Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 54

Văn bản gốc(Tây Tạng)

Trang 11 / 23 (50.000 ký tự/trang)
ི་ལྟར་བླངས་པ་
ཞེས་པ་ནི། ཉིན་ཞག་གཅིག་ལ་དུས་གསུམ་དུ་གཞིག་སྟེ། བདག་གིས་ལེགས་པར་བླངས་པའི་སྡོམ་པ་ཉམས་པར་གྱུར་རམ་མ་གྱུར། དགེ་བའི་ལས་དག་གང་ནི་འགྲིབ་པར་འགྱུར། གང་ནི་འཕེལ་བར་འགྱུར་སྙམ་དུ་རྗེས་བཅད་ཅིང་གཞིགས་ནས་དེ་དག་ཇི་ལྟ་བུར་གྱུར་པ་དྲན་པར་
བྱས་ལ། ཉེས་པ་ཡང་ཕྱི་ནས་མི་བྱ་བར་སེམས་བསྐྱེད་ལ་ཞེས་པ་ནི། གལ་ཏེ་དགེ་བའི་ཕྱོགས་འགྲིབས་ཤིང་དམ་ཚིག་དང་སྡོམ་པ་ལ་སོགས་པ་ཉམས་པ་དང་། མི་དགེ་བའི་ཕྱོགས་དག་འཕེལ་བར་འགྱུར་ན། དེ་ལ་འགྱོད་པ་བསྐྱེད་ཅིང་དམ་ཚིག་དང་སྡོམ་པ་ལ་སོགས་པ་
ཉམས་པ་དག་གསོ་ཞིང་བླང་བ་དང་། སྡིག་པ་མི་དགེ་བའི་ཕྱོགས་འགྲིབ་པར་བྱ་བའི་བརྩོན་པ་བསྐྱེད་པའི་བསམ་པ་སྔོན་དུ་བཏང་ཞིང་རྗེས་སུ་འབད་རྩོལ་སྐྱེད་པའོ། །དགེ་བ་ལ་འབད་རྩོལ་སྐྱེད་པའི་ཐབས་ཀྱང་འདི་ལྟ་སྟེ། དཀྱིལ་འཁོར་ཆེན་པོ་ན་བཞུགས་པ་ཞེས་པ་ནི། རྡོ་རྗེ་
དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ན་བཞུགས་པའི་ལྷ་རྣམས་སོ། །བདེ་བར་གཤེགས་པ་ལ་སོགས་པ་ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཆེན་པོའོ། །སོགས་ཀྱི་སྒྲས་ནི་ཕྱོགས་ཀྱི་སངས་རྒྱས་བཞི་པོ་དག་བསྡུའོ། །སེམས་དཔའ་ཆེན་པོ་རྣམས་ཞེས་པ་ནི། དཔལ་
རྡོ་རྗེ་སེམས་དཔའ་འམ་ཡེ་ཤེས་སེམས་དཔའ་རྣམས་ཏེ། སྤྱིར་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་ལྷ་རྣམས་མདུན་གྱི་ནམ་མཁའ་ལ་བཞུགས་པར་ཐང་ཅིག་ཡུད་ཙམ་ཅིག་དྲན་པ་མངོན་དུ་བྱས་ནས། མངོན་སུམ་དུ་དམིགས་ལ་ཕྱག་འཚལ་ལོ་ཞེས་པ་ཡང་མི་གཉིས་
པའི་འདུས་པས་སམ། རྣམ་གཅིག་འོག་ནས་གསུངས་པའི་ཕྱག་བཞི་པོ་དེས་ཕྱག་བཙལ་བར་བྱའོ། །ལ་ལ་ན་རེ་མདུན་གྱི་ནམ་མཁའ་ལ་མྱུར་བའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཇི་ལྟར་གསུངས་པ་བཞིན་དུ་བསྐྱེད་ལ། བདག་གི་ཐུགས་ཀའི་ཟླ་བའི་དཀྱིལ་

འཁོར་ལས་ཇི་ཞེས་པའི་འཕྲོ་འདུ་ལས་ཡེ་ཤེས་ཀྱི་ལྕགས་ཀྱུ་སྤྲོས་པས་རྡོ་རྗེ་དབྱིངས་ཀྱི་ལྷ་ཇི་སྙེད་པ་སྔོན་ནས་ལྷུན་གྱིས་གྲུབ་པའི་གནས་ན་བཞུགས་པ་རྣམས་སྤྱན་དྲངས་ལ། འོག་ནས་གསུངས་པའི་ཚུལ་གྱིས་ཕྱག་འཚལ་ལ། དེའི་རྗེས་སུ་མཐུན་པའི་མཆོད་
པའི་ཡན་ལག་རྣམས་ཀྱིས་མཉེས་པར་བྱས་ཤིང་བདག་གི་ཡི་དམ་ཉམས་པར་གྱུར་པ་དག་ཀྱང་གསོ་བར་མཛད་པའི་གནང་བ་བྱིན་པར་བསམས་ལ། གདོད་འོག་ནས་འབྱུང་བ་བཞིན་དུ་བྱ་ཞེས་ཟེར་རོ། །ཇི་སྐད་དུ་གསུངས་པའི་རང་གི་རིགས་ཀྱི་སྲུང་བ་ཞེས་པ་ནི། རང་གི་རིགས་ཀྱི་
སྲུང་བ་གང་ཡིན་པས་བདག་ཉིད་བསྲུང་བར་བྱ་བའི་སྦྱོར་བ་ལ་གནས་པར་བསྟན་པ་སྟེ། སྲུང་བ་ཡང་ཐ་དད་མོད་ཀྱི་འདིར་ནི་དེ་བཞིན་གཤེགས་པ་དང་དེའི་རིགས་ཀྱི་སྲུང་བ་ཁོ་ནས་བྱ་བར་གསུངས་སོ། །ནན་ཏན་བྱས་ཏེ་ཞེས་པ་ནི། རང་གི་རིགས་ཀྱི་སྲུང་བ་བསྟན་པས་སྔར་
སྲུང་བ་ནན་ཏན་བྱས་ལ་གདོང་བསང་བ་དང་། བཀྲུ་བ་དང་། འཆག་པ་ལ་སོགས་པའི་དགོས་པ་དག་བྱ་བའི་ཕྱིར། ཕྱི་རོལ་གྱི་ས་ལ་སོགས་པར་འགྲོ་བར་བྱའོ། །དེ་ལས་གཞན་པའི་དུས་དང་སྤྱོད་པའི་ཚེ་ཞེས་པ་ནི་རྣམ་གྲངས་གཞན་དུ་སྟོན་པ་སྟེ། གོང་མའི་ཚིག་དགག་པའོ། །
དམ་ཚིག་སེམས་དཔའི་ང་རྒྱལ་ཡོངས་སུ་མ་བཏང་དུ་ཟིན་ཀྱང་ཞེས་པ་ནི། དེ་ལྟར་བསྟན་པའི་སྤྱོད་ལམ་ཀུན་དུ་རང་གི་ལྷའི་ཏིང་ངེ་འཛིན་ལ་གནས་ཏེ། དེའི་ང་རྒྱལ་མ་བཏང་དུ་ཟིན་ཀྱང་གཞན་དུ་འགྲོ་བའི་ཚེ། རང་གི་རིགས་དང་རྗེས་སུ་མཐུན་པའི་སྲུང་བའི་ཆོ་ག་ལ་གནས་
པར་བྱ་དགོས། དེ་མི་བྱར་མི་རུང་བས་ནན་ཏན་དུ་མི་གཏོང་ངོ་། །འོ་ན་ཅིའི་ཕྱིར་དེ་ལྟར་བྱ་བ་བཏང་དུ་ཟིན་ཀྱང་ཅི་སྐྱོན་ཞེ་ན། སྨྲས་པ། དངོས་པོའི་ངོ་བོ་ཉིད་ཀྱིས་རབ་ཏུ་སྦྱོར་བ་ལ་ཞེས་བྱ་བ་དག་གསུངས་ཏེ་ཆོས་ཉིད་རང་བཞིན་གྱིས་ཏིང་ངེ་འཛིན་དུ་གནས་སུ་ཟིན་ཀྱང་། སྲུང་བའི་ཆོ་
ག་མ་བྱས་ན་བགེགས་དང་ངན་ཁྲིད་རྣམས་ཀྱིས་སྐབས་ཚོལ་ཞིང་བར་དུ་གཅོད་པར་བྱེད་པས་ན། རང་གི་རིགས་ཀྱི་སྲུང་བའི་ཆོ་ག་ལ་གནས་ན་དེ་དག་གིས་མི་ཚུགས་ཤིང་ལྷ་རྣམས་དགོངས་པ་དང་བྱིན་གྱིས་རློབ་པར་མཛད་པའི་ཕྱིར་འདི་ལྟར་བྱའོ། །དེ་བས་ན་དངོས་པོ་བདག་ཉིད་རང་གི་

ངོ་བོ་ཉིད་ཀྱི་ལྷའི་སྐུ་ཕྱག་རྒྱར་སྦྱོར་བ་ལ་རབ་ཏུ་གནས་སུ་ཟིན་ཀྱང་གནས་པ་དེ་ལྟ་བུའི་དུས་ཉིད་ཀྱི་ཚེ། དམ་ཚིག་གིས་འདི་ལྟར་བསྲུང་བ་ངེས་པར་བྱ་བར་ཤིན་ཏུ་རིགས་སོ་ཞེས་བཤད་དོ། །འོ་ན་སྲུང་བའི་བྱེ་བྲག་དང་རྣམ་པ་ཡང་རྒྱུད་ལས་མི་མཐུན་ཞིང་མང་དག་གསུངས་པ་ཡོད་ན།
འདིའི་སྐབས་སུ་ཇི་ལྟར་ཤེས་པར་བྱ་ཞེ་ན། སྨྲས་པ། དེ་ལ་དེ་བཞིན་གཤེགས་པ་མཉེས་པར་བྱ་བ་རྣམས་ཀྱི་དབང་དུ་བྱ་ཞེས་བྱ་བ་དེ་དག་སྟེ། དེ་ལྟར་བསྟན་པ་དེའི་ནང་ནས་འདི་དག་བསྟན་ཏེ། དེ་བཞིན་གཤེགས་པ་ཞེས་པ་ནི་བུདྡྷ་ལྔར་འདུས་པའི་ངོ་བོ་དེ་བཞིན་གཤེགས་པ་རྟག་
པའམ། རྣམ་གཅིག་སངས་རྒྱས་ལྔ་ལས་གང་བསྒོམ་ཡང་རུང་བ་ལ་དགོངས་པའོ། །སེམས་ཅན་ཐམས་ཅད་ཡོངས་མི་གཏོང་། །ཞེས་པ་ནི། བདག་གིས་ཁམས་གསུམ་གྱི་སེམས་ཅན་འདི་དག་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲུབ་ལ་མྱ་ངན་ལས་འདས་པ་ཆེན་པོའི་ཐང་
བདེ་བ་ལ་དགོད་པར་བྱའོ་ཞེས་ཡི་དམ་ཆེན་པོ་འཆའ་ཞིང་དེ་བསྒྲུབ་པ་ལ་བརྩོན་པར་བྱེད་པ་ནི། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ཞེས་བྱའོ། །རྟག་ཏུ་སངས་རྒྱས་མཆོད་པའི་བདག །ཅེས་པ་ནི། གང་བདག་དང་གཞན་ལ་དགོས་པར་གྱུར་པའི་རིན་ཐང་ཆེན་པོའི་
རྫས་རྣམས་དང་། བཟའ་བ་དང་བཏུང་བ་དང་། བགོ་བ་དང་རྒྱན་གྱི་རྣམ་པ་ཇི་སྙེད་ཡོད་པའམ། ཕྱི་ནང་གི་ལྷ་མོ་རྣམས་ཀྱི་རྣམ་པར་གྲོལ་བའི་ཡོན་ཏན་ལས་བྱུང་བའི་མཆོད་པ་ལ་སོགས་པ་རྒྱུད་ལས་ཇི་སྐད་གསུངས་པའི་མཆོད་པའི་རྣམ་པ་དང་། དེའི་ཐབས་འབྱུང་བ་ཁོ་ན་བཞིན་
དུ་མཉེས་པར་བྱེད་པ་ལ་སོགས་པའོ། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །ཅེས་པ་ནི། དོན་དམ་པའི་སྒོ་ནས་ཆོས་ཉིད་ཀྱི་དང་ངམ། ཆོས་ཀྱི་སྐུ་ལ་དམིགས་པ་དང་། ཀུན་རྫོབ་ཀྱི་སྒོ་ནས་གཟུགས་ཀྱི་སྐུ་ལ་དམིགས་ཤིང་དེའི་བདག་ཉིད་དུ་སྦྱོར་བ་དང་། ཡོན་ཏན་གྱི་བདག་ཉིད་
སྟོན་པར་བྱེད་པ་མདོ་ཀློག་ཅིང་འདོན་པ་ལ་སོགས་པ་སྐུ་གསུམ་དང་དེ་དག་གི་ཡོན་ཏན་ཡིད་ལ་བྱེད་པ་དང་བརྗོད་པའོ། །སྲུང་བ་འདི་ནི་དམ་པ་མཆོག །ཅེས་པ་ནི། དོན་དེ་ལྟ་བུ་དང་ལྡན་པ་སྲུང་བ་འདི་ནི་དམ་པ་བས་ན་སྲུང་བ་ཐམས་ཅད་ཀྱི་ནང་ན་མཆོག་ཡིན་ནོ་ཞེས་གསུངས་

སོ། །འོ་ན་དེ་ལྟར་གསུངས་པའི་སྲུང་བ་དེས་མཆོག་པར་གཟུང་གི་གཞན་གྱི་དེ་བཞིན་གཤེགས་པའི་རིགས་སུ་གསུངས་པ་རྣམས་ལ་ཡང་དེ་ལྟར་ཡིན་ནམ་ཞེ་ན། སྨྲས་པ། དེ་ལྟར་ཡིན་པར་བསྟན་པའི་ཕྱིར་ན། དེ་བཞིན་གཤེགས་པའི་རིགས་ཀྱི་སྲུང་བ་ཡང་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་རིགས་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་ཀྱི་སེམས་དཔའ་རྣམས་ཏེ། དེ་སྲུང་བའི་སྦྱོར་བ་ཡང་འདི་སྐད་དུ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ལན་ཅིག་ཞིག །ཅེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་
ལན་ཅིག་ཙམ་དྲན་པ་ཡང་ཕན་ཡོན་ཆེན་པོར་བསྟན་པ་སྟེ། མིང་ཡང་ཡོངས་སུ་འཛིན་པ་སྤང་། །ཞེས་པ་ནི། དེའི་མཚན་ལན་ཅིག་ཙམ་རྗོད་པར་བྱེད་པའོ། འདི་ནི་སྲུང་བ་ཆེན་པོ་སྟེ། །ཞེས་པ་ནི། དེ་ལྟར་བྱ་བ་འདི་ནི་སྲུང་བ་རྣམས་ཀྱི་ནང་ན་ཆེ་བར་གྱུར་པས་སོ། །ངེས་པར་
འགྲུབ་སྟེ་སྐད་ཅིག་གིས། །ཞེས་པ་ནི། སྐད་ཅིག་གིས་སྲུང་བར་མཛད་པའི་བྱིན་རླབས་ངེས་པར་གསོལ་བར་མཛད་པ་སྟེ། དངོས་གྲུབ་ཐོབ་པར་བྱེད་པ་ལ་ནི་མི་སྦྱོར་ཞེས་བྱའོ། །དེ་བས་ན་ལྷའི་རྣལ་འབྱོར་ལ་གནས་ཤིང་སྲུང་བའི་བསམ་པ་དང་ལྡན་པ་ལྟ་ཅི་སྨོས་ཀྱི། ཆུང་ངུ་ན་
མཚན་ལན་ཅིག་ཙམ་བརྗོད་པས་ཀྱང་འདི་ལྟར་འགྲུབ་པར་བསྟན་ཏོ། །གཞན་དག་ན་རེ་འོ་ན་དཔལ་རྡོ་རྗེ་སེམས་དཔའ་ཁོ་ནས་དེ་ལྟར་གྱི་གཞན་རྣམས་ཀྱིས་ནི་དེ་ལྟར་མ་ཡིན་ནམ་ཞེ་ན། སྨྲས་པ། དཔལ་རྡོ་རྗེ་སེམས་དཔའ་ནི་ཡེ་ཤེས་སེམས་དཔའ་རྣམས་ཀྱི་དང་པོ་སྟེ། རྒྱུད་
ཉིད་ལས་ཀྱང་། །རྡོ་རྗེ་དང་པོ་ཀུན་དུ་བཟང་། །ཞེས་གསུངས་པས་ནི། །འདིར་ཡང་མཚོན་པའི་ས་འཛིན་དུ་འདི་ལྟར་བསྟན་པར་ཟད་ཀྱི། སེམས་དཔའ་གཞན་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་འགྲུབ་པར་འགྱུར་ངེས་པས་ན་གང་ལ་དད་པའི་སེམས་དཔའ་རྣམས་ལ་དམིགས་
ན་ཡང་དེ་བཞིན་དུ་འགྲུབ་པར་གསུངས་སོ། །བྱ་བ་བྱས་ནས་ཞེས་པ་ནི། བསང་བ་དང་འཆག་པ་ལ་སོགས་པའི་གང་འདོད་པའི་བྱ་བ་དེ་བསྒྲུབས་ཟིན་ནས་སོ། །གཙང་སྦྲ་ཇི་ལྟ་བ་བཞིན་བྱས་ཏེ། །ཞེས་པ་ནི་ཁྲུས་ལ་སོགས་པའི་ལག་བྱད་ཀྱིས་གཞན་གྱི་ཀྱལ་ཀ་སྤང་བར་

བྱ་བའི་ཐབས་སོ། །སྲུང་བའི་སྦྱོར་བ་ཡང་རྗེས་སུ་དྲན་ཞེས་པ་ནི་གང་གི་རིགས་གང་གི་ཡིན་པ་དེའི་སྲུང་བའི་ཆོ་གའི་སྦྱོར་བ་ལ་གནས་པར་བྱའོ། །ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་སྔ་ནས་བསྒོམས་པ་ཞེས་པ་ནི། ཤེས་རབ་རྣམ་གསུམ་གྱི་སྒོ་ནས་ཆོས་ཐམས་ཅད་ལ་སྤྱོད་དེ།
སྟོང་པ་ཉིད་དང་མཚན་མ་མེད་པར་གཞིག་ཅིང་གཏན་ལ་ཕབ་ནས། དཔེར་ན་སྒྱུ་མ་དང་སྨིག་རྒྱུ་དང་། རྨི་ལམ་དང་། བྲག་ཅ་ལ་སོགས་པ་རྣམས་ངེས་པ་མ་ཡིན་བཞིན་དུ་ངོ་གང་ལ་སྣང་དུ་བཏུབ་པ་དང་འདྲ་བར་འཇིག་རྟེན་གྲགས་པའི་ཕྱི་ནང་གི་དངོས་པོ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་
བྱའོ། །ཁ་ཅིག་ན་རེ་ཤེས་རབ་རྣམ་གསུམ་གྱི་སྒོ་ནས་ཆོས་ཐམས་ཅད་སྟོང་པར་བཤིག་པ་དེ་ཡང་ཇི་ལྟར་བྱ་ཞེ་ན། ཕྱི་སྣོད་ཀྱི་འཇིག་རྟེན་ནི་སྒྱུ་མ་ལྟ་བུར་ཤེས་པར་བྱ། ནད་བཅུད་ཀྱི་འཇིག་རྟེན་ནི་སྨིག་རྒྱུ་ལྟ་བུར་ཤེས་པར་བྱ། དེ་དག་གི་སྤྱོད་པ་ནི་རྨི་ལམ་དང་བྲག་ཅ་ལ་སོགས་པའི་ཚུལ་
དུ་ཤེས་པར་བྱའོ་ཞེས་ཟེར་རོ། །དེ་ལྟར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་བསྒོམས་ནས། འཇིག་རྟེན་ན་གྲགས་པའི་ལུས་དང་། ལོངས་སྤྱོད་དང་ཤེས་པ་དང་། ཤེས་བྱའི་མཚན་ཉིད་དེ་ལྟ་བུ་ཡིན་པར་བརྟགས་ནས་ཕྱི་རོལ་པའི་ཁྲུས་དང་གཙང་སྦྲས་དག་པར་ལྟ་བའི་
དངོས་གཞི་དེ་དག་སྤང་ངོ་། །ཅིའི་ཕྱིར་ཞེ་ན། དེ་ཁོ་ནས་ཐམས་ཅད་དག་པར་འགྱུར་གྱི། གཞན་གྱིས་ནི་དེ་ལྟར་མ་ཡིན་ཏེ། ཇི་ལྟར་གཞུང་ལས་ཀྱང་། ཡེ་ཤེས་ཆུ་བོ་ཁྲུས་ཀྱི་མཆོག །ཅེས་གསུངས་ཏེ། རྣམ་པར་མི་རྟོག་པ་དེ་ཁོ་ན་གཙོ་བོར་བསྟན་ཏོ། །འོ་ན་འདིའི་གཞུང་
ཉིད་ལས་ཀྱང་ཁྲུས་དང་གཙང་སྦྲས་དག་པར་བྱའོ་ཞེས་བཤད་པ་ཡོད་ལ། རྒྱུད་གཞན་ལས་ཀྱང་ཁྲུས་བྱས་ཡན་ལག་དྲིས་བསྐུས་ཞེས་བྱ་བ་ལ་སོགས་པའི་རྣམ་པ་མང་པོ་དག་སྟོན་པ་ཡང་ཡོད་ན། དེ་དག་དེ་ལྟར་མ་ཡིན་ན་ནི་དེ་གསུང་བར་ཡང་མི་འོས་ལ། འོན་ཏེ་དེ་ལྟར་ན་ནི་འདིར་སློབ་
དཔོན་གྱིས་ཅིའི་ཕྱིར་འདི་སྐད་སྟོན་པར་བྱེད་ཅེ་ན། སྨྲས་པ། གཞན་དུ་ན་དེ་ལྟ་བུའི་འཇིག་རྟེན་དང་མཐུན་པར་བྱ་བ་དང་། རང་གི་ལུས་ལ་ཕན་ཞིང་བདེ་བར་བྱ་བའི་ཕྱིར་ནི། གཙང་སྦྲ་སྤྱད་པའི་ཆོ་ག་ཇི་ལྟར་བསྟན་པ་བཞིན་བྱའོ་ཞེས་གསུངས་ཏེ། འཇིག་རྟེན་ན་གང་དག་གཙང་སྦྲར་སྤྱོད་པ་

ཅན་དག་གདུལ་བར་བྱ་བའི་ཕྱིར། དེ་དང་རྗེས་སུ་མཐུན་པར་བྱ་བ་དང་། རང་གི་ལུས་ཀྱི་ཁམས་བརྟས་པ་དང་། ནད་དང་གནོད་པ་དག་ཞི་བར་བྱ་བའི་ཕྱིར་ནི་གཙང་སྦྲ་ལ་སོགས་པ་བྱ་བར་གནང་སྟེ། བཀག་པ་མེད་དོ། །གཞན་དག་ན་རེ་དེ་ནི་དེ་ལྟར་རུང་ན་རང་གི་ལྷའི་རྣལ་འབྱོར་
ལ་གནས་པ་དག་གིས་ཁྲུས་དང་གཙང་སྦྲ་ལ་སོགས་པ་བྱས་ན། རིགས་པར་གླེང་བ་ཡང་ཡོད། ཁ་ཅིག་ན་རེ་དེ་ལྟར་མ་ཡིན་ནོ་ཞེས་ཀྱང་ཟེར་ན། དེའི་དོན་ཇི་ལྟར་བུར་ཤེས་པར་བྱ་ཞེ་ན། སྨྲས་པ། ཡང་ན་རང་གི་ལྷའི་དམ་ཚིག་སེམས་དཔའི་ང་རྒྱལ་མངོན་དུ་བྱས་པ་ནི་ཕྱི་རོལ་གྱི་གཙང་སྦྲ་ལ་
སོགས་པ་མི་དགོས་པའི་རྒྱུད་བཤད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་དེའི་ཚུལ་དུ་བསྟན་མོད་ཀྱིས་དེ་དང་མི་འདྲ་བའི་ཆ་ཤས་སུ་ཕྱེ་བ་གཞན་དག་སྟོན་པར་བྱེད་པའི་ཕྱིར་ན་ཡང་ཞེས་སྨོས་ཏེ། རང་གི་ལྷག་པའི་ལྷ་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོ་མངོན་དུ་བྱས་ཏེ། གནས་
པའི་རྣལ་འབྱོར་པ་དག་གིས་ནི་ཁྲུས་དང་གཙང་སྦྲ་ལ་སོགས་པ་མི་དགོས་པའི་རྒྱུར་བཤད་དེ། སྒོ་གསུམ་ལྷའི་ངང་ཉིད་དུ་གནས་པ་ལ་མ་དག་པའི་དྲི་མ་མི་མངའ་བའི་ཕྱིར་རོ། །དེའི་ཕྱིར་ནི་རྗེས་སུ་དྲན་པའི་ཡིད་ལ་བྱ་བ་བསྐྱེད་པར་བྱ་སྟེ། ཞེས་པ་ནི་ལྷའི་ཕྱག་རྒྱ་ཆེན་པོ་ལ་གནས་
པའི་རྣལ་འབྱོར་རྟག་ཏུ་ཡིད་ལ་བྱའོ། །དེ་བས་ན་རྒྱུད་ལས་ཀྱང་། ཇི་སྐད་དུ། གཙང་སྦྲ་བསྡམ་པ་འདིར་མི་དགོས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་དག་པར་ཀུན་དུ་རྟོགས་པ་ལེགས་པར་བྱས་ནས་ཞེས་པ་ནི། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་གཞིག་
པ་དང་། རང་གི་ལྷའི་ཕྱག་རྒྱ་དམ་ཚིག་སེམས་དཔའི་ངོ་བོར་གནས་པས་དག་པར་ཡིད་ཆེས་པར་བྱས་པའོ། །ད་ནི་གནས་ཕུན་སུམ་ཚོགས་པར་དམ་ཚིག་སེམས་དཔའ་བསྒོམ་པ་ལ་སོགས་པའི་ཐབས་བཤད་པར་བྱ་སྟེ། དེ་ལ་རྒོལ་བ་པ་ན་རེ། འོ་ན་ཕྱག་རྒྱ་ཆེན་པོ་སྒྲུབ་པ་ལ་
སོགས་པ་ཡང་རྒྱུད་གཞན་དག་ལས་མཚན་ཉིད་དང་རིམ་པ་གཅིག་ཏུ་ངེས་པར་གསུངས་པ་དག་ཡོད་ན། དེ་དག་གི་རྗེས་སུ་འབྲང་བ་ལས་ཤེས་པར་བྱ་བའམ། འོན་ཏེ་འདི་ལས་ཀྱང་རང་གཉེར་གྱིས་འདོད་པའི་གནས་ཀྱི་རིམ་པ་དག་ངེས་པར་བསྟན་པ་ཡོད་ཅེ་ན། སྨྲས་པ། བདག་གི་ཡིད་

དང་མཐུན་པའི་ཡུལ་གྱི་བྱེ་བྲག་གང་ཡང་རུང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་གཞན་དག་ལ་ཕྱོགས་གཅིག་ཏུ་འཆད་ཅིང་ངེས་པར་གསུངས་པ་ཡོད་ཀྱང་འདིའི་སྐབས་སུ་ནི་དེ་ལྟར་མི་བལྟ་སྟེ། སྒྲུབ་པ་པོ་བདག་ཉིད་ཀྱིས་འཇུག་ཅིང་དག་པར་གྱུར་པའི་གནས་གང་ཡང་རུང་བ་དེ་
ཁོ་ན་བརྟག་པར་གསུངས་ཏེ། དེ་ཉིད་གསལ་བར་བསྟན་པ། ལྷ་ཁང་ལ་སོགས་པར་གནས་ཏེ་ཞེས་བྱ་བ་དག་སྟེ། ལྷ་ཁང་དང་། གནས་ཁང་དང་ཀུན་དགའ་ར་བ་དང་། ནེའུ་གསིང་དང་བྲག་ཕུག་དང་། རི་ཁྲོད་ལ་སོགས་པ་གང་ཡང་རུང་བར་གསུངས་ཏེ། དེ་ལྟ་བུའི་གནས་སུ་འདུག་
ནས་ཕྱོགས་དང་དུས་ན་བཞུགས་པའི་བདེ་བར་གཤེགས་པ་ཞེས་པ་ནི་ཕྱོགས་བཅུ་ན་བཞུགས་ཤིང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཏེ། སོགས་པའི་སྒྲས་ནི་དེའི་སྲས་དང་འཁོར་དུ་གྱུར་པ་རྣམས་ཀྱང་སྡུད་པར་བྱེད་མོད་ཀྱི། འདིར་ནི་གནས་སྐབས་ཀྱིས་ནི་རྡོ་རྗེ་དབྱིངས་ལ་
སོགས་པའི་དཀྱིལ་འཁོར་ཆེན་པོར་གནས་པའི་ལྷ་རྣམས་སོ། །སོགས་པའི་སྒྲས་ནི་དེར་གསུངས་པའི་ཡོངས་སུ་མ་དག་པའི་ལྷ་རྣམས་ཀྱང་བསྡུའོ། །བླ་མའི་བླ་ཞེས་པ་ནི་ལྷ་ཐམས་ཅད་ཀྱང་བླ་མར་གྱུར་པ་ཡིན་མོད་ཀྱང་། དེའི་ནང་ནས་རྒྱུད་འདིའང་རྒྱུད་ཐམས་ཅད་ཀྱི་རྩ་བར་གྱུར་པའི་
ཕྱིར། འདིར་གསུངས་པའི་ལྷ་རྣམས་ཀྱང་ཀུན་གྱི་ནང་ན་བླ་མ་ཡིན་པར་མངོན་ནོ། །ཁ་ཅིག་ན་རེ་གཞན་གྱི་ལྷ་དག་ནི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པས་བླ་མར་མི་གཞག་པ། འདིར་གསུངས་པའི་ལྷ་ནི་ཡེ་ཤེས་ཀྱི་བདག་ཉིད་ལས་སྐྱེས་པའི་ཕྱིར། དེ་དག་གི་བླ་མར་གཞག་གོ་ཞེས་ཟེར་རོ། །
ཕྱག་འཚལ་ལོ་ཞེས་པ་ནི་རྒྱུད་འདི་ཉིད་ལས་གསུངས་པ་འོག་ནས་འབྱུང་བ་དག་གི་ཕྱག་འཚལ་བ་དེས་ཕྱག་འཚལ་བར་བྱ་བ་སྟེ། དེ་ཡང་གང་གི་ཕྱིར། ཚུལ་ལམ་ཐབས་ཇི་ལྟར་ཞེས་བྱ་བར་སྦྱར་ཏེ། གང་གི་ཕྱིར་ཞེ་ན། ཡེ་ཤེས་རྣམ་པ་བཞི་ཐོབ་ཅིང་ཆོ་འཕྲུལ་རྣམ་པ་བཞི་དང་ལྡན་
པར་བྱ་བའི་ཕྱིར། དེ་ཡང་གཞན་དག་ན་རེ་ནི་འདི་ལྟར་གསུངས་པའི་ལྷ་རྣམས་དཀྱིལ་འཁོར་གྱི་ཚུལ་དུ་བཀོད་པ་ལས་སྒོ་བཞི་ནས་བསྐོར་ཞིང་ཕྱག་འཚལ་ལོ་ཞེས་ཟེར་ན། འདི་ཉིད་མཛད་པའི་སློབ་དཔོན་ན་རེ་ནི། དེ་ལྟར་བྱ་བ་འཐད་པར་མ་ངེས་ཏེ། ཅིའི་ཕྱིར་ཞེ་ན། དོན་ཐམས་ཅད་

གྲུབ་པའི་བྱང་ཆུབ་སེམས་དཔའ་རིགས་བཞིའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་བ་ཡང་ཕྱོགས་སུ་བསྐོར་ནས་ཕྱག་བྱས་ཞིང་མི་གྲག་ལ། རྣལ་འབྱོར་བས་ཀྱང་དེ་དང་མཐུན་པར་བྱ་བའི་ཕྱིར་རོ། །གཞན་དུ་ན་སྔགས་སྤྱོད་པའི་རྣལ་འབྱོར་པས་ནི་
ཏིང་ངེ་འཛིན་ཁོ་ན་གཙོ་བོར་བསྟན་གྱི་སྤྱོད་པ་གཙོ་བོར་མ་གསུངས་པའི་ཕྱིར་རོ། །དེ་ལྟར་ཕྱག་འཚལ་ནས་ཁ་འདི་ལྟར་བལྟ་བ་ཡང་དོན་རྣམ་པ་གཉིས་ཀྱི་ཕྱིར་གསུངས་ཏེ། དེ་ཡང་བདག་དང་གཞན་གྱི་དོན་ལ་དམིགས་པའི་ཚུལ་ནི་ཁ་ནུབ་ཕྱོགས་སུ་བལྟ་ཞེས་སྨོས་ལ། དེ་བཞིན་
གཤེགས་པའི་ཡོན་ཏན་ལ་དམིགས་པའི་ཕྱིར་ནི་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ཞེས་སྨོས་ཏེ། ནུབ་ཕྱོགས་སུ་བལྟས་པས་ནི་བསྒྲུབ་པར་བྱ་བའི་ཕྱིར་དང་། སེམས་ཅན་རྣམ་པར་བྱང་བ་ལ་རྒྱས་བསྟན་ཅིང་མུན་པ་ཆེན་པོར་འཁྱམས་པ་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་བསྐྱེད་
པའི་ཕྱིར་རོ། །ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་པ་ནི། དེ་བཞིན་གཤེགས་པ་དེ་དག་ལ་ཕྱོགས་དང་རིགས་སུ་ཆད་པ་མི་མངའ་སྟེ། ཐམས་ཅད་མཉམ་པ་ཉིད་དུ་དམིགས་པས་གང་དུ་བལྟས་ཀྱང་དེ་བཞིན་གཤེགས་པ་ཀུན་གྱི་མདུན་ན་གནས་པར་གྱུར་པས་ན་འདི་ལྟར་
བསྟན་ཏོ། །ཇི་ལྟར་བདེ་བའི་སྟན་ལ་འདུག་ནས་ཞེས་པ་ནི། བྱ་བའི་རྒྱུད་ལས་གསུངས་པའི་རྩ་དང་ཤིང་སྟན་ལ་འདུག་པར་བྱ་ཞིང་གཅིག་ཏུ་ཆད་པར་བསྟན་པ་དེ་དགག་པ་སྟེ། རས་དང་མོན་དར་ལ་སོགས་པ་ལས་ཤིང་བལ་ལ་སོགས་པ་དྲོ་ཞིང་འཇམ་པའི་ནང་ཚངས་ཅན་དུ་བྱས་ཏེ།
འབོལ་ཞིང་བདེ་བའི་སྟན་ཇི་ལྟ་བུའི་ལུས་དང་མཐུན་པ་དེ་ལྟ་བུ་ལ་གནས་པར་བྱའོ། །དེ་བཞིན་དུ་སྲུང་བའི་སྦྱོར་བ་རྗེས་སུ་དྲན་ནས་ཞེས་པ་ནི་གང་བསྒོམ་པར་འདོད་པའི་རིགས་ཀྱི་སྲུང་བའི་སྦྱོར་བ་འདི་ཉིད་ལས་ཇི་སྐད་དུ་གསུངས་པ་དེ་བཞིན་དུ་རྗེས་སུ་དྲན་པར་བྱས་ནས། རྣལ་འབྱོར་པ་
བདག་དང་གྲོགས་པོ་དང་ཡོ་བྱད་ཀྱི་རྣམ་པར་དགོས་པ་ཇི་སྙེད་པ་རྣམས་ཏིང་ངེ་འཛིན་གྱིས་སྲུང་བའི་སྦྱོར་བ་བྱའོ། །དེ་ནས་རང་གི་དམ་ཚིག་སེམས་དཔའི་རྣལ་འབྱོར་ཞེས་པ་ནི། རང་གི་ལྷའི་ཕྱག་རྒྱའི་རྣལ་འབྱོར་དུ་བསྒོམ་པའི་ཆོ་ག་འོག་ནས་ཇི་སྐད་འབྱུང་བའི་རིམ་པ་བཞིན་དུ་བྱས་ལ།

དེའི་འོག་ཏུ་གང་ལ་དད་པའི་ཡི་དམ་གྱི་ལྷ་རྣམས་ལ། ཕྱི་ནང་གི་མཆོད་པའི་བྱེ་བྲག་ཇི་སྐད་གསུངས་པའི་ཆོ་གས་མཆོད་ཟིན་མ་ཐག་ཏུ་ལྷའི་བསྒོམ་པ་དང་བཟླས་བརྗོད་ལ་འདུག་པར་བྱས་ཏེ། དེ་ལྟར་ཡང་ཅིས་མངོན་ཞེ་ན། ཞལ་ནས་གསུངས་པའི་རྒྱུད་ལས་གཏན་ཚིགས་གསུངས་པ། ཇི་
སྐད་དུ། བདག་ཉིད་ལྷ་ཡི་རྣལ་འབྱོར་པས། །བདག་དང་གཞན་ལ་མཆོད་པར་བྱ། །ཞེས་གསུངས་པའི་ཕྱིར་ན། འདི་ལྟར་བྱ་དགོས་པར་མངོན་ནོ། །འདིར་ཡང་མཆོད་པར་དགོས་པ་དང་། །ཞེས་པ་ནི་ཇི་སྐད་གསུངས་པའི་ཕྱིར་ནང་གི་ལྷ་མོ་རྣམས་ཀྱིས་མཆོད་པ་དང་། དེའི་ཚེ་དེ་དག་སོ་སོའི་
སྔགས་བརྗོད་དགོས་པའོ། །རང་གི་ལྷའི་སྒྲུབ་པའི་སྙིང་པོ་རྣམས་ཞེས་པ་ནི། ལྷ་མངོན་པར་བྱང་ཆུབ་པའི་རིམ་པས་རང་ཉིད་ལྷར་བསྐྱེད་པའི་སྙིང་པོ་ཙིཏྟ་པྲ་ཏི་བྱ་བ་ལ་སོགས་པ་ཇི་ལྟར་ལྕོགས་པ་བཞིན་བརྗོད་ནས། དོན་དེ་ལྟར་དམིགས་ནས། རང་གི་དགོས་པ་འགྲུབ་པར་བྱེད། །ཅེས་པ་
ནི་ལྷ་གང་བསྒོམས་པ་བཞིན་དུ་འགྲུབ་པར་གསུངས་པའོ། །རྣལ་འབྱོར་གྱི་ཚུལ་གྱིས་ཆོ་ག་ལ་ཏིང་ངེ་འཛིན་གཙོ་བོར་གྱུར་པའི་ཕྱིར་རོ་ཞེས་པ་ནི། སྦྱོར་བའི་རྒྱུད་འདི་དག་སྒྲུབ་པར་བྱེད་པའི་སྐབས་འདིར་ནི་ཏིང་ངེ་འཛིན་ཁོ་ན་གཙོ་བས་དེ་ལ་གནས་པར་འགྲུབ་པར་བསྟན་གྱི། བཟླས་བརྗོད་
ལ་སོགས་པའི་ཡན་ལག་རྣམས་འདི་སྙེད་ཅིག་མི་བྱར་མི་རུང་ཞེས་དཔྱད་པར་བྱ་བ་མེད་དོ། །ཇི་ལྟར་ལྕོགས་པ་ཙམ་དུ་བརྗོད་པས་འགྲུབ་པར་བཤད་དེ། དེ་ལྟར་ཡང་གསུངས་པ། རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །ཞེས་པ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་
ཀྱི་སེམས་དཔའ་རྣམས་སོ། །སྒྲུབ་དང་ལས་རྣམས་ཐམས་ཅད་ལ། །ཞེས་པ་ནི། ཕྱག་རྒྱ་ཆེན་པོ་སྒྲུབ་པ་དང་། མཆོད་པ་ལ་སོགས་པའི་ལས་སོ། །རྣམ་ཤེས་པ་དང་ཐམས་ཅད་ཅེས་པས་ནི་རྣམ་གྲངས་མང་པོ་དང་མ་ལུས་པ་དག་སྡུད་པར་བྱེད་དེ། འདིར་ནི་བཟླས་བརྗོད་ཅི་འདོད་
པ། །ཞེས་བྱ་བ་ནི། ཇི་ལྟར་བྱ་བའི་རྒྱུད་ལས་བཟླས་བརྗོད་མང་དུ་བརྗོད་པ་ལས་འགའ་ཙམ་གྱིས་མ་ཐེམ་པར་རྐྱེན་གཞན་གྱིས་བར་དུ་ཆོད་ན་གཞི་ནས་ཟློས་པར་བྱ་བ་དང་། གནས་ནས་གནས་གཞན་དུ་ཕྱེད་དུ་བཟླས་ན་དོན་མེད་པར་གསུངས་པ་དང་། བརྒྱ་དང་སྟོང་ཞེས་པ་ལ་སོགས་

པ་གྲངས་ངེས་པར་གསུངས་པ་དེ་དགག་པ་སྟེ། འདིར་ནི་ཏིང་ངེ་འཛིན་གཙོ་བོར་ཟད་ཀྱི། བཟླས་བརྗོད་ལ་ནི་ཅི་འཚམ་པར་བརྗོད་པས་མ་ཆོག་པ་མེད་པར་བསྟན་པའོ། །རྟོག་པ་ཀུན་ལ་དངོས་གྲུབ་སྩོལ། །ཞེས་པ་ནི། དེ་ལྟར་བྱས་པས་ཚིག་ཀུན་དེ་བཞིན་དུ་
འགྲུབ་སྟེ། གྲུབ་པར་ཐོབ་པར་བྱེད་ཅེས་བཤད་དོ། །རྒོལ་བ་པ་ན་རེ། འོ་ན་དེ་དག་གིས་དེ་ལྟར་གྲུབ་པར་གསུངས་ན་ལྷ་ཡང་རྣམ་པ་མང་པོ་དག་ཡོད་ན་རྫོགས་པར་ནི་འདིར་ཆུད་པར་ཡང་མི་འགྱུར་ལ། ཕྱོགས་གཅིག་བཟུང་ན་ནི་གྲུབ་པ་དང་རྗེས་སུ་མཐུན་པར་འགྱུར་བར་ཡང་མ་ངེས་
ན། འདིར་དེ་དག་གི་རིམ་པ་གང་ཐོབ་ཁོ་ན་སྒྲུབ་པར་བསྟན་ཞེ་ན། སྨྲས་པ། མང་པོ་དག་ལས་རྣམ་པར་ཕྱེ་བའི་ཕྱིར་ན་རེ་ཞིག་ཅེས་བྱ་བའོ། །དེ་བཞིན་གཤེགས་པ་རྣམས་དང་ཞེས་པ་ནི། དེ་བཞིན་གཤེགས་པ་ལྔའམ་གཅིག་གང་ཡང་རུང་བ་སྟེ། ཅིའི་ཕྱིར་ཞེ་ན། གཅིག་གི་ནང་
དུ་ཡང་ཀུན་འདུས་པར་བསྟན་པ་ཡིན་ལ་ལྔ་པོར་བརྗོད་ན་ཡང་འགལ་བ་མེད་པའི་ཕྱིར་རོ། །དེའི་རིགས་ཞེས་པ་ནི་ཡེ་ཤེས་ཀྱི་སེམས་དཔའ་རྣམས་སམ། །དེ་ལས་གང་ཡང་རུང་བའི་བཟླས་བརྗོད་དང་སྒྲུབ་པའི་ཐབས་ཀྱི་ཆོ་གའི་རིམ་པ་འདིར་བསྟན་པར་བྱའོ། །ཞེས་བཤད་དོ། །
འོ་ན་བཟླས་བརྗོད་ཀྱི་ཐབས་དང་རིགས་དང་རྒྱུད་ཀྱི་བྱེ་བྲག་གིས་རྣམ་པ་དུ་མར་བགྲང་བ་དག་ཡོད་ན་འདིར་ཇི་ལྟར་བྱ་ཞེ་ན། སྨྲས་པ། ད་འདིར་དེ་བཞིན་གཤེགས་པ་དང་དེའི་རིགས་ཀྱི་བཟླས་བརྗོད་ཅེས་གླེངས་པ་ཉིད་ཀྱི་བར་མངོན་ནོ། །འོ་ན་བཟླས་བརྗོད་དང་མཆོད་པ་ལ་སོགས་པས་
མཉེས་པར་བྱ་བའི་རིམ་པ་དེ་དག་ཇི་ལྟར་བྱ་བ་ཡིན་ཞེ་ན། སྨྲས་པ། དང་པོར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ལ་མཆོད་པར་བྱ་བའི་ཕྱིར་ཞེས་པ་ནི། དེ་དག་མཆོད་པས་མཉེས་པར་བྱ་བའི་ཕྱིར་རོ། །དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པར་བྱའོ་ཞེས་པ་ནི་
བདག་ཉིད་གང་ལ་དད་པའི་ལྷ་མཉེས་པར་འདོད་པ་དེའི་ཏིང་ངེ་འཛིན་དུ་གནས་པར་བྱས་ལ་གདོད་ཡེ་ཤེས་སེམས་དཔའ་ལ་མཆོད་པར་བྱ་དགོས་པས་ན་འདི་ལྟར་བརྗོད་དོ། །འོ་ན་དེ་ལྟར་མ་བྱས་པར་མཆོད་པ་དང་བཟླས་བརྗོད་ཀྱི་ལས་རྩོམ་པར་བྱས་ན་མཉེས་པར་མི་འགྱུར་རམ་ཞེ་ན། སྨྲས་པ།

དེ་ཡང་དེ་ལྟར་འགྱུར་མོད་ཀྱི། འོན་ཀྱང་སེམས་ཅན་ལས་དང་ཉོན་མོངས་བའི་དབང་གིས་སྡུག་བསྔལ་གྱི་ངོ་བོར་སྨིན་པའི་ཕུང་པོ་རྟེན་འབྲེལ་གྱི་དབང་གིས་ཁམས་གསུམ་དུ་འཁོར་ཞིང་མངལ་གྱི་སྐྱེ་གནས་མི་གཙང་བ་ནས་སྐྱེས་པས་མི་གཙང་བའི་དྲི་མ་ཅན་དུ་གྱུར་པ་དེས། མཆོད་པ་
ནི་མཛེས་ཤིང་རིགས་པ་མ་ཡིན་པས། དེ་ཉིད་རྣམ་པར་བརྟགས་ནས་ལྷའི་རང་བཞིན་དུ་བྱིན་གྱིས་བརླབས་ནས། ཤིན་ཏུ་དག་པར་གྱུར་པའི་ཕྱག་རྒྱར་རང་ཉིད་གནས་པར་བྱས་ནས་མཆོད་པ་ནི་ཤིན་ཏུ་མཛེས་ཤིང་རིགས་པར་གྱུར་པས་ན། འདི་ལྟར་བསྟན་ཏོ། །དེ་བཞིན་
གཤེགས་པའི་དམ་ཚིག་སེམས་དཔའ་ཞེས་པ་ནི་བརྗོད་པའི་རྣམ་པར་དབྱེ་བའི་ཚིག་གིས་བསྒྲུབ་པར་བྱ་བའི་རིམ་པ་སྟོན་པར་བྱེད་པའི་ཚིག་སྟེ། དེ་ལ་སྔར་དེ་བཞིན་གཤེགས་པའི་དམ་ཚིག་སེམས་དཔའ་གང་ཡང་རུང་བའི་ཆོ་ག་དང་རིམ་པ་བསྟན་པ་འདི་ལྟ་སྟེ་ཞེས་སོ། །དེ་
ལྟར་བྱ་བའི་ཐབས་དང་རིམ་པ་ནི་འདི་ཁོ་ན་ལྟར་བྱ་སྟེ་དང་པོར་སྔགས་འདི་བརྗོད་དོ། །ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿ སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་པ་ནི། ཨོཾ་མགོ་ལ་སྨོས་པ་ནི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྣམ་པར་བཀོད་པའི་ཡོན་ཏན་གྱི་བདག་ཉིད་དེ་ཚང་བར་སྟོན་
པའོ། །ལྷག་མ་རྣམས་ཀྱིས་ནི། ཆོས་ཀུན་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་རྣམ་པར་དག །ཅེས་གསུངས་པ་སྟེ། སྣོད་བཅུད་བདག་གཞན་གྱི་དངོས་པོ་རྣམས་རང་བཞིན་གྱིས་རྣམ་པར་དག་སྟེ། ཆོས་ཀྱི་དབྱིངས་དང་ཐ་མི་དད་ཅིང་དབྱེར་མེད་པར་བསྟན་པའོ། །འོ་ན་
དེ་ལྟར་སྔགས་དེ་ཚིག་ཏུ་བརྗོད་པས་དོན་དེ་ལྟ་བུ་དག་འགྲུབ་པར་འགྱུར་བར་ཅིས་མངོན་ཞེ་ན་སྨྲས་པ། སྔགས་ནི་རང་བཞིན་གྱིས་འགྲུབ་པའི་མཐུ་དང་ལྡན་པས་བརྗོད་པ་ཙམ་གྱིས་ཀྱང་དེ་བཞིན་དུ་འགྱུར་ཏེ། དཔེར་ན་མཚོན་པ་བསྟན་པས་མཚོན་བྱ་རྟོགས་པར་ནུས་པ་བཞིན་ནོ། །འོ་ན་
འདི་ལྟར་མ་བྱས་ན་ཅིར་འགྱུར་དུ་དོགས་པའི་ཕྱིར་འདི་ལྟར་མོས་པ་བསྐྱེད་ཅེ་ན། སྨྲས་པ། འདི་ལྟར་མ་བྱས་པས་ཀྱང་ཉེས་པར་འགྱུར་བ་ནི་མེད་མོད་ཀྱི་འོན་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བྲལ་བ་ནི་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པ་ཡིན་པས་ན།

འདིར་ཡང་འདི་ལྟར་བྱས་པས་དེ་ཐོབ་པར་བྱ་བའི་ཕྱིར། འདི་ལྟར་བསྟན་ཏེ་ཉེས་པ་མེད་དོ། །རྡོ་རྗེ་ཐལ་མོ་སྙིང་གར་བཅིངས་ལ། ཞེས་པ་ནི་དེ་ལྟར་བརྟགས་ཤིང་མོས་པར་བྱས་པའི་རྟིང་ཐོགས་སུ་རྡོ་རྗེ་ཐལ་མོ་ལ་སོགས་པའི་ཕྱག་རྒྱ་འདི་དག་རིམ་པར་བཅིངས་
ཤིང་སྔགས་བཟླས་པར་བྱ་བའོ། །དེ་ལ་རྒོལ་བ་པ་ན་རེ། དེ་ལྟར་བདག་གཞན་རྣམ་པར་དག་ཕན་ཆད་ཕྱག་རྒྱ་བཅིངས་པའི་གནས་ཀྱང་མངོན་པར་མ་གྲུབ་ན་ཅིའི་ཕྱིར་འདི་ལྟར་སྟོན་ཅེ་ན། སྨྲས་པ། དོན་དམ་པར་རང་བཞིན་མེད་པར་བརྟགས་པས་དངོས་པོར་མ་གྲུབ་པ་ཡང་བདེན་མོད་
ཀྱི། འོན་ཀྱང་ཀུན་རྫོབ་ཀྱི་སྒོ་ནས་བདག་ཉིད་དམ་ཚིག་སེམས་དཔར་བསྒོམ་པའི་ཐབས་རྫོགས་པར་བྱ་བའི་ཕྱིར་འདི་ལྟར་བྱ་བ་ལ་ཉེས་པ་མེད་དེ། དཔེར་ན་དེ་བཞིན་གཤེགས་པ་རྣམས་རྣམ་པར་མི་རྟོག་པ་ལ་དམིགས་བཞིན་དུ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་འགྲོ་བའི་དོན་
མཛད་པ་བཞིན་ནོ། །དེ་ལ་ཕྱག་རྒྱ་ལ་སོགས་པ་བཅིང་བའི་རིམ་པ་ཡང་འདི་ལྟར་གསུངས་པར་འགྱུར་ཏེ། དང་པོར་ལག་པའི་སྦྱོར་བ་བྱ་སྟེ། དང་པོ་ལག་པ་གཡས་པའི་མཐིལ་དུ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཞེས་པའི་ཡི་གེ་གཞག་པར་བྱའོ། །ལག་པ་གཡོན་
པའི་མཐིལ་དུ་ཊ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་གཞག་པར་བྱའོ། །དེ་གཉིས་ལས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྡོ་རྗེ་དང་དྲིལ་བུ་བསམ་པར་བྱའོ། །དེ་བཞིན་དུ་སོར་མོ་རྣམས་ལ་ཡང་ཉི་མའི་དཀྱིལ་འཁོར་བསམས་ལ་དེའི་སྟེང་དུ་ཨོཾ་ཞེས་པ་དང་། ཧཱུྃ་ཞེས་པ་ལ་
སོགས་པའི་རིགས་དང་རིགས་ཀྱི་ཡུམ་རྣམས་སོ་སོའི་ས་བོན་གྱི་ཡི་གེ་རྣམས་རིམ་པར་དགོད་དེ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་མོས་པར་བྱས་ལ་ལག་པ་ཐལ་མོ་སྦྱར་བར་བྱའོ། །འོ་ན་ཅིའི་ཕྱིར་དེ་ལྟ་བུར་སྟོན་པར་བྱེད། མ་བྱས་ན་ཇི་ལྟ་བུར་འགྱུར་ཞེ་ན། སྨྲས་པ། དཔེར་ན་
འཇིག་རྟེན་པའི་འགྲོ་བ་རྣམས་ཕ་མ་གཉིས་ལ་བརྟེན་ནས་སྐྱེ་ཞིང་འབྱུང་བ་དང་འདྲ་བར་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་ནི་ཡབ་ཐབས་ལ་མཁས་པ་དང་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་བརྟེན་ཏེ་བྱུང་གི། རང་ཐད་དང་སྟེས་དབང་གིས་བྱུང་བ་མ་ཡིན་ནོ། །དེ་

བཞིན་དུ་དེ་དག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་ཀྱང་དེ་ལྟ་བུའི་ཚུལ་གྱིས་འགྲུབ་པས་ན་ཕྱག་རྒྱ་དག་འབྱུང་བ་དང་བརྟས་པར་བྱ་བའི་ཕྱིར་དེ་ལྟར་བསྒྱུར་ཞིང་དམིགས་པར་བྱ་སྟེ། དེ་ནི་རྡོ་རྗེ་ཐལ་མོའི་མཚན་ཉིད་དེ། ཕྱག་རྒྱ་ཐམས་ཅད་འབྱུང་བའི་གཞིའོ། །དེ་ལྟར་ན་རྒྱུད་ལས་ཀྱང་། །ཐལ་
མོ་རབ་ཏུ་དམ་སྦྱར་བ། །རྡོ་རྗེ་ཐལ་མོས་བཀའ་སྩལ་པ། །ཞེས་བྱའོ། །ཨོཾ་བཛྲ་ཨཉྫ་ལི་ཞེས་པ་ནི། དེའི་སྔགས་ཏེ་རྡོ་རྗེ་ཐལ་མོ་སྟེ་ཡུམ་མོ། །ཨོཾ་བཛྲ་བནྡྷ་ཞེས་པ་ནི། རྡོ་རྗེ་བཅིང་བའི་སྔགས་ཏེ་ཡབ་བོ། །ཨོཾ་བཛྲ་བནྡྷ་ཏྲཊ་ཅེས་པ་ནི་རྡོ་རྗེ་བྲད་པའི་སྔགས་ཏེ་སྲས་སོ། །དེ་ནི་ཐང་
གཅིག་བྲད་པས་ཀྱང་སྡིག་པ་ཐམས་ཅད་མ་ལུས་པར་སེལ་བར་བྱེད་དོ། །སྙིང་གའི་ཕྱོགས་སུ་སྒྲ་དང་བཅས་པར་འགྲོལ་ཞེས་པ་ནི་སྙིང་གའི་ཐད་ཀར་སྔགས་འདི་ཉིད་ཕྱག་རྒྱ་སྒྲ་དང་བཅས་པར་ལན་གསུམ་བཀྲོལ་བས་ཀུན་གཞི་གནས་ངན་ལན་གྱི་སྒྲིབ་པ་རྣམ་པར་དག་པར་
དམིགས་སོ། །ལེན་གསུམ་བརྗོད་པ་ནི་བདག་གི་སེམས་ཀྱི་ངོ་བོ་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ན་ཡང་། གློ་བུར་བླ་ཐབས་ཀྱི་ཉོན་མོངས་པའི་དྲི་མ་དང་རྡུལ་གྱིས་ཁེབས་ཤིང་གཡོགས་པར་གྱུར་ཏེ། མ་རུངས་པར་གནས་པ་ལ་དང་པོར་བཀྲོལ་བས་ནི་སྔ་མ་འདས་པའི་
དུས་ན་བསགས་པ་དེ་དག་བསལ་ལ། གཉིས་པས་ནི་ད་ལྟར་གྱི་དུས་ཀྱི་ཚེ་འདི་ལ་བྱས་པ་བསགས་པ་དེ་དག་མ་ལུས་པར་བསལ། གསུམ་པས་ནི་མ་འོངས་པའི་དུས་ན་བསག་ཅིང་བྱེད་པར་འགྱུར་བ་དེ་དག་བསལ་ཏེ། དུས་གསུམ་གྱི་ཉོན་མོངས་པ་དང་སྒྲིབ་པ་ཐམས་ཅད་སེལ་
ཅིང་ཟད་པར་བྱེད་པའི་དོན་ཏོ། །དེ་ལྟར་སྒྲིབ་པ་ཐམས་ཅད་ཟད་བྱས་ནས། དུས་གསུམ་གྱི་ཡེ་ཤེས་ཐམས་ཅད་ཀྱི་གནས་སུ་རུང་བར་གྱུར་པ་དང་། གནས་དེར་དབབ་པར་བྱ་བའི་དབང་དུ་བྱས་ཏེ་གསུངས་པ། དེ་ནས་རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ཏེ་ཞེས་བྱ་བ་ལ་སོགས་པ་དག་གོ །
དེ་ལ་དབབ་པ་ལ་ཡང་གཉིས་ཏེ། ཡེ་ཤེས་དབབ་པ་དང་ཞེས་པ་ནི། དུས་གསུམ་གྱི་སྒྲིབ་པ་ཟད་པར་བྱས་པའི་གནས་དེ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཐམས་ཅད་སྤྱན་དྲངས་ཏེ་བཅུག་པས་ཤིན་ཏུ་གཟི་བྱིན་དང་ལྡན་པར་དམིགས་སོ། །ཕྱག་རྒྱ་ཆེན་པོ་དབབ་པར་

བྱ། ཞེས་པ་ནི། དེ་བཞིན་གཤེགས་པའི་སྐུ་ཕྲ་མོ་ནམ་མཁའི་དབྱིངས་ཀྱི་སྙིང་པོ་གང་བ་རྣམས་བཀུག་སྟེ། སྒྲིབ་པ་ཟད་པར་བྱས་པའི་རང་བཞིན་ལུས་ཀྱི་གནས་སུ་ཞུགས་པས་ཡེ་ཤེས་དང་སྐུ་རྣམ་པར་དག་པའི་རང་བཞིན་དུ་འགྱུར་བར་བསམ་མོ། །འོ་ན་དེ་ལྟར་མ་
བྱས་ན་ཅི་ཉེས་ཤེ་ན། སྨྲས་པ། དེ་ལྟར་མ་བྱས་པར་འཕགས་པའི་སྤྱོད་པ་རྒྱ་ཆེན་པོ་ལ་འཇུག་ན། བདག་ཉིད་ཀྱི་ལུས་ལ་བྱིན་དང་མི་ལྡན་པས་བགེགས་ལ་སོགས་པ་འཇུག་ཅིང་བར་དུ་གཅོད་པར་བྱེད་ལ། དེ་ལྟར་བྱས་ན་བསྒྲུབ་པར་བྱ་བའི་ལས་རྩོལ་བ་ལ་བར་ཆད་ཀྱི་རྐྱེན་བགེགས་
ཀྱིས་མི་ཚུགས་པར་འགྱུར་རོ། །ཨོཾ་བཛྲ་ཨ་བེ་ཤ་ཨ་ཨ་ཨ་ཞེས་པ་ནི་དབབ་པ་དེའི་སྔགས་སོ། །དེ་ལྟར་ཉོན་མོངས་པ་དང་སྒྲིབ་པ་ཟད་པར་བྱས་ཤིང་ཡེ་ཤེས་དང་ཕྱག་རྒྱ་དབབ་པས་བདག་ཉིད་གཟི་བྱིན་ཅན་དུ་བྱས་ནས་ཏིང་ངེ་འཛིན་གྱིས་བསྒྲུབ་པར་བྱ་བའི་རིམ་པ་གསུངས་པ། དེའི་འོག་
ཏུ་རང་གི་སེམས་བརྟག་པ་ལ་སོགས་པ་མཉམ་པར་གཞག་པའི་མཚན་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མོས་པར་བྱས་ལ་དེ་བཞིན་གཤེགས་པའི་སྐུར་བདག་ཉིད་བྱིན་གྱིས་བརླབ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་འོག་ཏུ་
ཞེས་པ་ནི་གོང་མ་ལྟ་བུའི་སྦྱོར་བ་སྔོན་དུ་བཏང་བ་དེའི་རྟིང་ཐོགས་སུ་བྱ་བའོ། །རང་གི་སེམས་བརྟག་པ་ཞེས་པ་ནི། རང་གི་སེམས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པ་བདག་མེད་ཅིང་སྐྱེ་འགག་མེད་པ་ཉིད་དུ་མོས་པར་བྱའོ། །སོགས་ཀྱི་སྒྲ་དེ་ལས་བྱང་ཆུབ་ཏུ་སེམས་
བསྐྱེད་པ་དང་། ཡིག་འབྲུ་ཐུགས་ཕྱག་མཚན་དུ་གནས་པ་དང་། དེ་བརྟན་པར་གྱུར་ཅིང་དེ་ལས་ཡང་ཕྱག་རྒྱ་ཆེན་པོར་སྦྱོར་བ་དང་། དེའི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་བར་གྱི་ཐབས་རིམ་པ་སྣ་ཚོགས་པར་གསུངས་པའི་དོན་སྡུད་པའོ། །མཉམ་པར་གཞག་
པའི་མཚན་ཉིད་ཅེས་པ། དངོས་པོ་དེ་ལྟ་བུའི་དོན་ལ་དམིགས་པ་རྩེ་གཅིག་པར་བྱེད་པའོ། །མངོན་པར་བྱང་ཆུབ་པ་ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་སྔགས་ཀྱི་སྒོ་ནས་སངས་རྒྱས་པའི་ཚུལ་སྟོན་པར་མཛད་པའི་ཐབས་ཀྱི་མཚན་ཉིད་མངོན་པར་བྱང་ཆུབ་པ་ལྔ་ཞེས་མིང་གི་ཐ་

སྙད་དུ་བཏགས་པ་འདི་ཉིད་ལས་གསུངས་པ་དེའི་དོན་ལ་འདུན་པར་བྱས་ནས་དེ་བཞིན་གཤེགས་པར་སྒྲུབ་པའོ། །སྐུར་བདག་ཉིད་བྱིན་གྱིས་བརླབས་ཞེས་པ་ནི། མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་རིམ་པ་དེས་རང་གི་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེ་
རྣམ་པར་བཀོད་པའི་བདག་ཉིད་དུ་བསྒྱུར་ཏེ། དེ་ཁོ་ན་ཡིན་པར་དམིགས་པ་ལ་ནི་བྱིན་གྱིས་བརླབས་ཞེས་བྱའོ། །མདོར་ན་རང་གི་སེམས་བརྟག་པ་ལ་སོགས་པ་མཉམ་པས་མཉམ་པའི་མཚན་ཉིད་ནི། དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་སྟེ། དེ་ལ་མོས་པ་ནི།
མཉམ་པར་འཇོག་པའོ། །དེ་ནས་དེ་བཞིན་གཤེགས་པའི་སྐུར་བདག་ཉིད་གནས་པར་བྱ་བའོ། །དེ་ལྟར་ཡང་རྩ་བའི་རྒྱུད་ཆེན་པོ་ལས་གསུངས་པ། དེ་བཞིན་གཤེགས་པའི་དམ་ཚིག་ཆེན་པོའི་སེམས་བསྒྲུབ་པ་བསྟན་པ་ལས་ཞེས་པ་ནི་མཚན་ཉིད་དེ་ཁོ་ན་སྐད་བྱ་བའི་རིམ་པར་ཕྱེ་
བའི་ལེའུ་སྟེ། སྐབས་ཀྱི་མིང་ངོ་། །སེམས་ཤེས་པ་ནས་བརྩམས་ནས་ནི། །ཞེས་པ་ནི། །དང་པོར་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཕྱིན་ཅི་ལོག་པར་བརྟགས་ཤིང་གཞིག་པར་བྱའོ། །རྡོ་རྗེ་ཉི་མ་བསྒོམ་པར་བྱ། །ཞེས་པ་ནི། དེ་ལྟར་སེམས་ཉིད་ཇི་ལྟ་བུའི་ངོ་བོར་
ཡང་མ་གྲུབ་པར་བརྟགས་པའི་དོན་ཏེ། དེ་ལྟར་རྟོགས་པར་རིག་པའི་བློ་སྐྱེས་པར་གྱུར་པ་དང་། དེའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ངོ་བོ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་འབྲེལ་པ་ཅན་དུ་གནས་པས་ཉི་མ་ཞེས་བརྗོད་པ་དང་དེའི་ཟླས་ཟླ་བ་ཡང་སྨོས་པར་བྱ་དགོས་ཏེ། དེ་གཉིས་
གང་ཡང་རུང་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །བདག་ཉིད་སངས་རྒྱས་སྐུར་བསྒྱུར་ཏེ། །ཞེས་པ་ནི། དེའི་སྟེང་དུ་སྙིང་པོ་དང་ལྡན་པ་གསལ་བར་གནས་པ་ལས། བདག་ཉིད་སངས་རྒྱས་ཀྱི་སྐུར་གྱུར་པར་བསྒོམ་པར་བྱ་བ་སྟེ། དེ་ནི་སྔར་སེམས་ཅན་ལས་ཕྱིས་འདི་ལྟ་བུའི་
སྐུར་གྱུར་པས་མཚན་ཉིད་འགྱུར་བ་ལ་དགོངས་ནས་བསྒྱུར་ཞེས་བྱའོ། །རྡོ་རྗེ་དབྱིངས་ནི་ཟློས་བྱེད་ཅིང་། །ཞེས་པ་ནི། རྡོ་རྗེ་དབྱིངས་ཆེན་པོའི་ཕྱག་རྒྱ་བསྒོམ་པར་འདོད་ན་ནི་བཛྲ་དྷཱ་ཏུ་ཞེས་བརྗོད་ལ། འདི་ནི་གཙོ་བོས་འདི་སྐད་བསྟན་པར་ཟད་ཀྱི། གཞན་གང་བསྒོམ་པར་འདོད་པའི་

སྙིང་པོ་ཡང་དེ་བཞིན་དུ་ཟློས་ཤིག །དེའི་སྐུའི་ཡན་ལག་དང་། ཉིང་ལག་ཏུ་གཏོགས་པ་རྫོགས་པར་བསྒོམ་མོ། །དེ་ཡང་གང་ཞེ་ན། རྡོ་རྗེ་ཉི་མ་བསྒོམ་པར་བྱ། །ཞེས་གསུངས་པ་འདི་ཁོ་ན་སྟེ། དམ་ཚིག་སེམས་དཔར་བསྒོམ་པའི་སྐུ་ཕྱག་རྒྱ་རྫོགས་པར་
བསྒོམ་པ་དང་། རྒྱབ་ཏུ་ཉི་མའི་དཀྱིལ་འཁོར་གྱི་རྒྱབ་རྟེན་འོད་འབར་བ་ཅན་བསམ་པར་བྱ་ཞེས་པའི་བར་དུ་དེ་མཚོན་པར་བྱེད་པའོ། །འོ་ན་སེམས་བརྟག་པར་བྱ་བའི་རྣམ་པ་ཡང་ཐ་དད་པ་དང་བྱེ་བྲག་མི་མཐུན་པའི་རྣམ་གྲངས་ཇི་སྙེད་པ་དག་ཡོད་ན་འདིར་ཇི་ལྟར་བྱ་བ་ཡིན་ཞེ་ན། སྨྲས་པ་རང་
གི་སེམས་བརྟག་པ་ལ་སོགས་པའི་རིམ་པ་ཡང་འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་བརྟག་པའི་ཐབས་དེ་ལྟ་བུ་ཇི་སྙེད་པ་དག་ཡོད་པར་མངོན་དུ་ཟིན་གྱིས་ཀྱང་། འདིར་རྩ་བའི་རྒྱུད་ཆེན་པོ་དེར་གསུངས་པའི་དོན་དང་མཐུན་པ་དག་བཤད་པར་བྱ་སྟེ། དང་པོར་
རེ་ཞིག་ཅེས་པ་ནི། ཇི་ལྟར་བྱ་བའི་རིམ་པ་གྲངས་སུ་དགོད་པར་བྱེད་པའི་ཚིག་གི་སྐབས་འཛིན་པའོ། །ཡིད་བདག་གི་སྙིང་གར་བསྡུས་ལ་ཞེས་པ་ནི། ཡིད་ཀྱི་རྣམ་པར་ཤེས་པ་བྱ་བྱེད་མང་པོ་ཅན་དེ་དབང་པོ་དང་ཡུལ་གང་གིས་ཀྱང་རྗེས་སུ་འབྲང་དུ་མི་གཞུག་པར་དགག་པའོ། །ལུས་
ཐམས་ཅད་ཀྱི་སྲོག་སླར་བསྡུ་བའི་ཚུལ་གྱིས་ཞེས་པ་ནི། ཇི་ལྟར་བྱ་བའི་རྒྱུད་རྣམས་ལས། སྲོག་ཅེས་བྱ་བ་རླུང་དུ་བཤད། །རྩོལ་བ་དྲན་པ་ཞེས་བྱའོ། །ཞེས་གསུངས་ཏེ། དེ་ལ་སྲོག་ཅེས་བྱ་བ་ནི་མིག་དང་རྣ་བ་དང་། སྣ་དང་ཁ་དང་། ལྟེ་བ་དང་། སྐྱེས་པ་དང་། བུད་མེད་
ཀྱི་དབང་པོ་དང་། མི་གཙང་བའི་ཁུང་བུ་དང་། སྐྲ་དང་བ་སྤུའི་བུ་ག་ནས་འབྱུང་བ་དང་། འཇུག་པའི་མཚན་ཉིད་ཀྱི་རླུང་སྟེ། དེ་བསྡམ་པ་ཡང་སྐབས་འདིར་འབྱུང་བ་དང་འཇུག་པ་དགག་པ་སྟེ། རླུང་འབྱུང་བ་དང་འཇུག་པ་རྣམས་དགག་པ་སྟེ་གྱེན་དུ་འདྲེན་པའི་རླུང་གིས་རུས་སྒལ་གྱིས་ལུས་བསྐུམ་པ། ལྕེའུ་
ཡིས་ཆུ་བཏུང་བའི་ཚུལ་གྱིས་བསྡུ་སྟེ། ཏིང་ངེ་འཛིན་དང་བཟླས་བརྗོད་མ་རྫོགས་གྱི་བར་དུའམ། ཅི་ནུས་པར་གཟུང་ངོ་ཞེས་བཤད་དོ། །དེའི་བཟླས་བརྗོད་རྩོལ་བ་ཡང་དགག་པར་འབྱུང་སྟེ། རྩོལ་བ་ནི་དྲན་པ་སྟེ། དེ་བསྡམ་པ་ཡང་བཟླས་བརྗོད་མ་རྫོགས་ཀྱི་བར་དུའམ། ཅི་ནུས་པར་ཇི་ལྟར་

བསམས་པའི་ལྷ་ཉིད་ཀྱི་གཟུགས་ལས་གཞན་པ་གུད་དུ་དམིགས་པ་དགག་པ་སྟེ། བསྡམ་པ་དེ་ཀུན་དུ་བསྡམས་པ་རྒྱུན་བཅད་ཅིང་འགོག་པ་ནི་སྲོག་རྩོལ་བ་རབ་ཏུ་བསྡམས་པའོ། །སྐབས་འདིར་བདག་ཅེས་བྱ་བའི་སེམས་བསྡམས་པ་ཉིད་ཀྱིས་དྲན་པ་བསྡམས་པར་རིག་པར་
བྱའོ། །དེ་ལྟར་ཅི་མངོན་ཞེ་ན། སེམས་རྒྱལ་པོ་དང་འདྲ་བ་དྲན་པ་དང་། ཏིང་ངེ་འཛིན་དང་། ཡིད་ལ་བྱེད་པ་ལ་སོགས་པའི་འཁོར་གྱིས་བསྐོར་བ་སྲོག་གི་རྟ་ཞོན་པ་ཉིད་དུ་འདོད་དེ། སྲོག་གི་རྟ་དེ་ཉིད་བཟུང་ན་སེམས་རྒྱལ་པོའི་འཁོར་དང་། བཅས་པ་ངེས་པར་གཟུང་བར་
འགྱུར་རོ། །འདིར་གཞན་དག་ལས་ཀྱང་སྲོག་རྩོལ་བ་ནི་སྲོག་འགོག་པ་སྟེ། དེ་བཀག་པས་དྲན་པ་དང་། བློ་དང་ཡིད་ལ་བྱེད་པ་དང་སོགས་པ་དང་བཅས་པའི་བདག་གི་སེམས་ངེས་པར་གཟུང་བར་འགྱུར་རོ་ཞེས་གསུངས་སོ། །སྲོག་ནི་དབུས་སུ་བཤད་པ་ཡིན། །ཞེས་གསུངས་པས་ནི།
གནས་སྐབས་ཀྱིས་ནི་འདིར་ཡང་ལུས་ཀྱི་སྲོག་ཏུ་འདོད་པ་ནི་དབུགས་ཁོ་ན་སྟེ་ཇི་ལྟར་ཡིད་བསྡུ་བ་བཞིན་དུ་དབུགས་ཀྱང་བསྡུ་ལ་ཡིད་བསྡུས་པ་དང་དབུགས་ཀྱང་བསྡུ་བར་འགྱུར་བས་མི་གཡེང་བར་བྱ་བའི་ཕྱིར་ཏེ། དབུགས་ཕྱི་ནང་དུ་རྒྱུ་བ་ཡིན་པར་མི་གཏོང་བར་བདག་གི་དབང་དུ་གྱུར་པར་
དགུག་ཅིང་ཡན་པར་མི་གཏོང་སྟེ། དེ་ཡང་དབུགས་ཀྱི་རླུང་གང་ནས་ཇི་ལྟར་རྒྱུ་བ་དང་། ཇི་ལྟར་བསྡམ་པ་དང་། དུས་ཇི་སྲིད་དུ་བསྡམ་པ་དང་། དཔེ་ཅི་འདྲ་བ་དག་བཤད་པར་བྱ་དགོས་ཏེ། དེ་ལ་གང་ནས་རྒྱུ་ཞེ་ན། ཁ་དང་སྣ་དང་། དབང་པོ་རྣམས་ཀྱི་བུ་ག་དང་། བ་སྤུའི་བུ་ག་ཐམས་ཅད་
ནས་ཕྱི་ནང་དུ་རྒྱུའོ། །ཇི་ལྟར་རྒྱུ་ཞེ་ན། སེམས་གཡེང་ཞིང་ལྷོད་པའི་ཚེ་ན་ནི་རིང་དུ་རྒྱུ་ལ་དམ་པའི་ཚེ་ན་ནི་ཐུང་དུ་རྒྱུ་བ་སྟེ། ཕྱིར་ནི་འདོམ་གང་ཚུན་ཆད་ནང་དུ་ནི་ལྟེ་བའི་ཐད་ཀ་ཡན་ཆད་དུ་འཇུག་པའོ། །ཇི་ལྟར་བསྡམ་པ་ནི་རུས་སྦལ་གྱི་ཡན་ལག་ནང་དུ་སྡུད་པ་དང་། ལྕེའི་ཆུ་བཏུང་བའི་
ཚུལ་དུ་བཟུང་བ་ནི་ཡན་ལག་ནང་དུ་སྡུད་པ་དང་། ལྕེའུ་ཡིས་ཆུ་བཞིབ་པ་ལྟར་དབུགས་ནང་དུ་བརྔུབ་པར་མི་བྱ་སྟེ། བསྡམ་པ་དང་ལྷོད་པས་ཉལ་ལོག་པའི་དབུགས་ལྟར་མི་བྱ་བར་བཟུང་ཞིང་མཉམ་མོ། །དུས་ཇི་སྲིད་དུ་བསྡམ་པ་ནི། དང་པོར་ཏིང་ངེ་འཛིན་དུ་གཏད་ནས་བགས་ཀྱིས་

བསྡམས་ཏེ། ཏིང་ངེ་འཛིན་དང་བཟླས་པ་ནམ་ཟིན་གྱི་བར་དུ་བྱའོ། །དེ་ལྟར་མ་བྱས་པའི་སྐྱོན་ནི། རླུང་འཁྱིལ་ནས། སྙིང་ག་ན་བ་དང་། ལུས་ལྕི་བ་དང་། སྔངས་ཤིང་སེམས་འཁྲུགས་པར་འགྱུར་རོ། །དབུགས་བསྡམ་པ་དྲགས་ན་ཡང་སྐྱོན་འདིར་འགྱུར་ཏེ། དེ་
ལས་བཟློག་པས་ནི་ཏིང་ངེ་འཛིན་མི་འགྲུབ་པར་བསྟན་ཏོ། །ཕྱུགས་བཞིན་སྲོག་བསྡམས་པ་མེད་པ་ལ་ནི་ཏིང་ངེ་འཛིན་འགྲུབ་པ་མེད་དོ་ཞེས་བཤད་དོ། །དེ་ནི་ལུས་ཐམས་ཅད་ཀྱི་སྲོག་སླར་བསྡུ་བ་སྟེ། དེ་ལྟ་བུའི་ཐབས་ཀྱིས་དེ་ལྟར་ལུས་ཀྱི་སྲོག་སླར་བསྡུ་བའི་ཚུལ་ནི་ཐབས་
ཏེ། དེ་ལྟ་བུའི་ཚུལ་གྱིས་དབང་པོ་ལྔ་དང་། བ་སྤུའི་བུ་ག་ཐམས་ཅད་དབུགས་ནང་དུ་བསྡུ་བར་བསམ་པ་ནི་དབང་པོ་མཐའ་དག་གི་རྒྱུན་ནང་དུ་དམིགས་པར་བྱས་པ་དང་། ནང་དུ་ཕྱོགས་པ་ཞེས་བྱ་བ་ནི་དབང་པོ་རྣམས་ཡུལ་ལ་འཕྲོ་བར་བྱེད་པ་དགག་པ་སྟེ། ཡིད་ཀྱིས་ནང་དུ་ཕྱོགས་པར་བྱས་
པའོ། །སྙིང་པོ་དབུགས་མི་འབྱུང་བར་བརྗོད། །ཅེས་པ་ནི། སེམས་བརྟག་པའི་སྙིང་པོ་འོག་ནས་འབྱུང་བ་འདིའི་ཚིག་ཏུ་བརྗོད་པ་མ་ཡིན་གྱི་ཡིད་ཀྱིས་བཟླས་པར་བྱ་བའོ། །ལུས་དང་སེམས་ལས་སུ་མི་རུང་བ་སྤངས་ཞེས་པ་ནི་བསམ་གཏན་གྱི་མི་མཐུན་ཕྱོགས་ཏེ་སྙོམས་པ་དང་། གཉིད་དང་
རྨུགས་པ་དང་། གཡེང་བ་དང་། རྒོད་པ་དང་། བྱིང་བ་དང་། འཕྱར་བ་ལ་སོགས་པ་ཇི་ལྟར་མཁན་པོ་དག་གིས་མཛད་པའི་བསམ་གཏན་ལ་འཇུག་པའི་ལུགས་རྣམས་ལས་ལུས་སེམས་ཀྱི་མི་མཐུན་པའི་ཕྱོགས་ཏིང་ངེ་འཛིན་གྱི་གེགས་སུ་གྱུར་པ་རྒྱ་ཆེར་བཤད་པ་དེ་དག་དགག་པར་བྱའོ། །དེ་གཉིས་
མཐུན་པར་འཇུག་པར་བྱའོ་ཞེས་པ་ནི། དེ་གཉིས་རྐྱེན་མི་མཚུངས་ན་སེམས་ཀྱི་བསམ་གཏན་རྣལ་དུ་མི་ཕེབས་ཏེ། །དམིགས་པ་ལ་འཇུག་ཏུ་མི་བཏུབ་པས་ན་སེམས་དེ་གཉིས་ཀྱི་རྐྱེན་མཉམ་ཞིང་མཚུངས་པར་བསྙམས་ནས། དེ་གཉིས་ཚེ་མཐུན་པར་གྱུར་པས་ཚུལ་འདི་ལ་འཇུག་པར་བྱའོ། །རང་བཞིན་གྱིས་
འགྲུབ་པའོ་ཞེས་པ་ནི། བ་ཏི་ཏ་སིདྡྷི་ཞེས་བྱ་བའི་སྒྲ་འདི་ལྟར་འདོད་དེ། སྔགས་འདི་བརྗོད་པས་རང་གི་སེམས་ཇི་ལྟར་བརྟགས་པ་དེ་བཞིན་དུ་རྟོགས་པར་འགྱུར་ནུས་པའམ། སྔགས་དེའི་མཐུས་ཇི་ལྟར་འདོད་པ་དེ་བཞིན་དུ་འགྲུབ་པར་ནུས་པའི་དོན་ཏེ། སྔགས་ཐམས་ཅད་ལ་ཡང་དེ་བཞིན་

དུ་སྦྱར་བར་བྱའོ། །རྒོལ་བ་པ་ན་རེ། འོ་ན་དེ་ལྟར་སེམས་བརྟག་པར་བྱ་བ་དེ་ཡང་སྔགས་དང་མདོ་སྡེའི་ཁྱད་པར་རིམ་པ་གྲངས་སུ་བཏུབ་པར་ཡོད་པ་དག་དགའ་ནའི་གཞུང་ལྟར་ན། ཁ་ཅིག་ནི་ཐལ་བར་གྱུར་པ་དང་། ཁ་ཅིག་ནི་ལུས་པར་འགྱུར་བས་གཅིག་གི་ཚད་དང་མཐུན་པ་གཞན་དང་
འགལ་ལ། གཞན་དང་མི་འགལ་བ་གཅིག་གི་ཚད་དང་མི་མཐུན་པ་ཡོད་པས། རྣམ་པ་དེ་དག་ཀྱང་ཕན་ཚུན་དུ་གནོད་པ་སྐྱེལ་བར་བྱེད་པ་ཡིན་ན། འདིའི་སྐབས་སུ་གང་ལ་གཟུང་བར་བྱ་ཞེ་ན། རང་གི་སེམས་བརྟག་པ་ཡང་སྐབས་འདིར་ནི། ཆོས་དང་གང་ཟག་ལ་བདག་མེད་པར་བསྟན་པའི་
གཏན་ཚིགས་ཀྱིས། བདག་དང་བདག་གིར་འཛིན་པ་དང་། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པའི་དྲི་མ་སྤངས་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་སྐབས་འདིར་ནི་ཞེས་བྱ་བ་ནི་ཐེག་པ་འདིའི་གཞུང་དང་རྒྱུད་ཀྱི་དོན་ལ་སྙགས་པ་ཡང་
ཡིན་ལ། སྒྲུབ་ཐབས་འདི་ཉིད་ཀྱི་དཀྱུས་སུ་སྦྱར་བར་བྱ་བའི་ཚིག་ཀྱང་ཡིན་ནོ། །གང་ཟག་དང་ཆོས་ལ་བདག་མེད་པར་བསྟན་པའི་གཏན་ཚིགས་ཤེས་པ་ནི་སྔོན་གྱི་སློབ་དཔོན་དག་གིས་མཛད་པའི་བསྟན་བཅོས་དང་རབ་ཏུ་བྱེད་པའི་གཙུག་ལག་ལས་གསུངས་པ་དང་། དེ་
དག་གི་ཁུངས་སུ་གྱུར་པའི་མདོ་དག་ལས་ཇི་སྐད་བསྟན་པའི་ཡོད་པར་བལྟ་བ་བཞིན་དང་། མེད་པར་བལྟ་བ་བཞིན་མཚན་ཉིད་ཇི་སྐད་དུ་བསྟན་པས་གཅིག་གི་གཞུང་སྒྲུབ་ཅིང་གཅིག་འཇོམས་པར་བྱེད་པའི་གཏན་ཚིགས་ཀྱི་མཐའ་རྣམས་པ་གཉིས་བསལ་བའི་རིམ་པ་བཀོད་པ་ལས་ཆོས་དང་
གང་ཟག་ལ་བདག་མེད་པར་འདོད་པ་གང་ཡིན་པ་དེས་གཟུང་འཛིན་དང་བྲལ་བར་མོས་པའོ། །བདག་དང་བདག་གིར་འཛིན་པ་ཞེས་པ་ནི། ནང་གི་ཆོས་རྣམས་ལ་གཟུང་འཛིན་དུ་རྟོག་པས་བརྟགས་པའོ། །ཕུང་པོ་ཞེས་པ་ནི་འབྲུའི་ཕུང་པོ་དང་ཆོས་མཐུན་པ་སྟེ། གཟུགས་ཀྱི་ཕུང་པོ་དང་།
ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །སྐྱེ་མཆེད་ནི་རྣམ་པ་བཅུ་གཉིས་ཏེ། གཟུང་བ་ནི་ཡུལ་ཐ་དད་པ་ཡིད་ལ་བྱེད་པའོ། །འཛིན་པ་ནི་སེམས་ཏེ། དེ་ལྟར་རྟོགས་པ་ཉིད་དྲི་མ་སྤངས་ཏེ། དེ་མི་དམིགས་པར་བྱ་བར་སྟོན་ཏེ།

ཅུང་ཟད་ཅིག་ནམ་མཁའ་དང་འདྲ་བར་དམིགས་ནས་ཞེས་པ་ནི་སྔ་མའི་གཟུང་འཛིན་མི་རྟོག་པའི་དྲི་མ་སྤངས་པའི་སེམས་དེ་ཉིད་ཀྱི་མཚན་ཉིད་དེ། ཇི་ལྟར་ནམ་མཁའ་བརྟག་པ་ཡོད་ན་ཡང་རྫས་སུ་མ་གྲུབ་སྟེ། སྤྲོས་པའི་མཐའ་ཐམས་ཅད་ལས་དབེན་པ་བཞིན་དུ་
རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དེ་ཉིད་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཅན་དུ་གང་གི་མཐར་ཡང་མ་གྱུར་པའི་སེམས་དེ་ཉིད་ནམ་མཁའ་ལྟ་བུར་མོས་པར་བྱའོ། །དེ་ལྟར་མོས་པར་བྱ་བའི་ཏིང་ངེ་འཛིན་དེ་དག་གལ་ཏེ་སྐྱོའམ་གཡེང་བར་གྱུར་ན། འདི་ལྟ་བུའི་རྣམ་པར་
བསྒྱུར་བའི་བསམ་གཏན་སྔོན་དུ་བྱ་བ་སྟེ། ཟླ་བ་ཚེས་གཅིག་གི་ཤས་འདྲ་བ་ཞེས་པ་ནི་སེམས་ཉིད་དེ་ལྟར་བརྟག་པའོ། །ནང་སྟོང་པ་ལ་ཞེས་པ་ནི་ཚེས་གཅིག་པའི་མཚན་ཉིད་པས་ཁམས་གང་བར་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་མོས་པར་བྱ་བའོ། །ཁ་ཅིག་ན་རེ། ཡི་གེ་
ཨའི་རྣམ་པར་གསལ་བ་ལས་ཟླ་བའི་དཀྱིལ་འཁོར་དུ་མོས་པར་བྱའོ་ཞེས་ཟེར་ན། ལྷག་པར་འདིར་ནི་དེ་ལྟར་ངེས་པ་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། ཨའི་དོན་སྐྱེ་བ་མེད་པ་ཡིན་པ་དང་། གང་དུ་ཆོས་དང་གང་ཟག་ལ་བདག་མེད་པའི་རྣམ་པར་བརྟག་པའི་བསམ་གཏན་ལ་དེས་ཁྱབ་པར་
གནས་པ་ལས། འདིར་སྐྱེ་བའི་ཆོ་འཕྲུལ་འདི་ལྟ་བུ་རྣམ་པར་བསྟན་པའི་ཕྱིར་ཏེ། བདག་མེད་པའི་ངོ་བོ་དེ་ལས་འདི་ཁོ་ན་རྣམ་པར་མོས་པར་བྱ་བ་ཉིད་རིགས་པར་མཐོང་ངོ་། །གཞན་དག་ན་རེ། འདི་ལྟར་བསྟན་པ་ཡང་ཟླ་བའི་དཀྱིལ་འཁོར་ཞེས་བསྟན་པར་ཟད་ཀྱི། ནང་སྟོང་པ་དང་ནང་གང་
བར་གྱུར་པའི་བྱེ་བྲག་གང་དུ་ཡང་ཕྱེ་བ་མེད་ན། ཅིའི་ཕྱིར་འདི་སྐད་ཅེ་ན། གང་གི་ཕྱིར་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མངོན་པར་རྟོགས་པའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དོན་ནི་ཇི་ལྟར་གོང་དུ་གསུངས་པ་
བཞིན་ཏེ། དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་མི་རྣམས་ཀྱི་ནང་དུ་ཤཱཀྱའི་རིགས་རྒྱལ་པོའི་སྲས་སུ་སྐུ་སྐྱེ་བ་བཞེས་ནས། བཟོ་དང་རིག་བྱེད་ལ་སོགས་པ་སྐྱེས་བུའི་རྩལ་ཆེན་པོ་བསྟན་ནས། ཕྱོགས་གཅིག་ཏུ་སྐྱེས་པའི་རིགས་ཀྱི་ན་ཚོད་མཐུན་པ་རྣམས་

ལས་ཁྱད་པར་དུ་གྱུར་པའི་ཕྲིན་ལས་བསྟན་ནས་སྔགས་ཀྱི་སྒོ་ནས་སངས་རྒྱས་པར་བྱ་བའི་ཚུལ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་ཞིང་སྡུག་པོ་ན་སྟོང་པ་ཆེན་པོ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཞུགས་པའི་ཚེ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ནས་དེའི་
གང་དུ་གཤེགས་ཏེ་ཆེད་དུ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ནས་བྱང་ཆུབ་སེམས་དཔའ་དེ་ལ་མགྲིན་གཅིག་ཏུ་གསུང་མཐུན་པར་འདི་སྐད་ཅེས་གསུངས་སོ། །རིགས་ཀྱི་བུ་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་རྟོགས་པ་མ་བྱས་པར། དཀའ་བ་སྤྱད་པ་
ཐམས་ཅད་ལ་སྤྲོ་བ་བསྐྱེད་ཅིང་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱ་སྙམ་ཞེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་དེ་བཞིན་གཤེགས་པ་དེ་དག་གིས་བསྐུལ་བའི་མཐུས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་དེ་བཞིན་
གཤེགས་པ་དེ་དག་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་ཇི་ལྟ་བུ་ལགས། བདག་གིས་ནི་དེ་དག་ཇི་ལྟ་བུར་བསྒྲུབ་པར་བགྱི་ཞེས་གསོལ་པ་དང་། དེ་བཞིན་གཤེགས་པ་དེ་དག་གིས་འདི་སྐད་ཅེས་བཀའ་
སྩལ་ཏོ། །རང་གི་སེམས་རྟོགས་ཤིང་མཉམ་པར་ཞོག་ལ། རང་བཞིན་གྱིས་གྲུབ་པའི་སྔགས་འདི་ཅི་དགར་བཟླ་ཞིང་ཡིད་ལ་གྱིས་ཤིག །ཅེས་གསུངས་པའི་རིམ་གྱིས་རང་གི་སེམས་རྟོགས་པར་གྱུར་པའི་ཚེའམ་དུས་ན། དང་པོར་རང་གི་སེམས་ཉིད་ཟླ་བ་ལྟ་བུའི་རྣམ་པར་གནས་པར་
མཐོང་བ་ལ་སོགས་པའི་རྣམ་པས་རྡོ་རྗེ་དབྱིངས་ཞེས་བྱ་བ་དེ་བཞིན་གཤེགས་པར་སངས་རྒྱས་པའི་ཚེའོ། །འོག་ནས་འབྱུང་བའི་ཆོ་ག་ཞེས་པ་ནི་དེ་ལྟར་སངས་རྒྱས་པའི་འཇུག་པའི་གོ་རིམས་ལ་ཆོ་ག་ཞེས་བྱ་སྟེ། ཇི་ལྟར་འོག་ནས་འབྱུང་བའི་རིམ་པའོ། །དེ་བཞིན་གཤེགས་པ་རྣམས་ལ་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་བདག་ཉིད་ཀྱི་སྙིང་ག་ན་རང་གི་སེམས་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ལྟ་བུར་གདའ་བར་མཐོང་ངོ་ཞེས་གསོལ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་འདི་ཉིད་རང་བཞིན་

གྱིས་འོད་གསལ་བས་ཇི་ལྟར་སྦྱངས་པ་བཞིན་དུ་འགྱུར་བ་སྟེ། དཔེར་ན་རས་དཀར་པོ་ཚོན་གྱིས་བསྒྱུར་བ་བཞིན་ནོ་ཞེས་གསུངས་སོ། །བྱང་ཆུབ་སེམས་བསྐྱེད་ནས་ཞེས་པ་ནི། དེ་ནས་ཡང་དེ་བཞིན་གཤེགས་པ་དེ་དག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་
ཀྱི་བུ་དེ་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀུན་དུ་བཟང་པོ་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་ཅེས་གསུངས་པ་དང་། བྱང་ཆུབ་སེམས་དཔའ་དེས་དེ་བཞིན་དུ་སེམས་བསྐྱེད་པ་དང་། རང་གི་སེམས་ཉིད་ཟླ་བའི་དཀྱིལ་འཁོར་ཉ་གང་ཞིང་ཡོངས་སུ་རྫོགས་པ་ལྟ་བུའི་རྣམ་པར་མཐོང་ནས་
འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་རྣམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་གང་ཡིན་པ་དེ་ནི་ཟླ་བའི་དཀྱིལ་འཁོར་དུ་མཐོང་ངོ་ཞེས་གསོལ་པ་དང་། ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་བཞིན་དུ་མངོན་པར་བྱང་ཆུབ་པ་རྣམས་ཡོངས་སུ་རྫོགས་པར་བསྟབས་
ནས། བྱང་ཆུབ་སེམས་དཔའ་དེས་རང་གི་སེམས་རྟོགས་པའི་རིམ་པས་འབྲས་བུ་མངོན་དུ་གྱུར་པ་ནི་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཞེས་བྱ་བའི་དེ་བཞིན་གཤེགས་པར་གྲགས་པ་དེའི་སྐུ་ཕྱག་རྒྱ་ཆེན་པོ་མངོན་དུ་བྱས་པར་གྱུར་ཏོ། །དེ་བས་ན་འདིར་ཡང་དེའི་གཏན་ཚིགས་ཀྱི་དགོངས་
པའི་དོན་གསལ་བར་མཚོན་པ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ནང་སྟོང་པ་སྣང་བ་དེ་ཉིད་རྫོགས་པར་བྱས་པའོ། །དེ་བཞིན་གཤེགས་པ་རྣམས་ལ་ཞེས་པ་ནི་དེའི་དུས་སུ་འདུས་པའི་དེ་བཞིན་གཤེགས་པ་དེ་དག་གོ། །ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་གང་
ཡིན་པ་དེ་ནི་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེས་རང་གི་རྟོགས་པའི་ཡེ་ཤེས་ཀྱིས་ཉམས་གསལ་བའི་ཚིག་གོ། །དེ་ལ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་གང་ཡིན་ཞེས་པ་ནི། ཟླ་བ་ཚེས་པའི་མཚན་ཉིད་དེ་ཁ་མ་གང་བའི་རྣམ་པའོ། །ཟླ་བའི་དཀྱིལ་འཁོར་
ཉིད་མཐོང་ངོ་ཞེས་པ་ནི་ཉ་གང་ཞིང་ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །འདིར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་ཞེས་པའི་ཚིག་གིས་ནི། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཞེས་བརྗོད་པ་དང་། དཀྱིལ་འཁོར་ཉིད་དུ་ཞེས་བསྟན་ཏེ་བསྟན་པའི་

ཚིག་དེའི་ཚུལ་གྱིས་སོ། །ཟླ་བའི་དཀྱིལ་འཁོར་དུ་མཐོང་བའི་རྣམ་པ་ཟླ་བའི་དཀྱིལ་འཁོར་མ་རྫོགས་པ་ཡིན་པར་མངོན་ཏེ་ཞེས་པ་ནི་གོང་མ་དེ་ཚེས་པ་ཁོ་ན་ཡིན་པར་སྟོན་པའོ། །དེ་ལྟར་ཅི་མངོན་ཞེ་ན། གཏན་ཚིགས་གང་གི་ཕྱིར་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་ཞེས་ཕྱིས་སྨྲས་པའི་ཕྱིར་རོ་
ཞེས་ཏེ། དེའི་ལྟར་ཕྱིས་བསྟན་པའི་དོན་འདིས་ནི་དེ་ལྟར་མངོན་ནོ། །རྒོལ་བ་པ་ན་རེ། འོ་ན་དེ་དག་ཅིག་ཅར་དུ་སྟོན་པར་མི་མཛད་ནས། འདི་ལྟར་རིམ་དུ་སྣང་བ་ཅིའི་ཕྱིར་སེམས་དཔའ་ཡིན་ཞེ་ན། དེ་དག་གི་དགོངས་པ་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་
བའི་བག་ཆགས་ཀྱི་རྡུལ་གྱི་ཁུག་རྣ་ཐམས་ཅད་སྤངས་པས་ཞེས་པ་ནི། དེ་ལྟར་གོང་དུ་གཏན་ཚིགས་ཀྱིས་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པས་བདག་དང་བདག་གིར་འཛིན་པ་ལ་སོགས་པའི་འཁོར་བའི་བག་ཆགས་ཀྱི་རྡུལ་གྱི་ཁུག་རྣས་ཡོངས་སུ་ཁེབས་པར་གྱུར་
པ་སྟེ། བྱང་ཆུབ་སེམས་དཔའ་དེས་སེམས་རྟོགས་པའི་རིམ་པས་ཡོངས་སུ་སྤངས་ཏེ། དང་བར་བྱས་སུ་ཟིན་ཀྱང་ཡོངས་སུ་རྫོགས་པར་གྱུར་པའི་རྒྱུ་མ་བསགས་པར་གང་བར་མི་འགྱུར་ཏེ། ཐོག་མ་མེད་པའི་དུས་ནས་བསགས་པའི་དཀར་པོའི་ཆོས་ཀྱི་བག་ཆགས་ཡོངས་སུ་མ་རྒྱས་པ་དང་
ལྡན་པས་ཞེས་པ་ནི། ཐོག་མ་མེད་པའི་དུས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་འགྲོ་བའི་དོན་ལ་འཇུག་པ་ལ་སོགས་པས་དེའི་བག་ཆགས་སྟུག་པོར་གྱུར་པ་དག་བསགས་ནས་དེ་བཞིན་དུ་གྱུར་པའི་རྒྱུར་གསུངས་པ་ལས་ཐོག་མ་མེད་པའི་དུས་ནས་བསགས་པའི་རྣམ་པར་བྱང་བ་དཀར་པོའི་ཆོས་
ཀྱི་བག་ཆགས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤིན་ཏུ་བསགས་པར་དཀའ་བ་དག་མ་བསགས་ཤིང་དེ་དག་ཡོངས་སུ་རྫོགས་པར་མ་གྱུར་པའི་ཕྱིར་ཟླ་བ་དེ་ཡོངས་སུ་མ་རྫོགས་པར་སྣང་ངོ་། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མ་བྱས་ཀྱི་བར་དུ་ཞེས་པ་ནི། དེ་བས་ན་ཚོགས་ཆེན་
པོ་གཉིས་ཡོངས་སུ་རྫོགས་པར་མ་བྱས་ཀྱི་བར་དུ་ཟླ་བའི་དཀྱིལ་འཁོར་ཅིག་ཅར་དུ་རྫོགས་པར་སྣང་དུ་མི་བཏུབ་པོ། །དེ་ལ་ཚོགས་རྣམ་གཉིས་རྫོགས་པར་བྱ་བའི་ཐབས་ཀྱང་ཐེག་པ་འོག་མ་པ་ལྟར་དཀའ་བསྐྱད་པའི་སྒོ་ནས་ནི་མ་ཡིན་ཏེ། སེམས་བསྐྱེད་པ་དེ་ཉིད་རྟོགས་པ་གོང་ནས་གོང་དུ་འཕར་

པའི་རིམ་པས་གོམས་པ་མངོན་དུ་གྱུར་པ་ལ་བྱའོ། །འདིས་ཀྱང་འབྲས་བུ་དང་བཅས་པའི་ཡེ་ཤེས་ཀྱིས་ཞེས་པ་ནི། ཟླ་བ་ཚེས་པ་ལྟ་བུ་མ་རྫོགས་པར་བསྟན་པའི་རྣམ་པ་འདིས་ཀྱང་འབྲས་བུ་བྱང་ཆུབ་སེམས་དང་བཅས་པའི་རྒྱུའི་བྱང་ཆུབ་ཀྱི་སེམས་ཏེ། རྒྱུ་དང་
བཅས་པའི་ཡེ་ཤེས་ཀྱིས་འབྲས་བུའི་ཆོས་འཛིན་པར་བསྟན་པའོ། །དཀར་པོ་ཐམས་ཅད་ཀྱི་བག་ཆགས་ཀྱི་གནས་ཤེས་པ་ནི། འབྲས་བུ་ཡེ་ཤེས་ཐོབ་པར་བྱེད་པ་དང་བཅས་པའི་རྒྱུའི་བྱང་ཆུབ་སེམས་ཏེ། ཡེ་ཤེས་དེས་དེ་ཐོབ་པར་བྱེད་པའི་ས་བོན་ཚོགས་རྣམ་པ་གཉིས་ཀྱི་བག་ཆགས་
ཐོག་མ་མེད་པའི་དུས་ནས་བསགས་པ་རྣམས་འཛིན་པར་བྱེད་པའི་གནས་སུ་ནུས་པར་བསྟན་པའོ། །ཐོག་མ་མེད་པའི་དུས་ནས་འབྱུང་བར་བསྟན་ཏོ་ཞེས་པ་ནི། དེ་ལྟར་ནུས་པར་བསྟན་པའི་ཕྱིར་ན་ཟླ་བ་ཡོངས་སུ་མ་རྫོགས་པར་བསྟན་ཏེ། དཔེར་ན་ཆུའི་ཁམས་དང་། ནམ་མཁའི་དང་
གསེར་བཞིན་དུ་ཡོད་པར་བསྟན་པའོ། །ཟླ་བ་མ་རྫོགས་པར་བསྟན་པ་འདིས་ཀྱང་འབྲས་བུ་བྱང་ཆུབ་དང་བཅས་པའི་རྒྱུའི་བྱང་ཆུབ་ཀྱི་སེམས་ཏེ། རྒྱུ་དང་བཅས་པའི་ཡེ་ཤེས་ཀྱི་འབྲས་བུ་འཐོབ་པར་འགྱུར་བའི་ས་བོན་ཆོས་དཀར་པོ་ཐམས་ཅད་ཀྱི་བག་ཆགས་ཚོགས་གཉིས་རྫོགས་པར་
བྱ་བའི་གནས་འཛིན་ནུས་པར་བསྟན་ཏེ། ཐོག་མ་མེད་པའི་དུས་ནས་འབྱུང་བར་བསྟན་ཞེས་པ་ནི་ཐོག་མ་མེད་པའི་དུས་ནས་དེ་དག་འཛིན་པར་ནུས་ཞེས་པའི་དོན་ཏོ། །དེ་ནས་བྱང་ཆུབ་སེམས་གཉིས་ལ། དེ་ནས་རང་བཞིན་གྱིས་འོད་གསལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་
བཞིན་གྱིས་འོད་གསལ་བ་ཞེས་པ་ནི་གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བའོ། །ཡེ་ཤེས་ཀྱི་ཟླ་བ་དེ་ཞེས་པ་ནི། ཡེ་ཤེས་བདག་ཉིད་ཟླ་བ་ཚེས་པས་སྣང་བ་དེའོ། །ཡོངས་སུ་རྫོགས་པར་འགྱུར་བའི་ཞེས་པ་ནི། མ་རྫོགས་པར་སྣང་བ་དེ་ཡོངས་སུ་རྫོགས་པར་བྱ་བའོ། །མཚན་ཉིད་བསྟན་
པར་བྱེད་པའི་རྒྱུ། །ཞེས་པ་ནི་ཟླ་བ་ཡོངས་སུ་རྫོགས་པར་བྱེད་པའི་མཚན་ཉིད་དམ་བརྟན་པར་བྱེད་པའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རང་བཞིན་གྱིས་གྲུབ་པའི་སྙིང་པོ་ཞེས་པ་ནི། དེ་ལྟར་བྱང་ཆུབ་སེམས་དེས་རྒྱུ་བྱས་ནས་འབྱུང་བའི་ཟླ་བའི་དཀྱིལ་འཁོར་རྫོགས་པར་བསྐྱེད་པའི་ཐབས་

རང་བཞིན་གྱིས་གྲུབ་པའི་སྔགས་འདི་བརྗོད་པས་དེ་བཞིན་དུ་འགྱུར་བ་ན། སྙིང་པོ་འདིས་སྐྱེད་ཅིག་ཅེས་བྱའོ། །དེ་ལྟར་བྱུང་ནས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་འོད་ཟེར་མང་པོ་འཕྲོ་བའི་སྦྱོར་བས་ཞེས་པ་ནི། དེ་ལྟ་བུར་གྱུར་པའི་སྔགས་བརྗོད་ཅིང་བསམས་པས་ཟླ་བའི་དཀྱིལ་འཁོར་མ་རྫོགས་པའི་རྣམ་པ་དེ་
ལས་འོད་ཟེར་མང་པོ་འཕྲོ་ཞིང་འདུ་བའི་སྦྱོར་བས་འདི་ལྟ་བུར་འགྱུར་ཏེ། སྟོན་ཀའི་ཟླ་བའི་དཀྱིལ་འཁོར་ཉ་བ་ལྟར་རྙོག་པ་མེད་པར་མོས་པར་བྱས་ཏེ་ཞེས་པ་ནི། དཔེར་ན། སྟོན་ཀའི་ནམ་ཤིན་ཏུ་གསལ་བར་གྱུར་པའི་དུས་སུ་ཟླ་བའི་དཀྱིལ་འཁོར་ཉ་གང་ཞིང་ཡོངས་སུ་རྫོགས་པར་སྣང་བ་ནི་གསལ་བ་དང་རྒྱ་
ཆེ་བ་དང་དྲི་མ་མེད་པ་བཞིན་དུ་ཡེ་ཤེས་ཀྱི་ཟླ་བ་དེ་ཡང་དེ་བཞིན་མོས་པར་སྣང་བ་བྱས་ཏེ། ཤིན་ཏུ་ཡུན་རིང་དུ་རབ་ཏུ་གསལ་བར་སྣང་བར་ཞེས་པ་ནི། དེ་ཡང་སྐད་ཅིག་ཙམ་གྱིས་མ་ཡིན་གྱི་ཇི་སྲིད་ལས་སུ་རུང་བར་མ་གྱུར་པ་དེ་སྲིད་ཀྱི་ལས་སུ་ཡུན་རིང་དུ་ཡིད་ལ་བྱའོ། །དྲན་པ་དང་སྲོག་ཉིད་བསྡམས་ནས་
ཞེས་པ་ནི། སྔོན་བྱས་པའི་བག་ཆགས་ཡིད་ལ་རྒྱུ་བ་དང་། དྲན་པ་གཞན་རྒྱུ་བ་དང་། དབུགས་ཉིད་ཤིན་ཏུ་བསྡམས་པ་ཡིད་ལ་བྱ་བའོ། །ཇི་སྲིད་འདོད་པར་བསམ་མོ། །དེ་ཡང་དུས་ནི་ཇི་སྲིད་འདོད་པ་དེ་སྲིད་དུ་བསམ་པར་བྱ་བ་སྟེ། །སེམས་སྐྱོ་བར་མ་གྱུར་གྱི་བར་དུ་ཡིད་ལ་བྱའོ། །འདིས་ནི་རྒྱུའི་གནས་
སྐབས་སུ་བསྡུས་པ་ཞེས་པ་ནི། ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྟན་པ་འདི་ནི་ས་གཉིས་པ་ནས་བཟུང་སྟེ། ས་བཅུ་པ་དང་། འབྲས་བུ་སངས་རྒྱས་ཀྱི་སའི་མཐར་ཐུག་པའི་ཚོགས་རྣམ་པ་གཉིས་ཡོངས་སུ་རྫོགས་པའི་བདག་ཉིད་དུ་བྱིན་གྱིས་བརླབ་པ་ཡིན་པར་རིག་པར་བྱའོ། །རྒོལ་བ་
པ་ན་རེ། འོ་ན་འདིར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་འདི་ཁོ་ན་ལྟར་བསྟན་ན། རྒྱུད་དང་དགོངས་འགྲེལ་གཞན་དག་ལས་ཟླ་བའི་དཀྱིལ་འཁོར་གཅིག་གི་སྟེང་དུ་གཅིག་བརྩེགས་པར་བསྒོམ་མོ་ཞེས་ཟེར་བ་ཡོད་ན། །འདི་ལྟར་ཚུལ་མི་མཐུན་པར་སྟོན་པ་ཅིའི་ཕྱིར་ཞེ་ན། རྟོག་པ་ཐམས་ཅད་བསྡུས་པ་ལས་
ནི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་སྟེང་དུ་ཟླ་བ་ཡོངས་སུ་རྫོགས་པ་གཉིས་པ་བསྒོམ་པར་བཤད་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་འདི་དག་འདི་ལྟར་བསྟན་པ་ནི་སློབ་དཔོན་རྒྱུད་ལ་མཁས་པ་ཉིད་ཀྱིས་དེའི་སློབ་མར་གྱུར་པ་རྣམས་ཀྱང་རྒྱུད་ལ་མཁས་པར་བྱ་བའི་ཕྱིར་

བསྟན་པ་སྟེ། ཟླ་བའི་དཀྱིལ་འཁོར་རྫོགས་པའི་སྟེང་དུ་ཟླ་བ་ཡོངས་སུ་རྫོགས་པ་གཉིས་པ་ཞེས་པ་ནི། དེ་ལ་དང་པོར་ཟླ་བའི་དཀྱིལ་འཁོར་དུ་བསྒོམས་པའི་སྟེང་དུ་རྡོ་རྗེ་བཞག་པ་ལས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་པར་རིགས་ན། རྟོག་པ་བསྡུས་པ་ལས་ཟླ་བའི་དཀྱིལ་འཁོར་
རྫོགས་པ་བརྩེགས་མར་བསྒོམ་པ་བཤད་པ་གང་ཡིན་པ་དེ་ནི། དེར་མངོན་པར་རྫོགས་པར་བྱང་ཆུབ་པའི་བྱིན་གྱི་རླབས་བཤད་པས་ཞེས་པ་ནི་རྒྱུའི་བྱང་ཆུབ་ཀྱི་སེམས་ཚོགས་རྣམ་པ་གཉིས་རྫོགས་པའི་ཟླ་བ་ལ། འབྲས་བུ་བྱང་ཆུབ་ཀྱི་སེམས་ཟླ་བ་གང་བ་གཞག་པ་དེ་ནི། རྟོག་པ་བསྡུས་པ་
དེར་ཟླ་བ་དེ་ལྟར་གཉིས་རྫོགས་པར་བཤད་པས་འདུལ་བའི་དོན་དུ་བསྟན་པ་སྟེ། འདུལ་བའི་སྐྱེ་བོའི་དབང་གིས་གཞན་དུ་བརྟགས་ཞེས་པ་ནི། སྔགས་སྤྱོད་པའི་སྐྱེ་བོ་ཁ་ཅིག་དེ་ལྟ་བུས་འདུལ་བར་འགྱུར་བའི་དབང་གིས་གོང་མ་ལས་གཞན་དུ་བརྟགས་ཏེ། ཟླ་བ་ཉིས་བརྩེགས་སུ་བསྟན་
ཏེ། རྒྱུ་དང་འབྲས་བུའི་སེམས་གཉི་གའི་མཚན་ཉིད་ཀྱི་ཚུལ་འདི་ལྟར་བསྟན་ཏོ། །དེར་ནི་རང་གི་སེམས་རྟོགས་པས། །ཞེས་པ་ནི་རྟོག་པ་བསྡུས་པའི་ནང་དེར་རང་གི་སེམས་ཆོས་དང་གང་ཟག་ལ་བདག་མེད་པར་བརྟགས་པས་སོ། །བག་ཆགས་ཐམས་ཅད་རྣམ་པར་དག་ཅིང་ཞེས་པ་ནི།
དེ་ལྟར་རྟོག་པ་གཟུང་འཛིན་ལ་སོགས་པ་དྲི་མ་ཐམས་ཅད་དང་བྲལ་བའོ། །ས་དང་ཕ་རོལ་ཕྱིན་པའི་བག་ཆགས་ཡོངས་སུ་རྫོགས་པའི་གནས་སྐབས་ཞེས་པ་ནི། དེའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དེ་ཉིད་ཟླ་བའི་དཀྱིལ་འཁོར་དུ་སྣང་བའོ། །འདིར་སྔ་མས་བྱིན་གྱིས་
བརླབས་སོ་ཞེས་པ་ནི་རྒྱུའི་རང་བཞིན་ཏེ། ཟླ་བ་སྔ་མ་དེར་བྱིན་གྱིས་བརླབས་སོ། །ཟླ་བ་གཉིས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་རྟོགས་པ་ཐོབ་པའི་ཞེས་པ་ནི། ཟླ་བ་སྔ་མའི་སྟེང་དུ་ཕྱི་མ་བརྩེགས་མར་བསྟན་པ་ནི་ཟླ་བ་གཉིས་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་དང་གང་
ཟག་རྣམ་པ་གཉིས་ལ་བདག་མེད་པར་རྟོགས་ནས། སངས་རྒྱས་ཀྱི་ས་ཐོབ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཐུགས་ཀྱི་མཚན་མར་གྱུར་པ་སྟེ། དེ་བས་ན་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་སེམས་ཀྱི་མཚན་མར་བསྟན་ཏོ་ཞེས་བྱའོ། །རྒོལ་བ་པ་ན་རེ། །འོ་ན་དེ་ནི་དེ་ལྟར་རུང་ན་དེ་ལ་གནས་པའི་རྡོ་རྗེ་

དེས་ཅི་སྟོན་པར་བྱེད་པ་ཡིན་ཞེ་ན། དེ་ལ་གནས་པའི་རྡོ་རྗེ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེའི་འོག་ཏུ་འབྱུང་བའི། ཡེ་ཤེས་རྣམ་པ་ལྔ་རྣམས་སུ། །ཞེས་པ་ནི་ཟླ་བ་དེ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་ནི་མངོན་པར་བྱང་ཆུབ་པའི་དེ་མ་ཐག་པའི་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཡེ་ཤེས་གཟུང་
འཛིན་གྱི་དྲི་མ་དང་བྲལ་བའི་ཡེ་ཤེས་དེ་གནས་པ་སྟེ། ལྔ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའོ། །ད་ནི་འདི་སྐད་དུ་ཡང་དེ་ཉིད་ལས་ཞེས་པ་ནི། དེ་ལྟར་བསྟན་པ་ནི་སློབ་དཔོན་གྱི་ཚིག་ཡིན་ཏེ། དེ་ཡང་ཅིས་མངོན་ཞེ་ན། ཁུངས་རྟོག་པ་ཐམས་ཅད་བསྡུས་པ་དེ་ཉིད་ལས་འདི་ལྟར་བསྟན་
ཏེ། སྙིང་པོ་བློ་ཅན་གྱིས་བླངས་ནས། །ཞེས་པ་ནི་སེམས་བརྟག་པར་བྱ་བའི་སྙིང་པོ་ཙིཏྟ་པྲ་ཏི་བེ་དྷཱཾ་ཀ་རོ་མི་ཞེས་བྱ་བའི་སྔགས་ཀྱི་ཚིག་དེ་བཞིན་གཤེགས་པ་རྣམས་ཀྱིས་གནང་བ་འདི་བློ་ཅན་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་སྟེ། ཁྱོད་ཀྱིས་བླངས་ཤིང་གཞན་དག་
ཀྱང་རིམ་པར་དེ་བཞིན་དུ་བསྒོམ་དུ་གཞུག་པའི་དོན་ནི། རང་གི་སེམས་བདག་མེད་པར་བརྟག་པར་བྱའོ་ཞེས་བསྟན་པའི་ཕྱིར་ན། རང་གི་སེམས་ནི་བརྟག་པར་བྱ། །ཞེས་སོ། །དེ་ནི་སྐད་ཅིག་མཉམ་གཞག་ལ། །ཞེས་པ་ནི་སྒྲུབ་པ་པོ་དེས་སྐད་ཅིག་བདག་མེད་པའི་ཆོས་ཉིད་དེ་ལྟ་བུའི་དོན་
ལ་སེམས་མཉམ་པར་ག་ཞག་པའི་བསམ་གཏན་ལ་གནས་པར་བྱས་ལ། དེ་ནས་འགྲོ་བའི་དོན་ལ་འཇུག་པར་འདོད་པས་བྱང་ཆུབ་སེམས་བསྐྱེད་པར་བྱ་སྟེ། ཟླ་བའི་དཀྱིལ་འཁོར་བཞིན་དུ་བལྟ། །ཞེས་པ་ནི། དེ་ལྟར་བདག་མེད་པར་བརྟགས་པའི་སེམས་ཀྱི་ཆོས་ཉིད་ཟླ་བ་གང་བ་ལྟ་
བུར་བསམ་པའོ། །དེ་ནི་སེམས་ཀྱི་རང་བཞིན་ནམ། །ཞེས་པ་འདི་དག་ནི་སེམས་དེ་ལྟ་བུའི་རང་བཞིན་སྣང་བ་དེ་ལ་སླར་རྟོག་པ་སྐྱེས་པའི་བསམ་པ་སྟོན་པའི་ཚིག་སྟེ། ཇི་ལྟར་རྟོག་པ་སྐྱེས་ཤེ་ན། ཇི་ལྟར་ཟླ་བ་རྫོགས་པའི་རྣམ་པ་ལྟ་བུར་སྣང་བ་དེ་དག་གི་སེམས་ཀྱི་རང་བཞིན་ཡིན་
པར་བརྟགས་པ་དང་། ཀུན་ནས་ཉོན་མོངས་ས་བོན་ཡིན། །ཞེས་པ་ནི་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ཕྱིར། ཀུན་ནས་ཉོན་མོངས་པའི་ས་བོན་དང་བཅས་པས་བསྐྱེད་པའི་ས་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ངོ་བོའམ། དེ་འཛིན་པ་ཡིན་ནམ་སྙམ་རྟོག་པ་དང་།

འདི་ནི་ཀུན་གཞི་ས་བོན་ཡིན། །ཞེས་པ་ནི། ཀུན་གཞི་ས་བོན་ཡིན་ནམ་སྙམ་དུ་རྟོག་པ་སྟེ། དེ་ནི་འདི་ཡིན་པར་བརྟག་གི་དེ་ལྟ་བུར་རྟོག་པ་དང་འདྲེས་པ་དེ་དག་ནི་ད་རུང་རང་གི་སེམས་ཉིད་མ་རྟོགས་པ་ཁོ་ནའི་རྣམ་པ་སྟེ། ཅིའི་ཕྱིར་ཞེ་ན། དེ་ལྟ་བུའི་རྟོག་པ་མང་པོ་དག་སྐྱེ་
བར་བྱེད་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུའི་རྣམ་པར་ཤེས་ན་རྟོགས་པར་གྱུར་པའི་ཚད་ཡིན་ཞེ་ན། སྨྲས་པ། ཆོས་ཀྱི་མཐར་ནི་རྟོགས་ནས་ནི། །ཞེས་བྱ་བ་ལ་སོགས་པར་ཤེས་པ་སྟེ། གང་གིས་བདག་མེད་པའི་རྣམ་པ་གཉིས་ཀྱི་དོན་རྟོགས་ནས་གཟུང་འཛིན་གྱི་དྲི་མ་དང་བྲལ་བར་གྱུར་པ་ནི་
ཆོས་ཀྱི་མཐར་རྟོགས་པ་ཡིན་ཏེ། ཚོགས་རྣམ་པ་གཉིས་རྫོགས་པར་བྱས་པའི་བག་ཆགས་གནས་པའི་རང་བཞིན་ནོ། །དེ་བས་ན་ཕ་རོལ་ཕྱིན་དྲུག་བག་ཆགས་བསགས་པ་ནི། ས་དང་པོ་ནས་ས་བཅུ་པའི་བར་དུ་སྦྱིན་པ་ལ་སོགས་པ་རྒྱུ་མཐུན་པའི་ས་བོན་ནི་བག་ཆགས་ཏེ། དེ་ཡང་དག་པ་གསུམ་དང་
ལྡན་པས་ན། ཕ་རོལ་ཏུ་ཕྱིན་པའོ། །རྣམ་པ་དྲུག་དང་ལྡན་པས་ཕྱིན་དྲུག་སྟེ། དེའི་བག་ཆགས་བསགས་པ་ནི། རྟས་པར་བྱེད་པའམ། གནས་པར་བྱེད་པའམ། འཛིན་པར་བྱེད་པ་སྟེ། ཆགས་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་དག་པའི་སེམས་ཅན་ཞེས་པ་ནི། བདག་མེད་པར་
རྟོག་པའི་ཉེས་པ་ཐམས་ཅད་བྲལ་བས་ན་དག་པ་ཡང་ཡིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་ཅན་ཇི་སྙེད་པའི་ནང་ན་མཆོག་པས་ན་ཆེན་པོ་སྟེ། དེ་ཉོན་མོངས་ཀུན་གཞི་མ་ཡིན་གྱི་ཞེས་པ་ནི། ཡོངས་སུ་དག་པའི་སེམས་ཆེན་པོ་དེ་ནི། གོང་མ་ལྟར་བཤད་པ་དེ་མ་ཡིན་གྱི།
ཚོགས་རྣམ་པ་གཉིས་ཡུན་རིང་པོ་ནས་བསགས་པའི་ངོ་བོ་དེ་དེ་ལྟ་བུར་སྣང་བའོ། །དེ་བས་ན། བསོད་ནམས་ཡེ་ཤེས་ཚོགས་ཆེན་པོ། །ཞེས་པ་ནི། ཚད་གཟུང་དུ་མེད་དོ། །ཡུན་རིངས་དུས་ནས་བསགས་པ་སྟེ། །ཞེས་པ་ནི། བསྐལ་པ་གྲངས་མེད་པའི་སྔོན་རོལ་ནས་འཁོར་བ་ཇི་སྲིད་པ་དེའི་
བར་དུ་བསག་གོ། །ཇི་ལྟར་ཟླ་བ་གང་བ་བཞིན། །ཞེས་པ་ནི། ཇི་ལྟར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བཞིན་དུ་རང་བཞིན་གྱིས་འོད་གསལ་བའོ། །དག་ཅིང་དང་ལ་དྲི་མ་མེད། །ཅེས་པ་ནི་སྒྲིབ་པ་རྣམ་པ་གཉིས་དང་བྲལ་བས་སོ། །དེ་ལྟར་ཚོགས་ནི་རྫོགས་པའི་ཕྱིར། །

ཞེས་བྱ་ནི། ཚོགས་རྣམ་པ་གཉིས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ན། འདི་ལྟར་བསྟན་ཏེ། རང་སེམས་ཟླ་བ་གང་བ་བཞིན། །ཞེས་པ་ནི། ཚོགས་རྣམ་པ་གཉིས་ཡོངས་སུ་རྫོགས་པར་འགྱུར་བ་ལས་བྱུང་བས་ན། རང་གི་སེམས་ཉིད་ཟླ་བའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་
རྫོགས་ཤིང་རྒྱས་པ་ལྟར་བསྟན་ནས། སྣང་བ་ཡིན་པར་ཟད་ཀྱི། འཇིག་རྟེན་པའི་ཟླ་བ་ལྟར་དངོས་པོར་ཡོད་པའི་མཚན་ཉིད་ཅན་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཡོད་པ་མ་ཡིན་དངོས་མེད་ཕྱིར། །ཞེས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པས་ན། མཚན་མའི་རྣམ་
པ་དང་བྲལ་ཞིང་དངོས་པོ་མེད་པའི་ཕྱིར་རོ། །དེ་བས་ན། ཟླ་བ་ལྟར་ཡང་མི་བཤད་དེ། ཞེས་པ་ནི། ཟླ་བ་ལྟར་དངོས་པོར་སྣང་བའི་མཚན་ཉིད་ཅན་དམིགས་པའམ་ཐོགས་པ་དང་བཅས་པ་མ་ཡིན་པས་དེ་ལྟར་མི་བལྟ་སྟེ། ཚོགས་རྣམ་པ་གཉིས་རྫོགས་པ་དང་ཆོས་མཐུན་པས་ན།
བསོད་ནམས་ཡེ་ཤེས་ཚོགས་ཆེན་དག །རྫོགས་པས་ཟླ་བ་ལྟ་བུར་བཤད། །ཅེས་བྱའོ། །རང་སེམས་ཟླ་བའི་དཀྱིལ་འཁོར་ལ། །ཞེས་པ་ནི། དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེས་ཚོགས་རྣམ་པ་གཉིས་ལེགས་པར་བསགས་པས་ལེགས་པར་བྱས་པའི་ཚོགས་རྣམ་པ་གཉིས་
ཀྱིས་བསྒོས་པའི་ངོ་བོ། རང་གི་སེམས་ཟླ་བའི་དཀྱིལ་འཁོར་འདྲ་བར་མཐོང་ནས་དགའ་ཞིང་མགུ་བར་གྱུར་པའི་སེམས་བྲོད་པ་སྐྱེས་ནས། འདི་སྐད་སྨྲས་སོ། །གང་སྨྲས་ཤེ་ན། མགོན་པོ་བཅོམ་ལྡན་བདག་གིས་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། ཉོན་མོངས་པ་དང་བདུད་ཀྱི་ཕྱོགས་
ཐམས་ཅད་བཅོམ་ནས་ལེགས་པ་ཕུན་སུམ་ཚོགས་པ་དང་ལྡན་པས་ཐམས་ཅད་ཀྱི་མགོན་དུ་གྱུར་པས་སོ། །བདག་གིས་ཐོག་མ་མེད་པའི་དུས་ནས་བསགས་པའི་ཉོན་མོངས་པའི་དྲི་མ་གློ་བུར་བ་རྣམས་རྣམ་པར་དག་སྟེ་གཟུང་བ་དང་འཛིན་པའི་སྐྱོན་དང་བྲལ་ནས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་ཆེན་
པོར་མཐོང་ངོ་ཞེས་སྨྲས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་ལན་གསུངས་པ། དེ་ནས་སངས་རྒྱས་ཀུན་གསུངས་པ། །ཞེས་བྱ་བ་ལ་སོགས་པ་སྟེ། སྔ་ནས་མ་སྐྱེས་སེམས་བཟང་འདི། །ཞེས་པ་ནི། སེམས་ཀྱི་རང་བཞིན་ཐོག་མ་ནས་མ་སྐྱེས་པ་རྒྱུ་རྐྱེན་ཚོགས་པའི་དབང་གིས་འབྱུང་བ་མ་ཡིན་

ཏེ། ཀུན་དུ་བཟང་པོའི་སེམས་ཀྱི་ངོ་བོ་ཉིད་མོད་ཀྱི། འོན་ཀྱང་གློ་བུར་གྱིས་ཉོན་མོངས་ཞེས་པ་ནི། འོན་ཀྱང་གློ་བུར་བའི་ཉོན་མོངས་པའི་བག་ཆགས་ཀྱིས་བསྒྲིབས་པར་བྱས་པའོ། །རྫོགས་པ་བྱང་ཆུབ་སེམས་སྦྱངས་པའི། །ཞེས་པ་ནི། རྒྱུའི་བྱང་ཆུབ་སེམས་རྣམ་པར་དག་པ་ལ་གློ་བུར་བའི་ཉོན་མོངས་
པས་མ་རུང་བར་བྱས་པ་དེ་བདག་མེད་པ་ལ་མོས་པ་གཙོར་བྱས་པའི་གོམས་པ་མངོན་དུ་གྱུར་པའི་དབང་གིས་སྦྱངས་ནས། དེ་ཉིད་ཚོགས་སུ་གྱུར་པ་ཡོངས་སུ་རྫོགས་པ་ཟླ་བའི་དཀྱིལ་འཁོར་དུ་སྣང་བའི་དབུས་སུ་འབྲས་བུ་བྱང་ཆུབ་སེམས་བསྒོམ་པར་བྱ་བས་ན། ཉེས་པ་ཐམས་ཅད་རྣམ་སྤངས་པ། །ཞེས་པ་ནི།
འབྲས་བུ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉེས་པ་ཤིན་ཏུ་ཕྲ་བའི་ཡང་ཕྲ་བར་གྱུར་པ་ཤེས་རབ་ཕལ་པས་བརྟག་ཅིང་སྤང་བར་དཀའ་བའི་སྒྲིབ་པ་ཐམས་ཅད་གཏན་ནས་སྤངས་ཏེ། ཟད་པའམ། མ་ལུས་པར་བྱས་པའི་སེམས་དེ་རྟོགས་པ་མངོན་དུ་གྱུར་པར་བྱ་དགོས་པས་ན། བྱང་ཆུབ་སེམས་ཀྱང་རྣམ་པར་རྟོགས། །ཞེས་
པ་ནི་དེ་ལྟར་སྒྲིབ་པ་སྤངས་པའི་འབྲས་བུའི་བྱང་ཆུབ་སེམས་རྣམ་པར་དག་པའི་ངོ་བོ་དེ་ཡང་། ཟླ་བའི་དཀྱིལ་འཁོར་སྔ་མ་དེའི་དབུས་སུ་རྟོགས་ཤིག་པའོ། །ཀུན་དུ་དག་པའི་སྙིང་པོ་འདིས། །ཞེས་པ་ནི། དེ་ལྟར་བརྟགས་པ་འདིའང་རྟོགས་པར་བྱ་བའི་ཐབས་ཀྱི་སྙིང་པོ། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་པ་འདིས་
ཟླ་བའི་དཀྱིལ་འཁོར་སྔ་མའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ཆེན་པོ་ཕྱི་མ་གནས་པར་རྟོགས་ཤིག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་སྐད་གནང་བའི་སྙིང་པོ་དེ་མནོས་
པས་ན། སྙིང་པོ་དག་པ་བླངས་ལ་ཞེས་བྱ་སྟེ། ཉེས་པ་ཐམས་ཅད་མི་འབྱུང་བས་སྙིང་པོ་དེ་ནི་དག་པ་ཞེས་བརྗོད་དོ། །ཟླ་བའི་དབུས་སུ་རྣམ་བརྟགས་ནི། །ཞེས་པ་ནི། སྙིང་པོ་བརྗོད་ནས་ཟླ་བ་སྔ་མའི་སྟེང་དུ་རྣམ་པར་བརྟགས་ན། དེ་བཞིན་དུ་འགྱུར་བའོ། །ཟླ་བའི་དཀྱིལ་འཁོར་གཉིས་པ་ཡང་། །ཞེས་
པ་ནི། ཟླ་བའི་དཀྱིལ་འཁོར་ཕྱི་མའོ། །ཟླ་བའི་དཀྱིལ་འཁོར་དབུས་ན་མཐོང་། །ཞེས་པ་ནི་སྔ་མའི་དབུས་སུ་བརྟགས་པ་དེ་བཞིན་དུ་ཟླ་བའི་དཀྱིལ་འཁོར་ཕྱི་མ་ཡང་དེ་ན་འདུག་པར་མཐོང་ངོ་། །དེ་ནས་སངས་རྒྱས་ཀུན་གསུངས་པ། །ཞེས་པ་ནི། དེ་ལྟར་གསོལ་བ་དང་ཡང་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱིས་དེ་ལ་སླར་བཀའ་སྩལ་པའོ། །བྱང་ཆུབ་སེམས་འདི་བརྟན་པའོ། །ཞེས་པ་ནི་དེ་ལྟར་མཐོང་བས་ན་བྱང་ཆུབ་སེམས་དཔའ་ཁྱེད་ཀྱིས་བྱང་ཆུབ་ཀྱི་སེམས་འདི་ནི་ཤིན་ཏུ་བརྟན་པར་འགྱུར་རོ་ཞེས་གསུངས་པ་སྟེ། དེ་ལ་བརྟན་ཞེས་བྱ་བ་ནི། གཞན་གྱིས་བསྐྱོད་པར་མི་ནུས་ཏེ། བསྒྱུར་བར་
དཀའ་བའི་དོན་ཏོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ་ཞེས་པ་ནི་འདི་གཅིག་པུ་ཙམ་ཞིག་གསུངས་པ་མ་ཡིན་གྱིས། དེ་ལ་སོགས་པ་མཐར་ཐུག་གི་བར་དུ་རྒྱས་པར་གསུངས་པ་དག་རྒྱུད་དེ་ན་ཡོད་པར་བསྟན་པའོ། །དེ་བས་ན་རྟག་པ་ཐམས་ཅད་བསྡུས་པ་ལས་གསུངས་པའི་ཞེས་པ་ནི། དེ་ལྟར་ཟླ་བ་
མི་མཐུན་པ་དེ་ལས་འདུལ་བའི་སྐྱེ་བོ་ལ་དགོངས་ནས་བསྟན་པར་ཟད་ཀྱི། ཉེས་པ་མེད་དོ། །མངོན་པར་རྫོགས་པར་བྱ་བའི་ཞེས་པ་ནི། རིམ་པ་འདི་ལྟར་བསྟན་པ་འདི་ཁོ་ནའོ། །བསྡུས་པར་བསྟན་པ་ཡང་ཞེས་པ་ནི་ཟླ་བ་གང་ཞིང་རྫོགས་པར་གྱུར་པ་གཉིས་བརྩེགས་མར་བསྟན་པའོ། །ཡང་ཞེས་བྱ་བའི་
སྒྲས་ནི། དགོངས་པ་གཞན་དུ་སྟོན་པར་བྱེད་པའི་དོན་དེ་འཆད་པར་བྱེད་པའོ། །འདིར་ཡང་གཞན་དུ་དགོངས་པ་ན། །ཞེས་པ་ནི། དེ་ཁོ་ན་ཉིད་བསྡུས་པ་ཆེན་པོ་ཞེས་བྱ་བ་རྩ་བའི་རྒྱུད་འདིར་ནི། ཟླ་བའི་དཀྱིལ་འཁོར་ཚེས་པ་དེ་ཉིད་ལས་གང་ཞིང་རྫོགས་པར་གྱུར་པ་གཅིག་པུར་བསྟན་པ་དེ་གཉིས་ཀྱང་
མཚན་མའི་སྒོ་ནས་འདུལ་བའི་དབང་གིས་མི་འདྲ་བ་ཙམ་དུ་བསྟན་པར་ཟད་ཀྱི། དོན་དུ་མི་འདྲ་བ་མེད་དེ་གང་ལ་དད་པ་དེ་བཞིན་དུ་མོས་པར་བྱས་ན་ཉེས་པ་མེད་དེ། དེ་བས་ན་དེ་ལྟར་རྣམ་པ་མི་མཐུན་པར་བསྟན་པ་དེ་འགལ་བ་མེད་པར་ཤེས་པར་བྱའོ། །དེ་ནི་གོང་མའི་མཚམས་སྦྱར་བར་བྱ་སྟེ། དེ་ཁོ་ན་ཉིད་
བསྡུས་པ་ལས་གསུངས་པའི་ཟླ་བའི་དཀྱིལ་འཁོར་རྐྱང་པར་བསྒོམ་པའམ། རྟོག་པ་བསྡུས་པ་ལས་གསུངས་པའི་ཟླ་བའི་དཀྱིལ་འཁོར་བརྩེགས་མར་བསྒོམ་པ་དེ་གཉིས་གང་ལ་དད་པ་བཞིན་དུ་བསྒོམས་པའི་ཟླ་བའི་དཀྱིལ་འཁོར་དེ་ལས་རིམ་ཀྱིས་བརྟག་པར་བྱ་བའི་བསམ་གཏན་གྱི་ཐབས་
གསུངས་པ། དེ་ནས་ཀུན་དུ་བཟང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཟླ་བའི་དཀྱིལ་འཁོར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་སྐབས་ཀྱི་ཚིག་གོ། །ཀུན་དུ་བཟང་པོའི་ཞེས་པ་ནི། རྣམ་པ་ཐམས་ཅད་དུ་བཟང་པོར་གནས་པའི་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་ཟླ་བ་

དེ་གང་བསྒོམས་པའི་སྟེང་དུ་ཞེས་པའི་དོན་ཏོ། །ཕྱི་མ་དེ་ཉིད་ཀྱི་དོན་དང་ལྡན་པས་དེ་སྐད་དོ། །དེ་ལ་ཞེས་བྱ་བ་ནི་དེའི་སྟེང་དུ་གཞག་པར་བྱ་བ་མཚོན་པའི་ཚིག་གོ། །རྡོ་རྗེ་ཚིག་གིས་སྙིང་པོ་འདི་བརྗོད་ལ། །ཞེས་པ་ནི། སྒྲ་མེད་པའི་ཚིག་གིས་འོག་ནས་འབྱུང་བའི་སྙིང་པོ་ཏིཥྛ་བཛྲ་ཞེས་བྱ་
བ་འདི་བརྗོད་ལ། དམ་ཚིག་གི་ཕྱག་རྒྱ་མོས་པར་བྱ་བའོ། །རྡོ་རྗེ་རྩེ་ལྔ་ཁ་གཉིས་པ། །ཞེས་པ་ནི། ཡེ་ཤེས་ལྔའི་བདག་ཉིད་པས་རྡོ་རྗེའོ། །གཟི་བྱིན་དང་འོད་མེད་པ་ལས་བཟློག་པས་ན། སྣང་བ་ད