་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཉིད་ཀྱིས་ཀྱང་། སྦྱོར་བའི་རྒྱུད་འཆད་པའི་སྟོན་པ་ཡང་མཛད་ལ། འདི་གཉིས་ཐམས་ཅད་དུ་རང་བཞིན་གྱིས་
འབྲེལ་བའི་མཚན་ཉིད་ཅན་བས་འདི་ལྟར་བསྟན་པ་ཡང་ཡིན་ལ། འཛམ་བུ་གླིང་དུ་མི་རྣམས་ཀྱི་སྟོན་པར་གྱུར་པ་འདི་ཁོ་ན་བས་འཛམ་བུའི་གླིང་པའི་མི་འདི་དག་གི་རྗེས་སུ་སྒྲུབ་པར་འདོད་པ་ལ་ཕན་གདགས་པའི་ཕྱིར་སློབ་དཔོན་གྱིས་འདི་ལྟར་བསྟན་པ་ལ་འགལ་བ་མེད་དོ། །ཁ་ཅིག་ན་རེ།
འཇིག་རྟེན་དུ་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ལ་ཡང་ཆ་ལུགས་རྣམ་པ་གཉིས་མངའ་ལ། དེའི་རྗེས་སུ་སྒྲུབ་པའི་འགྲོ་བ་རྣམས་ཀྱང་མོས་པ་མི་མཐུན་པའི་དབང་གིས་ཆ་ལུགས་རྣམ་པ་གཉིས་ཁོ་ནས་སྒྲུབ་པར་བྱེད་ཅིང་། དེའི་སྤྱོད་ཡུལ་ལ་འཇུག་པར་བྱེད་དེ། གང་ཞེ་ན། རབ་ཏུ་བྱུང་བ་
དང་། ཁྱིམ་པའོ། །དེ་ལ་ཁྱིམ་པའི་ཆ་ལུགས་འཛིན་པའི་ལྷ་ལ་དད་པའི་གང་ཟག་རྣམས་ཀྱི་དོན་དུ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁོ་ནས་བསྟན་ལ། གསང་སྔགས་སྤྱོད་པའི་འགྲོ་བ་དེ་དག་ལ་ཡང་གང་དག་རབ་ཏུ་བྱུང་བའི་ཚུལ་ཅན་གྱི་ལྷ་ལ་དད་པ་ཡོད་པ་དག་གི་དོན་དུ་ནི་ཤཱཀྱ་ཐུབ་པ་

སྨོས་པར་རིག་པར་བྱའོ་ཞེས་ཟེར་རོ། །གཞན་དག་ན་རེ། རྣམ་པར་སྣང་མཛད་ཀྱི་ཚུལ་འདི་ཉིད་ཀྱིས་སྐུ་ཕྱག་རྒྱ་ཡང་འདི་བཞིན་དུ་བསྟན་པ་ཡིན་ཏེ། ཤཱཀྱ་ཐུབ་པ་རབ་ཏུ་བྱུང་བའི་ཚུལ་ཅན་འདི་གསང་སྔགས་སྒྲུབ་པའི་སྐབས་སུ་བསྟན་པ་དགོས་པ་ཅི་ཡང་མེད་དེ། དེ་ལྟ་ན་ནི་ཉན་ཐོས་ལ་སོགས་
པའི་ཚུལ་ཐེག་པ་འོག་མ་པ་རྣམས་ཀྱང་གསང་སྔགས་ཀྱི་དོན་ལ་འཇུག་པ་དང་། ཉམས་སུ་ལེན་པའི་གཙོ་བོར་ཐལ་བའི་སྐྱོན་འབྱུང་བར་འགྱུར་བས་འདི་མི་རིགས་སོ་ཞེ་ན། སྨྲས་པ། རྣམ་པར་སྣང་མཛད་ཆེན་པོ་ཡང་བདེན་མོད་ཀྱི། འོན་ཀྱང་ཤཱཀྱ་ཐུབ་པ་འཛམ་བུའི་གླིང་དུ་མི་རྣམས་ཀྱི་སྟོན་
པར་གྱུར་པ་བདེན་གྱིས་ཀྱང་། ལྷ་བསོད་ནམས་ཅན་དག་རིགས་ངེས་པའི་ས་ལ་འགོད་པར་མཛད་པ་དང་། ལྷ་སྡུག་བསྔལ་གྱིས་གདུངས་པ་རྣམས་དེ་ལས་དབུགས་དབྱུང་བ་དང་། གང་དག་ངན་སོང་གི་འདམ་དུ་བྱིང་བ་རྣམས་དེ་ལས་གདོན་པར་བྱ་བའི་ཕྱིར། མཐོ་རིས་ལྷ་རྣམས་ཀྱི་གན་དུ་གཤེགས་
ནས་གསང་སྔགས་ཀྱི་རྒྱུད་ཆེན་པོ་སྟོན་པར་མཛད་ཅིང་དེའི་དཀྱིལ་འཁོར་ཆེན་པོའི་བདག་པོར་བཞུགས་ནས། འཁོར་རྣམས་ལ་སྙིང་པོ་དང་ཉེ་བའི་སྙིང་པོ་དང་། རིག་པ་དང་། དམ་ཚིག་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་དོན་ཡོངས་སུ་འཆད་པར་མཛད་ན། ཅི་འདིར་སྒྲུབ་ཐབས་ཀྱི་ནང་དུ་འདི་ལྟར་
མོས་པའི་དབང་དུ་བསམ་གཏན་གྱི་སྦྱོར་བ་བྱ་བར་བསྟན་པ་འགལ་ལམ། དེ་ལྟ་ན་ནི་དེ་བཞིན་གཤེགས་པ་རྣམས་ཀྱང་ཐ་དད་པར་འགྱུར་ཏེ། སྐུ་གསུམ་དང་ལྡན་ཡང་བཤད་པ་དང་། མཉམ་པ་དང་། མི་མཉམ་པའི་རྣམ་པར་དབྱེ་བ་གསུངས་པའི་དོན་ཡང་དེ་ལྟར་མ་ཡིན་ཞིང་རྣམ་པ་གཞན་དུ་
འགྲུབ་པའི་རྒྱུར་གྱུར་ན། དེ་ལྟར་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ་བའི་ཞིང་མི་མཐུན་པའི་དབང་གིས་སྐུ་དུ་མ་དང་། རྣམ་པར་ཐར་པ་ཐ་དད་པ་དང་། ཆ་ལུགས་མི་མཐུན་པར་སྟོན་པས་རང་བཞིན་གཞན་དུ་འགྱུར་བ་མེད་དེ། ཇི་ལྟར་དཔེར་ན་ཤེས་རབ་ཀྱི་རང་བཞིན་གྱིས་བསྒྱུར་
བ་བཞིན་པས་ཇི་ལྟར་བསྟན་པ་ལ་འགལ་བ་མེད་པར་ཤེས་པར་བྱའོ། །ཨོཾ་ཡ་བཏྟ་ཐཱ་ག་ཏ་ཤྱ་ཐཱ་ཨཱཿཧཱུྃ་ཞེས་བྱ་བའི་སྔགས་འདི་བརྗོད་པའི་དོན་ནི་འབྲས་བུའི་དོན་སྡུད་པར་བྱེད་པ་སྟེ། ཀྱང་ཞེས་བྱ་བ་ནི་དེ་ལྟར་གྲུབ་ཏུ་ཟིན་གྱིས་ཀྱང་། འདིས་ཀྱང་འོག་མ་འདི་ལྟར་གྲུབ་པར་བྱེད་ཅེས་པའོ། །ཡེ་ཤེས་

ཀྱིས་ཀུན་དུ་འོད་ཅེས་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་ས་མཚན་ཀུན་དུ་འོད་ཅེས་བྱའོ། །རྒྱུ་མཐུན་པར་གྱུར་པ་ཞེས་པ་ནི། ས་དེའི་རྒྱུ་མཐུན་པར་གྱུར་པའི་འབྲས་བུ་སྟེ། གང་ཞེ་ན། དེ་བཞིན་གཤེགས་པའི་སྐུ་དང་། གསུང་དང་ཐུགས་རྣམས་སྡུད་པར་བལྟའོ་ཞེས་
བྱ་བ་འདི་ཁོ་ནའོ། །དེ་ལྟར་མངོན་པར་བྱང་ཆུབ་པའི་རིམ་པས་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་ལ་སྦྱོར་བར་བྱེད་པའི་ཐབས་སློབ་དཔོན་གྱིས་གསུངས་པ་དེ་ཡང་། རྒྱུད་འགའ་ནས་གསུངས་པར་མ་ཟད་ཀྱི་རྒྱུད་མང་པོ་དག་ལས་དོན་མཐུན་པར་གསུངས་ཏེ། དེ་དག་ཀྱང་འདིར་སློབ་དཔོན་
གྱིས་ཕྱོགས་གཅིག་ཏུ་བསྡུས་ཏེ་བསྟན་པ། དགོས་པ་འདི་ཐམས་ཅད་ཀྱང་རྡོ་རྗེ་རྩེ་མོ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་རབ་ཏུ་དབྱེ་བ་ལས་གསལ་བར་བསྟན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དགོས་པ་འདི་ཐམས་ཅད་ཅེས་པ་ནི། འདི་ལྟར་བཤད་པའི་ལྔ་བྱང་ཆུབ་པའི་རིམ་
པས་ལྷའི་སྐུ་ཕྱག་རྒྱར་སྦྱོར་བའི་ཐབས་སྟོན་པའི་དགོངས་པའོ། །རྡོ་རྗེ་རྩེ་མོ་ཞེས་པ་ནི། རྒྱུད་ཀྱི་མཚན་ཏེ་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་ཕྱི་མོར་གྱུར་པ་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པའི་ཞལ་མཆུ་བ་སྟེ། དཔེར་ན་རྫས་ཀྱི་རྡོ་རྗེ་རྩེ་མོས་རྫས་ཀྱི་རྣམ་པ་ཐམས་ཅད་འབིགས་པར་བྱེད་པ་དང་འདྲ་
བར། རྒྱུད་འདིའི་དོན་གྱིས་ཀྱང་གཞན་ལས་བྱུང་བའི་ཐེ་ཚོམ་གྱི་རི་བོ་དང་། གཞན་གྱི་དྲ་བ་གཅོད་ཅིང་སྡུག་པའོ། །ཆོས་ཉིད་ལ་འབིགས་པར་བྱེད་པའི་མཚན་ཉིད་དང་ལྡན་པས་ནའོ། །ཐེག་པ་ཆེན་པོ་ཞེས་པ་ནི། དེ་ཁོ་ན་ཉིད་དེའི་དོན་དང་ལྡན་པས་སོ། །མངོན་པར་རྟོགས་པ་ནི་གསལ་
བའི་ངོ་བོར་རིག་པའོ། །རབ་ཏུ་དབྱེ་བ་ཞེས་པ་ནི། ཡན་ལག་གི་རབ་ཏུ་དབྱེ་བ་སྟེ། རྡོ་རྗེ་རྩེ་མོ་ཞེས་བྱ་བའི་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་རྒྱུད་ཡན་ལག་རབ་ཏུ་དབྱེ་བའི་དོན་གསལ་བར་རྟོགས་པར་བྱེད་པ་དེ་ལས་འདི་ལྟར་བསྟན་ཏེ། སྲ་ཞིང་སྡུག་ལ་རབ་ཏུ་དག །ཅེས་པ་ནི་དང་པོར་རང་གི་
སེམས་བརྟག་པའི་མཚན་ཉིད་བརྟན་པ་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའི་སེམས་དེ་ནི་བདུད་དང་མུ་སྟེགས་ལ་སོགས་པས་མི་ཚུགས་པའི་ཕྱིར་ན་སྲ་ཞེས་བྱའོ། །ཚོགས་ཆེན་པོ་གཉིས་རྫོགས་པས་ན་སྡུག་ཅེས་བྱའོ། །སྒྲིབ་པ་རྣམ་པ་གཉིས་དང་བྲལ་བའི་རང་བཞིན་བས་ན་རབ་ཏུ་

དག་ཅེས་བྱའོ། །དེ་ཡང་དཔེར་ན་ནམ་མཁའ་དང་འདྲ་བས་ན། ནམ་མཁའ་དང་ནི་མཚུངས་མཉམ་པ། །ཞེས་བྱའོ། །གནས་ངན་ལེན་གྱི་བག་ཆགས་དང་བྲལ་བས་ན། གནས་ངན་ལེན་པ་ཀུན་ལས་གྲོལ། །ཞེས་བྱའོ། །གནས་ངན་ལེན་པས་གྲོལ་ཞིང་གཉེན་པོས་སྒྲིབ་པའི་རྣམ་པར་རྟོག་པ་
བསལ་བས་ན། རྣམ་པར་རྟོག་པ་སྤངས་པའི་ཞེས་བྱའོ། །ཉན་ཐོས་ལ་སོགས་པ་ཐེག་པ་འོག་མ་པ་ལ་ཡང་ཐབས་དེ་ཡོད་མོད་ཀྱི་དེ་བས་ཁྱད་པར་དུ་གྱུར་པས་མཆོག་ཅེས་བྱའོ། །དེ་ཁོ་ན་ཉོན་མོངས་པའི་དྲི་མ་ཟད་པའི་མཚན་ཉིད་པས། ཉོན་མོངས་དྲི་མ་ཐམས་ཅད་དག །ཅེས་བྱའོ། །ཉོན་
མོངས་པའི་དྲི་མ་དག་པའི་བྱང་ཆུབ་ཀྱི་སེམས་རང་བཞིན་མེད་པ་དེ་ཉིད་དང་པོ་ཟླ་བ་ལྟ་བུར་མཐོང་བ་དང་། ཟླ་བ་གཉིས་ལས་དང་པོར་མཐོང་བས་ན། ཟླ་བ་ལྟ་བུར་མངོན་མཐོང་བ། །ཞེས་བྱའོ། །ཉན་ཐོས་ལྟར་ཞི་བ་ལ་གནས་པ་མ་ཡིན་གྱི། ཆོས་ཉིད་རྟོགས་པའི་བྱམས་པ་དང་། སྙིང་རྗེའི་ངོ་
བོ་ལས་བྱུང་བས་ན། བྱམས་དང་སྙིང་རྗེ་ལས་བྱུང་བ། །ཞེས་བྱའོ། །བདག་གཅིག་པུ་བསྒོ་བ་དེ་བྱ་བའི་ཕྱིར་མ་ཡིན་པས་ན། སེམས་ཅན་ལ་ནི་ཕན་མཛད་པ། །ཞེས་བྱའོ། །སེམས་ཅན་ལ་ཕན་པ་མཛད་པའི་བྱང་ཆུབ་ཆེན་པོ་དེ། ཟླ་བ་ལྟ་བུར་སྣང་བས་སོ། །དྲི་མ་དང་བྲལ་བས་ན། །བྱང་ཆུབ་སེམས་
ཆེན་རབ་ཏུ་དག །ཅེས་བྱའོ། །བྱང་ཆུབ་སེམས་རྣམ་པར་དག་པ་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྒྱུའི་ཡེ་ཤེས་ཀྱི་སེམས་འབྲས་བུའི་ངོ་བོ་དང་བཅས་པས་ཉེས་པའི་སྐྱོན་མེད་པས་ན། སངས་རྒྱས་བྱང་ཆུབ་སྐྱོན་མེད་པ། །ཞེས་བྱའོ། །ས་དང་ཕ་རོལ་ཕྱིན་པ་ལ་སོགས་པ་རྣམ་
པར་དཀར་བའི་ཕྱོགས་ཡོན་ཏན་གྱི་ཆ་རྫོགས་པས་ན། དགེ་བའི་ཕྱོགས་རྣམས་ཀུན་རྫོགས་ཤིང་། །ཞེས་བྱའོ། །དེ་ཁོ་ན་ཉོན་མོངས་པ་དང་བྲལ་བའི་ངོ་བོ་བས་ན། ཉོན་མོངས་ཐམས་ཅད་རྣམ་པར་གྲོལ། །ཞེས་བྱའོ། །ཆོས་ཀྱི་དབྱིངས་གཞན་གྱིས་ཕིགས་པར་དཀའ་བའམ། ཚོགས་རྣམ་པ་
གཉིས་རྫོགས་པས་སྟུག་པོར་གྱུར་པ་ལས་བྱུང་བས་དེ་ཉིད་ཀྱི་དཀྱིལ་ན་ཟླ་བ་ཡོངས་སུ་གང་བ་ལྟར་གནས་པར་མཐོང་བས། སྟུག་པོའི་དབུས་ན་ཟླ་ཆེན་པོ། །ཞེས་བྱའོ། །དེ་ནི་བྱང་ཆུབ་ལས་བྱུང་བའི་ཟླ་བ་བརྩེགས་མ་ལས་ཕྱི་མར་གྱུར་པས་ན། བྱང་ཆུབ་སེམས་ནི་གཉིས་པ་སྟེ། །ཞེས་བྱའོ། །བསྐལ་

པ་གྲངས་མེད་པ་གཅིག་སྟེ། ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་བསྐལ་པ་གྲངས་མེད་པ་གསུམ་དུ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཐོབ་པ་ལས་བྱུང་བས་ན་བསྐལ་པ་གྲངས་མེད་གསུམ་དུ་བྱང་ཆུབ་བསྒྲུབས་པས་ཐོབ་པ་སྟེ་ཞེས་བྱའོ། །སྟོབས་དང་མི་འཇིགས་པ་དང་། མ་
འདྲེས་པ་ལ་སོགས་པའི་ཆོས་རྣམས་ནི་ཕྱི་རོལ་པ་ལས་དམ་པར་གྱུར་ཅིང་འོག་མ་རྣམས་ཀྱི་མཆོག་པས་ན། དམ་པའི་ཆོས་མཆོག་གྲངས་མེད་པ། །ཞེས་བྱའོ། །དེའི་འགྲོ་བའི་དོན་དུ་བདག་གིས་སྤྱོད་ཅིང་གཞན་ལ་སྟོན་པ་དང་། གཞན་སྤྱོད་དུ་འཇུག་པ་ནི། སྨྲ་བ་པོར་གྲགས་པ་ཇི་སྙེད་པ་རྣམས་ཀྱི་ནང་ན་
མཆོག །ཟླ་བ་ནི་ཟླ་བ་ལྟར་སྣང་བ་དེ་ཡིན་པས་ན། སྤྱད་པ་སྤྱོད་པ་མཆོག་ཡིན་ཏེ། །ཞེས་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་དང་། ཉན་ཐོས་དང་མུ་སྟེགས་པ་ལ་སོགས་པ་ལྟ་བ་ཐ་དད་པའི་རྟོག་པ་ཅན་གྱི་ཤེས་རབ་ཀྱིས་བརྟགས་པའི་ཆ་ལ་སྣང་བའི་ས་དང་། ས་མ་ཡིན་པ་ཐམས་ཅད་རིག་
པས་ན། །ས་དང་ས་མིན་ཤིན་ཏུ་མཁྱེན། །ཞེས་བྱའོ། །སྒྲིབ་པ་རྣམ་པ་གཉིས་དང་བྲལ་བས། ཡེ་ཤེས་དག་པས་སྒྲིབ་པ་མེད། །ཅེས་བྱའོ། །དེ་ལྟ་བུའི་ཡོན་ཏན་གྱི་རྣམ་པར་རྫོགས་པའི་ཟླ་བའི་སྟེང་དུ་ཡེ་ཤེས་ཀྱི་བདག་ཉིད་ཐུགས་ཀྱི་མཚན་མ་རྡོ་རྗེ་གནས་པར་བརྟགས་པ་ལ་ནི།
ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ཞེས་བྱའོ། །རྩེ་ལྔ་པའི་རྡོ་རྗེ་གནས་པར་བརྟགས་པ་ལ་ནི། རྡོ་རྗེའི་གཟུགས་ནི་བལྟ་བར་བྱ། །ཞེས་བྱའོ། །དེ་ནི་སངས་རྒྱས་ཀུན་གྱི་དང་། གཟུགས་བརྙན་གྱི་སྐུ་ལས་ཡེ་ཤེས་ལྔའི་རང་བཞིན་དུ་གནས་པའི་རྡོ་རྗེ་འདི་ནི་ཆོས་ཀྱི་སྐུའི་ངོ་བོ་བས་ན།
སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཞེས་བྱའོ། །དེ་ན་རང་བཞིན་དམིགས་སུ་མེད་ཅིང་ཕྱོགས་གང་ན་ཡང་མི་གནས་པས་ན། སྣང་བ་མེད་ཅིང་གནས་མེད་པ། །ཞེས་བྱའོ། །རྒྱུ་རྐྱེན་གྱིས་མ་བསྐྱེད་ཅིང་ཕྱྭ་དང་དབང་ཕྱུག་ལ་སོགས་པའི་བྱེད་པ་པོས་མ་བྱས་ཏེ། རང་བཞིན་གྱིས་སྒྲིབ་པ་དག་པའི་མཚན་ཉིད་
ཅན་པས་ན། མ་སྐྱེས་མ་བྱས་པ་དག་སྟེ། །ཞེས་བྱའོ། །ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བས་ན། དངོས་དང་དངོས་མེད་རྣམ་པར་སྤངས། །ཞེས་བྱའོ། །མཚོན་ཆ་ལ་སོགས་པས་གཅད་པར་མི་ནུས་ཤིང་མུ་སྟེགས་ལ་སོགས་པའི་ལྟ་བ་ངན་པས་མི་ཤིགས་ཤིང་མེས་ཚིག་པར་མི་ནུས་

པས་ན། མི་ཆོད་མི་ཤིགས་མི་ཚིག་པ། །ཞེས་བྱའོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་བྲལ་བ་ཟག་པ་མེད་པའི་ཆོས་ཀྱི་སྐུ་བས་ན། ཕུང་པོ་མེད་པ་ཆོས་ཀྱིས། །ཞེས་བྱའོ། །ཆོས་ཀྱི་སྐུ་དེ་ལྟ་བུ་དེ་ནི་རྡོ་རྗེའི་རང་བཞིན་ལས་བྱུང་བའམ། རྣམ་གཅིག་ཆོས་ཀྱི་སྐུ་རྡོ་རྗེ་དང་འདྲ་བ་ལས་བྱུང་བས་ན། རྡོ་རྗེ་
བདག་ཉིད་ལས་བྱུང་བ། །ཞེས་བྱའོ། །མ་སྐྱེས་པའི་ངོ་བོ་ཟླ་བའི་སྟེང་ན་གནས་པའི་རྡོ་རྗེ་དེ་ནི་རྡོ་རྗེའི་སྐུ་སྟེ་དེའི་སྟེང་དུ་གཞན་གཞག་ཏུ་མེད་པས། རྡོ་རྗེའི་སྐུ་ནི་བླ་མེད་པའོ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཞེས་པ་ནི། དེ་དག་མཐར་ཐུག་གི་བར་དུ་རྣམ་པ་མང་པོ་དག་རྒྱས་པར་གསུངས་སོ་ཞེས་བྱ་
བའི་ཐ་ཚིག་གོ། །དེ་ལྟར་བསྟན་པའི་ལྔ་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་པ་འདི་ཡང་། སློབ་དཔོན་ཁ་ཅིག་ན་རེ་དང་པོར་རང་གི་སེམས་བརྟགས་པས་བདག་མེད་པ་རྣམ་པ་གཉིས་ཀྱི་དོན་རྟོགས་པ་ནི་སྟོང་པ་ཆེན་པོའི་ཡེ་ཤེས་སོ། །གཉིས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཟླ་བའི་དཀྱིལ་འཁོར་དུ་སྣང་བ་
ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གསུམ་པ་ཟླ་བ་ལ་ཐུགས་མཚན་རྡོ་རྗེ་གཞག་པ་ནི་ཆོས་ཀྱི་སྐུའི་ངོ་བོ་སྟེ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །བཞི་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དབྱིངས་ཇི་སྙེད་པའི་བྱིན་རླབས་ཀྱིས་བརྟན་ཞིང་མི་གཡོ་བར་བྱས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ལྔ་པ་སྐུ་
ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའི་མཚན་ཉིད་དུ་གནས་པར་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ་ཞེས་ཟེར་ན། སྔར་སྐུ་གསུམ་དང་ཡེ་ཤེས་ལྔ་ཐོབ་བཞིན་པ་ལས་ཕྱིས་སྔགས་ཀྱི་ཆེ་བའི་བདག་ཉིད་དེའི་སྒོ་ནས་སངས་རྒྱས་པར་བྱ་བའི་ཐབས་བསྟན་པའི་ཕྱིར་མངོན་པར་བྱང་ཆུབ་པའི་རིམ་པས་སེམས་ཀྱི་བདག་ཉིད་གོང་
ནས་གོང་དུ་རྟས་པར་བྱེད་པའི་བསམ་གཏན་གྱི་སྐུ་ཕྱག་རྒྱ་ཆེན་པོ་རྫོགས་པར་བསྟན་ཏེ་དེ་ལྟར་སྣང་བཞིན་དུ་སེམས་རྟོགས་པའི་རིམ་པ་ལྔ་དང་། ཡེ་ཤེས་ལྔར་སྦྱར་བ་དེ་ཡང་དེ་ལྟར་ནི་ཡིན་མོད་ཀྱི། འོན་ཀྱང་རྩ་བའི་རྒྱུད་ཆེན་པོ་དཔལ་དེ་ཉིད་འདུས་པ་ལས་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་ལྔ་མངོན་
པར་རྫོགས་པའི་རིམ་པས་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ནས་བྱིན་གྱིས་བརླབ་པར་གསོལ་ཞེས་ཞུས་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་གནས་རྣམ་པ་བཞིར་བཞུགས་པས་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པར་གྱུར་ཏོ། །

ཞེས་གླེང་བ་དང་སྦྱར་ན་སྐུ་ཕྱག་རྒྱ་ཆེན་པོ་རྫོགས་པའི་ཆོ་གའི་ཡན་ལག་ཚང་བར་གྱུར་པས་ཡེ་ཤེས་ལྔ་ཐོབ་པར་བརྟགས་ན་རུང་བར་མངོན་ནོ། །གཞན་དག་ན་རེ་གོང་གི་སྐབས་རྣམས་སུ་ཡེ་ཤེས་ལྔ་དང་ལྡན་ཞིང་རྫོགས་པར་གྱུར་པའི་ཚིག་ངེས་པ་གསུངས་བཞིན་དུ་ཕྱི་ནས་གདོད་ཐོབ་པར་བྱ་བ་
ཡང་འགལ་ལ་ལྔ་མངོན་པར་བྱང་ཆུབ་པའི་རིམ་པ་དང་། སྦྱར་བ་ཡང་རིགས་པ་མ་ཡིན་ནོ་ཞེ་ན། སྨྲས་པ། དེ་ལྟར་ཡང་སྔོན་དུ་ཡེ་ཤེས་ལྔ་དང་ལྡན་པར་བརྗོད་ཀྱིས་ཀྱང་སྐུ་ཡན་ལག་རྫོགས་པར་མ་གྱུར་པས་ཡེ་ཤེས་ལྔ་དང་ལྡན་པའི་སངས་རྒྱས་ཞེས་མི་བརྗོད་ལ་ཕྱིས་སྐུ་ཡོངས་སུ་རྫོགས་པར་གྱུར་ནས་གདོད་
ཡེ་ཤེས་ལྔ་དང་ལྡན་པའི་སངས་རྒྱས་ཞེས་བརྗོད་པས་ན། ཕྱིས་བསྟན་པར་རིགས་པར་མངོན་ཏེ། ཇི་ལྟར་དཔེར་ན་རྒྱལ་པོའི་སྲས་རྒྱལ་རིགས་སུ་སྐྱེས་པ་ཡིན་གྱིས་ཀྱང་། རྒྱལ་སྲིད་ཀྱི་དབང་མ་བསྐུར་གྱི་བར་དུ་རྒྱལ་ཆོས་ཀྱང་མི་མཛད་ན། རྒྱལ་པོ་ཞེས་བྱ་བའི་མིང་ཡང་མི་ཐོབ་སྟེ། དེ་དག་དང་ལྡན་ན་དེ་བཞིན་
དུ་འགྱུར་བ་བཞིན་ནོ། །གཞན་དག་ན་རེ། ལྔ་མངོན་པར་བྱང་ཆུབ་པའི་རིམ་པ་འདི་དག་ལས་དང་པོ་ནི་ཆོས་ཀྱི་སྐུ་ཐོབ་པར་བྱེད་པའི་རྒྱུའོ། །གཉིས་པ་ནི་བསོད་ནམས་ཀྱི་ཚོགས་སོ། །གསུམ་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བཞི་པ་ནི་ཆོས་ཀྱི་སྐུ་གནས་པའོ། །ལྔ་པ་ནི་དེ་ལས་གཟུགས་ཀྱི་སྐུར་བསྟན་ནས་འགྲོ་
བའི་དོན་ལ་འཇུག་པའོ་ཞེས་ཟེར་རོ། །དེ་ལ་སྨྲས་པ། དེ་ལྟར་བསྟན་པ་ཡང་འགལ་བ་མེད་མོད་ཀྱི། འོན་ཀྱང་རྒྱུ་བསོད་ནམས་ཀྱི་ཚོགས་ཉིད་འབྲས་བུ་ཡེ་ཤེས་ཀྱི་ཚོགས་སུ་གྱུར་པས་དེ་གཉིས་གཅིག་གི་ངོ་བོར་གཅིག་གནས་པས། དེ་གཉིས་ལས་བྱུང་བའི་འབྲས་བུའི་སྐུ་ཡང་དེ་བཞིན་ནོ་ཞེས་ཟེར་རོ། །
དེ་ལ་ལན་བཏབ་པ། དེ་ལྟར་ཡིན་གྱིས་ཀྱང་རྣམ་པར་དབྱེ་བ་བརྩམས་པ་ཡང་འགལ་བ་མེད་དོ། །བསོད་ནམས་ཀྱི་རྒྱུ་མཐུན་པ་གཟུགས་ཀྱི་སྐུ་ལ་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་མཐུན་པ་ནི། ཆོས་ཀྱི་སྐུ་སྟེ་ཇི་ལྟར་མདོ་སྡེ་ལས་ཟག་པ་དང་བཅས་པའི་དགེ་བའི་རྩ་བ་ལས་བྱུང་བ་ནི་གཟུགས་ཀྱི་སྐུ་ལ་ཟག་པ་མེད་པའི་དགེ་
བའི་རྩ་བ་ལས་བྱུང་བ་ནི་ཆོས་ཀྱི་སྐུའོ་ཞེས་བཤད་དོ། །དེ་བས་ན་འདི་ལྟར་བསྟན་པ་ཡང་འགལ་བ་མེད་པར་དགོངས་པའོ་ཞེས་ཟེར་རོ། །དེ་ལྟར་བསྟན་པའི་ལྔ་མངོན་པར་བྱང་ཆུབ་པའི་རིམ་པ་དེ་ཡང་ལམ་རྣམ་པ་གསུམ་དང་། ཡེ་ཤེས་རྣམ་པ་གསུམ་དང་སྦྱར་བར་བྱ་སྟེ། དང་པོར་རང་གི་སེམས་ཡང་

དག་པར་རིག་པས་སེམས་ཀྱི་ཆོས་ཉིད་རྟོགས་པ་དང་། གཉིས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཟླ་བའི་དཀྱིལ་འཁོར་དུ་སྣང་བ་གཉིས་ནི་རྒྱུའི་ཡེ་ཤེས་ཞེས་བྱ་སྟེ། མཐོང་བའི་ལམ་དང་བསྒོམ་པའི་ལམ་ཡོངས་སུ་རྫོགས་པ་ས་དང་པོ་ནས་ས་བཅུའི་མཐར་ཕྱིན་པར་གྱུར་པ་མན་ཆད་ཀྱི་ལམ་གྱི་རང་བཞིན་དུ་རིག་
པར་བྱའོ། །དེ་ལས་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེ་རྩེ་ལྔ་པར་གྱུར་པ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ནི་འབྲས་བུ་ཡེ་ཤེས་ཞེས་བྱ་སྟེ། ས་བཅུ་མཐར་ཕྱིན་པས་སངས་རྒྱས་ཀྱི་ས་ལ་རྣམ་པར་གྲོལ་བའི་ལྷུན་གྱིས་གྲུབ་པ་ཆོས་ཀྱི་སྐུ་དང་སྦྱར་རོ། །བརྟན་པར་བྱས་པ་དང་སངས་རྒྱས་ཀྱི་སྐུར་གྱུར་པ་གཉིས་ཀྱིས་ནི་
རྒྱུ་མཐུན་པའི་འབྲས་བུའི་ཡེ་ཤེས་ཞེས་བྱ་སྟེ། སྔོན་གྱི་སྨོན་ལམ་ཇི་ལྟར་བཏབ་པ་དེ་བཞིན་དུ་གྲུབ་པའི་མཐུ་བརྙེས་ཏེ། སྔོན་རྒྱུའི་གནས་སྐབས་སུ་ཇི་ལྟར་བསྒོམས་ཤིང་སྤྱད་པ་དེ་དང་མཐུན་པའི་འབྲས་བུའི་ཡོན་ཏན་གྱི་རྣམ་པ་མཆོག་ཐམས་ཅད་དང་ལྡན་པ་སངས་རྒྱས་ཀྱི་སྐུར་བདག་ཉིད་གྱུར་
པའོ། །དེ་ལྟར་ལྔ་མངོན་པར་བྱང་ཆུབ་པའི་རིམ་པས་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའི་ངོ་བོར་གནས་པ་དེ་ནི་སངས་རྒྱས་ཀྱི་གདུང་འཚོབ་ཅིང་དམ་པའི་ཆོས་ཀྱི་རྒྱལ་སྲིད་འཛིན་པར་བྱེད་པ་སྟེ། དཔེར་ན་རྒྱལ་རིགས་སུ་གྱུར་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་ཀྱིས་རྒྱལ་པོའི་གདུང་
འཚོབ་ཅིང་སྲིད་འཛིན་པ་དང་འདྲ་བར་ཤེས་པར་བྱའོ། །དེ་ལྟར་སྐུ་ཕྱག་རྒྱ་ཆེན་པོའི་བསམ་གཏན་མཐར་ཐུག་པ་དང་། དེ་ནི་བརྟན་ཞིང་མི་གཡོ་བ་དང་། མངའ་དབང་དམ་པ་དང་ལྡན་པ་དང་། བསམ་གཏན་རྣམ་པ་གཞན་དུ་མི་འགྱུར་བ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པར་བྱ་བའི་ཕྱིར་
རིགས་བཞིའི་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་བཏབ་ལ་རིགས་བཞི་པ་དེ་དག་གི་རྣམ་པར་ཐར་པའི་མཐུ་ལས་བྱུང་བའི་བྱིན་གྱི་རླབས་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པའི་ཆོ་ག་རྣམས་ཡོངས་སུ་རྫོགས་པར་བྱ་སྟེ། དེ་ལ་དང་པོར་དེ་བཞིན་གཤེགས་པའི་རིགས་
ཀྱི་རྣམ་པར་ཐར་པའི་མཐུ་ལས་བྱུང་བའི་བྱིན་གྱིས་བརླབ་པའི་ཆོ་འཕྲུལ་གསུངས་པ། དེ་ལྟར་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེ་ལྟར་ཞེས་བྱ་བ་ནི་གོང་མའི་དོན་ལ་བསྙེགས་པའི་ཚིག་སྟེ། གོང་དུ་ལྔ་མངོན་པར་བྱང་ཆུབ་པའི་རིམ་

པས་དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ཤིན་ཏུ་གསལ་བར་བསྒོམས་ནས་དེ་བསམ་གཏན་དེའི་ཡན་ལག་རྣམས་རྫོགས་པར་བྱ་བའི་ཕྱིར། དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པ་བསྟན་ཏེ། སྙིང་པོ་འདིས་དམ་ཚིག་སེམས་དཔའ་ཞེས་པ་ནི།
སེམས་དཔའ་ལ་ཡང་རྣམ་པ་གསུམ་སྟེ། ཕ་རོལ་ཏུ་ཕྱིན་པའི་སེམས་དཔའ་དང་། ཡེ་ཤེས་ཀྱི་སེམས་དཔའ་དང་། དམ་ཚིག་གི་སེམས་དཔའ་གསུམ་ལས་འདིར་ནི་དམ་ཚིག་གི་སེམས་དཔའ་བྱིན་གྱིས་བརླབ་པ་སྟེ། སྙིང་པོ་འདི་བརྗོད་པས་དམ་ཚིག་སེམས་དཔའ་ཆེན་པོ་གང་ཡིན་པ་དེ་ནི་བདག་གོ་ཞེས་ང་
རྒྱལ་བསྐྱེད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡ་སཏྭ་སྟྭཾ། ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སེམས་དཔའ་ཆེན་པོ་དག་གོ་ཞེས་པའི་དོན་ཏོ། །དེ་ནས་བདག་དང་མི་གཉིས་པའི་སངས་རྒྱས་ཀྱི་སྐུ་དེ་ལ་ཞེས་པ་ནི་བདག་དང་རང་བཞིན་ཐ་མི་དད་པར་བརྟག་པའི་བསམ་གཏན་
གྱིས་བསྐྱེད་པའི་སྐུ་ཕྱག་རྒྱ་ཆེན་པོ་ལ་དེ་ལ་བྱང་ཆུབ་ཆེན་པོར་མོས་པར་བྱ་སྟེ་ཞེས་པ་ནི། སངས་རྒྱས་ཀྱི་དམ་ཚིག་སེམས་དཔའ་ལ་ནི་བྱང་ཆུབ་ཆེན་པོ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ས་ལ་གནས་པར་མོས་པར་བྱ་སྟེ། ཇི་སྐད་དུ། རྒྱུད་ལས་ཀྱང་དེའི་གཏན་ཚིགས་གསུངས་པ། རྡོ་རྗེ་སེམས་དཔའི་ཏིང་
འཛིན་གནས། །ཞེས་པ་ནི། དང་པོར་བདག་གི་སེམས་བརྟག་པའི་རིམ་པས་བདག་མེད་པའི་བསམ་གཏན་ལ་མོས་པར་བྱ་བ་དང་། ཟླ་བའི་དཀྱིལ་འཁོར་དུ་མཐོང་བར་མོས་པ་བསྐྱེད་པ་དང་། ཟླ་བ་ལ་རྡོ་རྗེ་གནས་པར་བརྟག་པའོ། །སངས་རྒྱས་རྗེས་སུ་དྲན་དེ་བཞིན། །ཞེས་པ་ནི། དེ་ལྟར་
སེམས་བརྟག་པའི་རིམ་པ་མངོན་དུ་བྱས་ན། ཟླ་བ་དང་རྡོ་རྗེ་ལས་དེ་བཞིན་གཤེགས་པའི་སྐུར་གྱུར་པར་མོས་པ་བསྐྱེད་པ་ལ་ནི། དེ་སྐད་བརྗོད་དོ། །བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི། །ཞེས་པ་ནི་དེ་ལྟར་སངས་རྒྱས་རྗེས་སུ་དྲན་པ་དེ་ཉིད་ལ་ནི་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཞེས་བྱའོ། །དེ་ནས་འོག་ནས་
འབྱུང་བའི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་ལ་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་མཚན་མ་མི་མཐུན་པ་རི་སྣང་བ་ལས་སྐུ་གཅིག་གི་ངོ་བོར་གྱུར་པ་བསྟན་པའི་ཕྱིར་སྒོ་གསུམ་གཅིག་ཏུ་བསྡུས་པར་བསྟན་པ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་འདི་བཅིངས་པས་ལུས་ངག་ཡིད་གསུམ་དོན་དམ་པར་གཅིག་ཏུ་མོས་པར་བྱའོ། །དེ་

ལྟར་བྱས་ནས་ཡང་དེའི་རྟིང་ཐོགས་སུ་འདི་ལྟར་བྱ་སྟེ། དེ་ནས་རྡོ་རྗེ་དབྱིངས་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་ཞེས་པ་ནི། ལྷ་རེ་རེ་ལ་ཕྱག་རྒྱ་བཞི་བཞི་དང་ལྡན་པ་ལས་འདིར་རྡོ་རྗེ་དབྱིངས་ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་གང་ཞེ་ན། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་འོག་ནས་འབྱུང་བའོ། །དེ་ལས་གཞན་པའི་དེ་
བཞིན་གཤེགས་པ་རྣམས་ཞེས་པ་ནི། བཅོམ་ལྡན་འདས་དེ་ལས་མཚན་ཉིད་གཞན་དུ་གྱུར་པ་སྟེ། མི་འཁྲུགས་པ་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་པོ་རྣམས་སོ། །རྡོ་རྗེ་སེམས་མ་གཉིས་པོ་ལ་སོགས་པ་ཞེས་པ་ནི་སེམས་མ་ལྷག་མ་རྣམས་ཏེ། སོགས་ཀྱིས་ནི་གཉིས་པའི་ཟླས་དྲངས་པའི་
གསུམ་པ་དང་། བཞི་པ་དག་བསྡུ་བར་བྱ་སྟེ། ཕྱག་རྒྱ་དེ་དག་བཅིངས་ལ། དམ་ཚིག་གི་ཕྱག་རྒྱ་སེམས་དཔར་ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱ་དམ་ཚིག་གི་སེམས་དཔར་བྱིན་གྱིས་བརླབས་པ་དམ་ཚིག་གི་ཕྱག་རྒྱའི་སེམས་དཔའ་སྟེ། ཡིད་ཁོ་ན་ཡིན་ནོ་བར་ངེས་པར་བྱེད་པའི་སྙིང་པོ་འདིས་བདག་གི་དམ་ཚིག་གི་
སེམས་དཔའ་ཡིན་ནོ་བར་བསྒོམ་མོ། །ཨོཾ་ས་མ་ཡ་ཧཾ་ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱའི་སེམས་དཔར་བྱིན་གྱིས་རློབ་པའི་སྙིང་པོའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་རང་གི་སྙིང་གའི་ཕྱོགས་སུ་གཞག་ཅེས་པ་ནི། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དེ་ཉིད་དམ་ཚིག་སེམས་དཔའ་བདག་གི་སྙིང་གར་གཏད་
པའོ། །དེ་བཞིན་གཤེགས་པ་དམ་ཚིག་གི་སེམས་དཔའི་ཞེས་པ་ནི། གོང་དུ་དེ་བཞིན་གཤེགས་པའི་དམ་ཚིག་གི་སེམས་དཔར་བསྒོམ་པར་བྱའོ་ཞེས་སྨྲས་པས་འདིར་ཡང་དེ་དང་མཐུན་པར་སྟོན་པས་འདི་ལྟར་བརྗོད་དེ། དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པའི་སྙིང་པོ་ནི་འདི་ཁོ་ན་སྟེ།
ཨོཾ་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་མཾ་ཞེས་པ་ཡང་དོན་གོང་དུ་བཤད་པ་དེ་བཞིན་དུ་ཤེས་པར་བྱའོ། །འདི་བསྐྱེད་པར་བྱ་བའི་སྙིང་པོ་ཞེས་པ་ནི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བསྟན་པ་འདི་བསྐྱེད་པའམ་བརྟན་པར་བྱེད་པ་ནི་སྔགས་འདིའོ། །ཁ་ཅིག་ན་རེ་ཕྱག་རྒྱ་དེ་ལེགས་པར་བཅིངས་པས་ཡང་དག་པར་གནས་པར་
འགྱུར་བའི་སྔགས་འདིའོ་ཞེས་ཟེར་རོ། །ཨོཾ་ས་མ་ཡ་སྟྭཾ་ཞེས་པ་དམ་ཚིག་ནི་ཁྱོད་དོ་ཞེས་པའི་དོན་ཏོ། །དེ་ལྟར་བྱ་བའི་གཏན་ཚིགས་ཀྱང་རྒྱུད་ལས་འདི་སྐད་དུ་གསུངས་ཏེ། ས་མ་ཡ་སྟྭཾ་ཞེས་སྨྲས་ན། ཞེས་པ་ནི་སྔགས་འདི་དེ་སྐད་དུ་བརྗོད་པའོ། །ཕྱག་རྒྱའི་རིགས་ནི་ཀུན་ལ་ཡང་། །ཞེས་པ་ནི་ཕྱག་རྒྱ་མ་

ལུས་པ་སྟེ། རིགས་བཞིའམ། གང་ཡང་རུང་བའི་རིགས་བསྒོམ་པའི་ཕྱག་རྒྱ་ཀུན་ལ་འདིས་བསྐུལ་བ་སྟེ། གནད་ལ་འབབ་པར་བྱེད་པའོ། །དེ་བས་ན། དེ་ཉིད་བསྐུལ་བས་བདག་ཆེན་རྣམས། །ཞེས་པ་ནི། སྔགས་དེ་བརྗོད་པས་རིགས་དེའི་དེ་ཁོ་ནའི་རང་བཞིན་བསྐུལ་བས་
གནད་ལ་འབབ་པར་འགྱུར་ཏེ། ལྷ་བདག་ཉིད་ཆེན་པོ་རྣམས་དམ་ཚིག་ལས་འགལ་བར་མི་མཛད་དེ། ལྷའི་སྐུར་གནས་པའི་ངོ་བོ་སྟོན་པར་མཛད་པས་ན། ཉིད་ཀྱིས་བསྡམས་ནས་བསྟན་པར་འགྱུར། །ཞེས་ཏེ་ཉིད་དང་དམ་ཚིག་ལ་གནས་ནས་སྔོན་གྱི་དམ་ཚིག་བཅས་པའི་སྨོན་ལམ་བསྟན་པར་བྱེད་ཅེས་
པའི་ཐ་ཚིག་གོ། །བཛྲ་ཧཱུཾ་ཞེས་པ་ནི་ཇི་ལྟར་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་དབྱིངས་ཉིད་སྐུ་འགྱུར་བ་བསྟན་པའི་ཕྱིར། བྱིན་གྱིས་བརླབ་པའི་སྔགས་གསུངས་པའི་སྣ་ལ་སྨོས་པ་དེ་བརྗོད་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཞེས་པ་ནི། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་
ཆེན་པོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་གནས་གྱུར་པའི་མཚན་མ་དེ་བཅིང་བར་བྱའོ། །དེ་ཡང་གང་ཞེ་ན། རྩ་བའི་རྒྱུད་ཆེན་པོ་དེ་ཁོ་ན་ཉིད་བསྡུས་པ་ཉིད་ལས་གསུངས་ཏེ། རྡོ་རྗེ་ཐལ་མོ་ལས་བྱུང་བ། །ཞེས་པ་ནི། སྔར་རྡོ་རྗེ་ཐལ་མོ་ལས་ཕྱག་རྒྱ་ཐམས་ཅད་འབྱུང་བར་བསྟན་པ་དེའོ། །གསང་བ་ཆེན་
མོར་རབ་ཏུ་གྲགས། །ཞེས་པ་ནི། རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་ཆེན་པོར་སྣང་བ་སྦས་ནས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་མཚན་མར་བསྟན་པ་ལ་ནི་གསང་བ་ཆེན་མོ་ཞེས་བྱ་བར་གྲགས་སོ། །དེ་ཁོ་ན་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་མདོར་བསྡུས་པའི་ངོ་བོ་ཡིན་པས་ན། ཕྱག་རྒྱ་ཆེན་པོ་
མདོར་བསྡུས་ཏེ་ཞེས་བྱའོ། །དེ་བཅིང་བའི་ཐབས་ནི་འདི་ལྟར་ཤེས་པར་བྱ་སྟེ། མཐེ་བོ་གཉིས་ནི་སྐྱིལ་མོ་ཀྲུང་། །ཞེས་པ་ནི་རྡོ་རྗེ་ཐལ་མོ་ལས་སོར་མོ་རྣམས་རྒྱབ་ཏུ་ཕན་ཚུན་བསྣོལ་ཏེ་བསྡམས་ལ་མཐེ་བོང་གཉིས་ཀྱང་བསྣོལ་ཏེ་སྐྱིལ་མོ་ཀྲུང་བཅས་པ་འདྲ་བར་བྱས་པའོ། །གུང་མོའི་རྩེ་མོ་བསྙམས་པ་
སྟེ། །ཞེས་པ་ནི། གུང་མོ་གཉིས་རྩེ་སྤྲད་དེ་བསྒྲེང་བའོ། །མཛུབ་མོ་དག་ནི་རྩེ་མོ་དགུག །ཅེས་པ་ནི། མཛུབ་མོ་གཉིས་རྩེ་སྤྲད་དེ་ཟླུམ་པོར་དགུག་པ་གུང་མོའི་ངོས་ལ་བཅར་བའོ། །དེ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་འོ། །སྔགས་འདི་ཡང་དེ་དང་སྦྱར་ལ་བརྗོད་པར་བྱ་སྟེ། དེ་ལྟར་ཡང་རྩ་བའི་རྒྱུད་ལས་

གསུངས་པ། རྡོ་རྗེ་དབྱིངས་ཕྱུག་ཕྱག་རྒྱ་ནི། །རབ་མཉམ་གཞག་པས་བཅིངས་ནས་ཀྱང་། །སྙིང་ག་མཛོད་སྤུ་མགྲིན་སྤྱི་བོར། །བཞག་ན་སངས་རྒྱས་བྱིན་གྱིས་རློབ། །ཅེས་བྱའོ། །བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པ་དང་བཞིས་ཕྱག་རྒྱ་ཆེན་པོའི་ཡན་
ལག་ཡོངས་སུ་རྫོགས་པར་འགྱུར་བ་ལས་དེ་ཡན་ཆད་བྱིན་གྱིས་བརླབ་པ་བཤད་ཟིན་ཏོ། །ད་ནི་དབང་བསྐུར་བའི་དོན་གསུངས་ཏེ། དེ་ལྟར་དེ་བཞིན་གཤེགས་པའི་བདག་ཉིད་དུ་བྱིན་གྱིས་བརླབ་པ་དེ་ནི་ཐམས་ཅད་ལ་དབང་བསྐུར་བར་ནུས་པའི་མཐུ་ཡོད་པར་བྱ་བའི་ཕྱིར་དབང་བསྐུར་དགོས་ཏེ། དེ་ནས་བདག་
ཉིད་དེ་བཞིན་གཤེགས་པར་གྱུར་པ་ཞེས་པ་ནི་གོང་དུ་གསུངས་པའི་བྱིན་གྱིས་བརླབ་པའི་རིམ་པ་དེས་བྱིན་གྱིས་བརླབས་པས་བདག་ཉིད་དེ་བཞིན་གཤེགས་པ་གང་ལ་མོས་པ་བསྐྱེད་པ་དེའི་སྐུར་གྱུར་པ་དེ་གདན་སེང་གེའི་ཁྲི་ལ་བཞུགས་པར་བརྟག་གོ། །སེང་གེའི་གདན་ཁྲི་ལ་བཞུགས་ཤིང་། །ཞེས་པ་ནི། འཇིགས་
པ་མི་མངའ་བ་བརྙེས་པའི་རྟགས་སུ་ཡང་བསྟན་ལ་གང་དག་ཐོས་པ་མང་པོས་ཁམས་རྒྱས་པར་འདོད་པ་དག་འདི་ལྟ་བུའི་ཚུལ་འཛིན་པར་བྱེད་པ་ཡིན་ནོ་ཞེས་ཀྱང་གླེང་ངོ་། །འོག་ནས་འབྱུང་བའི་མཆོད་པའི་ཞེས་པ་འོག་ནས་མཆོད་པ་བཤད་པའི་སྐབས་ནས་འབྱུང་བའི་རིན་པོ་ཆེའི་གཞལ་མེད་ཁང་ཀ་བ་བརྒྱད་དང་
ལྡན་པ་རྟ་བབས་ཀྱིས་མཛེས་པར་བྱས་པ་ལ་སོགས་པའི་ཡོན་ཏན་རྣམ་པ་མང་པོ་དང་ལྡན་པ། རྒྱན་ཐ་དད་པ་དག་གིས་བརྒྱན་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་བསྔགས་པའི་ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོ་དུ་མ་འདུས་པ་གཞན་དང་ཐུན་མོང་དུ་གྱུར་པ་མ་ཡིན་པ་བཟང་པོ་ཁྱད་པར་ཅན་དུ་མོས་པར་བྱས་ལ་
ས་མ་ཡ་སྟྭཾ་ཞེས་བརྗོད་དེ་རྡོ་རྗེ་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱ་འོག་ནས་འབྱུང་བ་རང་གི་སྤྱི་བོར་བཞག་ལ་དེའི་སྙིང་པོ་ཨོཾ་བཛྲ་རཏྣ་ཞེས་པ་བརྗོད་ལ་ཇི་ལྟར་རིན་པོ་ཆེའི་ཅོད་པན་གྱིས་འཇིག་རྟེན་པའི་རྒྱལ་པོ་དབང་བསྐུར་བ་དེ་བཞིན་དུ་རིན་པོ་ཆེའི་མྱུ་གུའི་ཕྱག་རྒྱ་འདིས། རིན་པོ་ཆེའི་མྱུ་གུའི་དབང་བསྐུར་བར་མོས་པར་
བྱའོ། །དེ་ལྟར་དབང་བསྐུར་བ་ཡང་རྩ་བའི་རྒྱུད་ཆེན་པོ་དེ་ཁོ་ན་ཉིད་བསྡུས་པ་ལས་འདི་སྐད་དུ་གསུངས་ཏེ། རྡོ་རྗེ་རིན་ཆེན་དཔྲལ་བ་རུ། །ཞེས་པ་ནི། རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་བཅིངས་ལ་དཔྲལ་བར་བཞག་པའོ། །རབ་ཏུ་གནས་པར་བསམས་ནས་ནི། །ཞེས་པ་ནི། དཔྲལ་བའི་གནས་དེ་ནི་བརྟན་པར་གནས་པར་

བརྟག་པའོ། །རྡོ་རྗེ་རིན་ཆེན་ཞེས་བྱས་ནས། །ཞེས་པ་ནི་བཛྲ་རཏྣ་ཞེས་བརྗོད་པར་བྱའོ། །རྒྱལ་བ་རྣམས་ཀྱིས་དབང་བསྐུར་འགྱུར། །ཞེས་པ་ནི་ཕྱོགས་བཅུ་དང་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བའི་གནས་དེ་ལ་དགོངས་པར་འགྱུར་བའི་ཐ་ཚིག་གོ། །དེ་ལ་དཔྲལ་བ་ཞེས་སྨོས་པ་ནི་དབང་བསྐུར་
པའི་གནས་སོ། །དབང་བསྐུར་བའི་གནས་ནི་རྣམ་པ་གཉིས་ཏེ། སེམས་དཔའ་ཆེན་པོ་རྣམས་ལ་ནི་སངས་རྒྱས་ལྔས་དབུ་བརྒྱན་ཅིང་དཔྲལ་བར་རིན་པོ་ཆེའི་དབང་སྐུར་བའོ། །དེ་བཞིན་གཤེགས་པའི་བསམ་གཏན་ལ་གནས་པའི་རྣལ་འབྱོར་པ་ལ་ནི་སྤྱི་བོར་ནི་རིན་པོ་ཆེས་དབང་བསྐུར་བྱའོ། །ཅིའི་ཕྱིར་འདི་ལྟར་
བྱེ་བྲག་ཏུ་སྟོན་ཞེ་ན། སེམས་དཔའ་ཆེན་པོ་རྣམས་ནི་ད་དུང་དུ་ཤེས་བྱ་མ་རྫོགས་པའི་ཚུལ་འཛིན་པས་དེ་དག་ཡེ་ཤེས་མཐར་ཕྱིན་ཅིང་ཤེས་བྱ་རྫོགས་པར་བྱ་བའི་ཕྱིར་འགྲོ་བའི་དོན་ལ་མངའ་བརྙེས་པ་འགྲུབ་པའི་དོན་དུའོ། །དེ་བཞིན་གཤེགས་པ་རྣམས་ནི་ཤེས་བྱ་མཐར་ཕྱིན་ཅིང་ཡེ་ཤེས་རྫོགས་པ་དང་ལྡན་
པས་འགྲོ་བ་སྨིན་པར་མཛད་པ་ལས་དགོངས་པ་གཞན་མི་མངའ་བའི་ཕྱིར་རོ། །དེ་ལྟར་དབང་བསྐུར་བའི་ཕྱག་རྒྱ་ནི། རྡོ་རྗེ་བཅིངས་པ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ལག་པ་གཉིས་སོར་མོ་རྡོ་རྗེ་བཅིངས་པ་བསྡམས་པ་ལས་མཐེ་བོང་གཉིས་བསྙམས་ཏེ། གཤིབས་ལ་རྩེ་མོ་ཅན་དུ་བྱས་ལ་
མཐེ་བོ་རྩེ་མོ་ཐད་ཀ་དེའི་སྟེང་ཙམ་དུ་མཛུབ་མོ་གཉིས་ཕན་ཚུན་རྩེ་སྤྲད་དེ། ཅུང་ཟད་ཚིགས་ཀྱི་དང་པོར་བཅག་ནས་རིན་པོ་ཆེའི་རྩེ་མོ་འདྲ་བར་བྱས་པ་ནི། རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱའོ། །དེའི་སྙིང་པོ་འདིའོ། །ཨོཾ་བཛྲ་རཏྣ་ཞེས་པ་ནི་རིན་པོ་ཆེའི་རིགས་ཀྱིས་དབང་བསྐུར་བར་མཛོད་ཅེས་པ་སྟེ། འདི་ནི་དབང་
བསྐུར་བའོ། །དབང་བསྐུར་བ་བཤད་ཟིན་ཏོ།། །།ད་ནི་ཏིང་ངེ་འཛིན་གྱི་དོན་གསུངས་ཏེ། དེ་ལྟར་དབང་བསྐུར་ཅིང་ཐམས་ཅད་ལ་མངའ་བརྙེས་པར་གྱུར་པ་དེ་ནི། བསམ་གཏན་མེད་པའི་སེམས་འཕྱན་པ་མ་ཡིན་གྱི། ཡང་དག་པའི་ཏིང་ངེ་འཛིན་གྱི་དོན་ངེས་པར་གཏན་ལ་འབེབས་པའི་བསམ་
གཏན་ལ་གནས་པར་བྱ་དགོངས་པའི་ཕྱིར་ན་ཏིང་ངེ་འཛིན་བསྟན་ཏོ། །ཏིང་ངེ་འཛིན་གྱི་བསམ་གཏན་དེ་ཡང་ཇི་ལྟ་བུ་ཞེ་ན། དེ་ནས་ཆོས་ཀྱི་ཕྱག་རྒྱ་རབ་ཏུ་འགྲུབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྕེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དམིགས་པའི་དབུས་སུ་ཐུགས་ཀྱི་མཚན་མ་རྡོ་རྗེ་རྩེ་ལྔ་པ་ནས་འབྲུའི་

ཚད་ཙམ་བསམས་ལ། རྡོ་རྗེ་དེའི་བུམ་པའི་དབུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱའི་སྔགས་བཛྲ་ཛྙཱ་ན་ཞེས་བྱ་བ་ཤིན་ཏུ་ཆུང་བ་གཟུགས་བརྙན་ལྟ་བུར་བསམ་པར་བྱའོ། །ཁ་ཅིག་ན་རེ་རྡོ་རྗེ་འགྲེང་བུར་བསམས་པའི་རྩེ་མོ་ལ་ཆོས་ཀྱི་ཕྱག་རྒྱའི་སྔགས་གནས་པར་བསམ་མོ་ཞེས་
ཀྱང་ཟེར་ན། འདིར་ནི་རྡོ་རྗེ་མཆུ་རིངས་སུ་བསམས་པའི་བུམ་པ་ལ་ཆོས་ཀྱི་ཕྱག་རྒྱའི་སྔགས་གནས་པར་འདོད་དོ། །ལས་ཀྱི་ཕྱག་རྒྱ་རྫོགས་པར་བྱེད་པ་ཡང་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ལ་སོགས་པ་ནི་ལས་ཀྱི་ཕྱག་རྒྱའི་
མཚན་ཉིད་དེ་བརྗོད་པ་སྟེ། དེ་དག་བསྐྱེད་པ་དང་རྫོགས་པ་དང་། འབྱུང་བར་བྱེད་པ་ཡང་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་སྣ་ཚོགས་རྡོ་རྗེ་སྟེ་རྒྱ་གྲམ་ལྗང་གུར་བསམས་ལ། དེ་བཞིན་གཤེགས་པ་རྣམས་ཕྲིན་ལས་གང་དང་གང་མཛད་པའི་ཕྱག་རྒྱ་འོག་ནས་འབྱུང་བའི་མཚན་ཉིད་བྱང་
ཆུབ་མཆོག་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེ་བཞིན་གཤེགས་པ་གང་ཡང་རུང་བའི་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔ་པོ་རང་བརྗོད་པ་དག་ལས་གང་ལ་མོས་པར་བྱས་པའི་བསམ་གཏན་ལ་གནས་པ་དེའི་སྐུར་མོས་པར་བྱས་ལ། དེ་དང་བདག་ཏུ་མི་གཉིས་པར་གྱུར་པར་
བརྟགས་པ་དེ་ལེགས་པར་ཤིན་ཏུ་ཡུན་རིང་དུ་མངོན་པར་ཞེན་པར་སེམས་རྩེ་གཅིག་ཏུ་བསམ་མོ། །ཡུན་རིང་དུ་ཞེས་པ་ནི། ཡང་ཡུད་ཙམ་གྱིས་མི་འགྲུབ་པར་གསུངས་པས་ན་ཡུན་ཐུང་བ་དགག་པའོ། །མངོན་པར་ཞེན་པ་ཞེས་པ་ནི་རས་དྲི་མ་མེད་པ་ལ་ཚོན་འཛིན་སླ་བ་བཞིན་དུ་ཡུན་རིང་དུ་གནས་པའི་བསམ་
གཏན་ལ་དེའི་བག་ཆགས་འཛིན་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་རྩ་བའི་རྒྱུད་ཆེན་པོ་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས་འདི་སྐད་དུ་གསུངས་ཏེ། ཏིང་ངེ་འཛིན་བཤད་པའི་སྐབས་ཏེ་རྒྱུད་ཕྱི་མ་ལས་སོ། །རྒྱལ་བ་ཀུན་གྱི་རྣམ་པ་ཡིས། །ཞེས་པ་ནི། འདི་ཡང་གོང་མའི་ཚིག་ལ་བསྙེགས་པ་སྟེ། སེམས་
རྟོགས་པར་བྱ་བ་ལ་སོགས་པའི་རིམ་གྱིས་ཚོགས་རྣམ་པ་གཉིས་རྫོགས་པར་བྱས་ནས། སངས་རྒྱས་ཀྱིས་ཕྱག་རྒྱ་ཆེན་པོར་སྐུའི་ཆ་ལུགས་དང་ཁ་དོག་ཅི་འདྲ་བ་བཞིན་དུ་བདག་ཉིད་གནས་པར་བསྒྲུབ་སྟེ། རྡོ་རྗེ་ཉི་མའི་བར་ལ་ཐུག་གི་བར་དུ་བྱིན་གྱིས་བརླབ་པ་ལ་ནི། རྒྱལ་བ་ཀུན་གྱི་རྣམ་པ་ཞེས་བྱའོ། །ཕྱག་རྒྱ་

མཉམ་གཞག་བཅིངས་ནས་ནི། །ཞེས་པ་ནི། ཕྱག་རྒྱ་རྣམ་པ་བཞི་དང་ལྡན་པར་བྱ་བ་ལ་ནི་མཉམ་གཞག་ཅེས་བྱ་སྟེ། བཅིངས་པ་དང་བསམས་པའི་རིམ་པས་དེའི་ངང་ལ་གནས་པར་བྱའོ། །རང་གི་སྔགས་དང་རིག་པ་བཟླས། །ཞེས་པ་ནི་བདག་ཉིད་ཀྱི་དཀྱིལ་འཁོར་ལས་གསུངས་
པའི་སྔགས་དང་རིག་པ་བཟླས་ནས་དེ་ལྟར་གནས་པར་བྱ་བ་སྟེ། དེས་ནི། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་དེ་འགྲུབ་པ་སྟེ། དངོས་གྲུབ་རྣམ་པ་གཉིས་དང་གསུམ་དུ་བགྲང་བའམ། ཚུལ་འདི་ཉིད་ཀྱི་སྦྱོར་བ་འགྲུབ་པར་བསྟན་པའོ། །ཏིང་ངེ་འཛིན་བཤད་ཟིན་ཏོ། །ད་ནི་མཆོད་པའི་དོན་གསུངས་ཏེ། དེ་
ལྟར་དབང་དང་ཏིང་ངེ་འཛིན་གྱི་བསམ་གཏན་རྩེ་གཅིག་པ་དང་ལྡན་པ་དེ་ནི་ཡིད་དུ་འོང་བའི་བདོག་པས་མཉེས་ཤིང་ཁམས་རྒྱས་པར་བྱ་བའི་འོས་ཡིན་པས་ཕྱི་ནང་གི་མཆོད་པས་མཆོད་པར་བྱ་བ་བསྟན་ཏོ། །དེ་ལ་མཆོད་པ་ཡང་མཚན་ཉིད་ཇི་ལྟ་བུ་ཞིག་ཅེ་ན། དེ་ནས་གསང་བའི་མཆོད་པ་བརྗོད་ཅིང་ཞེས་བྱ་བ་ལ་
སོགས་པ་གསུངས་པ་སྟེ། དེ་ལ་གསང་བ་ཞེས་པ་ནི། བསྙེམས་པ་ཅན་གཞན་ཟིལ་གྱིས་མནན་པའི་ཐབས་སུ་གྱུར་པའི་རང་གི་ཡོན་ཏན་གྱི་ངོ་བོར་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ལས་བརྟན་པའི་འཁོར་ལྷ་མོའི་ཚུལ་འཛིན་པར་སྣང་བ་འདི་དག་བདག་ཉིད་ཀྱི་རྣམ་པར་ཐར་པ་དང་། རྫུ་འཕྲུལ་གྱི་སྟོབས་
ཀྱིས་དེ་ལྟར་འགྲུབ་པར་ཟད་ཀྱི་གཞན་རྣམས་ཀྱིས་དེ་ལྟར་ནུས་པ་དང་། རྟོགས་པར་བྱེད་པའི་ཤེས་པ་དང་མཐུ་མེད་དེ། ཀུན་དང་ཐུན་མོང་དུ་གྱུར་པ་མ་ཡིན་པས་ན་གསང་བ་ཞེས་བྱའོ། །དེ་ཡང་གང་ཞེ་ན། རྡོ་རྗེ་ལ་གསང་བ་ལ་སོགས་པ་གསང་བའི་མཆོད་པ་བཞིས་མཆོད་པར་བྱའོ་ཞེས་པ་སྟེ། རྡོ་རྗེ་
ལ་གསང་བ་ལ་སོགས་པའི་ལྷ་མོ་དེ་དག་གསང་བའི་དོན་དང་ལྡན་པས་དེ་དག་གི་རྒྱན་ཆ་ལུགས་གསལ་བར་དམིགས་ནས་དེའི་ཕྱག་རྒྱ་བཅིངས་ནས་མཆོད་པ་ནི་གསང་བའི་མཆོད་པ་བཞིས་མཆོད་པར་བྱའོ། །དེ་ལྟར་ཡང་རྩ་བའི་རྒྱུད་ལས་གསུངས་པ། གསང་བའི་མཆོད་པ་རྣམ་པ་བཞིས། །ཞེས་པ་
ནི། རྡོ་རྗེ་སྒེག་མོ་དང་ཕྲེང་བ་མ་དང་། དབྱངས་དང་གར་རོ། །མཆོད་པ་གསང་བ་མཆོད་ཅིང་བྱ། །ཞེས་པ་ནི། བཛྲ་སཏྭ་སཾ་གྲ་ཧ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་། དེ་དག་གི་གླུ་ཚིག །རྡོ་རྗེ་སེམས་དཔའ་བསྡུས་པ་ཉིད། །ཅེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བའོ། །ཡང་ན་བདག་འབུལ་ལ་སོགས་པའི། །

ཞེས་པ་འདིས་ནི་རྣམ་པ་བཅུ་དྲུག་གི་མཆོད་པ་གྱིས་ཤིག་ཅེས་ཟུར་གྱིས་སྟོན་པར་བྱེད་པའི་ཚིག་སྨོས་པ་སྟེ། བྱང་ཆུབ་སེམས་ཀྱི་མཆོད་པ་རྣམ་པ་བཞི་དང་ཕྱག་འཚལ་བའི་མཆོད་པ་རྣམ་པ་བཞིས་བདག་དབུལ་བར་བྱ་བ་དང་། ཆོས་ཀྱི་མཆོད་པ་རྣམ་པ་བཞི་དང་། གསང་བའི་མཆོད་པ་རྣམ་པ་བཞི་སྟེ་
བཅུ་དྲུག་གོ། །དེ་ལ་དང་པོར་ནི་གསང་བའི་མཆོད་པ་རྣམ་པ་བཞིས་མཆོད་པར་བྱའོ། །དེ་ནས་ཕྱི་མ་རྣམས་ནི་རིམ་བཞིན་དུ་སྟེ། དེ་ནས་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པ་བསྡུས་པའི་ལས་ཀྱི་དཀྱིལ་འཁོར་དུ་མཆོད་པ་རྣམ་པ་བཅུ་དྲུག་གསུངས་པ་ལས་ཤེས་པར་བྱའོ། །དེ་བས་ན་
མཆོད་པ་རྣམས་ནི་རབ་ཏུ་བྱ། །ཞེས་གསུངས་སོ། །དེ་ལ་ཆོ་འཕྲུལ་རྣམ་པ་བཞི་པོ་འདི་དག་ཀྱང་རིགས་བཞིའི་དེ་བཞིན་གཤེགས་པ་རྣམས་ཀྱི་མཐུ་ལས་བྱུང་བ་སྟེ། བྱིན་གྱི་བརླབས་པ་ནི་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམ་ཀྱིས་ཐུགས་ཀྱི་བདག་ཉིད་བདེ་བར་གཤེགས་པའི་སྲས་ཀྱི་གཙོ་
བོར་བྱིན་གྱིས་རློབ་པར་མཛད་པ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་མཚན་དང་ལྡན་པར་གྱུར་པ་ལྟ་བུའོ། །དབང་བསྐུར་བ་ནི་ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམ་པར་ཐར་པའི་སྒོས་དབང་བསྐུར་བ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བ་
ལྟ་བུ་སྟེ། ཆོས་ཐམས་ཅད་ལ་དབང་ཐོབ་པར་བྱ་བའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་བདག་ཉིད་དུ་བྱིན་གྱིས་རློབ་པར་མཛད་པའི་ཏིང་ངེ་འཛིན་དང་ལྡན་པར་མཛད་པ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆོས་དང་ལྡན་པ་ལྟ་བུ་སྟེ། སེམས་
གཡོ་བ་ལས་བཟློག་པའི་དོན་དང་ལྡན་པའོ། །མཆོད་པ་ནི་བྱང་ཕྱོགས་ཀྱི་སངས་རྒྱས་ཀྱི་ཕྲིན་ལས་ཀྱིས་མཉེས་པར་བྱ་བའི་ཐབས་སྦྱིན་པར་བྱ་བའི་མཐུ་སྟོབས་པ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་པོའི་ལོངས་སྤྱོད་ཀྱི་འཁོར་འདུ་ལོང་མང་པོ་དང་ལྡན་པ་ལྟ་བུ་སྟེ། ཆོས་ཀྱི་
ལོངས་སྤྱོད་ཆེན་པོ་དང་ལྡན་པར་འགྱུར་བའོ། །དེ་ལྟར་གསང་བའི་མཆོད་པ་ལ་སོགས་པ་འདིར་ཞིབ་ཏུ་མ་སྨོས་པ་ནི་ཕྱི་རོལ་གྱི་མཆོད་པའི་ཆོ་ག་ཞེས་རྒྱས་པར་འབྱུང་བ་འོག་གི་སྐབས་ལས་འབྱུང་བ་ལས་བཤད་པར་ཤེས་པར་བྱའོ། །དེ་ཡན་ཆད་དུ་དེ་བཞིན་གཤེགས་པའི་དམ་ཚིག་གི་སེམས་དཔའ་ཆེན་

པོར་བདག་ཉིད་བསྒྲུབ་པའི་རྣལ་འབྱོར་བཤད་ཟིན་ཏོ། །དེ་ལྟར་གོང་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་སེམས་དཔའ་ཆེན་པོར་བསྒྲུབ་པའི་རྣལ་འབྱོར་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་སེམས་དཔའ་ཆེན་པོ་རྣམ་པ་གཉིས་ཀྱི་ཕྱག་རྒྱ་ཡོངས་སུ་བསྒྲུབ་
པར་བྱའོ་ཞེས་འབྱུང་བ་ལས་དེ་བཞིན་གཤེགས་པའི་དམ་ཚིག་གི་སེམས་དཔའ་དང་བཅས་པར་བཤད་ནས། ད་ནི་དེའི་རིགས་སུ་གྱུར་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་འབྱོར་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་
སེམས་དཔའ་རྣམས་ཀྱི་གཙོ་བོ་ནི། རྡོ་རྗེ་སེམས་དཔའ་ཡིན་ལ་དེ་ཉིད་དེ་བཞིན་གཤེགས་པའི་རིགས་པས་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའོ། །དེ་གང་ཞིག་གིས་རྣལ་འབྱོར་གྱིས་རྟོགས་པར་བྱེད་པའི་ཐབས་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་
གི་སེམས་དཔའ་ཆེན་པོ་དང་། བསྒྲུབ་པར་བྱ་བ་དེ་འོག་ནས་འབྱུང་བ་འདི་ལྟར་བཤད་པར་བྱའོ། །དེ་ལ་རྡོ་རྗེ་སེམས་དཔའ་སྒྲུབ་པའི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་བཤད་པ་ནི་ཞེས་པ་ལ་རྡོ་རྗེ་སེམས་དཔའ་ནི་ཡེ་ཤེས་ཀྱི་སེམས་དཔའ་བཅུ་དྲུག་པོ་རྣམས་ཀྱི་དང་པོ་ཡང་ཡིན་ལ། བྱང་ཆུབ་སེམས་
ཀྱི་རང་བཞིན་པས་ཐམས་ཅད་འབྱུང་བའི་རྒྱུ་བྱེད་པ་ཡང་ཡིན་པ་དང་། རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་སྟོན་པ་ཕྱི་མར་གྱུར་པ་ཡང་ཡིན་པས་དེའི་བསྒྲུབ་པའི་མཚན་ཉིད་དང་པོར་བཤད་དོ། །གང་ཞེ་ན། བསྙེམས་ཚུལ་བཅས་པས་རྡོ་རྗེ་བསོར། །ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་ནི་
སྙེམས་ཚུལ་དང་བཅས་པའི་ཕྱག་རྒྱས་རྡོ་རྗེ་འཛིན་པ་སྟེ། དེའི་དོན་ནི་ལག་པ་གཡོན་པ་ཁུ་ཚུར་བཅས་པ་དཀུར་བརྟེན་ནས། ཕྱག་གཡས་ཀྱིས་རྡོ་རྗེ་བསོར་ཐབས་སུ་གྱེན་དུ་འཕང་བསྟོད་དེ། ཐུགས་ཀར་འཛིན་ཅིང་ལྡན་པ་གཡོན་དུ་འདུད་པའོ། །རྡོ་རྗེ་བསྙེམས་མའི་ཚུལ་བྱེད་ཅིང་། ཞེས་པ་ཡང་།
ཆ་ལུགས་དང་ཚུལ་དེ་ལྟ་བུ་དང་ལྡན་པ་དེ་ཁོ་ན་ལ་ལྡན་པར་ཤེས་པར་བྱའོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས། །ཞེས་པ་ནི། ཆ་ལུགས་དང་ཚུལ་དེ་དག་གིས་སེམས་རྟོགས་པ་ལ་སོགས་པའི་རིམ་པས་ལུས་ངག་ཡིད་གསུམ་རྡོ་རྗེ་དང་འདྲ་བའི་སྐུར་བསྒོམས་པའི་ཆ་ལུགས་དེ་ལྟ་བུ་དང་ལྡན་པར་གྱུར་པས་ན། རྡོ་རྗེ་

སེམས་དཔའ་ཉིད་དུ་འགྱུར། །ཞེས་བྱའོ། །སེམས་དཔའ་ཆེན་པོ་གཞན་རྣམས་ཀྱི་ཡང་གསུངས་པ། རྡོ་རྗེ་རྒྱལ་པོ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་དག་སྟེ། རྡོ་རྗེ་སེམས་དཔའ་ཇི་ལྟ་བ་དེ་བཞིན་དུ། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་དང་། རྡོ་རྗེ་ལེགས་པ་ལ་སོགས་པ་སེམས་དཔའ་ཆེན་པོ་བཅུ་དྲུག་
པོ་གཞན་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི་འདི་ལྟར་ཤེས་པར་བྱ་སྟེ། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས། །ཞེས་པ་ནི། སེམས་རྟོགས་པ་ལ་སོགས་པའི་སྔར་གསུངས་པའི་ཚུལ་གྱིས་ཇི་ལྟར་བྲིས་པའི་ཚུལ་བཞིན་དུ་ཞེས་ཏེ། སེམས་དཔའ་དེ་དག་སོ་སོའི་ཆ་ལུགས་གཞུང་དང་མཐུན་པ་བཞིན་དུ་ཇི་ལྟར་
བཟོ་བོ་མཁས་པས་གཟུགས་བྲིས་པའི་ཚུལ་ཇི་ལྟ་བ་བཞིན་དུ་མཚན་མའི་ཕྱག་རྒྱ་དང་ལྡན་པ་ཞེས་པ་ནི་སོ་སོའི་ཕྱག་མཚན་དང་ལྡན་པར་བསྒོམས་ན། སེམས་དཔའ་ཆེན་པོ་ཉིད་དུ་འགྱུར། །ཞེས་བྱ་སྟེ། སེམས་དཔའ་ཆེན་པོ་གང་ལ་མོས་པར་སྦྱོར་བ་བྱས་པ་དེ་བཞིན་དུ་བདག་འགྱུར་རོ་ཞེས་གསུངས་སོ། །འོ་ན་
དེ་ལྟར་སེམས་དཔའ་ཆེན་པོ་དེ་དག་གི་དམ་ཚིག་གི་རྣལ་འབྱོར་དུ་བསྒོམ་པའི་རིམ་པ་ཇི་ལྟར་བྱ་བ་ཡིན་ཞེ་ན། སྨྲས་པ། དེ་ལ་རེ་ཞིག་དང་པོར་རྣལ་འབྱོར་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི་སེམས་དཔའ་ཆེན་པོ་བཅུ་དྲུག་རྣམས་སྡུད་པར་བྱེད་པའོ། །
གང་ཡང་རུང་བ་ཞེས་པ་ནི་སེམས་དཔའ་དེ་དག་ལས་གང་ལ་མོས་པ་དེའི་དམ་ཚིག་གི་སེམས་དཔའ་ཆེན་པོའི་རྣལ་འབྱོར་མངོན་དུ་བྱ་བར་འདོད་པས་འདི་ལྟར་བྱའོ་ཞེས་བཤད་པ་སྟེ། སྔར་བཤད་པའི་རིམ་པ་ཉིད་ཀྱིས་ཞེས་པ་ནི། གོང་དུ་དེ་བཞིན་གཤེགས་པའི་དམ་ཚིག་གི་སེམས་དཔའ་ཆེན་པོ་སྒྲུབ་
པའི་སྐབས་ནས་བཤད་པའི་འོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་པས་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ་པ་དང་། ཨོཾ་བཛྲ་ཨཉྫ་ལི་ཞེས་བྱ་བ་རྡོ་རྗེ་ཐལ་མོ་སྦྱར་བ་དང་། ཨོཾ་བཛྲ་བནྡྷ་ཧཾ་ཞེས་རྡོ་རྗེ་བཅིང་བ་དང་། ཨོཾ་བཛྲ་བནྡྷ་ཏྲཊ། ཅེས་པས་བཅིངས་པ་བསྡམས་པ་དང་། དེ་དག་གི་ཕྱག་རྒྱའི་རིམ་པར་
བཅིང་བའོ། །རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དེའི་སྙིང་པོ་ཨོཾ་བཛྲ་ཨཱ་བེེ་ཤ་ཨཿཨཿཨཿཞེས་བྱ་བའི་སྙིང་པོས་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་བྱིན་གྱི་རླབས་དབབ་པའི་བདག་ཉིད་ལ་བྱའོ། །དེ་ལ་ཡེ་ཤེས་དབབ་པའི་རིམ་པ་ནི་འདིའོ་ཞེས་པ་དེ་ལྟར་གསུངས་ནས་བསམ་གཏན་མངོན་དུ་བྱ་

བའི་ཐབས་འོག་ནས་འབྱུང་བའི་རིམ་པ་འདི་དག་ལྟར་སྟོན་ཞེས་པའི་དོན་ཏོ། །རྒོལ་བ་པ་ན་རེ། དབབ་པ་ལ་སོགས་པའི་རིམ་པ་གོང་དུ་རྒྱས་པར་བསྟན་ཟིན་ན། ད་ཡང་འདིར་ཇི་ལྟར་བྱ་ཞེས་བསྡམས་ཏེ། བསྟན་པ་ཅི་དགོས་ཤེ་ན། དེ་ཡང་དེ་བཞིན་གཤེགས་པའི་དམ་ཚིག་གི་སེམས་
དཔའ་དང་། སེམས་དཔའ་ཆེན་པོ་རྣམས་ཀྱི་བསམ་གཏན་གྱི་རྣལ་འབྱོར་ལ་བྱེ་བྲག་ཏུ་དབྱེ་བར་བྱ་བའི་ཕྱིར་འདི་ལྟར་བསྟན་ཏོ། །དྲན་པ་དང་སྲོག་བསྡམས་པའི་སྒོ་ནས་ཞེས་པ་ནི། དྲན་པ་ནི་སེམས་པ། སྲོག་ནི་རླུང་སྟེ་དབུགས་སུ་འདོད་པས་དབུགས་ཀྱི་རླུང་གིས་སེམས་གཡེང་བར་བྱེད་པ་དེ་ཞི་བར་བྱ་བའི་
ཕྱིར་དྲན་པ་དང་སྲོག་བསྡམས་པ་ཞེས་བྱ་བ་གསུངས་ཏེ། དེའི་སྒོ་ནས། ཡིད་རང་གི་ལུས་ལ་དམིགས་པར་བྱ་སྟེ་ཞེས་པ་ནི་ཡིད་ཀྱི་ཕྱི་རོལ་དུ་འཇུག་པ་དགག་སྟེ་ནང་དུ་ཕྱོགས་པར་བྱ་བའི་ཕྱིར་བསྡུ་བ་ལ་ནི་ཡིད་རང་གི་ལུས་ལ་དམིགས་པར་བྱ་སྟེ། དེའི་ངང་ལ་ཅུང་ཟད་ཅིག་གནས་ནས། གང་ཟག་དང་ཆོས་ངོ་བོ་
ཉིད་མེད་པར་མོས་པའི་ཞེས་པ་ནི། ཡོད་པར་ལྟ་བ་རྣམ་པ་བཞི་ལས་བཟློག་པའི་ཕྱིར་ན། འདི་སྐད་བསྟན་ཏོ། །དེ་ཡང་སྔར་ཉན་པ་ལ་སོགས་པའི་སྒོ་ནས་ཤེས་རབ་ཀྱིས་དཔྱད་ཅིང་ཕུག་ནས། རང་བཞིན་མེད་པའི་དོན་མངོན་དུ་བྱས་ལ། ཆོས་ཐམས་ཅད་སྟོང་པ་ཉིད་དོ་སྙམ་དུ་ཏིང་ངེ་འཛིན་
གྱིས་རྟོགས་པ་ནི་རྣམ་པར་རྟོག་པ་མངོན་དུ་བྱས་ལ་ཞེས་བྱའོ། །དེ་ཡང་ཞི་གནས་ཀྱི་མཐུས་སྤངས་ཏེ་ཞེས་པ་དེ་ལྟར་དམིགས་པ་དེ་ཡང་བསམ་གཏན་ལ་འཇོག་པའི་དུས་སུ་འཕྲལ་དུ་ཤེས་རབ་ཀྱིས་འབིགས་པར་བྱ་བའི་རྟོག་པ་གཞུག་པ་མ་ཡིན་གྱི་སྔ་ནས་གནས་ལ་ཕེབས་པར་བྱས་ནས་བསམ་གཏན་ལ་
གནས་པའི་དུས་སུ་མི་དམིགས་པ་ཉིད་ཀྱི་ངང་དུ་སྨོས་པས་སྤང་བར་བྱས་ལ་ནམ་མཁའ་དང་དབྱེར་མེད་པར་ཤིན་ཏུ་བརྟན་པར་བྱའོ་ཞེས་སྟོན་ཏོ། །དེ་ལྟར་བྱ་བ་ཡང་རྒྱུད་ལས་གསུངས་ཏེ། རང་གི་དབང་པོ་བཤིག་ནས་སུ། །ཞེས་པ་ནི། མིག་ལ་སོགས་པའི་དབང་པོ་དག་ཤེས་རབ་ཀྱིས་བདག་མེད་
པར་གཞིག་པའོ། །རྡོ་རྗེ་བཅིངས་པ་འཛིན་པས་གཟུང་། །ཞེས་པ་ནི། དེ་ལྟར་ཤེས་རབ་ཀྱིས་དངོས་པོ་བཤིག་ནས་མི་རྟོག་པར་བྱ་བའི་བསམ་གཏན་ལ་གནས་པ་ནི་བཅིང་བ་ཞེས་བྱ་བར་བཤད་དེ། ཇི་ལྟར་དཔེར་ན། སོར་མོ་རྣམས་ཀྱི་རྩེ་མོ་རྡོ་རྗེ་བཅིང་བ་དེ་བཞིན་དུ་སྟོང་པ་ཉིད་ཀྱི་རྡོ་རྗེ་རྣམ་པར་མི་རྟོག་པ་སྟེ།

ཏིང་ངེ་འཛིན་རྩེ་གཅིག་པས་བསམ་གཏན་དུ་བྱ་བ་ལ་དེ་སྐད་བརྗོད་ཅེས་གསུངས་སོ། །འོ་ན་དེ་ལྟ་བུའི་ཏིང་ངེ་འཛིན་དེའི་ངང་ལ་ཐད་ཀར་གནས་པར་བྱ་བ་ཡིན་ནམ་ཞེ་ན། སྟོང་པ་ཉིད་ཀྱི་ངང་ལ་གནས་ན་ཡང་འགྲོ་བ་རྣམས་ཀྱི་དོན་བྱ་བར་མི་འགྲུབ་པས་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་སྐུ་ལས་བཞེངས་
ནས་གཟུགས་ཀྱི་སྐུའི་ངོ་བོར་སྟོན་པའི་སྦྱོར་བས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱས་ནས། འགྲོ་བའི་དོན་སྤྱོད་པ་ལྟར་སྟོང་པ་ཉིད་ཀྱི་ངང་དུ་གནས་པ་དེ་ལས་ལངས་ནས། ཕྱག་རྒྱ་ཆེན་པོ་ལ་སྦྱོར་བའི་ཐབས་ཀྱིས་འགྲོ་བ་རྣམས་ཀྱི་དོན་བྱ་བའི་ཕྱིར། དེ་ནས་སྐྱེ་བོ་མཐའ་དག་གི་སྡུག་བསྔལ་དང་། ཡིད་མི་བདེ་བ་
བསལ་བ་ཡུམ་སྙིང་རྗེ་ཆེན་པོ་དྲན་པའི་ལམ་མངོན་དུ་བྱས་ཏེ་ཞེས་པ་ལ་སོགས་པ་གསུངས་ཏེ། སྐྱེ་བོ་འཁོར་བའི་ངོ་བོ་ཁམས་གསུམ་གྱི་བཅུད་དུ་གྱུར་པ་ཐམས་ཅད་དོ། །སྡུག་བསྔལ་ནི་གསུམ་དང་བརྒྱད་དོ། །ཡིད་མི་བདེ་བ་ནི་མྱ་ངན་ཆེན་པོ་ཁོང་ནས་ལྡང་བ་ལ་སོགས་པ་མ་རུང་བར་བྱེད་པའི་རྒྱུའོ། །བསལ་
བ་ནི་དེ་དག་དང་བྲལ་བར་བྱེད་པའོ། །ཡུམ་སྙིང་རྗེ་ཆེན་པོ་དྲན་པའི་ལམ་མངོན་དུ་བྱས་ཏེ་ཞེས་པ་ནི་མ་དང་ཆོས་མཐུན་པའི་ཕྱིར་ན་སྙིང་རྗེ་ལ་ཡུམ་ཞེས་བརྗོད་དེ། དཔེར་ན་འཇིག་རྟེན་ན་མ་ལས་བརྟེན་ཏེ། བུ་མང་པོ་འབྱུང་བར་འགྱུར་བས། བུའི་གཞིར་གྱུར་པ་མ་ཡིན་པ་དང་འདྲ་བར་དེ་བཞིན་གཤེགས་པ་རྣམས་
འགྲོ་བའི་དོན་དུ་འཇིག་རྟེན་དུ་འབྱུང་བ་ཡང་སྙིང་རྗེ་ཆེན་པོ་ལ་འཇིག་རྟེན་པའི་སྒོ་ནས་འབྱུང་བར་འགྱུར་བས་ན། དེ་བཞིན་གཤེགས་པ་རྣམས་འབྱུང་བའི་གཞིར་གྱུར་པ། སྙིང་རྗེ་ཆེན་པོ་བས་ན་ཡང་འདི་ལྟར་བསྟན་ལ། ཇི་ལྟར་མའི་བདེ་བ་བུ་ལ་སྟོབ་པར་བྱེད་པ་བཞིན་དུ། སྙིང་རྗེ་ཆེན་པོས་ཀྱང་བདེ་བ་སེམས་
ཅན་ཐམས་ཅད་ལ་སྟོབ་པར་བྱེད་པས་ན་དེ་སྐད་ཅེས་བྱ་སྟེ། དེ་དྲན་པའི་ལམ་མངོན་དུ་བྱས་པ་ནི་གསལ་བར་དམིགས་པའོ། །རྣམ་པར་མི་རྟོག་པའི་ཆོས་ཉིད་ཀྱི་རང་གི་ངོ་བོ་ཞེས་པ་ནི། རྣམ་པར་མི་རྟོག་པའི་ཆོས་ཀྱི་རང་བཞིན་རང་གི་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་སྐྱོན་རྣམ་པར་དག་པ་འོད་རབ་ཏུ་འཕྲོ་བས་
ཕྱོགས་བཅུར་ཁྱབ་པར་བྱས་ཏེ། རབ་ཏུ་གསལ་ཞིང་དང་བར་བསམ་མོ། །དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཞེས་པ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའ་ཆེན་པོ་བཅུ་དྲུག་པོ་དག་སྟེ། དེ་དག་ཡེ་ཤེས་ཀྱི་རང་བཞིན་པས་ན་ཡེ་ཤེས་ཀྱི་སེམས་དཔའ་སྟེ། གང་འདོད་པ་ཞེས་པ་ནི། བདག་

ཉིད་གང་ལ་དད་པའོ། །དེ་དང་རྗེས་སུ་མཐུན་པར་ཞེས་པ་ནི། དེ་ལུས་དང་ཆ་བྱད་དང་རྒྱན་དང་ཆ་ལུགས་མཐུན་པར་བདག་དམ་ཚིག་གི་སེམས་དཔའ་ཆེན་པོར་གྱུར་པར་བརྟགས་ཏེ། དེའི་སྙིང་པོ་ཞེས་པ་ནི། བདག་ཉིད་གང་ལ་དད་པའི་བསྒྲུབ་པའི་ལྷ་དེའི་སྙིང་པོ་རྡོ་རྗེའི་ཚིག་གིས་བརྗོད་པ་ནི། འདི་སྐད་
དུ་རྒྱུད་ཀྱི་གཏན་ཚིགས་འོག་ནས་གསུངས་པ་བཞིན་དུ་བརྗོད་པའམ། ཡང་ན་ཞེས་པ་ནི། དེ་ལས་རྣམ་པ་གཞན་དུ་སྟོན་པའི་ཚིག་སྟེ། ཨོཾ་ས་མ་ཡ་སྟྭཾ་ཞེས་པ་ནི་ཕྱག་རྒྱ་ཐམས་ཅད་སྒྲུབ་པར་བྱེད་པའི་སྤྱིའི་སྙིང་པོ་བས་ན། དེ་རྗོད་པར་བྱེད་ཅིང་རང་གིས་རྟོགས་པའི་ཡེ་ཤེས་ཀྱི་ཟླ་བ་དེ་ཉིད་ཅེས་པ་ནི། རང་གི་སེམས་
ཀྱི་ཆོས་ཉིད་རྟོགས་པར་གྱུར་པའི་གཟུགས་བརྙན་ཏེ། འཇིག་རྟེན་གྱི་ཟླ་བ་ཡང་ཡོད་མོད་ཀྱི་དེ་ལས་ཁྱད་པར་དུ་གྱུར་པར་བསྟན་པའི་ཕྱིར་ན་ཡེ་ཤེས་ཀྱི་ཟླ་བའོ། །དེ་ཉིད་འོད་ཟེར་འཕྲོ་བ་དང་འདུ་བའི་སྦྱོར་བས་ཞེས་པ་ནི། ཟླ་བ་དེ་ཉིད་འོད་ཟེར་འཕྲོ་བ་དང་འདུ་བའི་ཚུལ་གྱིས་དམ་ཚིག་གི་ཕྱག་རྒྱར་གནས་པར་བརྟག་པ་སྐད་
ཟེར་མོད་ཀྱི། འོན་ཀྱང་འདིར་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རང་གི་རིགས་ཀྱི་སྙིང་པོ་བཞག་པ་ལས། འོད་ཟེར་འཕྲོ་བ་དང་འདུ་བའི་ཚུལ་གྱིས་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་གང་འདོད་པ་དེར་བརྟག་པར་བྱའོ། །ལ་ལ་ན་རེ་རང་འདོད་པའི་ལྷའི་སྙིང་པོ་བརྗོད་པ་ཙམ་གྱིས་ཟླ་བ་ཉིད་ལས་འོད་ཟེར་འཕྲོ་བ་དང་འདུ་
བའི་ཚུལ་གྱིས་སྦྱོར་བས་དམ་ཚིག་གི་ཕྱག་རྒྱ་གང་འདོད་པ་རང་གི་རིགས་དང་མཐུན་པར་བསམ་མོ་ཞེས་ཀྱང་ཟེར་རོ། །རྡོ་རྗེ་དང་ཞེས་པ་ནི་སེམས་དཔའ་ཆེན་པོ་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་དེ་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པར་བྱེད་པའི་མཐུ་དང་ལྡན་པའོ། །རིན་པོ་ཆེ་དང་ཞེས་
པ་ནི། སེམས་དཔའ་ཆེན་པོ་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་སྟེ། འགྲོ་བ་ཇི་སྙེད་པ་རྣམས་ཀྱི་དགོས་འདོད་སྐོང་ནུས་པའི་མཐུ་དང་ལྡན་པའོ། །པདྨ་དང་ཞེས་པ་ནི། སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། ཐུགས་རྗེ་ཆེན་པོས་འཁོར་བ་ན་གནས་ནས་འཁོར་བ་ཇི་སྙེད་པ་དག་གི་དོན་
མཛད་ན་ཡང་། ཡེ་ཤེས་ཆེན་པོས་འཁོར་བའི་སྐྱོན་གྱིས་མི་གོས་པའི་མཐུ་མངའ་བར་བསྟན་པའོ། །སྣ་ཚོགས་རྡོ་རྗེ་ཞེས་པ་ནི། སེམས་དཔའ་ཆེན་པོ་རྡོ་རྗེ་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། ཕྲིན་ལས་སྣ་ཚོགས་པའི་སྒོ་ནས་འཕགས་པ་ཐམས་ཅད་མཉེས་པ་དང་། སེམས་ཅན་ཡོངས་སུ་སྨིན་

པར་མཛད་པའི་མཐུ་དང་ལྡན་པར་བསྟན་པ་སྟེ། སོགས་པའི་སྒྲས་ནི་སེམས་དཔའ་ཆེན་པོ་ལྷག་མ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྣམས་བསྡུ་བར་བྱའོ། །རང་གི་རིགས་ལས་གསུངས་པའི་ཞེས་པ་ནི། སེམས་དཔའ་དེ་དག་རང་རང་གི་རང་གི་རིགས་གང་ཡིན་པ་དེའི་ཁ་དོག་དང་འོད་མདངས་ལ་སོགས་པའི་རྣམ་པ་
འོག་ནས་འཆད་པ་དེ་བཞིན་དུ་གསལ་བར་བརྟག་པ་སྟེ། སོམས་ཤིག་ཅེས་པ་ནི། དེ་ལྟར་གཞལ་བ་དང་། འདྲིས་པར་བྱ་དགོས་ཞེས་པའི་དོན་ཏོ། །འོ་ན་སེམས་དེ་དག་མཐར་གྱིས་མི་སྟོན་པར་འདིར་བཞི་པོ་དག་ཐོད་རྒལ་དུ་སྟོན་པ་ཅི་དགོས་ཤེ་ན། འདིར་དེ་དག་གི་གཙོ་བོར་གྱུར་པ་རང་རང་གི་རིགས་
ཀྱི་འཁོར་ལོས་སྒྱུར་བ་བཞི་ཁོ་ནའི་བསྟན་ཏེ། དེ་བསྟན་པས་སེམས་དཔའ་ཕྱི་མ་རྣམས་ཀྱང་མཚོན་པར་བྱེད་དེ། འདིར་རྒྱས་པར་བསྟན་པ་ནི་འོག་ནས་གདོང་སྟོན་དགོས་པས། དུ་མར་བལྡབས་ན་མངས་པར་འགྱུར་བས་ན། འདིར་ནི་འདི་ཁོ་ན་དག་བསྟན་ཏོ། །འོ་ན་དེ་དག་གི་སྙིང་པོ་གཞག་པ་དང་།
བརྗོད་པར་བྱ་བ་ཡང་ཇི་ལྟ་བུ་ཞིག་ཅེ་ན། སྨྲས་པ། དེ་རྣམས་ཀྱི་སྙིང་པོ་ཡང་ཞེས་བྱ་བ་ལ་སོགས་པ་དག་སྟེ། བཛྲ་སཏྭ་ཞེས་པ་ནི། རྡོ་རྗེ་སེམས་དཔའི་སྙིང་པོའོ། །བཛྲ་རཱ་ཛ་ཞེས་པ་ནི་སེམས་དཔའ་ཆེན་པོ་རྡོ་རྗེ་རྒྱལ་པོའི་སྙིང་པོ་སྟེ། སོགས་པའི་སྒྲས་ནི། སེམས་དཔའ་ཆེན་པོ་ལྷག་མ་རྣམས་ཀྱི་
སྙིང་པོ་སྡུད་པར་བྱེད་པ་སྟེ། རང་གི་ལྷའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །འོ་ན་སྙིང་པོ་དེ་དག་ལས་དམ་ཚིག་གི་ཕྱག་རྒྱར་བསམ་པ་ཡང་མཚན་ཉིད་ཇི་ལྟ་བུའི་ཕྱག་རྒྱ་དག་བསམ་པར་བྱ་ཞེ་ན། སྨྲས་པ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་རང་གི་ངོ་བོ་ཡང་བྱ་བ་ལ་སོགས་པ་དག་སྟེ། རྡོ་རྗེ་རྩེ་ལྔ་ནི་རྡོ་རྗེ་
སེམས་དཔའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ལྕགས་ཀྱུ་ནི་རྡོ་རྗེ་རྒྱལ་པོའི་དམ་ཚིག་གི་ཕྱག་རྒྱའོ། །སོགས་པས་ནི་སེམས་དཔའ་ལྷག་མ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་དང་རྣམ་གྲངས་སྡུད་པར་བྱེད་པ་སྟེ། དེ་དག་གི་ཁ་དོག་དང་གཟུགས་དང་ཞེས་པ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་
ཤེས་ཀྱི་སེམས་དཔའ་ཆེན་པོ་དག་གི་སྐུ་མདོག་དང་། གཟུགས་དང་རྒྱན་དང་། ན་བཟའ་ལ་སོགས་པ་རྣམས་ཀྱང་། རིགས་ཀྱི་རིམ་པ་ལས་ཞེས་པ་ནི། རིགས་མི་གཅིག་པའི་རིམ་པས་ཆ་ལུགས་མི་མཐུན་པར་བསྟན་པ་སྟེ། འོག་ནས་ལྷ་བསམ་པ་རྒྱས་པར་འཆད་པ་ལས་བལྟས་ལ་རིག་པར་

བྱའོ། །དེ་ནས་ཇི་ལྟར། བསམ་པའི་རྡོ་རྗེ་ལ་སོགས་པ། །ཞེས་པ་ནི། དང་པོར་སྦྱོར་བ་ཇི་ལྟར་བསམ་པའི་རྡོ་རྗེ་དང་ལྕགས་ཀྱུ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱར་བརྟག་པར་བྱའོ། །གང་ཡང་རུང་བའི་དམ་ཚིག་ནི་རྡོ་རྗེ་བདག་གོ་ཞེས་པ་ནི། དམ་ཚིག་གི་ཕྱག་རྒྱ་ཇི་ལྟར་
བརྟགས་པའི་མཚན་ཉིད་དེ་དང་བདག་དབྱེར་མེད་པར་དམིགས་ཏེ། བདག་གང་ཡིན་པ་ཡང་དམ་ཚིག་གི་ཕྱག་རྒྱ་གང་ལྟར་བརྟག་པའི་མཚན་ཉིད་དུ་སྣང་བ་དེ་ལ་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་ཡང་བདག་ཁོ་ན་སྟེ། བདག་དང་དམ་ཚིག་གི་ཕྱག་རྒྱ་དེ་ནི་སོ་སོ་མ་ཡིན་པ་ཐ་མི་དད་པར་མོས་པར་བྱ་
བ་སྟེ། དམ་ཚིག་རྡོ་རྗེ་བདག་གོ་ཞེས་པ་ནི། དང་པོའི་རྡོ་རྗེ་བཟུང་བ་སྟེ། དེས་ཕྱི་མ་ཡང་མཚོན་པར་བྱེད་པས་ལྷག་མ་དག་བསམ་གཏན་དུ་བྱེད་ན་ཡང་དེ་བཞིན་དུ་བརྟག་པར་བྱའོ། །དམ་ཚིག་གི་པདྨ་བདག་གོ་ཞེས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ལ་སོགས་པའི་
མཚན་ཉིད་རྣམས་ལས་སོ་སོའི་གཟུགས་སུ་བསྒྱུར་བའི་ཐབས་བསྟན་པ་དེ་ཡང་རྒྱུད་འདི་ཉིད་དང་གཞན་དག་ལས་གསུངས་ཏེ། ཇི་སྐད་དུ། སེམས་ཅན་ཀུན་གྱི་སེམས་གང་ཡིན། །ཞེས་པ་ནི་ཐོག་མ་མེད་པའི་དུས་ནས་རྣམ་པ་སྣ་ཚོགས་སུ་རྟོག་པའི་སེམས་ལས་དང་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་ཅན་དུ་བྱས་
པའི་སེམས་དཔའ་ཆེན་པོ་བརྟན་པའི་ཕྱིར་ན་སེམས་དཔར་བརྗོད་ཅེས་པ་ནི་དྲི་མ་དེ་དག་ཤེས་རབ་རྣམ་གསུམ་གྱི་སྒོ་ནས་སྦྱངས་ཏེ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་ནས། ཆོས་ཀྱི་ངོ་བོ་ཉིད་མི་རྟོགས་པར་གྱུར་ན་མི་གཡོ་བ་སྟེ། གཞན་གང་གི་རྣམ་པས་ཀྱང་བསྐྱོད་པར་མི་ནུས་པས་ན་བརྟན་པ་སྟེ། དེ་ཉིད་ལ་
སེམས་དཔའ་ཞེས་བྱའོ། །མཉམ་པར་གཞག་པས་ཏིང་ངེ་འཛིན། །ཞེས་པ་ནི་དེ་མི་གཡོ་ཞིང་བརྟན་པ་དེ་ཉིད་བྱིང་རྨུགས་ལ་སོགས་པའི་སྐྱོན་དང་བྲལ་བས་མཉམ་པར་གཞག་པ་ཁོ་ན་ལ་གནས་པ་ནི་ཏིང་ངེ་འཛིན་ཏོ། །ངེས་པར་གྱུར་པས་རྡོ་རྗེར་འགྱུར། །ཞེས་པ་ནི། དེ་ལྟར་ཏིང་ངེ་འཛིན་ངེས་པར་གྱུར་པ་ལས། ཡེ་ཤེས་ལྔའི་
རང་བཞིན་རྡོ་རྗེ་རྩེ་ལྔ་པར་སྣང་བ་ལ་ནི་རྡོ་རྗེར་འགྱུར་ཞེས་བྱའོ། །སེམས་དཔའི་བྱིན་རླབས་རྣལ་འབྱོར་གྱིས། །ཞེས་པ་ནི་རྡོ་རྗེ་ལས་འོད་ཟེར་འཕྲོ་བ་དང་འདུ་བའི་ཚུལ་གྱིས་བྱིན་རླབས་དང་རྣལ་འབྱོར་གྱིས་རྡོ་རྗེ་སེམས་དཔའི་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའི་ངོ་བོར་གྱུར་པས་ན། རྡོ་རྗེ་སེམས་དཔར་ཡང་འགྱུར་རོ། །ཞེས་བྱའོ་འོ་ན་སེམས་

དཔར་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱིས་རྡོ་རྗེ་སེམས་དཔར་འགྱུར་བར་བྱའོ་ཞེས་གསུངས་པ་དེའི་རྣམ་པ་ཇི་ལྟ་བུར་ཤེས་པར་བྱ་ཞེ་ན། སྨྲས་པ། དེ་ལ་སེམས་དཔར་བྱིན་གྱིས་བརླབས་པའི་རྣལ་འབྱོར་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་དག་སྟེ། ཐམས་ཅད་བདག་ཉིད་སེམས་དཔའ་ཆེ། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་བྱང་ཆུབ་
སེམས་ཀྱི་རང་བཞིན་པས། བྱང་ཆུབ་སེམས་དེའི་ནང་དུ་ཐམས་ཅད་འདུས་ལ། ཐམས་ཅད་འབྱུང་བར་འགྱུར་བས་ཀུན་གྱི་ངོ་བོ་བས་ན་བདག་ཉིད་ཅེས་བྱའོ། །བདག་ཀྱང་བདག་ལ་ཡང་དག་གནས། །ཞེས་པ་ནི། རྣལ་འབྱོར་པས་བདག་ཀྱང་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཐམས་ཅད་ཀྱི་བདག་ཉིད་དེ་ལ་གནས་ལ། དེས་
ཀྱང་བདག་ལ་ཁྱབ་པའི་ངོ་བོ་བས་ན་དབྱེར་མེད་པར་བསྟན་པའོ། །དེ་ནས་ཡིད་ཀྱིས་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ་ཞེས་པ་ནི། ཛཿནི་འགུགས་པ། ཧཱུཾ་ནི་གཞུག་པ། བཾཾ་ནི་བཅིང་བ། ཧོཿནི་དབང་དུ་བྱ་བ་སྟེ། དེ་དག་གིས་གང་དེ་བཞིན་དུ་བྱེད་ཅེ་ན། དམ་ཚིག་གི་ཕྱག་རྒྱ་དེ་ལ་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་རྡུལ་ཇི་སྙེད་པ་ཙམ་གྱི་གྲངས་ཡོད་པ་
རྣམས་སྐུ་གསུང་ཐུགས་རྡོ་རྗེ་དབྱིངས་ཀྱི་བྱིན་རླབས་ཞུགས་པར་སྟོན་ཏེ། དེ་ཡང་གང་འགུགས་ཤེ་ན། འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཇི་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་སོ། །གང་ལ་གཞུག་ཅེ་ན། དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་དུ་གནས་པར་བརྟགས་པའི་ངོ་བོ་དེ་ལའོ། །གང་བཅིང་ཞེ་ན། དེ་གཉིས་ཐ་མི་དད་
པར་བཅིང་ངོ་། །ཇི་ལྟར་དབང་དུ་བྱེད་ཅེ་ན། ཆུ་དང་འོ་མ་འདྲེས་པའི་ཚུལ་དུ་སོ་སོ་མ་ཡིན་ཐ་མི་དད་པར་མཚན་ཉིད་དབྱེར་མི་ཕྱེད་པའི་ངོ་བོར་དབང་དུ་བྱེད་དེ། དེ་བས་ནི་དེའི་དོན་དུ་གསུངས་པ། བདག་དང་མི་གཉིས་པར་གྱུར་པའི་ཕྱག་རྒྱའི་གཟུགས་དེ་ལ་ཞེས་པ་ནི། བདག་དང་དམ་ཚིག་གི་ཕྱག་རྒྱ་ཞེས་དབྱེར་མེད་པའི་ངོ་
བོ་བས་ན། བདག་དང་མི་གཉིས་པ་སྟེ། དམ་ཚིག་གི་ཕྱག་རྒྱ་གང་གི་ངོ་བོར་བརྟགས་པའི་གཟུགས་དེ་ལ་དེ་བཞིན་གཤེགས་པའི་ཚོགས་སྤྱན་དྲངས་ནས་གཞུག་པར་བྱ་བ་སྟེ། གྲངས་ཇི་ཙམ་ཞེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་དང་མཉམ་པ་ཞེས་བྱ་བ་སྟེ། འཇིག་རྟེན་མཚན་ཉིད་ལ་འཇིག་པའི་ཆོས་ཅན་བརྟེན་
པས་ན་འཇིག་རྟེན་ཏེ། ཐམས་ཅད་ཅེས་བྱ་བ་ནི། དེ་ལྟ་བུ་མ་ལུས་པ་དག་གིས་དོན་བསྡུས་ཏེ་གྲངས་བགྲང་དུ་མེད་པས་ན། དེའི་རྡུལ་ཇི་སྙེད་པ་དེ་དང་མཉམ་པ་སྟེ། དངོས་པོ་གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་སྟེ། དེའི་སྐུ་རྡོ་རྗེ་དབྱིངས་དང་། གསུང་རྡོ་རྗེ་དབྱིངས་དང་། ཐུགས་རྡོ་རྗེ་དབྱིངས་ཇི་སྙེད་པ་

དེ་དག་དམ་ཚིག་གི་ཕྱག་རྒྱ་དེ་ལ་ཞུགས་པས་སྔར་བསྟན་པ་བཞིན་དུ། མངོན་དུ་དྲན་པར་བྱས་ཏེ། བདག་གི་ལྷའི་དམ་ཚིག་གི་ཕྱག་རྒྱའི་གཟུགས་ཞེས་པ་ནི། བདག་ཉིད་མོས་པར་གྱུར་པའི་ལྷ་ནི་བདག་གི་ལྷའོ། །དེའི་དམ་ཚིག་གི་ཕྱག་རྒྱའི་གཟུགས་ནི་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་།
སྣ་ཚོགས་རྡོ་རྗེ་ལ་སོགས་པའི་ཐུགས་མཚན་ནོ། །དེ་བདག་དང་དབྱེར་མེད་པས་ན་མི་གཉིས་པར་གྱུར་པ་སྟེ། འདི་ནི་རྡོ་རྗེའི་རྡུལ་ཕྲ་རབ་ལས་གྱུར་པའོ་ཞེས་པ་ནི། ཇི་ལྟར་འབྱུང་བ་བཞིན་རྡུལ་ཕྲ་མོ་དག་རྟེན་འབྲེལ་གྱིས་བསྡུས་ནས་གཟུགས་ཅན་རྣམས་ཀྱི་ལུས་སུ་འགྱུར་བ་བཞིན་དུ། དེ་བཞིན་གཤེགས་པའི་རྡུལ་སྙེད་
པོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དབྱིངས་འདུས་པ་ལས་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་སེམས་དཔའ་ཆེན་པོ་རྣམས་ཀྱི་སྐུ་འགྲུབ་པར་གྱུར་ཏོ་སྙམ་དུ་ང་རྒྱལ་བྱའོ། །འོ་ན་འདིར་ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་སྔགས་བརྗོད་པས་འདི་བཞིན་དུ་བྱའོ་ཞེས་སྨོས་པ། གོང་དུ་ཏིང་ངེ་འཛིན་གྱིས་འགྲུབ་པར་
གསུངས་ན། འདིར་ངག་ཏུ་བརྗོད་པར་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། གོང་དུ་ཏིང་ངེ་འཛིན་གྱིས་འགྲུབ་པར་གསུངས་པ་དང་། འདིར་སྔགས་བརྗོད་པས་འདི་ལྟར་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་དང་། དེའི་རིགས་ཀྱི་སེམས་དཔའ་ཆེན་པོ་རྣམས་སྒྲུབ་པར་བྱེད་པ་ལ་བྱེ་བྲག་ཏུ་ཕྱེ་བའི་ཚིག་སྟེ། ཇི་ལྟར་དེ་
བཞིན་གཤེགས་པ་རྣམས་ཀྱི་ཐམས་ཅད་ཀྱི་ནང་ན་མཆོག་དང་གཙོ་བོ་བས་ན། བྱིན་རླབས་དམ་པ་དང་ལྡན་པས་བསམ་གཏན་གྱི་སྒོ་ནས་དེ་བཞིན་དུ་འགྲུབ་པར་འགྱུར་ལ། དེའི་རིགས་ཀྱི་སེམས་དཔའ་རྣམས་ཀྱང་དེ་དང་དབྱེར་མེད་པ་ནི་ཡིན་གྱིས་ཀྱང་། མིང་གི་ཆ་ཤས་ཀྱིས་ཚོད་ལྟར་མ་ཡིན་པས་ན། བསམ་གཏན་
དང་། སྨྲ་བརྗོད་དུ་བཅས་པ་ཚོགས་པའི་སྒོ་ནས་འདི་བཞིན་དུ་འགྲུབ་པར་བསྟན་ཏོ། །གཉིས་སུ་ན་དེ་བཞིན་གཤེགས་པ་རྣམས་ནི་ཡེ་ཤེས་གཙོ་བོར་གྱུར་པས་ཏིང་ངེ་འཛིན་གྱིས་འགྲུབ་ན། དེའི་སེམས་དཔའ་རྣམས་ནི་ཕྲིན་ལས་ལ་གཙོར་གྱུར་པས་དེའི་བསམ་གཏན་ལ་ནི་སྔགས་བརྗོད་པར་བྱ་བས་འགྲུབ་
པར་གསུངས་ཏེ། དེ་ལ་སྔགས་བརྗོད་པ་ནི་ངག་ཏུ་བཟླས་པར་མ་ཟད། ཡིད་ཀྱིས་བརྗོད་ན་ཡང་མི་རུང་བ་མེད་ཅེས་ཟེར་རོ། །དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་སེམས་དཔའ་ཆེན་པོ་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྦྱོར་བ་འདི་ལྟར་བྱ་བ་སྟེ། ཨོཾ་ས་མ་ཡ་སྟྭཾ་ཞེས་བརྗོད་པ་ནི་དམ་

ཚིག་གི་སེམས་དཔར་སྐུ་བསྐྱེད་པའི་སྔགས་སོ། །ཇི་ལྟར་བསམས་པའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཅེས་པ་ནི། སེམས་ཀྱི་ཆོས་ཀྱི་ངོ་བོ་དཀར་པོའི་ཆོས་ཀྱི་བག་ཆགས་ཀྱིས་རྒྱས་པའི་ཟླ་བའི་དཀྱིལ་འཁོར་གང་ཞིང་རྫོགས་པར་སྣང་བའི་དབུས་ན་གནས་པའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ལ་སོགས་པ