Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 54

Văn bản gốc(Tây Tạng)

Trang 4 / 23 (50.000 ký tự/trang)
ེའི་སྙིང་པོ། ཛཿཧཱུྃ་བཾཿཧོཿཞེས་བྱ་བའི་མཚན་ཉིད་ཡིད་ཀྱིས་བརྗོད་ལ། ཇི་ལྟར་བསམས་པའི་དེ་བཞིན་གཤེགས་པ་རྣམས་རང་གི་ལུས་ལ་དྲང་བ་ལ་སོགས་པའི་རིམ་པ་འདི་དག་ཐམས་ཅད་བྱའོ། །
དེའི་དོན་ཡང་ཛཿཧཱུྃ་བཾཿཧོཿ ཞེས་སྨྲ་ཞིང་། སངས་རྒྱས་ཐམས་ཅད་ལུས་ལ་གཟུད། །ཡིད་ལ་ལེགས་པའི་ཚུལ་གྱིས་སུ། །སྒྲུབ་པ་ཆེན་པོ་གཞན་ཡིན་ནོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བཤད་ཟིན་ཏོ། །དེ་ལ་འདི་ནི་དེ་
བཞིན་གཤེགས་པའི་རིགས་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པ་སྟེ། སྔར་གསུངས་པའི་རིམ་གྱིས་སེམས་མ་རྡོ་རྗེའི་ཕྱག་རྒྱས་དྲལ་བ་སྔར་བྱས་ཏེ། ཡེ་ཤེས་སེམས་དཔའ་དབབ་པའི་སྙིང་པོ་བརྗོད་དོ། །དེ་ལ་སྙིང་
པོ་ནི་འདིའོ། །ཨོཾ་བཛྲ་སཏྭ་ཨ། ཨོཾ་བཛྲ་རཱ་ཛ་ཨ་ཞེས་བྱ་བ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་གང་རང་གི་ལུས་ལ་གཞུག་པར་འདོད་པ་དེའི་མཚན་བརྗོད་ཅིང་དབབ་པའི་སྙིང་པོ་བརྗོད་པར་བྱའོ། །དེ་ལྟར་དེ་མ་ཐག་ཏུ་འོག་ནས་འཆད་པའི་སེམས་དཔའ་ཆེན་པོ་རྗེས་སུ་དྲན་
པའི་སྙིང་པོའི་སྦྱོར་བ་ཡང་འདི་ཉིད་དོ། །དེ་ནས་སེམས་དཔའ་ཆེན་པོ་རྗེས་སུ་དྲན་པའི་སྙིང་པོའོ། །བཛྲ་སཏྭ་དྲྀ་ཤྱ། ཞེས་བྱ་བ་བརྗོད་དོ། །ཟླ་བའི་དཀྱིལ་འཁོར་ལ་གནས་ཤིང་། ཟླ་བའི་དཀྱིལ་འཁོར་གྱིས་རྒྱབ་རྟེན་བྱས་པ་རྣམ་པར་དག་པའི་ཟླ་བའི་འོད་འཕྲོ་བ་གསལ་བ་རང་
གི་སྐུ་ཟླ་བའི་འོད་ཀྱིས་མཐའ་ཡས་པའི་ཕྱོགས་ཀྱི་དཀྱིལ་འཁོར་སྣང་བས་ཁྱབ་པ། ཕྱི་རོལ་གྱི་མཆོད་པའི་ཆོ་ག་ལས་གསུངས་པའི་རིགས་དང་རྗེས་སུ་མཐུན་པས་ཁ་དོག་གི་བྱེ་བྲག་དཀར་པོ་དང་སྔོན་པོ་དང་དམར་པོ་དང་སེར་པོ་ལ་སོགས་པའི་ཁ་དོག་དང་མདངས་དང་གཟི་བརྗིད་ཅན་

ནམ། འདུལ་བའི་འགྲོ་བ་མངོན་པར་དགའ་བའི་ཁ་དོག་གི་སྐབས་རྙེད་པའི་སྐུའི་མདངས་འགྲོ་བ་མཐའ་དག་གི་ཡིད་དུ་འོང་བ་དེ་བཞིན་གཤེགས་པའི་རིན་པོ་ཆེ་ལས་བྱས་པའི་དབུ་རྒྱན་གྱི་འོད་ཀྱིས་སྟེང་གི་ཕྱོགས་རྣམ་པར་བརྒྱན་པ། ཕྱག་པདྨ་གཉིས་ཇི་སྐད་
གསུངས་པའི་རང་གི་ལས་ཀྱི་ཕྱག་རྒྱ་མཛད་པ། ཞབས་པདྨ་གཡས་པའི་རྩེ་མོ་བརླ་གོང་གཡོན་པར་བཞག་པ། ཞལ་པདྨ་འདབ་མ་རྒྱས་པ་ལྟར་འཛུམ་པ་རབ་ཏུ་དགྱེས་པའི་སྤྱན་ཨུཏྤལ་རྒྱས་པའི་མདངས་ཀྱིས་གདུལ་བའི་འགྲོ་བ་ལ་རྗེས་སུ་ཆགས་པའི་ཚུལ་བསྟན་པ། ལས་ཀྱི་
ཕྱག་རྒྱའི་ཚུལ་བསྟན་པས་ཇི་ལྟར་དགོངས་པའི་ངོ་བོ་ཉིད་སྟོན་པ་ལ་མཁས་པ་དེ་ལྟ་བུ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་མང་པོའི་གཏེར་ཇི་ལྟར་འདོད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་མཉེས་པར་བྱ་བ་ཡེ་ཤེས་སེམས་དཔའ་སྲོག་དང་བཅས་པ་ལྟ་བུར་མདུན་དུ་མངོན་སུམ་བཞིན་
བརྟགས་ཏེ། རབ་ཏུ་དགའ་བ་དང་བཅས་ཤིང་རྗེས་སུ་ཆགས་པས་ཤིན་ཏུ་ཡུན་རིང་དུ་བསམ་གཏན་གྱི་རབ་ཏུ་གསལ་བར་སྣང་བར་བྱ་སྟེ། ཀུན་དུ་ཞེན་པས་རབ་ཏུ་དགའ་བའི་མིག་གདངས་པའི་མཚན་ཉིད་རྡོ་རྗེ་ལྟ་བས་བརྟག་ཅིང་རང་གི་ལྷའི་རྣལ་འབྱོར་དང་མི་གཉིས་པར་གྱུར་པའི་
རང་གི་ལུས་ལ་གཞུག་གོ། །དེ་ལ་འདི་ནི་ཇི་ལྟར་བསམས་པའི་ཡེ་ཤེས་ཀྱི་སེམས་དཔའ་རང་གི་ལུས་ལ་བསྒོམ་པའི་རིམ་པ་བཤད་པའོ། །དང་པོར་རེ་ཞིག་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་ལྷའི་རྣལ་འབྱོར་ཇི་ལྟར་བྱས་པ་རྗེས་སུ་དྲན་པར་བྱས་ནས། །རང་གི་སྣའི་བུ་ག་ལ་
སོགས་པ་བ་སྤུའི་བུ་ག་ཐམས་ཅད་ནས་བྱུང་བ་ཡིད་དང་བཅས་པའི་རླུང་སླར་བསྡུ་བའི་ཚུལ་གྱིས་སྣའི་ཐོར་ཏོའི་བར་དུ་དབུགས་དབྱུང་ཞིང་རྔུབ་པ་རྣམས་ཀྱི་རྒྱུ་བ་བརྟགས་ནས་སྡུག་བསྔལ་གསུམ་གྱི་མེ་འབར་བས་ཁེབས་པའི་འགྲོ་བ་མགོན་མེད་པ་མཐའ་དག་ལ་བརྟགས་ཏེ་རང་གི་
སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་སྣ་ཚོགས་རྡོ་རྗེ་བསམས་པའི་དེ་མ་ཐག་ཏུ་སྙིང་རྗེ་ཆེན་པོའི་མཚན་ཉིད་རྡོ་རྗེ་ལྕགས་ཀྱུ་སྔར་གསུངས་པའི་ལས་ཀྱི་ཕྱག་རྒྱ་ལྕགས་ཀྱུས་དྲངས་པའི་ཚུལ་གྱིས་ཇི་ལྟར་འདོད་པའི་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སེམས་དཔའ་གཙོ་བོ་དེ་རང་གི་ལུས་

ལ་རེག་པའི་སྤྱོད་ཡུལ་དུ་གྱུར་པར་བསམས་ལ། དེ་བཞིན་དུ་དབུགས་སླར་བསྡུ་བའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལ་བྱམས་པའི་མཚན་ཉིད་རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱ་སྔར་གསུངས་པས་དྲངས་ཏེ་མར་སར་བྱེ་མའི་ནང་དུ་ཞུགས་པ་བཞིན་དུ་རང་གི་སྙིང་གར་གཞུག་པར་བྱའོ། །
དེའི་འོག་ཏུ་ཇི་སྲིད་འདོད་པའི་དུས་སུ་སྒྲུབ་པ་པོའི་ལུས་ལ་གནས་པ་ལ་སོགས་པ་སྟོན་པའི་བཀའི་མཚན་ཉིད་རྡོ་རྗེ་ལྕགས་སྒྲོག་གི་ལས་ཀྱི་ཕྱག་རྒྱ་སྔར་གསུངས་པ་བཅིངས་ཏེ། རང་གི་ལུས་ཀྱི་ནང་དུ་ལྟ་བའི་ཏིང་ངེ་འཛིན་གྱི་བཅིང་བས་རབ་ཏུ་བཅིང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་འདི་
ལྟར་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་ཆོས་ཉིད་དང་། དོན་དམ་པར་ཐ་མི་དད་པར་དེ་བཞིན་དུ་བདག་ཀྱང་ཐ་མི་དད་ན་གློ་བུར་གྱི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་རྣམ་པར་རྟོག་པ་དོན་དམ་པར་རང་བཞིན་ཡོད་པ་མ་ཡིན་པ་རྣམས་ཀྱིས་དྲི་མ་ཅན་དུ་བྱས་སོ་སྙམ་དུ་དེ་ལྟར་
རྗེས་སུ་དྲན་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱིན་གྱིས་རླབས་སུ་གྱུར་པ་རྡོ་རྗེ་དྲིལ་བུའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ་དེའི་སྙིང་པོ་བརྗོད་ཅིང་བསྐུལ་ལ་བཅོམ་ལྡན་འདས་ཀྱི་རང་གི་ངོ་བོ་ཉིད་མཉེས་པར་བྱའོ། །ཡང་ན་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་རྣམས་མ་
བཅིངས་པར་དེ་རྣམས་ཀྱི་སྙིང་པོ་ཉིད་ཀྱིས་བཀུག་པ་ལ་སོགས་པ་དེ་དག་ཐམས་ཅད་བྱའོ། །དེ་ནས་རང་གི་ལྷ་ཡེ་ཤེས་སེམས་དཔའ་སྔར་བཤད་པ་དེ་བཞིན་གཤེགས་པ་ལྔའི་མཚན་ཉིད་དམ། རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་ཆེན་པོའི་མཚན་ཉིད་རང་གི་ལུས་ཀྱི་
ནང་དུ་ཞུགས་པ་ཇི་ལྟར་རིགས་པར་རབ་ཏུ་བསྒོམ་པ་སྟེ་རབ་ཏུ་གསང་བའི་མཆོད་པ་རྣམ་པ་བཞིའི་ཏིང་ངེ་འཛིན་མངོན་དུ་བྱས་པས་རྣམ་པ་ཐམས་ཅད་དུ་བདག་དང་མི་གཉིས་པར་གྱུར་པ་རབ་ཏུ་བསྒོམས་ལ། དེ་ཉིད་བདག་གོ་སྙམ་པར་དབྱེར་མེད་པའི་ང་རྒྱལ་གྱིས་དེའི་གཟུགས་སུ་མོས་
པར་བྱའོ། །དེ་ལ་རབ་ཏུ་གསང་བའི་མཆོད་པ་རྣམ་པ་བཞི་ནི་འདིའོ། །དང་པོར་རེ་ཞིག་རྣལ་འབྱོར་པས་སྔར་གསུངས་པའི་རིམ་པས། དབང་པོ་དང་བཅས་པའི་སེམས་མི་བརྟན་པ་ནང་དུ་བཀག་ལ། ཨོཾ་ར་ཏི་བཛྲ་ཞེས་བྱ་བའི་སྙིང་པོ་བརྗོད་པས་རང་གི་ལུས་ཀྱི་ནང་ན་གནས་པའི་

ཡེ་ཤེས་ཀྱི་སེམས་དཔའ་དང་། རྣམ་པ་ཐམས་ཅད་དུ་ཡོངས་སུ་འཁྱུད་པ་རྗེས་སུ་མྱང་བར་བྱ་བའི་ཕྱིར་དེའི་ཡན་ལག་རྣམས་དང་བདག་གི་ལུས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རྣམས་ཆུ་དང་འོ་མ་ལྟ་བུར་གཅིག་ཏུ་གྱུར་པར་རྣམ་པར་བསྒོམ་མོ། །དེ་ལ་མངོན་པར་
དགའ་བའི་ཡིད་བདེ་བ་གང་ཡིན་པ་དེ་སངས་རྒྱས་རྣམས་ལ་དབུལ་ལོ། །དེ་ལྟར་བདེ་བ་འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བདེ་བར་གྱུར་ཅིག་ཅེས་བདེ་བ་ཡོངས་སུ་བསྔོ་བ་འདི་ནི་འོག་ནས་འཆད་པའི་མཆོད་པ་གསུམ་ལ་ཡང་སྦྱར་བར་བྱའོ། །རབ་ཏུ་གསང་
བའི་མཆོད་པ་དང་པོ་སྟེ། ཇི་སྐད་དུ། ལུས་ཀུན་ཡོངས་སུ་འཁྱུད་པ་ནི། །རང་བྱུང་རྣམས་ཀྱི་བདེ་མཆོད་པ། །ཕུལ་ན་མྱུར་དུ་འགྱུར་བ་ནི། །དེ་ནི་རྡོ་རྗེ་སེམས་དཔའ་འདྲ། །ཞེས་གསུངས་སོ། །དེ་ནས་རཱ་ག་བཛྲ་ཞེས་བྱ་བའི་སྙིང་པོ་རྗེས་སུ་དྲན་པར་བྱས་ནས་རང་གི་ལུས་
ཀྱི་ནང་ན་གནས་པའི་རང་གི་ལྷའི་བྱེ་བྲག་དེ་ཉིད་དང་ཀུན་དུ་སྦྱོར་བ་མི་ཉམས་པར་བྱ་བའི་ཕྱིར་ཇི་ལྟར་རྟོགས་པའི་ཡོན་ཏན་མངོན་དུ་བྱེད་པའི་རྗེས་སུ་ཆགས་པའི་བརྟན་པའི་མཚན་ཉིད་འཛིན་པ་དམ་པོས་ཡང་དང་ཡང་དུ་མི་གཉིས་པའི་ཏིང་ངེ་འཛིན་གྱིས་བལྟ་བར་བྱ་བ་འདི་ནི་རབ་ཏུ་གསང་
བའི་མཆོད་པ་གཉིས་པ་སྟེ། ཇི་སྐད་དུ། བརྟན་པར་ཆགས་པ་ཀུན་སྦྱོར་བ། །དང་པོར་འཛིན་པའི་བདེ་བ་ནི། །སངས་རྒྱས་རྣམས་ལ་ཕུལ་ན་ཡང་། །རྡོ་རྗེ་རིན་ཆེན་ལྟ་བུར་འགྱུར། །ཞེས་གསུངས་སོ། །འདིར་དམ་པོར་འཛིན་ཞེས་བྱ་བ་ནི་མི་འཆོར་བར་འཛིན་པ་ལ་བྱའོ། །
དེ་ནས་ཨོཾ་པྲ་ཏི་བཛྲ་ཞེས་བྱ་བའི་སྙིང་པོ་རྡོ་རྗེ་ཚིག་གིས་བརྗོད་ལ་འདི་ལྟར་རྣམ་པར་བརྟག་གོ། །ཇི་ལྟར་བདག་གིས་ཡེ་ཤེས་རྣམ་པར་གྲོལ་བའི་སྒོ་འདི་རང་བཞིན་གྱིས་འོད་གསལ་བ་ཡིན་དུ་ཟིན་ཀྱང་། གློ་བུར་གྱི་ཉོན་མོངས་པའི་མུན་པས་ཁེབས་ཏེ། འོན་ཀྱང་ཉོན་མོངས་པའི་དྲི་མ་དེ་
རྣམས་དོན་དམ་པར་རང་བཞིན་མེད་པས་བདག་གི་ཡེ་ཤེས་སྣང་བའི་སྒོ་འདི་ཡོངས་སུ་དག་པ་ཉིད་དེ། དེ་བས་ན་རང་གི་ལྷའི་ཡེ་ཤེས་ཡོངས་སུ་དག་པ་ཆགས་པ་མེད་པ་རྣམ་པར་གྲོལ་བའི་སྒོ་དང་ཆ་མཉམ་པས་གཅིག་གོ་སྙམ་དུ་བསམས་ཏེ་དེ་ལྟར་བདག་དང་ལྷའི་རྣམ་པར་གྲོལ་

བའི་སྒོ་གཉིས་གཅིག་ཏུ་མོས་པའི་མཚན་ཉིད་རྣམ་པར་གྲོལ་བ་སྤྲད་པ་བྱམས་པའི་བདེ་བ་ལ་ཀུན་དུ་ཆགས་པ་བརྟན་པར་བསྒོམ་པ་འདི་ནི་རབ་ཏུ་གསང་བའི་མཆོད་པ་གསུམ་པ་སྟེ། ཇི་སྐད་དུ། བྱམས་པའི་བདེ་ལ་བརྟན་པར་ཆགས། །སྤྲད་པའི་བདེ་བ་མཆོག་རྣམས་ནི། །སངས་
རྒྱས་རྣམས་ལ་ཕུལ་ན་ཡང་། །རྡོ་རྗེ་ཆོས་དང་འདྲ་བར་འགྱུར། །ཞེས་གསུངས་སོ། །སྤྲད་པ་ནི་འདིར་རང་གི་དམ་ཚིག་གི་སེམས་དཔའ་དང་། ཡེ་ཤེས་ཀྱི་སེམས་དཔའི་མཚན་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་གཉིས་སྦྱར་བའོ། །དེ་ནས་ཀརྨ་བཛྲ་ཞེས་བརྗོད་ལ་འདི་ལྟར་རྣམ་པར་
བརྟག་གོ། །གང་གི་ཕྱིར་ལྷའི་གཟུགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་དག་དང་། བདག་དང་རྣམ་པ་ཐམས་ཅད་དུ་གཅིག་སྟེ། དེ་བས་ནི་འདི་གཉིས་ཀྱི་དབང་པོ་གཟུགས་ཡོད་པ་དང་། གཟུགས་མེད་པ་ཐམས་ཅད་མཉམ་པར་གཞག་པས་གཅིག་ཏུ་གྱུར་པའི་མཚན་ཉིད་དུ་གྱུར་པས།
བདག་གི་ལུས་དེ་དང་། ཡེ་ཤེས་ཀྱི་སེམས་དཔར་གཅིག་ཏུ་གྱུར་པའི་ང་རྒྱལ་རབ་ཏུ་བསྒོམ་པ་འདི་ནི་རབ་ཏུ་གསང་བའི་མཆོད་པ་བཞི་པ་སྟེ་འདི་སྐད་དུ། དབང་པོ་གཉིས་ནི་མཉམ་སྦྱར་བའི། །སྦྱོར་བའི་བདེ་བ་ཐམས་ཅད་དུ། །མཆོད་པ་ངེས་པར་ཕུལ་ན་ནི། །རྡོ་རྗེ་ལས་དང་
འདྲ་བར་འགྱུར། །ཞེས་གསུངས་སོ། །དབང་པོ་གཉིས་ཞེས་བྱ་བ་ནི་བདག་གི་ལུས་ཀྱི་དབང་པོ་རྣམས་དང་། བདག་གི་ལུས་ཀྱི་ནང་ན་གནས་པའི་ཡེ་ཤེས་ཀྱི་སེམས་དཔའི་དབང་པོའི་ཚོགས་ཐམས་ཅད་ཡིན་པར་ཤེས་པར་བྱའོ། །འདིར་ཡང་གོ་རིམས་བཞིན་དུ་དེ་བཞིན་
གཤེགས་པ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་རྣམས་ཀྱི་བྱེ་བྲག་གིས་རང་གི་ལྷའི་ཡེ་ཤེས་ཀྱི་སེམས་དཔའ་དང་བདག་དང་མི་གཉིས་པར་གྱུར་ཏེ། དམ་ཚིག་གི་སེམས་དཔའ་དང་གཅིག་ཏུ་གྱུར་པ་ལ་རབ་ཏུ་གསང་བའི་སྒྲུབ་པའི་མཆོད་པ་འདི་བཞི་བསྟན་མོད་ཀྱི།
འོན་ཀྱང་གང་ཡང་རུང་བའི་རིགས་སུ་གཏོགས་པའི་རང་གི་ལྷ་གང་ཡང་རུང་བ་གཅིག་གི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པ་པོས་ཀྱང་རབ་ཏུ་གསང་བའི་མཆོད་པ་འདི་བཞི་ཆར་གོ་རིམས་སྔ་མ་བཞིན་དུ་སྦྱར་དགོས་ཏེ། གང་གི་ཕྱིར་ཡེ་ཤེས་ཀྱི་སེམས་དཔའ་བདག་དང་མི་གཉིས་

པའི་རྣལ་འབྱོར་པ་ཐམས་ཅད་ལ་རྗེས་སུ་ཆགས་པ་ལ་སོགས་པ་རབ་ཏུ་གསང་བའི་མཆོད་པའི་ཡོན་ཏན་འདི་རྣམས་ཀྱིས་རང་གི་སེམས་ཀྱི་རྒྱུད་ལ་བརླན་ན་འགལ་བ་མེད་དོ། །ཁྱད་པར་དུ་ནི་རང་གི་རིགས་སུ་གཏོགས་པའི་རབ་ཏུ་གསང་བའི་སྒྲུབ་པའི་མཆོད་པ་བདག་
ལ་གནས་པའི་ཡེ་ཤེས་ཀྱི་སེམས་དཔའ་ལ་ལྷག་པར་བྱའོ་ཞེས་རྣལ་འབྱོར་གྱི་རིགས་པ་མཁས་པའི་སློབ་དཔོན་རྣམས་འཆད་དོ། །དེ་ནས་དེ་ལྟར་རང་གི་ལྷ་བདག་གི་ལུས་ལ་ཆུ་དང་འོ་མ་ལྟ་བུར་གཅིག་ཏུ་གྱུར་པ་ལ། ཨོཾ་སུ་ར་ཏ་སྟྭཾ་ཞེས་བྱ་བའི་སྙིང་པོ་འདི་བརྗོད་ཅིང་དབང་དུ་གྱུར་པར་བྱ་
བའི་ཕྱིར། ཇི་སྲིད་འདོད་པར་བསྒོམ་མོ། །ཇི་སྐད་དུ། འདོད་པ་བསྟེན་པ་བདེ་བ་བདག །རབ་ཏུ་དགའ་བ་ཁྱོད་ཅེས་སྨྲས། །རྡོ་རྗེ་སེམས་དཔའ་བསྒྲུབ་བྱ་བ། །དེ་ཉིད་བསྐུལ་བས་བཟླས་བརྗོད་བྱའོ། །དེ་ནས་མཚན་ཐོག་ཐག་ཏུ་བཟླས་བརྗོད་བྱས་ན། དེ་ནས་ནང་པར་དེ་བཞིན་
གཤེགས་པ་ཐམས་ཅད་དུ་འགྱུར་བ་ལ་སོགས་པའི་དངོས་གྲུབ་མཆོག་འཐོབ་པོ་ཞེས་གསུངས་སོ། །རང་གི་རིགས་ཀྱང་དམ་ཚིག་གི་ཕྱག་རྒྱ་དང་ཇི་ལྟར་འདོད་པའི་ཏིང་ངེ་འཛིན་རྣམས་དང་ལས་རྣམས་བསྒྲུབ་པ་ལ་ཡང་རིམ་པ་འདི་ཐམས་ཅད་སྦྱར་བར་ཤེས་པར་བྱའོ། །ཁྱད་པར་དུ་རང་
གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པ་ལ་སྔ་མ་བཞིན་དུ་ཡང་རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ཏེ་མི་དགྲོལ་བར་དེ་བཞིན་དུ་དུས་བཞི་པ་སྦྱོར་བས་རང་གི་ལྷའི་སྙིང་པོ་འབུམ་བཟླས་སོ། །དེ་ནས་ཐ་མར་དེ་བཞིན་དུ་རི་མོའི་
སྐུ་གཟུགས་ཀྱི་སྤྱན་སྔར་རྡོ་རྗེ་མའི་ཕྱག་རྒྱ་དེ་ཉིད་བཅིངས་ཏེ་མཚན་ཐོག་ཐག་ཏུ་བཟླས་བརྗོད་བྱའོ། །བཟླས་བརྗོད་བྱེད་པས་ན་ཕྱག་རྒྱ་བཅིངས་པས་སྐྱོ་བ་བསལ་བའི་ཕྱིར་སྐབས་སྐབས་སུ་ཕྱག་རྒྱ་དགྲོལ་ཏེ་སླར་ཡང་བཅིང་ངོ་། །དེ་ལྟར་བཟླས་བརྗོད་བྱེད་པ་ལས་གལ་ཏེ་ཕྱག་རྒྱ་
བཅིངས་པ་འཕར་ན་དེའི་ཚེ་བཅིངས་པས་འཕར་རོ། །དེ་སྟེ་རབ་ཏུ་གཡོན་དེའི་ཚེ་བཅིངས་པས་གང་འདོད་པའི་གཟུགས་དེ་ལྟ་བུར་བདག་ཉིད་སྟོན་ཏོ། །དེ་སྟེ་སྙིང་གའི་ཕྱོགས་སུ་བཟུང་སྟེ་བཟླས་བརྗོད་བྱེད་པ་ལས་དེ་སྟེང་དུ་འཕར་ན་དེའི་ཚེ་བཅིངས་པས་མི་སྣང་བར་འགྱུར་རོ། །དེ་སྟེ་

སྒྲ་བྱུང་ན་དེའི་ཚེ་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་རང་གི་སྙིང་པོ་དང་ལྡན་པ་ཇི་སྐད་གསུངས་པའི་རང་གི་ལས་རྣམས་བྱེད་དོ། །འདི་སྐད་དུ་ཡང་། དེ་ནས་ཕྱག་རྒྱ་བསྒྲུབ་པར་འདོད་པ་དེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་
སེམས་མའི་ཕྱག་རྒྱ་བཅིངས་ཏེ། རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར། ཇི་ལྟར་འདོད་པར་བྱེད་ཅིང་། ཇི་ལྟར་བཅིངས་པ་མི་དགྲོལ་བར་རྡོ་རྗེའི་ཚིག་གིས་བཟླས་བརྗོད་འབུམ་བྱའོ། །དེའི་མཐར་སྐྱོ་ན་ཅུང་ཟད་བཀྲོལ་ཏེ། ཇི་ལྟ་བ་བཞིན་དུ་བཅིངས་ནས། མཚན་ཐོག་ཐག་ཏུ་བཟླས་
བརྗོད་བྱའོ། །དེ་ནས་ཕྱག་རྒྱ་འབར་རམ། འབབ་བམ། འཕར་རམ། ཚིག་འབྱིན་ཏོ། །དེ་ནས་ཕྱག་རྒྱ་བཅིངས་པས་འཕར་བ་དང་། འདོད་པའི་གཟུགས་སུ་གྱུར་པ་དང་། མི་སྣང་བ་དང་། ལས་ཐམས་ཅད་བྱེད་དོ། །ཕྱག་རྒྱ་ཐམས་ཅད་ཀྱང་བཅིངས་པ་ཙམ་གྱིས་
ལས་ཐམས་ཅད་བྱེད་དོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ཞེས་བྱ་བ་གསུངས་སོ། །དེ་ནས་ཏིང་ངེ་འཛིན་བསྒྲུབ་པར་འདོད་ན། དེ་ནས་རྡོ་རྗེ་ཕྲ་མོ་ལ་སོགས་པ་གང་ཡང་རུང་བའི་ཏིང་ངེ་འཛིན་བསྒྲུབ་པའི་སྙིང་པོ་ཡིད་ལ་བསྒོམ་པ་དུས་ཅུང་ཟད་ཅིག་ཏུ་གོམས་
པར་བྱ་སྟེ། དེ་ནས་རང་གི་ལྷའི་སྙིང་པོ་བཟླས་བརྗོད་བྱའོ། །ཇི་ལྟར་གོམས་པར་བྱ་བའི་ཏིང་ངེ་འཛིན་བསྟན་ཏེ། དེ་ནས་བསྒོམ་པ་གོམས་པ་ལས་ཅི་ལྟར་བྱིན་གྱིས་བརླབ་པའི་རང་གི་ཕྱག་རྒྱའི་སེམས་དཔའི་གཟུགས་སུ་བདག་བསྒྲུབ་པར་འདོད་པ་ན། དེའི་ཚེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་
འཁོར་ཆེན་པོའི་སྐབས་སུ་གསུངས་པའི་རང་གི་ལྷའི་སྙིང་པོ་བརྗོད་ཅིང་། ཅི་ལྟར་མོས་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །ཇི་སྐད་དུ། དེ་ནས་དངོས་གྲུབ་མཆོག་འདོད་ན། རང་གི་ཕྱག་རྒྱའི་སྙིང་པོས་བསྒྲུབ་པར་བྱ་སྟེ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དངོས་
གྲུབ་དམ་པ་བསྒྲུབ་པའི་རིམ་པ་ནི་འདིའོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བདག་ཇི་ལྟར་བྱས་པ་མངོན་དུ་བྱས་ཏེ། སྣའི་ཐོག་མའི་བུ་གའི་ནང་དུ་དབུགས་དགག་པར་བྱ་སྟེ། བཛྲ་དྷཱ་ཏུ། ཞེས་བྱ་བའི་སྙིང་པོ་བརྗོད་ཅིང་ནམ་མཁའི་ནང་ཐམས་ཅད་ཡང་དག་པར་

རྫོགས་པའི་སངས་རྒྱས་ཀྱི་སྐུ་ཕྲ་མོ་རྣམས་ཀྱི་ཁྱད་པར་རབ་ཏུ་གསལ་བར་སྣང་བའི་རྣལ་འབྱོར་གྱིས་བསམས་ཏེ། སྣའི་བུ་གའི་ཐོག་མ་ནས་དབུགས་བག་ཡངས་སུ་བྱུང་བའི་སྦྱོར་བས། དེའི་རྗེས་སུ་འབྲང་བའི་ཡིད་ཀྱིས་ཡང་ལེགས་པར་བརྟགས་ཏེ། ཡང་
དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་མང་པོ་ཇི་ལྟར་བསམས་པ་དེ་དག་ཡན་ལག་ཐམས་ཅད་ཀྱི་རླུང་རང་གི་ལུས་ཀྱི་ནང་དུ་འཇུག་པའི་ཚུལ་གྱིས་བསྡུ་སྟེ། མར་སར་བྱེ་མའི་ནང་དུ་ཐིམ་པ་བཞིན་དུ་རང་གི་སྙིང་གར་གཟུང་ངོ་། །ཇི་སྐད་དུ། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་
བཅིངས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་སངས་རྒྱས་ཀྱི་གཟུགས་བྱིན་གྱིས་བརླབས་པ་དང་རང་གི་སྙིང་གར་གཟུང་ངོ་། །ཚེ་འདི་ཉིད་ལ་རབ་ཏུ་ཞི་བའི་མཆོག་སངས་རྒྱས་པར་འདོད་པ་དེས་འདི་བྱའོ། །མིན་ན་སྒྲུབ་པ་གོང་མ་བཞིན་ཞེས་གསུངས་སོ། །དེ་
ལྟར་ལས་གཞན་མེད་པར་བསྒོམ་པ་ལ་བརྩོན་ཞིང་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་བཏུལ་བ་ནི། །ཇི་ལྟར་བསྒོམ་པའི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་གྲུབ་པའི་མཚན་མ་བྱུང་བར་གྱུར་ན་ཡང་སྔ་མ་བཞིན་དུ་བསྒྲུབས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་
གཟུགས་འཛིན་པ་བྱང་ཆུབ་སེམས་དཔའི་རིག་སྔགས་འཆང་དུ་འགྱུར་རོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་འགྲུབ་པའི་མཚན་མ་སྟེ། སེམས་དཔའི་བྱིན་བརླབས་རྣལ་འབྱོར་གྱིས། །སངས་རྒྱས་གཟུགས་སུ་བདག་བསྒོམ་པ། ཡེ་ཤེས་རྣལ་འབྱོར་
འདི་ཡིས་ནི། །སངས་རྒྱས་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱའོ། །དེའི་དོན་ཡང་འདིའོ། །དང་པོར་གོམས་པར་བྱེད་པའི་ཚེ་རྣམ་པ་ལྔ་མངོན་པར་བྱང་ཆུབ་པའི་རིམ་གྱིས་སེམས་མ་རྡོ་རྗེར་བྱིན་གྱིས་བརླབས་པའི་འོག་ཏུ་སེམས་དཔར་བྱིན་གྱིས་བརླབས་པས་དེ་བཞིན་གཤེགས་
པའི་གཟུགས་སུ་བསྒོམས་ན་རྣལ་འབྱོར་པ་ལ་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་སྣང་བར་འགྱུར་རོ། །ནམ་དེ་བཞིན་གཤེགས་པའི་སྐུར་སྣང་བའི་མཚན་ཉིད་ཕྱག་རྒྱ་ཆེན་པོ་གོམས་ཏེ་སྒྲུབ་ཏུ་རུང་བར་གྱུར་པ་དེའི་ཚེ། སེམས་མ་རྡོ་རྗེ་བསྒོམ་པའི་ཚེ་ཉིད་ནི་དེའི་རྣམ་པར་རྟོག་པ་མེད་

ཀྱང་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་སྣང་བར་འགྱུར་རོ། །དེ་ལ་སེམས་དཔར་བྱིན་གྱིས་བརླབ་པའི་རྣལ་འབྱོར་གསུངས་པ་ནི་འདིའོ། །སེམས་དཔའ་དང་ནི་ཐམས་ཅད་བདག །བདག་ཀྱང་བདག་ལ་ཀུན་དུ་གནས། །ཞེས་བྱ་བ་ཡིད་ལ་བྱ་སྟེ། བདག་རང་ཕྱག་རྒྱ་ཆེན་
པོར་མངོན་དུ་བྱེད་པ་གང་ཡིན་པའོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཐབས་བཤད་ཟིན་ཏོ། །དེའི་རིགས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་རིམ་པ་ནི་འདིའོ། །དང་པོར་རེ་ཞིག་མཆོད་པ་ལ་སོགས་པའི་
ཆོ་ག་ཡེ་ཤེས་དབབ་པའི་མཐའི་བར་དུ་ཐམས་ཅད་བྱས་ལ། ཇི་ལྟར་བྱིན་གྱིས་བརླབས་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བདག་མངོན་དུ་བྱས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པའི་མཉེས་པར་བྱ་བའི་སེམས་དཔའ་གང་ཡང་རུང་བའི་
སྙིང་པོ་རྡོ་རྗེའི་ཚིག་གིས་ཡིད་ལ་བརྗོད་ཅིང་སྣའི་བུ་གའི་ནང་ནས་དབུགས་ཕྱི་ནང་དུ་རྒྱུ་བ་བཀག་པས་དབང་པོའི་ཚོགས་ནང་དུ་ཕྱོགས་པར་བྱ་ཞིང་རྗེས་སུ་ཆགས་པས། རང་གི་ལྷའི་གཟུགས་སུ་བསྒྲུབས་ལ་སྙིང་པོའི་དོན་རྟོགས་པས་རང་གི་ལྷ་སེམས་དཔའ་དེའི་གཟུགས་བདག་
དང་མི་གཉིས་པའི་ང་རྒྱལ་དུ་ཉི་མ་རེ་རེ་ལུས་དང་ངག་དང་སེམས་ལ་གནོད་པ་སྤངས་ཏེ་བསྒོམ་མོ། །བར་སྐབས་སུ་ཡང་དབུགས་དབྱུང་བ་བྱས་ཏེ། རང་གི་ལྷའི་གཟུགས་རྣམས་ཀྱིས་ནམ་མཁའི་དཀྱིལ་འཁོར་མཐའ་དག་རབ་ཏུ་གང་བར་བྱའོ། །ཁྱད་པར་དུ་ཡང་གང་དང་
གང་དབང་པོ་དང་དྲན་པའི་སྤྱོད་ཡུལ་དུ་འོང་བ་དེ་དག་ཐམས་ཅད་མཉེས་པར་བྱ་བའི་ཕྱག་རྒྱ་ཆེན་པོ་སེམས་དཔའི་གཟུགས་སུ་བསྒོམ་མོ། །དེ་དག་སེམས་པ་ན་ཡང་འདི་ལྟར་ཡིད་ལ་བྱའོ། །འདི་རྣམས་ཐམས་ཅད་ནི་བདག་གི་རྣམ་པར་རྟོག་པ་ལས་བྱུང་བ་སྟེ། ཇི་ལྟར་
རྣམ་པར་བརྟགས་པ་དེ་བཞིན་དུ་སོ་སོར་སྣང་བར་འགྱུར་མོད་ཀྱི། །རིགས་པ་དང་ལུང་དང་འགལ་བས་འདི་རྣམས་ཀྱི་ངོ་བོ་ཉིད་ནི་གང་ཡང་དོན་དམ་པར་ངོ་བོ་ཉིད་ཡོད་པ་མ་ཡིན་ནོ་སྙམ་དུ་བསམ་མོ། །དེ་ནས་ཡང་རླུང་དང་བཅས་པའི་ཡིད་དེ་སླར་བསྡུས་ནས། དེ་བཞིན་དུ་བདག་ཏུ་

གྱུར་པའི་རང་གི་ཕྱག་རྒྱའི་སེམས་དཔར་དམིགས་པར་བྱའོ། །དེ་དག་ཐམས་ཅད་རྒྱུད་འདི་ལས་ཕྱག་རྒྱ་ཆེན་པོར་མཉམ་པར་གཞག་སྟེ། དེ་ཉིད་ཆེན་པོ་ཀུན་ཟློས་ཤིང་། །གནས་དེར་ཐམས་ཅད་བདག་ཉིད་དུ། །སེམས་དཔའི་རྣལ་འབྱོར་གྱིས་བསྒོམ་མོ། །
ཞེས་གསུངས་སོ། །རིམ་པ་ནི་འདིས་བསྒོམ་ཞིང་ཇི་སྲིད་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཚན་མ་བྱུང་གི་བར་དུ་གོམས་པར་བྱའོ། །དེ་ལ་འདི་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉེ་བར་གྱུར་པའི་མཚན་མ་གསུངས་པ་སྟེ། ནམ་མཁའ་འམ་ཡང་ན་
ཕྱོགས་གཞན་དུ། །དཀྱིལ་འཁོར་དཀར་པོ་སེར་པོ་དང་། །རང་གི་ཕྱག་རྒྱ་སེམས་དཔར་བདག །མངོན་སུམ་བཞིན་དུ་མཐོང་བར་འགྱུར། །ཞེས་བྱའོ། །དེ་བཞིན་དུ་དངོས་གྲུབ་རབ་ཏུ་ཉེ་བར་གྱུར་པ་ན། གཞན་ཡང་ཇི་སྐད་དུ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ། །
ཟླ་བའི་དཀྱིལ་འཁོར་འོད་བཅས་པ། །དངོས་གྲུབ་དུས་ན་རང་གི་གཟུགས། །བདག་ལ་ཐོག་མར་སྟོན་པར་མཛད། །ཅེས་བྱ་བའོ། །དེ་ནས་དེ་བཞིན་དུ་མཆོད་པའི་ཆོ་ག་བྱས་ཏེ། ནུབ་གཅིག་དེ་བཞིན་དུ་ཏིང་ངེ་འཛིན་ལ་གནས་ན་རང་གི་ལྷ་བྱོན་ནས། རང་གི་ཕྱག་རྒྱ་ཆེན་པོའི་
གཟུགས་སུ་གྲུབ་པ་དེ་ལ་སྩོལ་ཏོ། །དེ་བཞིན་དུ་བསྒོམས་པ་ལས་གལ་ཏེ་ནམ་ཞིག་དེའི་སྒོམ་པའི་ལམ་ཞན་པས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་གྲུབ་པ་མངོན་དུ་གྱུར་པའི་མཚན་མ་མེད་པར་གྱུར་ན་ཡང་། དེའི་ཚེ་སྔར་བཤད་པའི་མངོན་པར་ཤེས་པའི་ཡེ་ཤེས་དང་། ཚེ་དང་སྟོབས་དང་ལུས་
བཟང་པོ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་གྲུབ་རྣམས་ནན་ཏན་བྱས་ཀྱང་དེ་ལས་འབྱུང་བར་འགྱུར་ཏེ། འདི་སྐད་དུ། ཡང་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ཕན་ཡོན་བསྔགས་པའི་སྐབས་སུ། ཚེ་འདི་ཉིད་ལ་དམ་པ་ཡི། །མཁས་པའི་གོ་འཕང་གང་འདོད་པ། །དེས་ན་བདག་གིས་
འདི་བྱའོ། །མིན་ན་དངོས་གྲུབ་གོང་མ་བཞིན། །ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་སྒྲུབ་པ་སྔར་གསུངས་པ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །འདི་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པའི་ཆོ་ག །རྡོ་རྗེ་དབྱིངས་

ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པ་སྟེ་བཤད་ཟིན་ཏོ། །དེར་གསུངས་པའི་དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་སྒྲུབ་པའི་རིམ་པ་ནི་འདི་ཉིད་དོ། །འབྲས་བུ་ཡང་ཕལ་ཆེར་འདི་ཉིད་དེ། ཁྱད་པར་དུ་ནི་དམ་ཚིག་ལ་སོགས་པའི་ཕྱག་རྒྱ་གསུམ་རྣམས་བསྒྲུབ་
པ་ལ། སྔར་གསུངས་པའི་རིམ་གྱིས་དམ་ཚིག་སེམས་དཔའི་རྣལ་འབྱོར་དང་ཡེ་ཤེས་དབབ་པར་བྱ་སྟེ། དེ་ནས་བསྒྲུབ་པར་བྱ་བའི་ཕྱག་རྒྱ་བཅིངས་ལ་སྒྲུབ་པོ། །དེ་ལ་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པ་ལ་ནི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཕྱག་རྒྱ་དེ་ཉིད་ཀྱི་རང་གི་གཟུགས་
རང་གི་སྙིང་གར་བསམས་ཏེ། སྔར་གསུངས་པའི་སྙིང་པོ་དེ་ཉིད་བརྗོད་ཅིང་བདག་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་འདི་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་རྡོ་རྗེ་ལས་གྱུར་པའི་གཟུགས་ཏེ། དེ་བས་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་
རྒྱ་རྡོ་རྗེའི་མཚན་ཉིད་དང་བཅས་པ། མི་ཤིགས་མི་ཆོད་པ་དེ་བཞིན་དུ་བདག་ཀྱང་མི་ཤིགས་མི་ཆོད་པའོ། །ཞེས་སེམས་ཤིང་དེ་ལྟར་ཉི་མ་རེ་བསྒོམ་པའོ། །ལྷག་མ་རྣམས་ནི་ཆོ་ག་སྔ་མ་ཉིད་འདིར་སྦྱར་བར་བྱ་སྟེ། ཇི་སྐད་དུ། ཇི་ལྟར་རྡོ་རྗེ་འཛིན་གྲུབ་ན། །དེ་བཞིན་བདག་ཅེས་
བསྒོམས་ན་ནི། །སངས་རྒྱས་མཁས་པ་ཐོབ་པར་འགྱུར། །མིན་ན་འགྲུབ་པ་གོང་མ་བཞིན། །ཞེས་གསུངས་སོ། །དེ་བཞིན་དུ་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པའི་ཁྱད་པར་ཡང་འདིའོ། །སྔ་མ་བཞིན་དུ་བདག་རང་གི་ལྷའི་སེམས་དཔར་བྱས་པའི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམ་མོ། །
དེ་ཡང་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱ་སྔར་བཤད་པ་བསམས་ཏེ། ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བྱ་བ་སྤྱིའི་ཆོས་ཀྱི་ཕྱག་རྒྱའི་དོན་མོས་པར་བྱ་སྟེ། སྙིང་པོ་བརྗོད་ལ། ཇི་སྲིད་ཆོས་ཀྱི་ཕྱག་རྒྱ་འདི་རྣམས་གྲུབ་པའི་མཚན་མ་ཇི་སྐད་དུ་གསུངས་པ་བྱུང་གི་བར་དུ་བསྒོམ་མོ། །ལྷག་མ་ནི་
སྔ་མ་བཞིན་ནོ། །ཇི་སྐད་དུ། ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པའི་སྐབས་སུ། ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །དག་པ་ཞེས་བྱའི་ཚིག་སྨྲས་ན། །སངས་རྒྱས་མཁས་པ་ཐོབ་པར་འགྱུར། །མིན་ན་གྲུབ་པ་གོང་མ་བཞིན། །ཞེས་གསུངས་སོ། །རང་གི་ལྷའི་ལས་ཀྱི་ཕྱག་

རྒྱ་སྒྲུབ་པའི་ཁྱད་པར་ཡང་། དེ་བཞིན་དུ་རང་གི་ལྷའི་དམ་ཚིག་སེམས་དཔར་ང་རྒྱལ་བྱས་ཏེ། རང་གི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། སྙིང་གར་རྡོ་རྗེ་རྒྱ་གྲམ་བསྒོམས་ཏེ་འདི་ལྟར་བསམས་མོ། །ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པས་རང་བཞིན་གྱིས་རྣམ་པར་དག་
པ་སྟེ། དེ་བས་ན་ལས་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་གྱིས་མ་སྐྱེས་པ་སྟེ། གཞན་དུ་རྣམ་པར་བརྟགས་པ་ཙམ་མོ། །དེ་བས་ན་ཇི་ལྟར་རྣམ་པར་བརྟགས་པ་དེ་བཞིན་དུ་ལས་ཀྱི་དངོས་གྲུབ་རྣམས་འབྱུང་ངོ་ཞེས་དེ་ལྟར་ཡིད་ལ་བྱ་སྟེ། རང་གི་སྙིང་པོ་བརྗོད་ཅིང་བསྒོམ་མོ། །ལྷག་
མ་ནི་སྔ་མ་བཞིན་ཏེ། ཇི་སྐད་དུ། དེ་བཞིན་ཀུན་དུ་དག་པས་ན། །ལས་ཀུན་རྣམ་པར་སྤྱངས་ན་ནི། །སངས་རྒྱས་མཁས་པ་ཐོབ་པར་འགྱུར། །མིན་ནི་གྲུབ་པ་གོང་མ་བཞིན། །ཞེས་གསུངས་སོ། །དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་བསྒྲུབ་པའི་རབ་ཏུ་སྦྱོར་བ་ནི། །དེ་
བཞིན་གཤེགས་པ་རྣམས་དང་། དེའི་རིགས་ཀྱི་དང་འདྲ་སྟེ། དེ་བས་ན་གཅིག་ཏུ་བསྟན་པ་ཉིད་དུ་གསུངས་སོ། །དེའི་འབྲས་བུ་ནི་སངས་རྒྱས་མཁས་པ་འཐོབ་པོ་ཞེས་བྱ་བའོ། །ཁྱད་པར་དུ་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་ལ་འཇུག་པ་ནི། ཇི་ལྟར་
སྒྲུབ་པའི་དེ་བཞིན་གཤེགས་པའི་གཟུགས་ཉིད་བདག་ཏུ་བསྒྱུར་བའམ་མདུན་དུ་བསམས་ཏེ། མཚན་ཡལ་ནངས་སུ་ཕྱག་རྒྱ་སྙིང་པོ་ཟློས་ཤིང་བསྒྲུབ་པར་བྱ་སྟེ། ཇི་སྐད་དུ། དེ་བཞིན་གཤེགས་པའི་དངོས་གྲུབ་མཆོག་སྒྲུབ་པའི་སྐབས་སུ། །བདག་ལའམ་ཡང་ན་མདུན་དུ་ནི། །
སངས་རྒྱས་རྗེས་དྲན་བསྒོམ་པའོ། །ཕྱག་རྒྱ་ཐམས་ཅད་བཅིངས་ན་ནི། །དེ་ནས་དེ་མ་ཐག་ཏུ་འགྲུབ། །ཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པ་ལ་ནི་
དམ་ཚིག་སེམས་དཔའི་རྣལ་འབྱོར་ལ་སོགས་པ་སྔོན་གྱི་དུས་སུ་བྱ་བའི་ཆོ་ག་ཐམས་ཅད་བྱས་ཏེ། བདག་ནི་འདོད་པའོ་ཞེས་བསྒོམ་ཞིང་སྒྲུབ་པའི་མཚན་མོ་ཕྱག་རྒྱའི་སྙིང་པོ་བཟླས་སོ། །ཇི་སྐད་དུ། དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་མཆོག་གི་རྒྱུད་ཀྱི་སྐབས་

སུ། ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་ནི། །བདག་ནི་འདོད་པའོ་ཞེས་བསྒོམ་ཞིང་། །རྡོ་རྗེ་ཟློས་པའི་སྦྱོར་བ་ཡིས། །དངོས་གྲུབ་མཆོག་རྣམས་ཐམས་ཅད་གྲུབ། །ཅེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་གསུངས་སོ། །ད་ནི་ལྷའི་མིག་ལ་སོགས་
པ་མངོན་པར་ཤེས་པ་རྣམས་ཀྱི་རང་གི་ཡུལ་བརྟགས་པའི་སྦྱོར་བ་རྣམས་བཤད་པར་བྱའོ། །དེ་ལ་རྣལ་འབྱོར་པ་གྲུབ་པའམ་མ་གྲུབ་པ་ཡང་རུང་སྟེ། དང་པོར་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་དབང་དུ་བྱས་ནས། རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་ཡེ་ཤེས་དབབ་པའི་
མཐའི་བར་དུ་མངོན་དུ་བྱས་ཏེ། གཟུགས་གང་ཡུལ་གཞན་གྱིས་ཆོད་པའམ། ཁང་པ་དང་རི་དང་རྩིག་པ་ལ་སོགས་པས་བསྒྲིབས་པ་རྣམས་ལྷའི་མིག་གིས་མཐོང་བར་འདོད་པ་དེ་མདུན་ན་གནས་པ་བཞིན་དུ་གཟུགས་ཀྱི་རྣམ་པར་རྟོག་པ་མོས་པར་བྱས་ནས་དེ་མཐོང་
བའི་ཡིད་ལ་བྱ་བ་བསྒོམ་པར་བྱ་སྟེ། ཤེས་པར་བྱ་བའི་གཟུགས་ཀྱི་དངོས་པོ་དེ་ལ་སྣང་བ་དང་བཅས་པའི་མིག་གི་དངོས་པོས་སོ་སོར་སྣང་བའི་རྣམ་པར་རྟོག་པ་འཇུག་པར་བྱའོ། །དེ་ནས་དེའི་རྣམ་པ་གཉིས་ཀྱི་ཡིད་ལྷའི་མིག་གི་མངོན་པར་ཤེས་པ་འབྱུང་བའི་དེ་མ་ཐག་
པའི་རྐྱེན་ཉེ་བར་སྐྱེ་སྟེ། གང་ལ་ཇི་ལྟར་འདོད་པའི་གཟུགས་རིག་པ་རབ་ཏུ་གསལ་བར་སྣང་བ་སྔོན་པོ་དང་སེར་པོ་དང་དཀར་པོ་ལ་སོགས་པའི་གཟུགས་ཀྱི་རྣམ་པར་ཤེས་པ་རྣལ་འབྱོར་པ་ལ་དོགས་པ་མེད་པར་འབྱུང་ངོ་། །གང་དེ་ལྟ་བུའི་རྒྱུ་རྐྱེན་ཚོགས་པ་མངོན་དུ་བྱས་ཤིང་
བསྒོམས་པའི་མཐུ་བསྐྱེད་པ་ལས་མ་གྲུབ་པའི་རྣལ་འབྱོར་པ་ཡང་ཡུལ་ལ་སོགས་པ་ཐག་རིང་པོ་ན་གནས་པའི་གཟུགས་ལ་སོགས་པའི་དངོས་པོ་རྣམས་མདུན་ན་འདུག་པ་བཞིན་དུ་དེའི་རྣམ་པར་སྣང་བའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བ་དེ་ལྟ་བུ་ནི་ཆོས་ཉིད་དེ། །ཐ་ན་དེ་ལྟ་
བུའི་རྣམ་པར་རྟོག་པ་དང་ལྡན་པའི་རྣལ་འབྱོར་ཉིད་ལས་ཀྱང་། དེའི་དོན་མི་སླུ་བ་ལ་སོགས་པ་བདེན་པའི་རྨི་ལམ་མཐོང་བས་ཀྱང་། དེའི་དོན་ཉམས་སུ་མྱོང་བ་དོགས་པ་མེད་པར་འགྱུར་རོ། །ལྷའི་མིག་གི་མངོན་པར་ཤེས་པ་བསྐྱེད་པའི་ཆོ་ག་འདི་ཐམས་ཅད་ལྷའི་རྣ་བའི་མངོན་པར་

ཤེས་པ་ལ་སོགས་པའི་སྦྱོར་བ་ཡང་ཤེས་པར་བྱ་སྟེ། ཁྱད་པར་དུ་ནི་ལྷའི་རྣ་བའི་མངོན་པར་ཤེས་པ་ལ་རྣ་བའི་མངོན་པར་ཤེས་པ་མངོན་དུ་བྱའོ། །ཡུལ་ནི་ཡུལ་གཞན་ལ་སོགས་པས་མཆོད་པ་དང་། ཐ་ན་གྲོག་སྦུར་ལ་སོགས་པའི་སྒྲའི་བྱེ་བྲག་རྣམས་ཀྱང་ཐོས་པའོ། །
ཇི་སྐད་དུ་ཡང་རྒྱུད་ལས་ལྷའི་མིག་དང་ལྷའི་རྣ་བ་གཉིས་ཀྱི་ཡུལ་གྱི་བྱེ་བྲག་འབྱུང་བ། ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། །མིག་གི་རྣམ་པར་ཤེས་པ་བཏང་། །དེ་ཡིས་ཅུང་ཟད་གང་བབས་པ། །རབ་ཏུ་རིང་བའང་མཐོང་བར་འགྱུར། །དེ་བཞིན་དུ། ཕྱག་རྒྱ་ཆེན་པོར་མཉམ་
གཞག་སྟེ། །རྣ་བའི་རྣམ་པར་ཤེས་པ་བཏང་། །དེ་ཡིས་དགོས་པ་གང་བསམས་པ། །རབ་ཏུ་རིང་བ་ནས་ཀྱང་ཐོས། །ཞེས་གསུངས་སོ། །གཞན་གྱི་སེམས་ཤེས་པར་འདོད་པའི་རྣལ་འབྱོར་པས་ཀྱང་། བདག་རང་གི་ལྷའི་ཕྱག་རྒྱ་ཆེན་པོར་ཆོ་ག་བཞིན་དུ་བྱས་ནས། །
གང་གི་སེམས་ཡོངས་སུ་ཤེས་པར་འདོད་པ་དེར་རབ་ཏུ་ཐག་རིང་པོ་ན་གནས་ཀྱང་མདུན་ན་གནས་པ་བཞིན་དུ་མོས་པ་བྱ་སྟེ། དེའི་སེམས་ཅན་ཅི་འདྲ་བ་ཞིག་ཅེས་རྣམ་པར་བརྟགས་ནས། རྣལ་འབྱོར་གྱི་མཐུས་དེའི་བསམ་པ་དང་རྗེས་སུ་མཐུན་པའི་ཡིད་ཀྱི་རྣམ་པར་རྟོག་པའི་རང་
བཞིན་ཏུ་གསལ་བ་རྣལ་འབྱོར་པ་ལ་འབྱུང་སྟེ། གང་ལས་གཞན་གྱི་སེམས་ཀྱི་རྣམ་པར་རྟོག་པ་དོགས་པ་མེད་པར་འགྱུར་བ་སྟེ། གང་གི་ཕྱིར་བསམ་གཏན་པ་རྣམས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པས་འདིར་མི་རིགས་པས་མི་བརྟག་གོ། །འདི་སྐད་དུ་ཡང་། ཕྱག་རྒྱ་ཆེན་
པོར་མཉམ་གཞག་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་བཏང་། །དེ་ཡིས་སེམས་ཅན་གང་བརྟགས་པ། །དེ་ཡི་སེམས་ཅན་དེ་ཡིས་རིག །ཅེས་གསུངས་སོ། །དེ་བཞིན་དུ་བདག་དང་གཞན་གྱི་ཚེ་རབས་སྔ་མ་ཤེས་པར་འདོད་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་དེ་བཞིན་དུ་བཅིངས་
ཏེ། ཡིད་ཀྱིས་བདག་གམ་ཕ་རོལ་གྱི་གཟུགས་བརྟག་ཅིང་དེའི་སྔོན་རོལ་ནི་བདག་གམ་སེམས་ཅན་དེའི་ཚེ་ཅི་འདྲ་བ་ཞིག་ཅེས་བསྒོམ་པའི་རྣལ་འབྱོར་བྱས་ན་གྲུབ་པའི་རྣལ་འབྱོར་པ་འགའ་ཞིག་བདག་དང་གཞན་གྱི་སྔོན་གྱི་གནས་རྗེས་སུ་དྲན་པར་འགྱུར་བ་མ་ཡིན་གྱི། རྣལ་འབྱོར་

གྱི་མཐུས་མ་གྲུབ་པ་ཡང་རྩེ་གཅིག་པའི་ཕྱིར་དེ་ལྟ་བུའི་སྦྱོར་བས་རྨི་ལམ་བཞིན་དུ་སྔར་འདས་མ་ཐག་པ་ལ་སོགས་པའི་ཚེ་རབས་སོ་སོར་སྣང་བར་འགྱུར་ཏེ། འདི་སྐད་དུ་ཡང་། ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། །བདག་གམ་ཡང་ན་གཞན་ཡང་རུང་། །ཡིད་ཀྱིས་གཟུགས་འདི་
མཐོང་བ་ཡང་། གང་ན་ཚེ་འོངས་དེ་རུ་བཏང་། །ཞེས་གསུངས་སོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པའི་བྱེ་བྲག་ནི་ནམ་མཁའ་ལ་འགྲོ་བ་དང་། མི་སྣང་བ་དང་། གཟུགས་སྣ་ཚོགས་པ་དང་། བསྒྲིབས་པ་དང་མ་བསྒྲིབས་པ་དང་། ནམ་མཁའ་ལ་རྒྱང་རིང་དུ་མྱུར་དུ་འགྲོ་བ་དང་།
རི་དང་གྲོང་ཁྱེར་ལ་སོགས་པའི་ཕྱི་རོལ་གྱི་དངོས་པོ་རྣམས་སྤྲུལ་པ་བྱེད་པ་དང་འཇིམ་པ་ལ་སོགས་པའི་རྫས་ལ་གསེར་ལ་སོགས་པའི་དངོས་པོར་བྱ་བ་དང་། མི་གནས་པའི་དངོས་པོ་ལ་ཡང་ལོ་དུ་མར་འདུག་ཏུ་རུང་བར་བྱ་བའི་ལ་སོགས་པ་རྫུ་འཕྲུལ་གྱི་བྱེ་བྲག་དེ་ལྟ་བུར་འདོད་པའི་རྣལ་
འབྱོར་པས་སྔ་མ་བཞིན་དུ་རང་གི་ལྷའི་ཕྱག་རྒྱ་བཅིངས་ཏེ། ནམ་མཁའ་ལ་འགྲེ་བ་ལ་སོགས་པ་གང་ཡང་རུང་བའི་རྫུ་འཕྲུལ་གྱི་ཡུལ་མངོན་དུ་བྱས་ཏེ། དེའི་རྣམ་པར་བསྒོམ་པ་ཇི་སྲིད་ཇི་ལྟར་འདོད་པའི་རྫུ་འཕྲུལ་ཡང་དག་པར་བྱུང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བྱའོ། །འདི་སྐད་
དུ་ཡང་། ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། །རྫུ་འཕྲུལ་གང་དང་གང་འདོད་པ། །གང་དང་གང་དུ་དེ་ཉིད་ནི། །མཉམ་པར་གཞག་པས་བལྟ་བར་བྱ། །ཞེས་གསུངས་སོ། །གཞན་གྱི་སེམས་ཀྱི་རང་བཞིན་ཡོངས་སུ་ཤེས་པར་བྱ་བའི་སྦྱོར་བ་གཞན་ཡང་འདི་ལྟ་སྟེ། དེ་ལ་དེ་
བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་འདི་ལྟར་བྱིན་གྱིས་བརླབ་པར་བྱའོ། །སེམས་ཅན་དེའི་རང་བཞིན་ཅི་འདྲ་བ་དེ་འདྲ་བའི་གཟུགས་ཉིད་དུ་བདག་གི་སྙིང་གའམ་མདུན་དུ་དཔལ་རྡོ་རྗེ་སེམས་དཔའ་སྟོན་པར་གྱུར་ཅིག་ཅེས་དེ་ལྟར་བསམས་ལ་རང་གི་སྙིང་གའམ་མདུན་
དུ་རྡོ་རྗེ་སེམས་དཔའ་མཐོང་བར་བསྒོམ་པ་ནི་ཇི་སྲིད་སེམས་ཅན་དེའི་སེམས་ཅི་འདྲ་བ་དེའི་རྣམ་པར་རྡོ་རྗེ་སེམས་དཔའ་རབ་ཏུ་སྣང་བར་གྱུར་གྱི་བར་དུ་བསྒོམ་པར་བྱའོ། །དེ་ལ་ནམ་རྡོ་རྗེ་སེམས་དཔའ་ཤེལ་བཞིན་དུ་དག་པར་སྣང་བར་གྱུར་པ་དེའི་ཚེ། སེམས་དག་ཅིང་རྙོག་པ་ལ་སོགས་

པའི་ཉེས་པ་མེད་པར་ཤེས་པར་བྱའོ། །ནམ་ཡང་དུང་དང་མེ་ཏོག་ཀུན་ད་དང་། གངས་དང་ཟླ་བ་དང་འོ་མ་བཞིན་དུ་དཀར་བར་དཔལ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་སྣང་བ་དེའི་ཚེ་རབ་ཏུ་དངས་ཤིང་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་ཤེས་
པར་བྱའོ། །དེ་སྟེ་མེ་ཏོག་བན་དུ་ཛཱི་བ་ཀ་དང་། ལེ་བརྒན་ལ་སོགས་པའི་ཁ་དོག་འདྲ་བར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་སྣང་བར་གྱུར་པ་དེའི་ཚེ། གཞན་གྱི་སེམས་རྗེས་སུ་ཆགས་པར་ཤེས་པར་བྱའོ། །འོན་ཏེ་ཏིང་ངེ་འཛིན་དེའི་ཁ་དོག་ཅི་འདྲ་བ་དེའི་ཁ་དོག་ནག་པོར་སྣང་ན་དེའི་ཚེ་
ཁྲོས་པར་ཤེས་པར་བྱ་སྟེ། ཇི་སྐད་དུ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཟླ་བའི་ཁ་དོག་རབ་འབྱོར་པས། །དེ་ཡི་ཁ་དོག་ཅི་འདྲ་རིག །དེ་བཞིན་འཇིག་རྟེན་དེ་ཡིས་རིག །དག་ན་སྐྱེ་བོ་དག་པར་ཤེས། །དཀར་ན་ཡང་ནི་རབ་ཏུ་དང་། དམར་ནག་རབ་ཏུ་ཞེན་ཅིང་ཁྲོ། ཁ་དོག་
ཅི་འདྲ་དེ་ཡི་བདག །ཅེས་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ལ་ཡང་ཆོ་ག་འདི་ཉིད་དེ། འདི་སྐད་དུ་ཡང་། ཕྱག་རྒྱ་ཆེན་པོར་མཉམ་གཞག་པ། །ཟླ་བའི་དཀྱིལ་འཁོར་འོད་དང་བཅས། །རང་གི་ལུས་དེ་ཇི་ལྟར་ཤེས། །དེ་བཞིན་འགྲོ་
བའི་ཡིད་ཤེས་སོ། །ཞེས་གསུངས་སོ། །དེ་བཞིན་དུ་གལ་ཏེ་འགའ་ཞིག་འགྲོ་བའམ་འོང་བར་ཤེས་པར་འདོད་ན་དེའི་ཚེ་དེ་དང་རྗེས་སུ་མཐུན་པར་སྨོན་ལམ་བཏབ་སྟེ། ཇི་སྲིད་མཉམ་པར་གཞག་པས་ལག་པ་ལ་སོགས་པས་འགྲོ་བའམ་འོང་བའི་སྦྱོར་བ་བྱེད་པའམ། རང་
གཡོ་བར་སྣང་བར་གྱུར་པ་དེ་སྲིད་དུ་བསྒོམས་ཏེ་དེ་ནས་དེ་བཞིན་དུ་ཤེས་པར་བྱའོ། །ཇི་སྐད་དུ། མཉམ་པར་འཇོག་པ་འདི་དག་ནི། །འགྲོ་བ་དང་ནི་འོང་བའམ། །གཡོ་བ་དག་ཀྱང་བྱེད་པར་ནི། །ཇི་ལྟར་མཐོང་བ་དེ་ལྟར་འོང་། །སེམས་ཅན་གང་དང་གང་དག་གིས། །མཉམ་
པར་གཞག་སྟེ་བསམས་ན་ནི། །དེ་དང་དེ་དག་དེ་བཞིན་དུ། །སེམས་ནི་ཐམས་ཅད་ཉིད་འགྱུར་ཞེས། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པ་བསྒོམས་པ་ལས་

བྱུང་བའི་དངོས་གྲུབ་རྣམས་གསུངས་ཏེ། རྒྱ་ཆེར་ནི་རྒྱུད་ཉིད་ལས་ཤེས་པར་བྱའོ། །འདིར་ནི་རྣལ་འབྱོར་པ་རྣམས་དགའ་བར་བྱ་བའི་ཕྱིར་དེ་རྣམས་ལས་ཅུང་ཟད་ཙམ་ཞིག་བདག་གིས་བཏུས་པར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་བསྒོམ་པའི་དངོས་གྲུབ་མདོར་
བསྡུས་པའོ།། །།ད་ནི་བཟླས་བརྗོད་ཀྱི་སྦྱོར་བའི་དངོས་གྲུབ་རྣམས་བཤད་པར་བྱ་སྟེ། འདིར་ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པའི་དངོས་གྲུབ་རྣམ་གཉིས་བཤད་མོད་ཀྱི། འོན་ཀྱང་བཟླས་བརྗོད་ཀྱི་
སྐབས་སུ་བཤད་པའི་དངོས་གྲུབ་ཀྱི་ཆོ་ག་འདི་ལ། དེ་ལས་གཞན་པའི་རིགས་རྣམས་ཀྱི་སྐྱིལ་མོ་ཀྲུང་ལ་སོགས་པའི་ཆོ་གའི་སྐབས་སུ་མ་བབ་ཀྱང་བཤད་པར་བྱ་སྟེ། དེ་ལ་རྣལ་འབྱོར་པ་རྣམས་མཁས་པར་བྱ་བའི་ཕྱིར་རོ། །དེ་ལ་གལ་ཏེ་གང་ཡང་རུང་བའི་རིགས་ཀྱི་ལྷའི་སྙིང་པོ་ལ་
སོགས་པ་བཟླས་བརྗོད་བྱེད་པ་ལ་བརྩོན་པ་རིགས་སོ་སོའི་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་རྣམས་ཀྱི་བཟླས་བརྗོད་ཀྱི་སྐབས་སུ་གསུངས་པའི་དངོས་གྲུབ་འདོད་པའི་རྣལ་འབྱོར་པ་གང་ཡིན་པ་དེས། རང་གི་རིགས་དང་མཐུན་པའི་རང་གི་ལྷའི་དམ་ཚིག་
སེམས་དཔའི་རྣལ་འབྱོར་ཇི་ལྟར་བྱས་པའི་བདག་ཏུ་གྱུར་པར་མངོན་དུ་བྱ་སྟེ། ཇི་ལྟར་འདོད་པའི་རིགས་གཞན་དང་རྗེས་སུ་མཐུན་པའི་སྐྱིལ་མོ་ཀྲུང་ལ་སོགས་པར་འདུག་པའི་རིགས་གཞན་གྱི་སོ་སོར་ངེས་པའི་ལུས་དང་ངག་དང་ཡིད་ཀྱི་སྦྱོར་བ་དེས། འདིར་རང་གི་རིགས་སུ་གཏོགས་
པའི་སྙིང་པོ་ལ་སོགས་པ་བཟླས་བརྗོད་བྱའོ། །དེ་ལ་རྒྱལ་བའི་རིགས་ཀྱི་སྙིང་པོ་ལ་སོགས་པ་ཟློས་པ་པོ་རྣམས་ཀྱི་འདུག་པའི་བྱེ་བྲག་གསུངས་པ། ཇི་ལྟར་བྲིས་པའི་རྗེས་མཐུན་པར། །གང་ཡང་རུང་བའི་སྐྱིལ་མོ་ཀྲུང་། །འདུག་ནས་རབ་ཏུ་བསྒྲུབས་ན་ནི། །སེམས་དཔའ་ཆེན་པོ་རབ་
ཏུ་འགྲུབ། །རྒྱལ་བའི་རིགས་ལ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བྱའོ་ཞེས་གཞན་དག་ལས་གསུངས་སོ། །རང་གི་རྐང་གཡས་རྩེ་མོ་ནི། །པང་པ་གཡོན་པའི་སྟེང་དུ་བཞག །འདི་ནི་སེམས་དཔའི་སྐྱིལ་མོ་ཀྲུང་། །དངོས་གྲུབ་ཀུན་ལ་འོས་པ་ཡིན། །ཞེས་བྱའོ། །རྡོ་རྗེའི་

རིགས་ལ་ནི། ཇི་ལྟར་བྲིས་པའི་རྗེས་མཐུན་པར། །གཡོན་བརྐྱང་ཚུལ་དུ་རབ་གནས་ཏེ། །རབ་ཏུ་ཁྲོས་པས་བསྒྲུབས་ན་ནི། །དོགས་པ་མེད་པར་འགྲུབ་པར་འགྱུར། པདྨོའི་རིགས་ལ་ནི། རྡོ་རྗེ་སྐྱིལ་མོ་ཀྲུང་འདུག་ལ། །ལག་གཉིས་རྡོ་རྗེ་བཅིངས་པ་སྟེ། །ཏིང་
ངེ་འཛིན་གྱི་ལུས་བྱས་ནས། །པདྨ་ལས་བྱུང་བསྒྲུབ་པར་བྱའོ། །རིན་ཆེན་འབྱུང་གནས་ཀྱི་རིགས་ལ། ལངས་སམ་ཡང་ན་འདུག་ཀྱང་རུང་། །འཆག་གམ་ཇི་ལྟར་གང་ཡང་རུང་། །རྡོ་རྗེ་སྙིང་པོར་དབང་བསྐུར་བས། །གྲུབ་པར་གྱུར་པ་དགོས་པ་མེད། །ཅེས་བྱ་སྟེ། འདི་ནི་
རིགས་བཞིའི་བཟླས་བརྗོད་དང་བསྒོམ་པ་ལ་བརྩོན་པ་རྣམས་ཀྱི་རང་གི་རིགས་ཀྱི་བྱེ་བྲག་ཇི་ལྟ་བར་ལུས་ཀྱི་དབྱིབས་ཀྱི་མཚན་ཉིད་བསྟན་པ་སྟེ། རིགས་བཞི་ཆར་གྱི་སྦྱོར་བ་བསྟན་པ་སྤྱིར་བཤད་པའོ། །དེ་བཞིན་དུ་རྡོ་རྗེ་དང་། ཁྲོ་བོ་དང་འབར་བ་དང་བྱམས་པའི་ལྟ་བ་དང་། ལྟ་བ་
བཞིའི་སྤྱིའི་མཚན་ཉིད་ཀྱང་འདི་ལྟ་སྟེ། དེ་ལ་འདི་ནི་རྡོ་རྗེ་ལྟ་བའི་མཚན་ཉིད་དོ། །རྡོ་རྗེ་ལྟ་བའི་ཆགས་པས་སུ། །རབ་ཏུ་དགའ་བ་ཆགས་པའི་མིག །དེ་ཡིས་བུད་མེད་ལ་བལྟས་ན། །དབང་དུ་འགྱུར་བས་ངེས་པའོ། །བུད་མེད་ཅེས་བྱ་བ་ནི་འདིར་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་
ལ་སོགས་པར་ཤེས་པར་བྱའོ། །འབར་བའི་ལྟ་བ་ནི། རབ་ཏུ་མྱུར་བ་གཡོ་བའི་མིག །མིག་གི་རྫི་མ་འདྲེན་པ་ནི། །འབར་བའི་ལྟ་བ་ཞེས་སུ་གསུངས། །འགྲོ་བ་ཐམས་ཅད་དགུག་པའོ། །ཁྲོ་བོའི་ལྟ་བ་ནི། ཁྲོ་གཉེར་བསྙེར་བས་རབ་ཏུ་འཇིགས། །ཁྲོ་བོའི་ལྟ་བས་རབ་ཏུ་
འཛུམ། །ཁྲོ་བོའི་ལྟ་བར་མཉམ་བཞག་ན། །ཁམས་གསུམ་དག་ཀྱང་འཇིག་པར་བྱེད། །བྱམས་པའི་ལྟ་བ་ནི། རི་རབ་ལྷུན་པོའི་བྲག་ཆེན་ལྟར། །བརྟན་ཞིང་མི་འཛུམ་པ་ཡི་མིག །བྱམས་པའི་ལྟ་བ་ཡིན་པར་བཤད། །རིམས་ནད་གདོན་དང་དུག་རྣམས་སེལ། །ལྟ་བ་
འདི་རྣམས་ཀྱང་སོ་སོའི་སྙིང་པོ་གང་ཡིན་པ་དང་ལྡན་པར་རང་གི་ལྷའི་རྣལ་འབྱོར་དུ་གནས་པའི་རྣལ་འབྱོར་པས་སྦྱར་ན་དབང་དུ་བྱ་བ་དང་། དགུག་པ་དང་། གཞུག་པ་དང་། རིམས་ནད་དང་གདོན་ལ་སོགས་པ་སེལ་བའི་ལས་སྔར་གསུངས་པའི་རྣམས་བྱེད་དོ། །དེ་ལ་སྙིང་

པོ་ནི་འདི་རྣམས་སོ། །བཛྲ་དྲྀཥྚི་མཊ། བཛྲ་དྲྀཥྚི་ཨཾ་ཀུ་ཤ་ཛ། ཀྲོ་དྷ་དྲྀཥྚིཿཧྲཱཾཿ དིཔྟ་དྲྀཥྚི་མ་ཊ། །སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་རྣམས་ཀྱི་ཚིག་གི་བྱེ་བྲག་ཆོ་ག་བཞིན་དུ་ཇི་ལྟར་བརྗོད་པའི་མཚན་ཉིད་ཀྱང་། དེ་བཞིན་དུ་གསང་སྔགས་ཡིད་ལ་བརྗོད་པ་དང་།
ཚིག་ཏུ་བརྗོད་པ་རྣམ་པ་གཉིས་སོ། །དེ་ལ་ཡིད་ལ་བརྗོད་པ་ཡང་མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་བྱེ་བྲག་རྣམ་པ་གཉིས་ཏེ། དེ་ལ་འོག་ནས་བྱུང་བའི་མཚན་ཉིད་ཏིང་ངེ་འཛིན་གྱི་ཚིག་གི་རང་བཞིན་ནི་མཚན་མ་དང་བཅས་པའོ། །དེ་ལས་གཞན་པ་ཡིད་ལ་བརྗོད་
པའི་མཚན་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལས་བཤད་པར་བྱའོ། །ཚིག་ཏུ་བརྗོད་པ་ནི་རིགས་བཞིའི་བྱེ་བྲག་གི་ཚིག་རྣམ་པ་བཞི་སྟེ། དེ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་ནི། །ལྕེ་ཡི་ཐོག་མ་ཅུང་ཟད་གཡོ། །སོ་དང་མཆུ་གཉིས་སྦྱར་ནས་སུ། །རྟོག་པ་
ཐམས་ཅད་བསྒྲུབ་པར་བྱ། །རྡོ་རྗེའི་ཚིག་ནི་སྒྲ་མེད་པའོ། །ཞེས་བྱའོ། །རྟོག་པ་ཐམས་ཅད་ཅེས་བྱ་བ་ཡང་འདིར་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་རིགས་ཐམས་ཅད་དུ་གཏོགས་པའི་ལྷའི་བྱེ་བྲག་ལ་བྱ་སྟེ། སེམས་ཅན་གྱི་དོན་གྲུབ་པར་བྱ་བའི་ཕྱིར་སངས་རྒྱས་
ཐམས་ཅད་ཀྱི་དེ་དག་དེ་ལྟ་བུར་བརྟགས་པའི་ཕྱིར་རོ། །དོན་འདི་ཡང་། དེ་ལ་མི་རྟོག་རྟོག་པའི་བདག །རྟོག་པས་བརྟགས་པ་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །དེ་བས་རྟོག་པ་ཞེས་བྱའོ། །ཞེས་གསུངས་སོ། །དེ་བས་ན་རྡོ་རྗེ་སེམས་དཔའ་བདག་
ཉིད་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་རྣམས་སུ་གྱུར་ནས། སེམས་ཅན་གྱི་དོན་གྱི་དབང་གིས་དེ་ལྟ་བུར་གནས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། རིགས་ཀྱི་ལྷ་ཐམས་ཅད་ལ་རྟོག་པ་ཞེས་བྱ་བའི་སྒྲར་བརྗོད་པར་ངེས་སོ། །དེ་བས་ན་རྡོ་
རྗེའི་ཚིག་ནི་ལྷ་རྣམས་ཐམས་ཅད་ཀྱི་སྤྱིའི་ཡོན་ཏན་ནོ་ཞེས་བསྟན་ཏོ། །དེའི་ཕྱིར་རིགས་ཐམས་ཅད་སྤྱིའི་རྒྱུད་བསྟན་པ་ནས། ཕྱག་རྒྱ་ཆེན་པོའི་སྦྱོར་བ་ནི། །རང་གི་སེམས་དཔའི་ཏིང་འཛིན་གྱིས། །རྡོ་རྗེ་ཚིག་དང་ལྟ་བ་ཡིས། །དངོས་གྲུབ་མཆོག་ནི་མྱུར་དུ་འཐོབ། །ཅེས་བསྟན་ཏོ། །

འདིར་ཡང་དེ་བཞིན་གཤེགས་པའི་རིགས་ལ་ཚིག་གཞན་འདིར་མ་བསྟན་པས། རྡོ་རྗེའི་ཚིག་ཉིད་དང་སྦྱར་རོ། །དེ་ལས་གཞན་པའི་རིགས་རྣམས་ལས་ནི། རྡོ་རྗེའི་ཚིག་དང་བཤད་པ་འདི་ལས་གཞན་པའི་ཚིག་གི་བྱེ་བྲག་འོག་ནས་འབྱུང་བའི་མཚན་ཉིད་དུ་
ཤེས་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་རང་གི་རིགས་ཀྱི་སྤྱིའི་ཆོས་དང་འབྲེལ་ཅིང་བྱེ་བྲག་ཏུ་མ་བསྟན་པས་རྡོ་རྗེའི་ཚིག་ཉིད་དུ་བཤད་པར་བྱའོ། །དེ་བས་ན་དེ་བཞིན་གཤེགས་པ་དང་བཅས་པའི་རིགས་ནི་དེ་བཞིན་གཤེགས་པའི་རིགས་ཏེ། དེ་བཞིན་གཤེགས་
པ་དང་རིགས་རྣམས་ཡིན་པས་ན། དེ་བཞིན་གཤེགས་པའི་རིགས་ཞེས་བཤད་པར་བྱའོ། །རིགས་ཞེས་བྱ་བའི་སྒྲར་བྱེ་བྲག་ཏུ་མ་ཕྱེ་ཡང་དེ་བཞིན་གཤེགས་པ་རྣམས་རིགས་དང་ཉེ་བ་ཉིད་ཀྱིས་གཟུང་བར་བྱའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ཡང་ཚིག་གིས་བསྐུལ་
བ་ཉིད་ཀྱིས་རྡོ་རྗེའི་ཚིག་དང་འབྲེལ་པར་བྱས་པར་འགྱུར་རོ། །གཞན་དག་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་ལྡེམ་པོ་ངག་གི་ཏིང་ངེ་འཛིན་གྱི་ཚིག་རྡོ་རྗེའི་ཚིག་ཅེས་འབྱུང་བས་བདེ་བར་གཤེགས་པ་རྣམས་ཀྱི་ཚིག་གཞན་རྣམས་ཀྱང་ཡོད་པར་མངོན་ནོ། །དེ་བཞིན་དུ་དེ་བཞིན་
གཤེགས་པའི་རིགས་ཀྱི་ཡང་གཞན་དག་ལས། དེ་ལྟ་བུའི་གསང་སྔགས་རིག་སྔགས་བཟླས་བརྗོད་བྱ་བའི་རྗེས་སུ་མཐུན་པར་ཚིག་གཞན་དུ་གསུངས་པ། རྔ་ལྟར་ཟབ་པའི་སྒྲ་འབྱིན་པ། དེ་བཞིན་གཤེགས་པའི་རིགས་སུ་བཤད། །ཅེས་བྱའོ། །དེ་བཞིན་དུ་བཅོམ་
ལྡན་འདས་རབ་ཏུ་དགའ་བའི་སྒོམ་པའི་སྦྱོར་བ་ལ་ཡང་། གཞན་དག་ཏུ་ཧཱུྃ་ཞེས་བྱ་བ་ལ་སོགས་པ་བསྒོམ་པའི་སྙིང་པོ་བརྗོད་པའི་ཕྱིར་ཚིག་གི་མཚན་ཉིད་གསུངས་པ། སྣ་རུ་གླུ་ནི་གླུ་ཀུན་གྱིས། །གསང་བ་རབ་ཏུ་དགའ་བའི་ཚིག །ཅེས་བྱའོ། །ཡང་གསུངས་པ། སྣ་
གླུ་འདྲེན་པ་ལ་སོགས་པ། །གླུ་རྣམས་ཀུན་གྱིས་ཅི་དགའ་བར། །རྡོ་རྗེ་དགའ་བའི་ཚིག་གིས་ནི། །གླུ་མཁན་དང་པོར་བླང་བར་བྱ། །ཞེས་བྱ་སྟེ། ཧཱུྃ་ཞེས་བྱ་བའི་གླུ་ནི་འདིར་གླུ་མཁན་དང་པོར་དགོངས་སོ། །ཚིག་འདི་ཉིད་གཞན་དག་ལས་གླུའི་ཚིག་ཅེས་འབྱུང་སྟེ། འདྲེན་པའི་

སོགས་དང་པོའི་རྣམས། །བླངས་ན་གླུ་ཡི་ཚིག་ཅེས་བསྒྲགས། །ཞེས་བྱའོ། །ཁྱད་པར་དུ་ཡང་འདིར་ཕྱག་ན་རྡོ་རྗེའི་གླུའི་ཚིག་གིས་བཟླས་པར་བསྟན་ཏོ། །རྡོ་རྗེ་རིགས་ལ་བཟླས་བརྗོད་བྱེད་པ་རྣམས་ཀྱི་ཚིག་གི་མཚན་ཉིད་ཀྱི་ཁྱད་པར་བཤད་ཟིན་ཏོ།། །།པདྨའི་
རིགས་ལ་ནི། །དབུགས་མེད་རབ་ཏུ་ཕྲ་བའི་ཚིག །རབ་ཏུ་ཡོངས་སུ་གསལ་བ་སྟེ། །བཟླས་བརྗོད་ཐམས་ཅད་དེ་བཞིན་འགྲུབ། །ཏིང་འཛིན་ཡེ་ཤེས་ལས་བྱུང་བའོ། །ཞེས་བྱའོ། །གཞན་དག་ལས་ནི་ཏིང་ངེ་འཛིན་གྱི་ཚིག་པདྨའི་རིགས་ཀྱི་ཡིན་ནོ་ཞེས་བཤད་དོ། །
རིན་པོ་ཆེའི་རིགས་ལ་ནི། །རབ་ཏུ་གསལ་བའི་ཚིག་གིས་ནི། །ཕྱག་འཚལ་བ་ལ་འདུན་པ་ཡིས། །ཆོ་ག་འདི་ཡིས་བཟླས་པ་ནི། །སྒྲ་ཡི་ཚིག་ཅེས་ཀུན་དུ་གྲགས། །ཞེས་བྱའོ། །རྡོ་རྗེ་ལ་སོགས་པའི་རིགས་ཀྱི་བདག་པོ་རྣམས་ཀྱང་དེ་བཞིན་གཤེགས་པ་བཞིན་
དུ་རང་གི་རིགས་ཀྱི་ཚིག་ཉིད་དུ་ཤེས་པར་བྱ་སྟེ། ལྷའི་བྱེ་བྲག་ཡོངས་སུ་བཟུང་བ་ལས་ཚིག་གི་བྱེ་བྲག་རྣམས་ཤེས་པར་བྱའོ། །དེ་ལྟར་རྒྱུད་གཞན་ལས་གྲགས་པ་བཞི་ལས་ལྷག་པའི་ཚིག་གི་བྱེ་བྲག་རྣམས་ཀྱང་ཚུལ་འདི་ལས་གསུངས་པའི་རིགས་བཞིའི་ཚུལ་དུ་གཏོགས་
ཏེ། ཚིག་རྣམས་པ་བཞིའི་ཕྱིར་ཏེ་བསྒྲུབ་པའི་བཟླས་བརྗོད་རྣམ་པ་བཞིར་བཤད་དོ། །འདིར་ཡང་ཁྲོ་བོ་དང་། ཕྲ་བ་དང་། སྒྲའི་ཚིག་རྣམས་རྡོ་རྗེ་ལ་སོགས་པའི་རིགས་ལ་མྱུར་དུ་འགྲུབ་པར་བྱེད་པར་ཁྱད་པར་དུ་བཀོད་པའོ། །རྡོ་རྗེའི་ཚིག་ནི་རིགས་རྣམས་ཐུན་མོང་པ་སྟེ། དེའི་
ཡོན་ཏན་ཁྱད་པར་མེད་པའི་ཕྱིར་རོ། །དེ་བས་ཀྱང་ཡིད་ཀྱི་བཟླས་པ་རབ་ཏུ་ལྷག་པ་དང་ཐུན་མོང་བ་སྟེ། གར་གཏོགས་པའི་ཁྱད་པར་བཤད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་ཚུལ་གཞན་དག་ལས། །ཡིད་ཀྱིས་སུ་ནི་བཟླས་པར་བྱ། །གལ་ཏེ་ན་ཡང་ཤུ་བུར་བཟླས། །ཞེས་
བྱ་བ་སྤྱིར་བཤད་དོ། །དེ་ཡང་མཚན་ཉིད་འདིར་མ་གསུངས་ཀྱང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམས་པའི་དངོས་གྲུབ་ཀྱི་སྙིང་པོ་རྣམས་ཡིད་ལ་བསམ་པའི་མཚན་ཉིད་གཙོ་བོར་ཤེས་པར་བྱའོ། །གང་གི་ཕྱིར་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པའི་ཚེ། ཇི་སྐད་དུ་གསུངས་

པའི་དམ་ཚིག་རྣམས་ཀྱིས་བསྒོམ་པའི་སྙིང་པོ་རྣམས་བརྗོད་པའི་ཞར་གྱིས། ཇི་སྐད་དུ་གསུངས་པའི་ཚིག་ལ་ཞེན་པའི་ཡིད་ནི་གཅིག་ཁོ་ནར་བསྒོམ་པར་བྱ་བའི་དངོས་པོ་རབ་ཏུ་གསལ་བར་མི་འགྱུར་རོ་ཞེས་གསུངས་སོ། །གང་ཡང་རིགས་ཀྱི་བྱེ་བྲག་ལས་
ཚིག་གི་མཚན་ཉིད་རྣམ་པ་བཞིར་གསུངས་པ་འདི་ནི། བཟླས་པའི་སྐབས་ཉིད་དུ་གཙོར་བསྟན་པར་ཤེས་པར་བྱའོ། །གང་གི་ཚེ་རྣལ་འབྱོར་གྱི་ཚུལ་གཞན་ལས་གསུངས་པའི་མཚན་ཉིད། །དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚིག །རྡོ་རྗེའི་ཚིག་གོ་
ཞེས་བྱ་བ་འདིར་སྦྱར་ན་དེའི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིད་ཀྱི་བཟླས་བརྗོད་ཉིད་དུ་བཤད་པར་རིག་པར་བྱའོ། །ཇི་ལྟར་ཞེ་ན། མཉམ་པར་གཞག་པའི་ཚིག་ནི་རང་གི་བརྗོད་པ་ཉིད་དུ་རྣལ་འབྱོར་ལ་མཁས་པ་རྣམས་འཆད་དོ། །དེ་བས་ན། རྒྱལ་བ་རྣམས་ཀྱི་ཡིད་ཀྱིར་
བཤད། །ཚིག་ཏུ་དེ་ཡི་རིགས་ལ་སོགས། །རྡོ་རྗེ་ཁྲོ་བོ་སྒྲ་ཆུང་བའི། །ཚིག་རྣམས་ཀྱིས་ནི་ཕལ་ཆེར་བཟླས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །རྣལ་འབྱོར་པ་རྣམས་ཀྱི་ཚིག་གི་ཡུལ་གྱི་བྱེ་བྲག་རྣམས་བཤད་ཟིན་ཏོ། །ཡིད་ཀྱི་བྱེ་བྲག་ཀྱང་རེ་ཞིག །
དེ་བཞིན་གཤེགས་པ་རྣམས་ཀྱིས་ནི། །འདོད་པ་ལ་སོགས་བདེ་བ་ཀུན། །རྟག་ཏུ་བདག་གི་སྙིང་ལ་གནས། །ཨེ་མ་ཧོ་སེམས་ཅན་དོན་ཞེས་པ། །གང་ཕྱིར་ཆགས་དང་བྲལ་བའམ་ཆགས། །ཞེས་བྱ་བའོ། །རྒྱལ་བའི་རིགས་ལ་ནི། །འདོད་པ་བཅོམ་ལྡན་རྟག་པ་
སྟེ། །སེམས་ཅན་ཀུན་ལ་བདེ་སྩོལ་བ། །རྡོ་རྗེ་སེམས་དཔའ་ཉིད་བདག་ཅེས། །བསྒོམས་ན་འགྲུབ་པ་ཉིད་དུ་འགྱུར། །ཞེས་བྱའོ། །རྡོ་རྗེའི་རིགས་ལ་ནི། སེམས་ཅན་ཀུན་ལ་ཕན་འདོགས་ཕྱིར། །གདུག་པ་རྣམས་ནི་གཞིག་ཕྱིར་དང་། །སངས་རྒྱས་བསྟན་པ་བསྲུང་
བའི་ཕྱིར། ཁྲོ་བོ་གྲུབ་པར་བྱེད་པའི་མཆོག །ཅེས་བྱའོ། །པདྨའི་ཞེས་བྱ་བ་ནི་འདི་ལྟ་སྟེ། པདྨ་ཀུན་གྱི་ཉེས་པ་ཡིས། །མ་གོས་རབ་ཏུ་ཆགས་དང་ལྡན། །དེ་བཞིན་གནས་ཀྱི་ཉེས་པས་དག །སྲིད་ལ་ཆགས་པས་འགྲུབ་པར་འགྱུར། །ནོར་བུའི་རིགས་ལ་ནི། ནམ་ཞིག་

སེམས་ཅན་ཐམས་ཅད་གྱིས། །དགོས་པའི་དོན་ཀུན་བསྒྲུབ་པའི་ཕྱིར། །དེ་བཞིན་རིན་ཆེན་ཆར་དབབ་ཅེས། །ལེགས་པར་བསྒོམས་ན་འགྲུབ་པར་འགྱུར། །ཞེས་བྱའོ། །རིགས་བཞིའི་ལྷ་རྣམས་ཀྱི་བཟླས་བརྗོད་བྱེད་པའི་ཚེ། སྔགས་པ་རྣམས་ཀྱི་ཡིད་ཀྱི་བསམ་པ་
བཤད་ཟིན་ཏོ། །རྡོ་རྗེ་ལ་སོགས་པའི་རིགས་ཀྱི་བདག་པོ་རྣམས་ཀྱིས་ནི་ཕལ་ཆེར་བཟླས་བརྗོད་ཀྱི་ཚིག་བཞིན་དུ་རང་གི་རིགས་ཀྱི་ལུས་དང་ངག་དང་ཡིད་ཀྱི་སྦྱོར་བ་ལ་བསྟན་པ་ཉིད་དུ་ཤེས་པར་བྱའོ། །རིག་སྔགས་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་རབ་ཏུ་
དབྱེ་བ་བསྡུས་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་བཞིའི་རང་གི་ལྷའི་དམ་ཚིག་སེམས་དཔའི་རྣལ་འབྱོར་བྱས་པ་བཟླས་བརྗོད་དང་བསྒོམ་པའི་རྗེས་སུ་མཐུན་པའི་ལུས་དང་ངག་དང་ཡིད་ཀྱི་སྦྱོར་བ་ལ་མཁས་པ་སོ་སོའི་སྙིང་པོ་དང་ཕྱག་རྒྱ་དང་གསང་
སྔགས་དང་། རིག་སྔགས་རྣམས་ལས་ཇི་ལྟ་བ་བཞིན་དུ་གང་ཡང་རུང་བའི་བཟླས་བརྗོད་ཀྱི་སྐབས་སུ་གསུངས་པའི་དངོས་གྲུབ་འདོད་པའི་སྙིང་པོ་ལ་སོགས་པ་གང་ཡང་རུང་བ་གཅིག་བཟླས་བརྗོད་བྱའོ། །དེ་ལ་རེ་ཞིག་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་
བཞིར་གསུངས་པའི་ལྷའི་སྙིང་པོ་རྣམས་ལས་གང་ཡང་རུང་བའི་ལས་བྱེད་པར་འདོད་པའི་རྣལ་འབྱོར་པས་བདག་དང་མི་གཉིས་པར་གྱུར་པའི་རང་གི་ལྷའི་དམ་ཚིག་སེམས་དཔའི་གཟུགས་ཇི་ལྟར་བསྒྲུབ་པ་མངོན་དུ་བྱའོ། །ཁྱད་པར་དུ་ནི་རིགས་ཇི་ལྟ་བུའི་ལྷའི་གཟུགས་རྣམས་བསྒྲུབ་
པའི་ནང་ནས། དེ་བཞིན་གཤེགས་པའི་རིགས་ཀྱི་ལྷའི་གཟུགས་ཇི་ལྟར་བསམས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དང་ལྡན་པ་ཉིད་དུ་མངོན་དུ་བྱའོ། །རྡོ་རྗེའི་རིགས་ལ་ནི། དམ་ཚིག་ཕྱག་རྒྱ་འཛིན་པར་བྱའོ། །པདྨའི་རིགས་ལས་འབྱུང་བ་ལ་ནི་སྙིང་གར་ཆོས་ཀྱི་ཕྱག་རྒྱའི་
ཡི་གེ་བཞག་གོ། །རིན་ཆེན་འབྱུང་གནས་ལས་བྱུང་བ་ལ་ནི་ཕྱག་གཉིས་རང་གི་ལས་ཀྱི་ཕྱག་རྒྱ་ཇི་ལྟ་བུར་མཛད་པ་གཙོར་དྲན་པའི་སྤྱོད་ཡུལ་དུ་བྱས་ལ། མདུན་དུ་ཡང་དེ་ལྟ་བུ་ཉིད་ཇི་སྐད་གསུངས་པའི་གདན་ལ་བཞུགས་ཤིང་ཇི་སྐད་གསུངས་པའི་ཁ་དོག་དང་དབྱིབས་གསལ་

བར་ཡུན་རིང་དུ་བལྟར་སྣང་ཞིང་། རང་གི་རིགས་དང་རྗེས་སུ་མཐུན་པར་བལྟས་པ་ཙམ་གྱིས་ཀུན་མཐུན་པ་བཞིན་རྗེས་སུ་ཞེན་པས་མངོན་པར་བསམ་མོ། །ཇི་སྐད་དུ། དེ་བཞིན་གཤེགས་པའི་སྙིང་པོ་བཟླས་བརྗོད་བྱེད་པ་རྣམས་ཀྱི་སྐབས་སུ།
ཕྱག་རྒྱ་ཆེན་པོར་བྱས་ནས་ནི། །དེ་བཞིན་གཤེགས་པ་རྗེས་དྲན་ཞིང་། །བསྒྲུབས་ན་མྱུར་དུ་འགྲུབ་པ་ནི། །སངས་རྒྱས་བྱང་ཆུབ་བརྟན་པ་ཡང་། །ཞེས་བྱ་བ་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ལ་ཡང་། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ། །བཅིངས་ནས་
ཡོངས་སུ་བསྒོམ་པར་བྱ། །མདུན་དུ་རྡོ་རྗེ་སེམས་དཔའ་བསྒོམ། །དངོས་གྲུབ་ཉིས་འགྱུར་དུ་འགྱུར་རོ། །ཞེས་བྱ་བའོ། །རྡོ་རྗེའི་རིགས་ལ་ཡང་། དམ་ཚིག་མཆོག་ནི་བཅིངས་ནས་སུ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །རྡོ་རྗེ་སེམས་དཔའ་བསྒོམས་ན་ནི། །
དངོས་གྲུབ་ཉིས་འགྱུར་དུ་འགྱུར་རོ། །ཞེས་གསུངས་སོ། །པདྨའི་རིགས་ལ་ནི། ཆོས་ཀྱི་ཕྱག་རྒྱ་བཅིངས་ནས་སུ། །འཇིག་རྟེན་དབང་ཕྱུག་ཏིང་འཛིན་གྱིས། །འཇིག་རྟེན་མགོན་ཡང་བསྒོམས་ན་ནི། །དངོས་གྲུབ་ཉིས་འགྱུར་དུ་འགྱུར་རོ། །ཞེས་བྱ་བའོ། །རིན་
པོ་ཆེའི་རིགས་ལ་ནི། སྙིང་པོ་བཟླས་བརྗོད་བྱེད་པ་རྣམས་ལ་དགོངས་ནས། ལས་ཀྱི་ཕྱག་རྒྱ་མཉམ་གཞག་ནས། །རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །རྡོ་རྗེ་སྙིང་པོ་བསྒོམས་ནས་ནི། །དངོས་གྲུབ་ཉིས་འགྱུར་དུ་འགྱུར་རོ། །ཞེས་བྱ་བ་གསུངས་སོ། །དེ་ནས་དེ་བཞིན་
གཤེགས་པ་རྣམས་ཀྱི་ཐུགས་ལ་དགོངས་པ་འགྲུབ་པར་ཤོག་ཅིག་ཅེས་བསྔགས་ནས། སྔར་བཤད་པའི་རིགས་ཀྱི་རྗེས་སུ་མཐུན་པའི་ཡིད་ཀྱི་བསམ་པ་རྗེས་སུ་དྲན་པར་བྱའོ། །དབུགས་སླར་བསྡུ་བའི་ཚུལ་གྱིས་དབང་པོའི་ཚོགས་མཐའ་དག་ནང་དུ་ཕྱོགས་པར་བྱས་ལ།
ཇི་སྐད་དུ་གསུངས་པའི་རིགས་དང་རྗེས་སུ་མཐུན་པའི་ཚིག་གིས་བཟླས་བརྗོད་བྱ་བའི་སྙིང་པོའི་དོན་བདག་ལ་བསྒོམ་ཞིང་དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པ་གང་ཡང་རུང་བའི་རིགས་ཀྱི་ལྷ་རྣམས་ལས་གང་འདོད་པའི་སྙིང་པོ་བཟླས་བརྗོད་བྱའོ། །ཡང་ན་དྲན་པ་དང་

སྲོག་གི་རྗེས་སུ་འབྲང་བའི་ཡང་ཕྱི་རོལ་དུ་བཏང་བས་མདུན་ན་བཞུགས་པའི་རང་གི་ལྷའི་གཟུགས་ཇི་སྐད་དུ་གསུངས་པའི་རིགས་དང་རྗེས་སུ་མཐུན་པའི་ཚིག་གིས་ལྟ་བས་བརྟག་ཅིང་དབུགས་དབྱུང་བའི་མཐའི་བར་དུ་བཟླས་བརྗོད་བྱ་སྟེ། ཡང་དབུགས་སླར་བསྡུ་བའི་
ཚུལ་གྱི་ཡིད་ནང་དུ་ཕྱོགས་པར་བྱས་པས། སྲོག་དང་དབང་པོ་རྒྱུ་བ་བཀག་སྟེ། ཇི་སྲིད་འདོད་པར་བདག་དང་མི་གཉིས་པར་གྱུར་པའི་རང་གི་ལྷའི་གཟུགས་ལ་དམིགས་ཤིང་བཟླས་བརྗོད་བྱ་བའི་སྙིང་པོ་བརྗོད་པར་བྱའོ། །ཡང་ན་ཚུལ་འདིས་རང་གི་ལྷའི་སྐུ་ལ་བརྟག་ཅིང་
དབུགས་འབྱིན་པ་དང་རྔུབ་པའི་ཚུལ་གྱིས་ཇི་སྲིད་འདོད་པའི་བར་བཟླས་བརྗོད་བྱའོ། །དེའི་དོན་ཡང་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་ཐམས་ཅད་སྤྱིའི་རྒྱུད་བསྟན་པ་ལས། སྙིང་པོའམ་རིག་སྔགས་ཕྱག་རྒྱའམ་སྔགས། །བཟླས་བརྗོད་
དོན་གྱིས་བསྒྲུབ་པ་ན། །བདག་གམ་ཡང་ན་སེམས་དཔའང་རུང་། །བསྒོམས་ནས་དེ་བཞིན་འགྲུབ་པར་འགྱུར། །ཞེས་གསུངས་སོ། །འདི་ནི་རེ་ཞིག་རིགས་སོ་སོའི་ཁྱད་པར་དུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དང་ལྡན་པ་བདག་དང་ཕྱི་རོལ་དུ་བཞུགས་པའི་རང་གི་ལྷའི་
གཟུགས་གཙོར་མངོན་དུ་བྱེད་པ་དང་། རིགས་སོ་སོར་ངེས་པའི་ངག་དང་ཡིད་དང་ལྟ་བའི་མཚན་ཉིད་ཇི་སྐད་དུ་གསུངས་པའི་སྦྱོར་བས་རིགས་བཞི་ཆར་གྱི་སྙིང་པོ་བཟླས་པའི་རྣལ་འབྱོར་རྣམ་པ་གཅིག་བསྟན་པའོ། །གཉིས་པ་ནི་རིགས་བཞིའི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་
ཇི་ལྟར་བསྒྲུབས་པའི་ལྷ་རྣམས་མངོན་དུ་བྱེད་པ་དང་། རྡོ་རྗེའི་ཚིག་དང་། རྡོ་རྗེའི་ལྟ་བས་སྤྱིར་སྙིང་པོ་ཐམས་ཅད་ཀྱིས་བཟླས་བརྗོད་བྱ་བའི་བསྒྲུབ་པ་གསུངས་ཏེ། འདི་སྐད་དུ་ཡང་། རིགས་ཐམས་ཅད་སྤྱིའི་རྒྱུད་བསྟན་པ་ལས། ཕྱག་རྒྱ་ཆེན་པོའི་སྦྱོར་བ་ནི། །བདག་ཉིད་
སེམས་དཔའི་ཏིང་འཛིན་གྱིས། །རྡོ་རྗེའི་ཚིག་དང་ལྟ་བས་སུ། །དངོས་གྲུབ་དམ་པ་མྱུར་དུ་ཐོབ། །ཅེས་གསུངས་སོ། །ཕྱོགས་འདིར་ནི་རང་གི་ལས་ཀྱི་ཕྱག་རྒྱ་དང་ལྡན་པ་ཉིད་དུ་བཟླས་བརྗོད་བྱ་བའི་ལྷ་རྣམས་བཟླས་བརྗོད་བྱེད་པས་མངོན་དུ་བྱ་བར་ཤེས་པར་བྱའོ། །

བཟླས་བརྗོད་ཀྱི་སྦྱོར་བ་འདི་གཉིས་ཀ་ལ་ཡང་། ཕྱི་རོལ་དུ་བསམ་པའི་ལྷ་ལ་དམིགས་པའི་ཕྱོགས་ལ། རང་གི་ལྷ་ཉིད་མདུན་ན་བཞུགས་པ་ཉིད་དུ་དམིགས་སོ། །ཇི་སྐད་དུ། དེ་ཡི་ལུས་ནི་འཇུག་པ་བཞིན། །གུས་པར་གསོལ་བ་འདེབས་པ་བཞིན། །
བློ་ཅན་གཞན་དུ་མི་ལྟ་བར། །བཟླས་ལ་འབད་པས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །བདུད་ནི་བྱེ་བ་སྟོང་རྣམས་ཀྱང་། །རབ་ཏུ་དགའ་བས་མྱུར་དུ་འཇོམས། །བལྟ་དང་གཟུགས་དང་རྣལ་འབྱོར་དག །མ་བཏང་ན་ནི་མྱུར་དུ་འགྲུབ། །ཅེས་ཀྱང་གསུངས་སོ། །
རིམ་པ་འདིས་ཀྱང་ཉིན་རེ་ཞིང་དུས་བཞིར་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ་ཞེས་གསུངས་སོ། །བགྲང་ཕྲེང་གི་ཆོ་ག་ཡང་རྒྱུད་འདི་ལས་མ་གསུངས་པས་ན། བཟླས་བརྗོད་ཀྱི་གྲངས་ཡིད་ལ་མ་ཡེངས་པའི་མཐུས་གཟུང་ངོ་། །ཡང་ན་རྡོ་རྗེ་རྩེ་མོ་ལས་གསུངས་པའི་ཆོ་གས་
བགྲང་ཕྲེང་བླངས་ཏེ་བཟླས་བརྗོད་ཀྱི་རྣལ་འབྱོར་བྱའོ། །དེ་ལ་རེ་ཞིག་འདིར་ནི་བགྲང་ཕྲེང་དྲང་བའི་སོར་མོ་རྣམས་ཀྱི་ངེས་པ་བསྟན་པ་སྟེ། ཇི་སྐད་དུ། སངས་རྒྱས་ལ་ནི་མཛུབ་མོས་བགྲང་། །རྡོ་རྗེ་འཛིན་ལ་གུང་མོས་སོ། །རིན་ཆེན་ལྡན་གྱི་སྲིན་ལག་སྟེ། །པདྨ་
རྒྱས་ལ་མཐའ་མས་སོ། །ཞེས་གསུངས་སོ། །བགྲང་ཕྲེང་རྣམས་ཀྱང་རིགས་སོ་སོར་ངེས་པར་དེ་ཉིད་ལས་འདི་རྣམས་བསྟན་ཏེ། སངས་རྒྱས་རྣལ་འབྱོར་བོ་དེ་ཙེ། །རྡོ་རྗེ་འཛིན་ལ་རུ་དྲྭ་ཀྵས། རིན་ཆེན་སྣ་ཚོགས་མུ་ཏིག་གི། པདྨའི་རིགས་ལ་པདྨའོ། །ཞེས་བྱ་བ་
གང་གསུངས་པའོ། །དེ་རྣམས་ཀྱི་ཕན་ཡོན་དང་། དེ་བཞིན་དུ་གཞན་ཡང་རིགས་ཐམས་ཅད་ཀྱི་སྤྱིའི་བགྲང་ཕྲེང་རྣམས་ཕན་ཡོན་དང་བཅས་པ་དེ་ཉིད་ལས་གཞུང་འདིས་གསུངས་པར་ཤེས་པར་བྱ་སྟེ། ཇི་སྐད་དུ། ཡང་ན་ཀུན་གྱི་གཙོ་བོ་སྟེ། །བོ་དེ་ཙེ་སྟེ་སྲོག་འཛིན་པའོ། །
ལྕགས་ཀྱི་བཟླས་བརྗོད་ཉིས་འགྱུར་རོ། །ཟངས་ཀྱི་ཡང་ནི་བཞི་འགྱུར་རོ། །དངུལ་གྱི་དེ་ལས་བརྒྱད་འགྱུར་ཏེ། །གསེར་གྱི་དེ་ལས་ཉིས་འགྱུར་རོ། །མུ་ཏིག་གི་ནི་བརྒྱ་འགྱུར་རོ། །དབང་པོ་ཡི་ནི་སྟོང་དུ་སྦྱོར། །རུ་དྲྭཀྵ་ནི་འབུམ་གྱུར་རོ། །པདྨ་ཡང་ནི་བྱེ་བར་གསུངས། །

བོ་དེ་ཙེ་ལ་ལས་གྲངས་མེད། །ཅེས་གསུངས་སོ། །བཟླས་བརྗོད་བྱེད་པའི་ཚེ་བགྲང་ཕྲེང་འཛིན་པ་ལ་མཁས་པ་ཡང་དེ་ཉིད་ལས་གསུངས་པ་ཉིད་དུ་རིག་པར་བྱ་སྟེ། ལག་པ་གཡོན་པས་ཕྱག་རྒྱ་བྱས། །གཡས་པས་དེ་བཞིན་བགྲང་ཕྲེང་འཛིན། །སོར་མོའི་ཚུལ་ནི་
སྔར་གསུངས་པས། །བཟླས་བརྗོད་རྨད་བྱུང་ཆེན་པོ་བཟླས། །ཞེས་བྱའོ། །དེ་ལ་གསང་བའི་ཕྱག་རྒྱ་ཁུ་ཚུར་གཡོན་པ་ལས་བྱུང་བ་འདི་དེ་དག་ནི་དེ་ཁོ་ན་ཉིད་བསྡུས་པ་ཉིད་ལས་རིགས་ཀྱི་བྱེ་བྲག་ལས་གསུངས་པར་ཤེས་པར་བྱ་སྟེ། དེ་ལ་དེ་བཞིན་གཤེགས་པའི་
རིགས་ལ་ལག་པ་གཡོན་པའི་རྡོ་རྗེའི་ཁུ་ཚུར་ནི་གསང་བའི་ཕྱག་རྒྱར་བཤད་དེ། ལངས་སམ་ཡང་ན་འདུག་ཀྱང་རུང་། །འགྲོའམ་ཇི་ལྟ་དེ་ལྟ་བུར། །ལག་པ་གཡོན་པ་ཕྱག་རྒྱ་འཛིན། །ཐམས་ཅད་བྱེད་ན་རབ་ཏུ་འགྲུབ། །ཅེས་བྱ་བ་གང་གསུངས་སོ། །རྡོ་རྗེའི་
རིགས་ལ་ཁྲོ་བོའི་ཁུ་ཚུར་ཏེ། ཇི་ལྟ་ཇི་ལྟར་འདུག་ཀྱང་རུང་། །རྡོ་རྗེ་ཁྲོ་བོའི་མཛུབ་གཡོན་པ། །གོས་ཀྱིས་གཡོགས་ནས་འགྲུབ་པར་འགྱུར། །ཞེས་གང་གསུངས་སོ། །པདྨའི་རིགས་ལ་ནི་པདྨའི་ཁུ་ཚུར་ཏེ། ཇི་སྐད་དུ། ལག་པ་གཡོན་པ་པདྨ་ཡི། །ཁུ་ཚུར་
བཅིངས་ཏེ་གཡོགས་ནས་ནི། །ཇི་ལྟར་འདོད་པ་བསྒྲུབས་ན་ཡང་། །པདྨའི་དངོས་གྲུབ་མྱུར་དུ་འཐོབ། །ཅེས་གསུངས་སོ། །ལག་པ་གཡོན་པ་རིན་ཆེན་གྱི། །ཁུ་ཚུར་བཅིངས་ཏེ་གཡོགས་ནས་ནི། །ཇི་ལྟར་འདོད་པ་བསྒྲུབས་ན་ནི། །རིན་ཆེན་དངོས་གྲུབ་
ཐོབ་པར་འགྱུར། །ཞེས་བྱ་བའོ། །དེ་ལ་རྡོ་རྗེ་ཁུ་ཚུར་གྱི་མཚན་ཉིད་གསུངས་པ། རྡོ་རྗེ་ཁུ་ཚུར་ནི་དམ་ཚིག་གི་ཕྱག་རྒྱ་ཉིད་ལས་གཉིས་སུ་བྱས་ནས་ཞེས་བྱ་བའི་ཚིག་འདིས་སྔར་བཤད་པ་ཡིན་ནོ། །ཁྲོ་བོ་དང་པདྨ་དང་། རིན་པོ་ཆེའི་ཁུ་ཚུར་རྣམས་ནི་རྟོག་པ་དང་རྒྱུད་ཉིད་ལས་
མཚན་ཉིད་ནི་ཇི་སྐད་འབྱུང་བ་བཞིན་རིག་པར་བྱའོ། །འདི་རྣམས་ཀྱང་བཟླས་བརྗོད་བྱེད་པའི་ཚེ་འབའ་ཞིག་དགོས་པ་མ་ཡིན་གྱི་བཟླས་བརྗོད་བྱེད་པ་ལས་ལངས་ནས་སྤྱོད་པའི་ཚེ་ན་ཡང་དུས་ཐམས་ཅད་དུ་གོས་ཀྱིས་གཡོགས་ཏེ་མི་གཏང་བར་ཤེས་པར་བྱའོ། །འདི་ནི་རེ་

ཞིག་རིགས་བཞིར་གསུངས་པའི་སྙིང་པོ་རྣམས་བཟླས་བརྗོད་བྱེད་པའི་རྣལ་འབྱོར་གྱི་ཆོ་ག་སྟེ་བཤད་ཟིན་ཏོ།། །།རིགས་ཐམས་ཅད་ཀྱི་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་ཀྱི་བཟླས་བརྗོད་བྱ་བའི་རྣལ་འབྱོར་གྱི་ཆོ་ག་ཡང་འདི་ཉིད་
དེ། སྙིང་པོ་བཟླས་བརྗོད་ཀྱི་ཆོ་གའི་སྦྱོར་བ་ལས་ཁྱད་པར་དུ་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་ཀྱི་བཟླས་བརྗོད་གང་ཡིན་པ་དེ་འདིར་བསྟན་པར་བྱའོ། །དེ་ལ་འདིར་ནི་ཕྱག་རྒྱ་བཟླས་བརྗོད་བྱེད་པའི་ཆོ་ག་ཁྱད་པར་དུ་གསུངས་པ་སྟེ། ཕྱག་རྒྱ་ཐམས་ཅད་བདག་
ལ་དགྱེས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་བཟླས་བརྗོད་ཀྱི་སྦྱོར་བ་བྱའོ། །ཇི་སྐད་དུ་ཕྱི་མའི་ཡང་ཕྱི་མའི་རྒྱུད་ལས་ཕྱག་རྒྱ་ཐམས་ཅད་བདག་ལ་དགྱེས་པར་གྱུར་ཅིག་ཅེས་སྨྲས་ཏེ། དམ་ཚིག་གི་ཕྱག་རྒྱ་བཅིངས་
ནས་ཇི་ལྟར་འདོད་པ་དང་། ཅི་ནུས་པར་བཟླས་བརྗོད་བྱའོ་ཞེས་གསུངས་སོ། །དེ་བཞིན་དུ་གསང་སྔགས་དང་རིག་སྔགས་གཉིས་ཀྱི་བཟླས་བརྗོད་ལ་ཆོ་ག་ཁྱད་པར་དུ་བྱ་བ་ནི། ཇི་སྐད་དུ། སྤྲོས་པ་མེད་པའི་ཚིག་འགྲུབ་པར་གྱུར་ཅིག །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་དངོས་གྲུབ་རྣམས་བདག་གིས་ཐོབ་པར་གྱུར་ཅིག་ཅེས་སྨྲས་ཏེ། གསང་སྔགས་ཇི་ལྟར་འདོད་པར་བཟླས་སོ་ཞེས་གསུངས་སོ། །རིག་སྔགས་ནི་འདི་ལྟར་བཟླས་བརྗོད་བྱའོ། །ཀྱེ་མའོ་སེམས་ཅན་འདི་རྣམས་ནི་མ་རིག་པས་བཅིངས་པའོ། །དེ་བཞིན་
གཤེགས་པ་ཐམས་ཅད་ནི་རིག་པ་ཐོབ་པའི་སྡོམ་པ་ལས་འབྱུང་བའོ་ཞེས་སྨྲས་ནས་རིག་སྔགས་ཇི་ལྟར་འདོད་པར་བཟླས་ཏེ་བསྒྲུབ་པ་བརྩམ་མོ་ཞེས་བྱ་བའོ། །འདི་ནི་རེ་ཞིག་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་ཀྱི་བཟླས་བརྗོད་ཀྱི་དོན་ཏམ།
ཡང་ན་རང་གི་བག་ཆགས་ཀྱིས་རང་གི་ལྷའི་གཟུགས་ལ་དམིགས་ནས་དེ་ཁོ་ན་ཉིད་བསྡུས་པའི་ཚུལ་ལས་གསུངས་པའི་བཟླས་བརྗོད་ཀྱི་བྱེ་བྲག་བཤད་པའོ། །རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་ལྷག་མར་གྱུར་པའི་རྡོ་རྗེ་རྩེ་མོའི་རྒྱུད་ལས་ནི་རིགས་བཞི་ལས་གཞན་པའི་

བཟླས་བརྗོད་ཀྱི་བྱེ་བྲག་ཀྱང་འདུལ་བའི་སྐྱེ་བོའི་མོས་པ་ལ་གཟིགས་ཏེ་གསུངས་པ་དེ་ཡང་ད་འདིར་དེ་ལ་མོས་པའི་སྐྱེ་བོའི་རྣམས་བསྡུ་བའི་ཕྱིར་བཤད་པར་བྱའོ། །དེ་ལ་ཡང་རིགས་བཞིའི་བདག་པོ་རྣམས་ཀྱི་ནི་རང་གི་རྣལ་འབྱོར་གྱིས་བྱའོ། །དེ་ལས་གཞན་པ་དམ་ཚིག་གི་སེམས་
དཔའ་ཆེན་པོ་རྣམས་ཀྱི་རང་གི་རིགས་ཀྱི་བདག་པོའི་རྣལ་འབྱོར་ཉིད་ཀྱིས་བཟླས་བརྗོད་ཀྱི་སྦྱོར་བ་བྱ་བར་བསྟན་ཏེ། །གང་གི་ཕྱིར་དེ་ལས་དེ་བཞིན་གཤེགས་པའི་རིགས་ལ་བཟླས་བརྗོད་བྱེད་པའི་སྦྱོར་བ་ནི། དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་པས། རང་གི་སྙིང་
གར་ཟླ་བའི་དཀྱིལ་འཁོར་གྱི་ནང་དུ་འདུག་པའི་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་ལས་གང་ཡང་རུང་བའི་ཡི་གེ་རྣམས་ཡིད་ལ་བསམ་ཞིང་བྱ་བར་བསྟན་ཏོ། །རྡོ་རྗེ་དང་པདྨ་དང་རིན་པོ་ཆེའི་རིགས་ལ་ནི་སོ་སོའི་བདག་པོའི་རྣལ་འབྱོར་བྱས་ནས། ཇི་སྐད་
བཤད་པ་བཞིན་དུ་རང་གི་སྙིང་གར་བསམ་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པ་འབར་བའི་འོད་ཟེར་འཕྲོ་བའི་རྡོ་རྗེ་དང་པདྨ་དང་རིན་པོ་ཆེའི་ནང་ན་འདུག་པའི་བཟླས་བརྗོད་བྱ་བའི་ཡི་གེ་མངོན་པར་བརྗོད་པའི་ཚུལ་གྱིས་བཟླས་བརྗོད་བྱ་བའི་རྣལ་འབྱོར་དུ་རིག་པར་བྱ་སྟེ། ཇི་སྐད་དུ། དེ་
བཞིན་གཤེགས་པའི་རིགས་བཟང་ལ། །བཟླས་བརྗོད་བྱ་བ་མཆོག་ཡིན་ཏེ། །བཀྲ་ཤིས་སྐྱིལ་མོ་ཀྲུང་བཅས་པས། །སངས་རྒྱས་དམིགས་པའི་སེམས་ཀྱིས་སུ། །བདག་ཉིད་བསམ་པ་ཤེས་རབ་ཅན། །ཀུན་མཁྱེན་སངས་རྒྱས་རྟག་ཏུ་བདག །རང་གི་ལུས་ལ་
བསམས་ནས་སུ། །གཙུག་ཏོར་ལ་སོགས་རང་གི་མཚན། །སངས་རྒྱས་སྙིང་པོར་བདག་འདུག་སྟེ། །སངས་རྒྱས་བདག་གོ་ཞེས་བསམ་ཞིང་། །གར་མཁན་འཁོར་ལོ་བྱེད་པ་ནི། །སངས་རྒྱས་རྣམས་ཀྱི་གར་ལས་བྱུང་། །བྱང་ཆུབ་ཆེན་པོ་མངོན་རྟོགས་དང་། །ཆོས་
ཀྱི་འཁོར་ལོ་བསྐོར་བ་དང་། །འདུལ་བའི་འགྲོ་བ་ལོངས་སྤྱོད་པས། །ཆོས་ཀྱི་ལོངས་སྤྱོད་རབ་ཏུ་སྤྱོད། །གནས་ནི་ཡོངས་སུ་གྱུར་པ་ཡང་། །ཀུན་གཞི་མེད་པའི་སེམས་ལས་བྱུང་། །བསོད་ནམས་ཡེ་ཤེས་རབ་རྫོགས་པས། །ཟླ་བ་རྫོགས་པར་རྣམ་པར་བརྟག །སྙིང་

གའི་དབུས་སུ་འཇིགས་མེད་པས། །ཟླ་བ་དེ་ཡང་བསམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རིག་སྔགས་ཡི་གེ་རྣམ་པར་བསྒོམ། །འདི་འདྲ་བ་ཡི་ཚུལ་བཟང་པོས། །ཟླ་བ་ཕྱེད་ཀྱིས་འགྲུབ་པར་འགྱུར། །མཚམས་མེད་ལྔ་དང་ལྡན་པ་
ཡང་། །ལོ་གཅིག་གིས་ནི་འགྲུབ་པར་འགྱུར། །རྣལ་འབྱོར་པ་ནི་ཆེན་པོ་ཡིས། །ངལ་བར་མ་གྱུར་བར་དུ་བཟླས། །ལུས་ནི་ངལ་བར་གྱུར་ན་ཡང་། །ཕྱག་རྒྱ་དགྲོལ་བར་བརྩམ་པར་བྱ། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་རིགས་ཀྱི་བཟླས་བརྗོད་ནི། །ཕྱག་ན་
རྡོ་རྗེ་བདག་ཉིད་དུ། །བརྟགས་ནས་དེ་ཡི་ཕྱི་ནས་སུ། །མཉམ་པར་གཞག་པས་བསམ་པ་ནི། །སངས་རྒྱས་སྙིང་པོར་བདག་གནས་ཏེ། །ཕྱག་ན་རྡོ་རྗེ་བདག་བརྟན་ཞིང་། །རང་གི་སྙིང་པོ་འོད་གསལ་བ། །ཟླ་བའི་དཀྱིལ་འཁོར་གྱིས་སུ་བརྒྱན། །ཟླ་བའི་དབུས་ན་རྡོ་
རྗེ་གནས། །དེ་ཡི་ནང་ན་ཡི་གེ་རྣམས། །འདི་འདྲའི་རྣལ་འབྱོར་ལ་གནས་ཏེ། །རྡོ་རྗེ་རིན་ཆེན་བཟླས་བརྗོད་བྱ། །ཞེས་བྱའོ། །དེ་ནས་པདྨའི་རིགས་བཟླས་པ། །པདྨའི་སེམས་དཔའ་བདག་ཉིད་དུ། །ཟླ་བའི་ནང་ན་པདྨ་ཆེ། །པདྨའི་ནང་ན་ཡི་གེ་རྣམས། །དེ་ནས་རིན་
ཆེན་རིགས་བཟླས་པ། །རིན་ཆེན་རྒྱལ་པོ་བདག་ཉིད་དེ། །ཟླ་བའི་ནང་ན་རིན་ཆེན་མཆོག །རིན་ཆེན་ནང་ན་ཡི་གེ་རྣམས། །ཞེས་བྱ་བ་སྟེ། དེ་ལྟར་རེ་ཞིག །འདི་ནི་རྡོ་རྗེ་རྩེ་མོ་ལས་གསུངས་པའི་དམིགས་པ་དང་བཅས་པའི་བཟླས་བརྗོད་ཀྱི་བྱེ་བྲག་བསྟན་པའོ། །རྣལ་
འབྱོར་པ་ཆོས་བདག་མེད་པར་ཤེས་པའི་བློ་ཅན་རྣམས་ལ་ནི་དོན་དམ་པའི་ཤེས་རབ་ཀྱི་རྣལ་འབྱོར་དེ་ཁོ་ན་ཉིད་བསྡུས་པ་ལས་རྡོ་རྗེ་རྩེ་མོ་ལས་བཟླས་བརྗོད་ཀྱི་བྱེ་བྲག་གཞན་དག་བསྟན་པ་དེ་ཡང་འདིར་བཤད་པར་བྱའོ། །དེ་ལ་འདི་ནི་རེ་ཞིག །འཕགས་པ་དེ་ཁོ་ན་ཉིད་བསྡུས་
པ་ལས་དོན་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དུ་བཟླས་བརྗོད་བྱ་བའི་སྦྱོར་བ་གསུངས་པ་སྟེ། དང་པོར་རེ་ཞིག་རྣལ་འབྱོར་པས་སྔ་མ་བཞིན་དུ་བདག་དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པར་བྱ་སྟེ། མཆོད་པའི་ཆོ་ག་བྱས་ལ་མདུན་དུ་ཡང་དེ་ལྟ་བུའི་རང་གི་ལྷའི་ཡེ་

ཤེས་སེམས་དཔའ་གཙོ་བོར་བཞུགས་པ་མོས་པར་བྱ་སྟེ། བདག་དང་ལྷ་དང་བཟླས་བརྗོད་དུ་བྱ་བའི་ཡི་གེ་ཇི་ལྟར་བསམས་པ་རྣམས་མ་སྐྱེས་པར་བསྒོམ་པའི་སྒོ་ནས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་སྔོན་དུ་བྱས་ལ། སེམས་ཀྱི་གནས་སྲོག་དང་རྩོལ་བ་གཉིས་ནང་དུ་
བཀག་སྟེ། གཟུགས་ལ་སོགས་པར་སྣང་བ་དང་བྲལ་བའི་སེམས་ཀྱིས་བདག་དང་། ལྷ་དང་བཟླས་བརྗོད་དུ་བྱ་བའི་ཡི་གེ་རྣམས་ནམ་མཁའ་དང་འདྲ་བར་ཡིད་ལ་བྱེད་ཅིང་ཡིད་ལ་ནང་དུ་བརྗོད་པའི་མཚན་ཉིད་ཡིད་ཀྱི་བཟླས་བརྗོད་རིགས་དང་རྗེས་སུ་མཐུན་པ་ཇི་སྐད་དུ་
གསུངས་པའི་ཚིག་གིས་མཚན་ཉིད་དེས། རང་གི་ལྷའི་ཆོས་ཀྱི་སྐུ་ལ་མོས་པས་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་ཀྱིས་བཟླས་བརྗོད་བྱའོ། །དབུགས་འབྱིན་ན་ཡང་སྣའི་ནང་ན་གནས་པའི་རླུང་ཕྲ་མོའི་རེག་པ་མྱོང་བར་བྱས་ལ། ཕྱི་རོལ་དུ་
བཏང་སྟེ་ཇི་ལྟར་མོས་པའི་རང་གི་ལྷའི་སྐུ་རྗེས་སུ་དྲན་པ་མངོན་དུ་བྱས་ལ་ཡང་དེ་བཞིན་དུ་བགས་ཀྱིས་སྲོག་སླར་བསྡུ་བའི་ཚུལ་དུ་དྲན་པ་དང་སྲོག་ཏུ་བཅས་པའི་སེམས་ཀྱི་རྟག་ནམ་མཁའ་དང་མཉམ་པར་དམིགས་པའི་ཏིང་ངེ་འཛིན་གྱིས་བཟུང་སྟེ། བཅིངས་ཤིང་ནང་དུ་ཞི་བར་
བྱས་ནས། དེ་བཞིན་དུ་སོ་སོར་སྣང་བ་ཐམས་ཅད་དང་བྲལ་བར་བཟླས་བརྗོད་བྱའོ། །ཡང་ན་བདག་དང་ལྷ་དང་བཟླས་བརྗོད་དུ་བྱ་བའི་ཡི་གེ་རྣམས་བདག་མེད་པར་མོས་པས་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་མངོན་དུ་བྱས་ལ་སྙིང་རྗེ་ཆེན་པོ་མངོན་དུ་གྱུར་
པའི་སེམས་ཀྱིས་ངོ་བོ་ཉིད་མེད་པར་མོས་པ་དེ་ལས་ལངས་ཏེ། དེ་བཞིན་དུ་བདག་དང་མི་གཉིས་པར་གྱུར་པ་རང་གི་ལྷའི་སྐུ་མདུན་ན་བཞུགས་པ་དེ་རྗེས་སུ་དྲན་པར་བྱས་ནས། དེ་བཞིན་དུ་བཟླས་པའི་དོན་གྱིས་བདག་ཉིད་བསྒོམ་ཞིང་། རང་གི་ལྷའི་སྐུ་ཡིད་ལ་བྱས་ཏེ། རྣལ་
འབྱོར་སྔ་མའི་ལྷའི་རིམ་པ་ཉིད་ཀྱིས་བཟླས་བརྗོད་བྱའོ། །དོན་དམ་པའི་ཤེས་རབ་ཀྱི་སྦྱོར་བ་འདི་ལ་ཐ་དད་པ་མེད་མོད་ཀྱི། འོན་ཀྱང་རྒྱུད་འདི་ལ་མོས་པའི་འདུལ་བའི་སྐྱེ་བོ་རྣམས་གཟུང་བའི་ཕྱིར་ཐ་དད་པ་བཞིན་དུ། སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་རིག་

སྔགས་རྣམས་བསྒྲུབ་པའི་ཕྱིར་སོ་སོར་གསུངས་པར་རིག་པར་བྱའོ། །རེ་ཞིག་སྙིང་པོ་བསྒྲུབ་པའི་ཤེས་རབ་ཀྱི་རྣལ་འབྱོར་གྱི་སྐབས་སུ། ཇི་སྐད་དུ། ཡི་གེ་ཨ་ལས་འཇུག་པ་ཡིས། །ཡི་གེ་ཐམས་ཅད་རྣམ་པར་བསྒོམ། །རང་གི་ཁ་
ནས་གཞན་གྱི་ཁར། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལ། ཡི་གེ་ཨ་ལས་འཇུག་པ་ཡིས། །ཞེས་བྱ་བ་ནི། ཡི་གེ་ཨ་ལས་འཇུག་པ་ཡང་དེའི་དོན་བསྒོམ་པ་སྟེ། ཡི་གེ་ཨ་དེ་ཡང་གསང་སྔགས་ཀྱི་དོན་ལ་སྤྱོད་པ་ལ་སོགས་པའི་
མཚན་ཉིད་ཐེག་པ་ཆེན་པོ་ལ་ཆོས་ཐམས་ཅད་མ་སྐྱེས་པར་སྟོན་ཅིང་བརྗོད་པར་བྱ་བའི་དོན་སྟོན་པ་སྟེ། ཇི་སྐད་དུ། མ་སྐྱེས་པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་གསུངས་སོ། །དེ་བས་ན་ཡི་གེ་ཐམས་ཅད་རྣམ་པར་བསྒོམ་པ་ཞེས་བྱ་བ་འདིས་དེ་ལྟ་བུའི་ཡི་གེ་
ཨའི་དོན་ལ་འཇུག་པས་བཟླས་བརྗོད་དུ་བྱ་བའི་ཡི་གེ་རྣམས་སྣང་བ་མེད་པར་བྱ་བར་གསུངས་ཏེ། དེའི་དོན་ཀྱང་འདིའོ། །བཟླས་བརྗོད་དུ་བྱ་བའི་ཡི་གེ་རྣམས་ཆོས་བདག་མེད་པར་བསྒྲུབ་པའི་རིགས་པ་བསྒོམ་ཞིང་གཞིག་པ་དང་། མི་སྣང་བར་བྱའོ་ཞེས་བྱ་བའི་ཐ་
ཚིག་གོ། །དེ་བཞིན་དུ་ཡི་གེ་ཨའི་དོན་ལ་འཇུག་པར་བཟླས་བརྗོད་དུ་བྱ་བའི་ཡི་གེ་སྣང་བ་མེད་པར་བྱ་བ་འབའ་ཞིག་མ་ཡིན་གྱི། བདག་དང་ལྷའི་སྣང་བའི་རྣམ་པར་རྟོག་པ་དག་ལས་ཀྱང་དེ་བཞིན་དུ་བཟློག་པར་བྱ་སྟེ། དེ་བརྟན་པར་བྱ་བའི་ཕྱིར་རང་གི་ཁ་ནས་གཞན་གྱི་
ཁར་བསྒོམས་ནས་ཞེས་བྱ་བ་གསུངས་པ་སྟེ། འདིར་ཁ་ནི་འཇུག་པ་དང་སྒོ་ཞེས་བྱ་བར་དོན་གཅིག་གོ། །དེ་བས་ན་རང་གི་ཁ་ནི་རང་འཇུག་པ་ཞེས་བྱ་བའི་དོན་ཏོ། །དེས་དོན་འདི་ལྟར་འགྱུར་ཏེ། ཡི་གེ་ཨའི་འཇུག་པས་བདག་འཇུག་ཅིང་སྣང་བ་མེད་པར་བྱའོ། །
དེ་ལྟ་བས་ན། ཇི་སྐད་དུ་གསུངས་པའི་མཚན་ཉིད་བདག་འཇུག་པ་ཞེས་བྱ་བ་རང་གི་ཁ་ནས་རང་གི་ལྷ་ལ་སོགས་པ་སྣང་བའི་རྣམ་པར་རྟོག་པ་ཡང་ཡི་གེ་ཨ་ལས་འཇུག་པ་ཉིད་ཀྱིས་མེད་པར་བྱ་བར་བསྟན་པའི་ཕྱིར་གཞན་གྱི་ཁ་ཞེས་གསུངས་སོ། །དེའི་དོན་ཡང་

འདི་ལྟ་སྟེ། གཞན་དག་གི་ཁ་བས་ན་གཞན་གྱི་ཁ་སྟེ། གཞན་གྱི་འཇུག་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདི་སྐད་དུ། གསུངས་པར་འགྱུར་ཏེ། ཨའི་དོན་གྱིས་བདག་རྣམ་པར་བསྒོམ་པའི་དེ་མ་ཐག་ཏུ་རང་གི་ལྷར་སྣང་བ་ཡང་མེད་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་སྟེ།
འདི་ནི་རེ་ཞིག་སྙིང་པོ་བཟླས་བརྗོད་བྱེད་པའི་ཤེས་རབ་ཀྱི་ལུང་ངོ་། །ཡང་ན་ཁ་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མཉེས་པར་བྱ་བའི་ལྷ་རྣམས་ཀྱི་རྣམ་པར་གྲོལ་བའི་སྒོ་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་གྱུར་པ་ཡིན་པར་སྐབས་འདིར་བཟུང་ངོ་། །དེ་ཡང་སྒྲུབ་པ་པོ་
བདག་དང་མི་གཉིས་པའི་རྣལ་འབྱོར་དུ་བསམས་པ་དམ་ཚིག་སེམས་དཔའི་གཟུགས་དང་ཕྱི་རོལ་དུ་བསམས་པ་ཡེ་ཤེས་སེམས་དཔའ་བྱིན་གྱིས་བརླབས་པ་སྟེ། དེའི་དོན་ནི་འདིའོ། །བདག་དང་མི་གཉིས་པར་གྱུར་པའི་དམ་ཚིག་སེམས་དཔར་སྣང་བར་བསམ་སྟེ། མདུན་དུ་
བསམས་པ་ཡེ་ཤེ