Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 46
Văn bản gốc(Tây Tạng)
Trang 22 / 23 (50.000 ký tự/trang)
་གྱིས་མཐོང་བར་འགྱུར་ན། དེ་ནི་ཟླ་བ་གཅིག་ པོ་དེ་ཡང་ཡང་དག་པ་ཇི་ལྟ་བ་མཐོང་ལ། གཞན་ཡང་མིག་གི་སྐྱོན་གྱིས་འོད་འཕྲོ་བ་དང་། གཉིས་ལ་སོགས་པར་ཡང་མཐོང་ངོ་། །དེ་བས་ན་རེ་ཞིག་དེ་ཁོ་ན་ཉིད་ཇི་ལྟ་བ་ཡང་མཐོང་ལ། གཞན་ཡང་བག་ཆགས་ཀྱི་དྲི་མའི་སྐྱོན་གྱིས་སྣ་ཚོགས་ཀྱི་བདག་ཉིད་ཀྱི་དམིགས་པ་དང་ བཅས་པ་འདི་ལྟར་དཔེ་སྦྱར་བར་བྱའོ། །དེ་ལྟ་ན་ཡང་དེ་ཁོ་ན་ཉིད་རྟོགས་པ་ཉིད་ཀྱི་ཕྱིར་ཐོག་མ་ཉིད་དུ་གྲོལ་བའི་སྐྱོན་དུ་འགྱུར་ཏེ། དེ་ཉིད་དུ་སྒྲིབ་པ་བསལ་བའི་དཀའ་བ་མེད་པར་དེ་ཁོ་ན་ཉིད་མཐོང་བས་གྲོལ་བར་རིགས་སོ། །རེ་ཞིག་དེ་ཁོ་ན་ཉིད་གཅིག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ རིག་པ་ཉིད་ཡིན་ལ། གཞན་ཡང་ཟླ་བ་གཉིས་ལ་སོགས་པ་ལྟ་བུར་དམིགས་པ་དང་བཅས་པར་འཛིན་པ་ཉིད་དུ་མི་འགྱུར་ཏེ། དེ་ཁོ་ན་ཉིད་དུ་རིག་པས་སེམས་ཅན་རྣམས་གྲོལ་བའི་གོ་འཕང་ཐོབ་པའི་ཕྱིར་རོ། །ཡང་ན་བཅིངས་པ་དང་གྲོལ་བ་གཉི་གའང་གཅིག་ཉིད་དུ་སྲིད་པར་འགྱུར་ ཏེ། དེ་ཁོ་ན་ཉིད་དང་དེ་ཁོ་ན་ཉིད་མ་ཡིན་པའང་རིག་པའི་ཕྱིར། གཉི་ག་རིག་པ་ཡོད་པ་ཉིད་པས་དེ་ཁོ་ན་ཉིད་མ་ཡིན་པས་ནི་འཆིང་ལ། དེ་ཁོ་ན་ཉིད་ཀྱིས་ནི་གྲོལ་ལོ་ཞེ་ན། འདི་སྐད་བསྟན་ཏེ། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་གང་རིག་པར་གྱུར་ན། གང་ཞིག་གིས་ རེ་ཞིག་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པས། འཁོར་བར་སྦྱོར་བར་མི་འགྱུར་བ་མ་ཡིན་ཏེ། འདི་ལྟར་དེ་ཐམས་ཅད་ལོག་པའི་ཤེས་པ་ཉིད་དུ་སྐྱེ་བར་འགྱུར་བས། དམིགས་པ་མེད་པ་དང་། དམིགས་པ་དང་བཅས་པ་འཛིན་པ་མེད་དེ། དམིགས་པ་མེད་པ་ཞེས་བྱ་ བ་ལས་ལྷག་པ་དམིགས་པ་དང་བཅས་པ་འཛིན་པའི་བདག་ཉིད་ཡོད་པ་མ་ཡིན་ཏེ། རེ་ཞིག་བདེན་པའི་རིག་པར་གྱུར་པ་དང་། གཞན་དུ་དམིགས་པ་དང་བཅས་པ་ལ་སོགས་པའི་བདག་ཉིད་ཀྱིས་ལོག་པའི་གང་ཞིག་ཡིན། གང་ཞིག་གིས་ཇི་ལྟར་ལོག་པར་རིག་པ་དང་། ཡང་ དག་པ་ཇི་ལྟ་བ་བཞིན་རིག་པའི་བདག་ཉིད་སྐྱེ་བ་མ་ཡིན་ན། དེ་ཇི་ལྟར་གྲོལ་བའི་སྐྱོན་དུ་འགྱུར། ཟླ་བ་གཉིས་ལ་སོགས་པའི་ཤེས་པ་ཡང་གང་ཞིག་གིས་ཡང་དག་པའི་ཟླ་བ་རྟོགས་པར་འགྱུར་བ་མ་ཡིན་ནོ། །དེ་ཡང་ཐམས་ཅད་དུ་བརྫུན་ཉིད་རིག་པས་གཅིག་དང་དུ་མ་ཡིན་ཏེ། གང་གིས་གཅིག་རིག་པ་དེ་བཞིན་བདེན་པ་དང་གཞན་བརྫུན་པ་ཅི་ཞིག །རེ་ཞིག་འདི་ལྟར་ཟླ་བ་གཉིས་སུ་རྟོགས་པ་དེ་ལྟར་དོན་ཇི་ལྟ་བ་མ་ཡིན་པས། འདི་ཐམས་ཅད་བརྫུན་པ་སྟེ། གང་ཅི་ཡང་དེ་བཞིན་པ་མ་ཡིན་ནོ། །དེས་ན་ཡོད་པ་ཉིད་ཀྱང་ཐམས་ཅད་ཁོང་དུ་ཆུད་པར་ འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་དེ་སྐད་དུ་འགྱུར་ཏེ། ཟླ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་རིག་པ་དང་། ཇི་ལྟ་བ་བཞིན་དུ་རིག་པ་མ་ཡིན་པ་འདི་རིགས་ཏེ། དེ་ལ་འཛིན་པ་ལ་སོགས་པའི་སྐྱོན་གྱིས་བསྒོས་པ་ཉིད་ཀྱིས་བཅོམ་ལྡན་འདས་དམིགས་པ་མེད་པའི་རང་གི་ངོ་བོ་ཉིད་ཀྱིས་ ཡང་དེ་ལྟ་བུ་ལྡན་པ་མ་ཡིན་ནོ། །དེ་ལྟ་ན་འདི་ལྟར་རིག་པར་བྱ་སྟེ། དེ་ནི་གསལ་བར་བྱེད་པའི་རྒྱུས་ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པར་བྱེད་པ་སྟེ། དེར་འཛིན་པ་ལ་སོགས་པའི་ཉེས་པས་བསྒོས་པའི་ཕྱིར་རོ། །འདི་ནི་དགོས་པ་མེད་དེ། དེ་ལྟ་ན་དཀྱིལ་འཁོར་ འཁོར་ལོ་ཡང་དག་པ་ཇི་ལྟ་བ་བཞིན་བསྒོམ་པ་ལ་སོགས་གསལ་བར་བྱེད་པའི་རྒྱུ་ཡིན་པས་དགོས་པ་མེད་པ་ཉིད་དོ་ཞེས་པ་འདིར་མངོན་པར་བརྗོད་དེ། གང་ཡང་གསལ་བར་བྱེད་པའི་རྒྱུ་ནི་བཅོམ་ལྡན་འདས་ཡང་དག་པ་དེ་ལྟ་བུར་བསྐྱེད་པའི་ཤེས་པ་མ་ཡིན་ཞིང་དོན་དམ་པ་བྱེད་ པ་མ་ཡིན་ནོ། །དེ་ལྟ་ན་ཡང་དེའི་ངོ་བོ་བརྗོད་པའི་དཔེ་བཞིན་རྟོགས་པར་འགྱུར་བ་སྟེ། དཔེར་ན་མངར་བའི་རོ་སྟོན་པ་ནི་བུ་རམ་ལ་སོགས་པའི་ཚིག་སྟེ། བདག་ཉིད་སྐྱེད་པ་མ་ཡིན་ཏེ། དེའི་ངོ་བོ་ཉིད་སྟོན་པར་བྱེད་པ་ཡིན་ནོ། །ཕྱིས་ཉམས་སུ་མྱོང་བ་དང་དེའི་བདག་ཉིད་ཁོང་དུ་ཆུད་ པར་འགྱུར་རོ། །དེ་བས་ན་བཅོམ་ལྡན་འདས་སྐྱེད་པ་མེད་མོད་ཀྱི། དེ་བཞིན་དུ་རྟོགས་པའི་རྒྱུ་ཡིན་པས། སྒོམ་པ་ལ་སོགས་པ་ཡང་གསལ་བའི་རྒྱུ་ཡིན་ནོ། །ཡང་ན་ཇི་ལྟར་བག་ཆགས་ཀྱི་ཉེས་པས་བསྒོས་པར་གྱུར་པའི་ཤེས་པ་དེ་ཐམས་ཅད་སེལ་བར་བྱེད་པའི་རྒྱུས་དེ་ཁོ་ན་ཉིད་ རྟོགས་པར་འགྱུར་ཏེ། སྒྲིབ་པ་མ་ལུས་པར་སེལ་བར་བྱེད་པས། དེ་སྒྲིབ་པ་མེད་པར་གྱུར་པས་རང་རིག་པའི་ངོ་བོ་ཉིད་འགྱུར་ཏེ། རས་ཀྱིས་དྲིལ་བའི་རིན་པོ་ཆེ་བཞིན་ནོ། །དེའི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་རིག་པས། འཛིན་པ་ལ་སོགས་པའི་ངོ་བོ་ཉིད་དུ་སྣང་བ་དེ་རིམ་ གྱི་རིམ་གྱིས་འཛིན་པ་ཉམས་པར་འགྱུར་བས། ཕྱིས་གོམས་པ་ན་ངེས་པ་ཉིད་དུ་དམིགས་པ་དང་བཅས་པའི་ངོ་བོ་དེ་མི་སྣང་ངོ་། །དེས་དེ་ལྟར་ཡང་དག་པར་རྟོགས་ནས་ཕྱིས་ཀྱང་བག་ཆགས་ཀྱི་ཤེས་པས་བྱིན་གྱིས་བརླབ་པའི་ཡིད་དུ་མི་འགྱུར་ཏེ། དམིགས་པ་མེད་པ་རྟོགས་པའི་བདག་ ཉིད་དུ་གྱུར་པའི་ཕྱིར། བདེན་པ་དེ་ཡང་ཕྱི་ནས་ཟིལ་གྱིས་གནོན་པ་མེད་དེ། འཛིན་པ་ལ་སོགས་པའི་དངོས་པོ་ཇི་ལྟ་བ་མ་ཡིན་པའི་དོན་དེ་ཡེ་ཤེས་བདེན་པས་ཟིལ་གྱིས་གནོན་པ་ནི་རིགས་པ་ཉིད་ཡིན་ནོ། །དེའི་ཕྱིར་དེ་ཁོ་ན་ཉིད་ཅན་གྱི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པ་དེས། རིམ་གྱིས་ངེས་པ་ཉིད་ དུ་བྱང་ཆུབ་ཐོབ་པར་འགྱུར། དེ་བས་ན་འདིར་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་བསྒོམ་པའི་རྒྱུར་གྱུར་པས། བྱང་ཆུབ་ཐོབ་པར་ངེས་པ་ཉིད་དུ་བྱེད་དེ། སྟོང་པ་ཉིད་ལ་སོགས་པའི་དངོས་པོ་འདི་ནི་ད་ལྟར་སྐྱེ་བའི་ས་བོན་གྱི་དངོས་པོ་ལ་མ་བརྟེན་པས། རྒྱུ་དེའི་ཕྱིར་ས་བོན་ཡོད་པ་ འདི་ནི་རང་ཉིད་ཀྱིས་བྱང་ཆུབ་ཏུ་འགྱུར་བས་དེའི་ཕྱིར་བླང་བར་བྱ་བ་ཡིན་ནོ། །པདྨ་པཱ་ཎིས་མཛད་པ་གཤིན་རྗེ་ནག་པོའི་རྣམ་འགྲེལ་ཞེས་བྱ་བའི་ལེའུ་དང་པོའོ།། །།ལེའུ་གཉིས་པའི་དོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ རྡོ་རྗེ་འཛིན་པ་ལ་བསྟོད་ཅིང་མཆོད་པའི་བདག་ཉིད་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཉིད་བཤད་པར་གསོལ་བ་ཉིད་ཀྱི་ཕྱིར་ཐུགས་རྗེའི་དབང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་པ་ནི། སྐུའི་རྡོ་རྗེ་ལ་སོགས་པའི་གཟུགས་ དེ་ལྟར་དུ་གཤིན་རྗེའི་གཤེད་རྣམས་བཤད་པར་འགྱུར་རོ། །དེ་ཉིད་གསུངས་པ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཅེས་བྱ་བ་ལ་སོགས་པ་སྟེ། འདི་ནི་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་སྐུའི་རྡོ་རྗེའི་གཟུགས་ཉིད་དུ་སྟེ་རྣམ་པར་སྣང་མཛད་ཀྱི་གཟུགས་སོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ སེར་སྣ་རྡོ་རྗེ་གཤིན་རྗེ་གཤེད་ཀྱང་ཐུགས་རྡོ་རྗེའི་ངོ་བོ་ཉིད་དེ། དེ་ལྟ་བུར་བལྟ་བར་བྱའོ། །འདི་ལྟར་གཞན་ལ་ཡང་སྦྱོར་བར་བྱའོ། །འདི་ལྟར་ན་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་ནས་ཀྱང་། འདི་ལྟར་བསྟོད་པ་དང་མཆོད་པ་བྱ་བ་སྟེ། དེ་བཞིན་དུ་རྡོ་རྗེ་མིག་དང་ཞེས་བྱ་བ་ལ་སོགས་པས་ མིག་ལ་སོགས་པ་རྣམ་པར་དག་པར་རྣལ་འབྱོར་པས་བྱའོ་ཞེས་བྱ་བར་བལྟའོ། །ཕྱི་རོལ་གྱི་དཀྱིལ་འཁོར་བསྒྲུབ་པའི་རིམ་པ་གསུངས་པ། གསར་ཞིང་བཟང་དང་ལྡན་པ་དང་། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཇི་ལྟར་གསུངས་པའི་ཐིག་གདབ་པ་ལ་སོགས་བྱས་ནས། དཀྱིལ་འཁོར་བྲི་བ་གསུངས་པ། དེ་རུ་ལས་ཀྱི་རྡོ་རྗེ་བྲི། །ཞེས་བྱ་བ་ལ་སོགས་པ་སྟེ། ས་ཡོངས་སུ་གཟུང་བ་ལ་སོགས་པ་ཇི་ལྟ་བ་བཞིན་ཡོངས་སུ་བྱས་ནས། ཕྱིས་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། དེ་ལ་དེ་དག་ཇི་ལྟ་བ་ནི་དེ་ཉིད་དུ་ཤེས་པར་བྱ་སྟེ་འདིར་མ་བསྙད་དོ། །དེ་ ལ་ཁང་པ་བརྩེགས་པ་དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པ་དང་ལྡན་པ། གྲྭ་བཞི་ལ་སོགས་པ་བྱས་ཏེ། དེའི་དབུས་སུ་རེའུ་མིག་དགུ་པའི་དཀྱིལ་འཁོར་བྱའོ། །དེའི་དབུས་ཀྱི་སའི་ཆ་ནག་པོར་བྱས་ལ། རྩེ་ལྔ་པའི་ལས་ཀྱི་རྡོ་རྗེ་ཡོངས་སུ་གྱུར་པ་ལྟ་བུའི་རྡོ་རྗེ་ནག་པོ་བྲིའོ། །དེ་ལས་ཡང་ རྡོ་རྗེ་ནག་པོའི་ཕྲེང་བས་བསྐོར་བར་བྱ་ཞིང་འབར་བས་རྣམ་པར་བརྒྱན་པར་བལྟ་བར་བྱའོ། །དེ་བཞིན་དུ་ཤར་ཕྱོགས་ཀྱི་རེའུ་མིག་ལ་འཁོར་ལོ་བྲི་བར་བྱའོ། །ལྷོར་རིན་པོ་ཆེའོ། །ནུབ་ཏུ་པདྨ་དམར་པོའོ། །བྱང་དུ་རལ་གྲི་སྟེ་འདི་ལྟར་གསུངས་པ་ནི། ཤར་ཞེས་བྱ་བ་ལ་སོགས་ པའོ། །ད་ནི་འོད་ཟེར་ཅན་མ་ལ་སོགས་པའི་ལྷ་མོ་བཞིའི་མཚན་མ་གསུངས་པ། ཤར་གྱི་གྲྭར་ནི་འཁོར་ལོ་བྲི། །ཞེས་བྱ་བ་ལ་སོགས་པ་སྟེ། །ཤར་ཞེས་བྱ་བ་ནི་ཤར་དང་ལྷོའི་གྲྭ་ལ་འཁོར་ལོ་བྲི་བའོ། །དེ་བཞིན་དུ་ལྷོར་ཞེས་བྱ་བ་ནི་ལྷོ་དང་ནུབ་ཀྱི་གྲྭ་ལ་རྡོ་རྗེ་བྲི་བའོ། ། ནུབ་ཅེས་བྱ་བ་ནི་ནུབ་དང་བྱང་གི་གྲྭ་ལ་པདྨ་བྲི་སྟེ། སྡོང་བུ་དང་བཅས་པ་ཀུན་ནས་རྒྱས་པའོ། །དེ་བཞིན་དུ་བྱང་དང་ཤར་གྱི་གྲྭ་ལའོ། །ད་ནི་སྒོ་སྐྱོང་གི་མཚན་མ་གསུངས་པ། ཤར་གྱི་སྒོ་རུ་ཐོ་བ་ཞེས་བྱ་བ་ལ་སོགས་པ་སྟེ། སྙིང་པོའི་དཀྱིལ་འཁོར་ལས་ཕྱིར་གྱུར་པའི་སྒོ་རྣམས་ སུ་ཤར་དུ་ཐོ་བ་བྲིའོ། །ལྷོར་རྡོ་རྗེ་བེ་ཅོན། ནུབ་ཏུ་འདམ་སྐྱེས། བྱང་དུ་རལ་གྲི་སྟེ། དེ་ལྟར་རྡོ་རྗེ་དཔལ་རྩེ་ལ་སོགས་པ་ཇི་ལྟར་གསུངས་པ་ཐམས་ཅད་བྲི་བར་བྱའོ། །འདི་ལྟར་ཇི་སྐད་གསུངས་པའི་དཀྱིལ་འཁོར་རྫོགས་པར་བྱས་ནས། དེ་བཞིན་གཤེགས་པ་རྣམས་ལ་ཉེ་བར་སྤྱོད་ པའི་མཆོད་པ་ལྔ་དཀྱིལ་འཁོར་དུ་རྫོགས་པར་བྱའོ། །དེ་བཞིན་དུ་དེར་རྣལ་འབྱོར་པས་འདོད་པའི་ཡོན་ཏན་ལྔ་མཚན་མར་མི་བྱེད་པའི་སེམས་ཀྱིས། རིགས་ལྔ་ལ་སོགས་པར་བརྟེན་ཅིང་རང་གིས་ཉམས་སུ་མྱོང་བར་བྱའོ། །དེས་ཀྱང་བྱང་ཆུབ་སེམས་སྤྲོ་བ་བྱས་པས་དེ་བཞིན་གཤེགས་པ་རྣམས་ ལ་མཆོད་པར་བྱའོ། །འདི་ལྟར་བཅོམ་ལྡན་འདས་ལ་བལྟ་བར་བྱ་བ་འདི་ཉིད་ནི། འདོད་པའི་ཡོན་ཏན་ལྔ་ཡིས་ནི། །ཞེས་བྱ་བ་དང་སངས་རྒྱས་མཆོད་ཅེས་བྱ་བ་ལ་སོགས་པ་སྟེ། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་དེར་རྣལ་འབྱོར་པ་མཚན་མར་མི་བྱེད་པའི་སེམས་ཀྱིས་རོ་མྱོང་བ་དང་། མ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་མཆོད་པ་བྱེད་དེ། མཚན་མ་མེད་པའི་ངོ་བོ་ཉིད་དུ་དེ་བཞིན་གཤེགས་པ་རྣམས་རྟོགས་པར་བྱས་ནས། རྟོགས་པ་དེས་གང་དང་གང་དུ་རང་གིས་མཆོད་པའི་རྫས་ཉམས་སུ་མྱོང་བར་བྱས་པའི་རྣལ་འབྱོར་པ་དེས། དེ་བཞིན་གཤེགས་ པ་རྣམས་ལ་ཕུལ་བར་བྱས་པར་འགྱུར་རོ། །པདྨ་པཱ་ཎིས་མཛད་པའི་གཤིན་རྗེ་ནག་པོའི་རྣམ་འགྲེལ་ཞེས་བྱ་བ་ལེའུ་གཉིས་པའོ།། །།ལེའུ་གསུམ་པ་བཤད་པ་མཛད་པར་འགྱུར་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་གྱི་དོན་ལ་གསོལ་བ་ བཏབ་པ། མགོན་པོ་དཀྱིལ་འཁོར་བྲི་བར་མཛོད། །ཅེས་བྱ་བ་ལ་སོགས་པ་འདིས་གསོལ་བ་བཏབ་པའི་རྗེས་སུ་འགྲོ་བ་ལེའུ་གཉིས་པར། འདི་ལྟར་དཀྱིལ་འཁོར་བྲི་བའི་དུས་སུ་རྗེས་སུ་རིག་པར་བྱའོ། །དེའི་རྗེས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བདུད་རྩི་མྱང་བའི་ དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱིར་ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་སྔགས་དང་། རང་གི་ལྕེ་རྡོ་རྗེ་སྦྱོར་བ་བྱས་པའི་བདུད་རྩི་དེས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱས་པར་འགྱུར་རོ། །དེ་ཉིད་གསུངས་པ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བྱ་ བ་ལ་སོགས་པ་གསུངས་སོ། །ཇི་ལྟར་ན་བཅོམ་ལྡན་འདས་ཉིད་ཀྱིས་བདུད་རྩི་མྱངས་པ་ལས་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མཉེས་པར་འགྱུར། གཞན་མ་ཡིན་པའི་བདག་ཉིད་ཀྱིས་རོ་མྱང་བས་དགའ་བར་འགྱུར་བ་དང་གཞན་དགའ་བར་འགྱུར། དེ་བས་ན་བཅོམ་ལྡན་ འདས་རྡོ་རྗེ་འཛིན་པས་བདུད་རྩི་མྱང་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་བདུད་རྩི་མྱང་བས་དགྱེས་པར་འབྱུང་བར་ཇི་ལྟར་འགྱུར་ཏེ། བཅོམ་ལྡན་འདས་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་བདུད་རྩི་མྱང་བས་དགྱེས་པར་འགྱུར་བ་ཅིའི་ཕྱིར་ཞེ་ན། འདིར་གསུངས་པ། ཡེ་ཤེས་རྣམ་པའི་རང་བཞིན་དུ། །སངས་རྒྱས་ཐམས་ཅད་གཞུག་པར་བྱ། །ཞེས་བྱ་བ་སྟེ། ཇི་ལྟར་གྱུར་པའི་སངས་རྒྱས་དེ་དག་ཀྱང་མི་དམིགས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ལས་ལྷག་པ་མེད་དེ། གཞན་གྱི་བདག་ཉིད་མ་ཡིན་པས་དེ་ཁོ་ན་ཉིད་དུ་གནས་ཏེ། དེ་བས་ན་དེ་ལྟ་བུའི་རྣམ་ པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་རྗེས་སུ་འགྲོ་བས། སངས་རྒྱས་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལ་འདི་ལྟར་བཅུག་ནས། འདི་ལྟ་བུའི་ཡེ་ཤེས་ཀྱི་ཚོགས་བསྐྱེད་པ་ལས། སངས་རྒྱས་ཐམས་ཅད་རོ་གཅིག་པར་འགྱུར་རོ། །དེ་བས་ན་སངས་རྒྱས་ཐམས་ཅད་དབྱེར་ མེད་པར་གནས་པས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་བདག་ཉིད་ཀྱིས་བདུད་རྩི་མྱང་བ་ལས། དེ་རྣམས་ཀྱིས་ཀྱང་དེ་བཞིན་དུ་མྱོང་བར་འགྱུར་ཏེ། འདི་ལྟར་དབྱེར་མེད་པའི་ངོ་བོ་ཉིད་ལས་མྱོང་བ་དང་མ་མྱོང་བ་དག་མི་ལྡན་ཏེ། དབྱེར་མེད་པའི་ངོ་བོ་ཉིད་གསལ་བ་ཡིན་ནོ། །དེ་ནི་འདི་ལྟར་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་ངོ་བོ་ཉིད་མེད་པ་དེ་ལྟ་བུར་གྱུར་པས་ན་གཅིག་ཉིད་དུ་བརྗོད་པར་འགྱུར་རོ། །ངོ་བོ་ཉིད་སོ་སོར་གསུངས་པ་ནི་དེ་ལྟ་བུར་མཚན་མ་བསྟན་པ་བཤད་པ་ཡིན་ནོ་ཞེས་བྱ་བར་རྟོགས་པར་བྱ་སྟེ། དེ་ཉིད་དཀྱིལ་འཁོར་སྤྲུལ་པར་བྱའོ། །མ་ཧེ་རྡོ་རྗེ་ བསམས་ནས་ནི། །དཀྱིལ་འཁོར་བདག་པོ་ཞེས་བྱ་བ་ལ་སོགས་པ་ནི། དཀྱིལ་འཁོར་གྱི་དབུས་སུ་གཤིན་རྗེ་གཤེད་བསྒོམ་པར་བྱ་བ་སྟེ། འདིའི་རིམ་པ་ནི་དེའི་དབུས་སུ་གྱུར་པར་མ་ཧེ་བསམ་པར་བྱ་སྟེ། དེའི་སྟེང་དུ་བཅོམ་ལྡན་འདས་བསྒོམ་པར་བྱ་བའི་ཐ་ཚིག་གོ། །གསང་ བའི་དཀྱིལ་འཁོར་དབུས་གནས་པར། །ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་བསྒོམ་པར་བྱའོ། །དཀྱིལ་འཁོར་གྱི་བདག་པོའང་ཟླ་བའི་དཀྱིལ་འཁོར་ཡིན་ནོ་ཞེས་ཁ་ཅིག་འདོད་དོ། །འདི་བཞིན་དུ་ཇི་ལྟ་བའི་སྦྱོར་བས་གཤིན་རྗེ་གཤེད་ གཞན་རྣམས་ཀྱང་རིག་པར་བྱའོ། །གཏི་མུག་རྡོ་རྗེ་ཞི་བ་ལ། །ཞེས་བྱ་བ་ལ་སོགས་པ་ནི། ཞི་བ་ལ་སོགས་པའི་ལས་རྣམས་ཇི་ལྟ་བར། རྣལ་འབྱོར་པས་བརྩམ་པར་བྱ་བར་སྟོན་པ་སྟེ། དེ་ནི་འདི་ལྟར་ལྷའི་རྣལ་འབྱོར་དམིགས་པར་བྱ་བས་སོ། །དེ་ལ་ཞི་བའི་ལས་ཀྱི་ སྐབས་སུ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ཀྱི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །རྒྱས་པ་ལ་ནི་སེར་སྣ་རྡོ་རྗེ་གཤིན་རྗེ་གཤེད་ཀྱི་གཟུགས་སོ། །དབང་ལ་དེ་བཞིན་འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད། ལས་ཀྱི་གཤིན་རྗེ་གཤེད་ནི་ལས་ཐམས་ཅད་ལ་སྦྱར་བར་བྱ་སྟེ། རལ་ གྲི་གཤིན་རྗེ་གཤེད་བསྒོམས་པས་ཇི་ལྟར་གོམས་པར་འགྱུར་བའི་རྣལ་འབྱོར་པ་དེས་ཞི་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་ནུས་པར་འགྱུར་རོ། །ད་ནི་ཨཉྫ་ནའི་སྦྱོར་བས་མི་སྣང་བར་བྱེད་པ་གསུངས་པ། མི་ཡི་མར་ཁུ་མི་ཐོད་གཞག །ཅེས་བྱ་བ་ལ་སོགས་པ་སྟེ། འདིའི་དོན་ ནི་སྦྱངས་ཏེ་ཤི་བ་བླངས་ཏེ། དེའི་ཐོད་པ་བླངས་ནས་དེའི་སྐྲ་ལ་སྡོང་བུ་བྱས་ཏེ། དེའི་ཀླད་པའི་མར་གྱིས་ཐོད་པ་བཀང་ནས། དེ་ནས་དུར་ཁྲོད་དུ་དེས་མར་མེ་གཏང་བར་བྱ་ཞིང་། ཨོཾ་ཧྲཱིཿཥྚྲིཿཞེས་བྱ་བ་ལ་སོགས་པའི་གསང་སྔགས་བཟླས་ཏེ། ཇི་སྲིད་དུ་འབར་བར་མ་གྱུར་ པ་དེ་སྲིད་དུ་གསང་སྔགས་བཟླས་བརྗོད་བྱའོ། །འབར་བ་དེས་བསྐུས་ན་མི་སྣང་བའི་དངོས་གྲུབ་ཏུ་འགྱུར་རོ། །འདིར་ཡང་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་འདི་ལྟར་རྣལ་འབྱོར་པས་བྱས་ན། གང་དུ་འདོད་པ་དེར་ཨཉྫ་ནའི་མཐུས་མི་སྣང་བར་འགྲོ་བར་བྱེད་དོ། །གཞན་ཡང་རྐང་པ་ བསྐུས་པའི་སྦྱོར་བས་སྐད་ཅིག་གིས་དཔག་ཚད་སྟོང་ལ་སོགས་པར་འགྲོ་བ་གསུངས་པ། གུར་གུམ་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་ཁྲག་དང་གུར་གུམ་བླངས་ལ། ཨོཾ་ཧྲཱིཿཥྚྲྀཿལ་སོགས་པའི་གསང་སྔགས་འབུམ་བཟླས་པར་བྱའོ། །དེ་བཞིན་དུ་སྔོན་དུ་བསྙེན་པ་ཡང་འབུམ་ བྱས་ཏེ། དེས་རྐང་པ་ལ་བྱུགས་པས་ཐམས་ཅད་དུ་འགྲོ་བར་བྱེད་དེ། གང་འདོད་པ་དེར་འགྲོ་བར་བྱེད་དོ། །དེ་བཞིན་དུ་རི་ལུའི་དངོས་གྲུབ་གསུངས་པ། བདུད་རྩི་ལྔ་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་རྩི་ལྔ་ནི་ཁྲག་ལ་སོགས་པའོ། །ཤ་ལྔ་ཞེས་བྱ་བ་ནི་གོ་ཀུ་ད་ཧ་ན་རྣམས་ཡི་གེ་དང་ པོའོ། །འདི་ལྟར་དེ་རྣམས་ལས་རི་ལུ་བྱས་ཏེ། ལྕགས་གསུམ་གྱིས་དཀྲི་བར་བྱ་བ་ནི། གསེར་དང་དངུལ་དང་ཟངས་རྣམས་ཀྱིས་དཀྲིས་ལ། ཕྱིས་གསང་སྔགས་འབུམ་དང་། སྔོན་དུ་བསྙེན་པ་མཐུན་པར་བཟླས་བརྗོད་བྱས་ཏེ། དེ་ནས་རི་ལུ་དེ་ཁར་བཅུག་ན་མི་སྣང་བར་འགྱུར་ཏེ། དེ་ཡོད་ པ་དེ་སྲིད་དུ་གང་འདོད་པ་དེར་འགྲོ་བར་བྱེད་དེ་སུས་ཀྱང་མི་མཐོང་ངོ་། །གཤིན་རྗེ་ནག་པོའི་རྣམ་འགྲེལ་ཞེས་བྱ་བ་ལེའུ་གསུམ་པའོ།། །།ད་ནི་ལས་གང་གིས་དངོས་གྲུབ་ཅི་འདྲ་བ་འབྱུང་བ་འདི། དེ་བཞིན་གཤེགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་ནས། བཀའ་སྩལ་ པ་མཛད་པའི་དོན་སྟོན་ཏེ། གང་ཡང་དེ་བཞིན་གཤེགས་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་ཆོས་བསྟན་པ་མཛད་པར་ནུས་པའི་ཕྱིར། དེ་ལྟ་བུ་ཡིན་ཡང་དེ་ལ་ཆོས་ཞུ་བ་མཛད་པ་དེས་ཆེ་བའི་བདག་ཉིད་བཤད་པ་མཛད་པ་ཡིན་ནོ། །ཡང་ན་སེམས་ཅན་འདི་དག་གསང་སྔགས་ཀྱི་ཚུལ་ བསྟན་པའི་གནས་སུ་གྱུར་པས་གསང་སྔགས་ཀྱི་ཚུལ་སྟོན་པ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བདག་ཉིད་ཀྱིས་རབ་ཏུ་སྟོན་པར་མཛད་དེ། དེས་ན་དེ་དག་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་ཡིན་པས། ཇི་ལྟར་སེམས་ཅན་རབ་འཇུག་པའི། །ཞེས་བྱ་བ་སྨོས་ཏེ། སེམས་ ཅན་རྣམ་པ་གང་གིས་འཇུག་པར་འགྱུར་བའི་ལས་ཀྱི་སྦྱོར་བ་གང་གིས་སེམས་ཅན་རྣམས་དངོས་གྲུབ་ཅི་འདྲ་བར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་བཅོམ་ལྡན་འདས་ཀྱིས་བཤད་པ་ལ། ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་དུ་གསུངས་པ་ནི། ཡེ་ཤེས་རྒྱ་མཚོ་མཉན་པར་ འཚལ། །ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་ཀྱི་ངོ་བོ་ཉིད་རྟོགས་པ་མ་ཡིན་པ་ཉིད་ཀྱིས་རྒྱ་མཚོ་དང་འདྲ་བས་རྒྱ་མཚོའོ། །དེ་བས་ན་གང་གིས་ཕྱག་དང་ཞལ་ལ་སོགས་པའི་གཟུགས་ནི་སངས་རྒྱས་རྣམས་ཀྱིས་དེ་སྤྲུལ་པ་མཛད་པ་ཙམ་མོ། །གཞན་ཡང་དོན་དམ་པ་ ཉིད་ནི་དབུས་དང་མཐའ་རྣམ་པར་སྤངས་པ་དེ་སངས་རྒྱས་ཀྱི་ཡེ་ཤེས་ཏེ་ཐམས་ཅད་དུ་རྟོགས་པ་མ་ཡིན་ནོ། །འདི་ཅི་ཞིག་གཞན་ཡང་མཐའ་དང་དབུས་རྣམ་པར་སྤངས་པ་ནི། རི་བོང་གི་རྭ་བཞིན་དུ་སངས་རྒྱས་ཉིད་འགྱུར་བ་ཡིན་ནོ་ཞེ་ན། སྐྱོན་ཐམས་ཅད་རྣམ་པར་བསལ་བ་ནི། སངས་རྒྱས་ཉིད་དུ་མངོན་པར་རྟོགས་པར་བྱའོ། །དེ་བས་ན་ཐོག་མ་དང་ཐ་མ་དང་བར་མ་རྣམས་ཇི་ལྟར་དུས་གཅིག་ཏུ་འབྱུང་ངམ། འོན་ཏེ་རིམ་གྱིས་ཡིན་ཞེ་ན། དེ་ལ་རེ་ཞིག་གཅིག་ཏུ་ནི་མ་ཡིན་ཏེ། སྐྱེ་བ་དང་། གནས་པ་དང་། འཇིག་པ་རྣམས་བུམ་པ་ལ་གཅིག་ཏུ་འགྱུར་བ་མེད་དོ། །དེ་ བཞིན་དུ་ཡོད་པ་གཅིག་ལ་ཡང་ཡོད་པ་མེད་དེ། གཅིག་གིས་གཅིག་སྤངས་པའི་ཕྱིར་རོ། །རིམ་གྱིས་ཀྱང་མ་ཡིན་ཏེ། རེ་ཞིག་གལ་ཏེ་ཐོག་མ་ཉིད་ནི་དང་པོ་ཡིན་ལ། དེ་ནི་མ་རུང་སྟེ། བར་དང་མཐའ་རྣམ་པར་བསལ་ན། ནམ་མཁའི་མེ་ཏོག་ལ་སོགས་པ་བཞིན་གདོད་མ་ནས་ལྡན་ པར་ཡོད་པ་མ་ཡིན་ནོ། །བར་མ་དང་ཡང་དང་པོ་ལ་ཡོད་པ་སྟེ། དང་པོ་དང་ཐ་མ་བསལ་ན་གང་གི་དབུས་ཏེ་ནམ་མཁའི་མེ་ཏོག་བཞིན་ནོ། །ཐ་མ་ཡང་མེད་དེ་གདོད་མ་དང་བར་མའི་དངོས་པོ་མེད་པ་ལ་གང་གི་མཐའ་སྟེ། དེ་ནི་རི་བོང་གི་རྭ་བཞིན་ནོ། །དེ་བས་ན་འདི་གསུམ་ཡང་དེ་ ཁོ་ན་ཉིད་ཀྱི་ངོ་བོར་མི་འགྱུར་རོ། །དེ་ལྟ་ན་ངོ་བོ་ཉིད་ཅི་ཡང་མེད་པ་འདི་ནི་མེད་པ་ཉིད་དེ་ཁོ་ན་ཉིད་དུ་འགྱུར་རོ་ཞེ་ན་དེ་ཡང་མ་ཡིན་ཏེ། དེ་ལ་ཡང་ཉེས་པ་ཡོད་པས། དེ་བས་ན་བསྟན་དུ་མེད་པའི་རྟོགས་པ་དམ་པ་བླང་བར་བྱ་བ་ཡིན་ནོ། །དེ་ལྟ་ན་ཡང་དེ་ཁོ་ ན་ཉིད་ཀྱི་ངོ་བོ་ནི་ཡོད་པ་ཉིད་དང་མེད་པ་ཉིད་ཀྱི་ངོ་བོ་ཉིད་འགྲོ་བའི་དངོས་པོ་མཐའ་དག་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། གང་གི་ཕྱིར་མཐའ་དག་ཉིད་འདིར་དེ་ཁོ་ན་ཉིད་དུ་བསྟན་ཏེ། འགྲོ་བ་རྣམ་པ་སྣ་ཚོགས་པ་ལས། དེ་ལས་ལྷག་པ་གཞན་མེད་དེ། མ་ཡིན་ཏེ་གལ་ཏེ་ཡོད་པ་ དེ་ཁོ་ན་ཉིད་ཀྱི་དངོས་པོ་ཡིན་ན། ཡོད་པ་རང་གི་ངོ་བོ་ནི། མིག་ལ་སོགས་པའི་སྤྱོད་ཡུལ་བུམ་པ་ལ་སོགས་པ་བརྗོད་དེ། དེས་ན་གལ་ཏེ་དེ་ཁོ་ན་ཉིད་ཐམས་ཅད་དུ་དེ་ཁོ་ན་ཉིད་རྟོགས་པས་སྲོག་ཆགས་ཐམས་ཅད་ཀྱིས་གྲོལ་བ་ཉིད་ཐོབ་པར་འགྱུར་རོ། །དེ་བཞིན་དུ་མེད་པ་ཉིད་ ཀྱི་དངོས་པོ་དེས། དེ་རི་བོང་གི་རྭ་དང་མཚུངས་ཏེ། ངོ་བོ་ཉིད་མེད་པ་ཉིད་དུ་འགྱུར་ཏེ། དེ་ལ་ཡང་སྐྱོན་ཡོད་པའི་ཕྱིར། དེ་ནི་རིགས་པ་མ་ཡིན་ནོ། །ཡོད་པ་དང་མེད་པ་ཉིད་ལ་སོགས་པའི་དངོས་པོ་དེས། དེ་ལ་བརྗོད་པ་མཐའ་དག་གི་ངོ་བོ་ཉིད་བསལ་བ་ཉིད་དེ་ཁོ་ན་ཉིད་དུ་བརྗོད་པར་ འགྱུར་རོ། །དེ་ལྟ་ན་ནི་རེ་ཞིག་གང་ཡོད་པ་ཉིད་ཀྱིས་མེད་པ་མེད་ལ། ཡོད་པའི་བདག་ཉིད་ཐོབ་པ་མེད་དེ། དེ་བས་ན་དངོས་པོ་མེད་པར་ངེས་པའི་བདག་ཉིད་ལས་དངོས་པོ་གཉི་ག་ཡང་བསལ་བ་འདི་གྲུབ་བོ། །ཡང་ན་ཡོད་པའི་དངོས་པོ་ལ་སོགས་པ་འདི་དག་ཐམས་ཅད་ཇི་ལྟ་བ་ཡང་ དག་པར་རིག་པ་དེ་ལ་ཁོ་ན་ཉིད་ཀྱི་དངོས་པོ་ཞེས་བྱ་བ་ཉེས་པ་མེད་དེ། གཟུང་བ་ལ་སོགས་པའི་དངོས་པོའི་བག་ཆགས་ཀྱི་དྲི་མས་བསྒོས་པས། དེའི་ཤེས་པས་དེ་ཁོ་ན་ཉིད་ཀྱི་དངོས་པོ་ཡོངས་སུ་མ་ཤེས་པའི་ཕྱིར། ཐམས་ཅད་དུ་འཁོར་བ་སེལ་བ་མ་ཡིན་ཏེ། འདི་ལྟར་གཞན་གྱི་ཤེས་ པས་ངོ་བོ་ཉིད་ཡོངས་སུ་ཤེས་པར་འགྱུར་བ་མེད་དེ། ཐག་པ་འདྲ་བ་ལ་དེས་སྦྲུལ་གྱི་རྣམ་པ་བཞིན་ནོ། །དེ་བས་ན་བག་ཆགས་ཀྱི་སྐྱོན་གྱིས་དེ་ཉིད་ཡོངས་སུ་བསྒྱུར་བར་རྣམ་པར་རྟོག་པར་བྱ་སྟེ། གང་ངོ་བོ་ཉིད་ལ་དེའི་ངོ་བོ་ཉིད་མེད་པའི་དངོས་པོ་མཐོང་བ་མེད་དོ། །ཅི་གཟུང་བ་ལ་ སོགས་པའི་དངོས་པོ་བརྫུན་པ་ཉིད་དུ་ཤེས་པར་བྱ་སྟེ། དེས་ཐམས་ཅད་དུ་མྱ་ངན་ལས་འདའ་བར་མི་འགྱུར་བས། གང་ཡང་བདེན་པའི་དངོས་པོ་དེ། རྣལ་འབྱོར་པའི་ལམ་དུ་བལྟ་བར་བྱ་བས་ན། དེས་རྣལ་འབྱོར་པ་གྲོལ་བ་ཐོབ་པར་འགྱུར་ཏེ། གཟུང་བ་དང་འཛིན་པའི་དངོས་པོ་གློ་ བུར་བའི་བག་ཆགས་མཐའ་དག་ཡོངས་སུ་བསྒོས་པ་དེ་ཡོངས་སུ་བསལ་ན། དམིགས་པ་མེད་པ་ནམ་མཁའ་ལྟ་བུ་ཉམས་སུ་མྱོང་བ་ཙམ་ཉམས་སུ་མྱོང་བར་བྱའོ། །འོ་ན་ཉམས་སུ་མྱོང་བ་ཙམ་གྱི་དངོས་པོ་ཉིད་ན་ཡང་། དེ་ཁོ་ན་ཉིད་དེ་ལ་ཉེས་པ་འབྱུང་བར་འགྱུར་ཏེ། རེ་ ཞིག་ཉམས་སུ་མྱོང་བ་ཙམ་ནི་སྲོག་ཆགས་ཀྱི་ཚོགས་ཐམས་ཅད་ལ་ཡོད་པ་ཉིད་པས། དེ་ལྟ་ན་རིག་པ་དེས་ཐམས་ཅད་དུ་གྲོལ་བར་ཇི་ལྟར་མི་འགྱུར། དེ་ནི་རིགས་པ་མ་ཡིན་ཏེ། སྣ་ཚོགས་རིག་པ་དེས་འདི་ལྟར་དེ་ཁོ་ན་ཉིད་ཀྱི་དགོས་པ་དེ་ལྟ་བུ་བསྒྲུབ་པ་མ་ཡིན་ཏེ། བདེན་པ་ རྟོགས་པ་ལས་གྲོལ་བ་ཡིན་ནོ། །འདི་ལྟར་ཐམས་ཅད་ཀྱི་བདག་ཉིད་ཀྱི་དངོས་པོ་ཤེས་པ་དེ་ཕུང་པོའི་རྗེས་སུ་འགྲོ་བས། རང་གི་གསལ་བ་ཉིད་དུ་ཐམས་ཅད་ཀྱིས་རྟོགས་པར་འགྱུར་བ་ཞིག་ན། འདི་ལྟར་རྣམ་པར་ཤེས་པ་དེའི་ཡང་དག་པ་ཡང་བླུན་པོ་རྣམས་ཀྱིས་བདེན་ པའི་དོན་ཅི་ཡང་ཤེས་པ་མེད་དེ། ཇི་ལྟར་བ་མ་ཡིན་པའི་དོན་གྱི་དངོས་པོ་ཡོངས་སུ་རིག་པ་ལས། དེས་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་དོ། །འོ་ན་ཡང་རྣམ་པར་ཤེས་པའི་བདག་ཉིད་དེས། དེ་རྟོགས་པས་སྐྱོན་དུ་འགྱུར་བ་ཉིད་དེ། རེ་ཞིག་ཤེས་པའི་བདག་ཉིད་ལ་ གཉིས་སུ་འཛིན་པ། རང་བཞིན་ཉིད་ཀྱིས་འབྱུང་སྟེ། དེ་བས་ན་ཤེས་བྱ་ལ་ལྟོས་ནས་ཤེས་པ་གྲགས་པར་འགྱུར་རོ། །དེས་གཟུང་བ་དང་འཛིན་པའི་བདག་ཉིད་དེ་ཁོ་ན་ཉིད་ལ་བརྗོད་པར་འགྱུར་རོ། །འདི་ནི་གྲུབ་པ་མ་ཡིན་ཏེ། གང་གི་ཕྱིར་གཟུང་བ་དང་འཛིན་པའི་བདག་ཉིད་དུ་སྦྱོར་ བས། སེམས་བདག་ཉིད་ཀྱིས་སེམས་ཉམས་སུ་མྱོང་ངོ་ཞེས་བྱ་བར་དེ་ལ་ངེས་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་སེམས་ཀྱང་འདིར་སེམས་ཀྱི་རྣམ་པ་དང་བྲལ་བར་ཉམས་སུ་མྱོང་། སེམས་ཞེས་བྱ་བ་ནི་གསལ་བར་ཉམས་སུ་མྱོང་བ་ཙམ་གྱི་ངོ་བོ་ཉིད་དུ་བརྗོད་པར་གྲགས་པ་ཉིད་དོ། ། དོན་དམ་པར་ནི་སེམས་ཞེས་བྱ་བ་གཟུང་བ་ལ་སོགས་པ་འདི་ལྟ་བུའི་བྱེད་པའི་སྐྱོན་དང་ལྡན་པ་དེའི་རིག་པ་མེད་དོ། །དེ་བས་ན་སེམས་ཀྱང་སེམས་ཀྱི་རྣམ་པ་དང་བྲལ་བར་རིག་པ་ནམ་མཁའ་ལྟར་བརྗོད་དུ་མེད་པར་རྟོགས་པར་བྱ་སྟེ། དེ་ནི་འདི་ལྟར་དེ་ཁོ་ན་ཉིད་ ཀྱི་དངོས་པོ་ལ་གོམས་པར་གྱུར་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་ནི་འདི་ལྟར་དེ་ཁོ་ན་ཉིད་ཡོད་ཀྱང་རང་གི་རྨོངས་པའི་སྐྱོན་གྱིས། གང་ཡང་དང་ཡང་སྐྱེ་བར་མཚམས་སྦྱོར་བར་བྱེད་པའི་བག་ཆགས་རྒྱས་པ་སེལ་བར་བྱེད་པ་མ་ཡིན་ཏེ། ཡང་དག་པ་མ་ཡིན་ན་འཆིང་བས་སེམས་ཅན་རྣམས་ཤིན་ཏུ་ཉོན་མོངས་པ་མྱོང་བར་འགྱུར་ཏེ། རང་གིས་བྱས་པའི་བརྫུན་གྱིས་ཀྱང་འབྲས་བུ་ཉིད་དུ་རེད་དེ་འཆིང་བ་ནི་དེ་ལྟ་བུ་ཡིན་ནོ། །གཞན་ཡང་འདི་ལྟར་དོན་དམ་པར་ན་བརྫུན་གྱི་དངོས་པོའི་འཆིང་བས། སེམས་ཅན་རྣམས་ སྡུག་བསྔལ་བར་ཇི་ལྟར་འགྱུར་ཏེ། འཆིང་བ་ནི་དེ་ལྟ་བུར་བརྗོད་པ་ཡིན་ནོ། །བརྫུན་གྱིས་རང་གི་འབྲས་བུ་སྐྱེད་པར་བཟོད་པ་ནི་མ་ཡིན་ཏེ། དེ་ལ་བདེན་པའི་བདག་ཉིད་མེད་པའི་ཕྱིར་རོ། །འབྲས་བུ་སྒྲུབ་པར་བྱེད་ན་དེ་ལ་ཇི་ལྟར་བརྫུན་ཞེས་བྱ། འདི་ལྟ་བུ་ཙམ་གྱི་མཚན་ ཉིད་ལས་བདེན་པ་ཉིད་ཇི་ལྟ་བུ་ཞིག་ཡིན། གལ་ཏེ་ན་ཡང་འབྲས་བུ་དང་རྒྱུ་དག་ཀྱང་བརྫུན་དུ་འགྱུར་ན་བདེན་པ་ཅི་ཡང་གྲུབ་པ་མེད་དེ། གང་གི་ཕྱིར་བརྫུན་པ་དང་བདེན་པ་དག་ནི་བྱ་བ་སྒྲུབ་པ་དང་མི་སྒྲུབ་པ་ལས་གཞན་པའི་མཚན་ཉིད་མེད་པར་ཤེས་པར་བྱའོ། །ཡང་ཐ་དད་པའི་ མཚན་ཉིད་ཀྱི་ཁྱད་པར་གྱིས་དབྱེ་བར་འགྱུར། དབྱེར་མེད་པའི་སྐྱོན་ནི་གྲགས་པས་བསལ་བ་ཡིན་ནོ། །དེ་ནི་འདི་ལྟར་བདེན་པའི་བྱེ་བྲག་གིས་གང་ཅི་ཡང་གྲུབ་པར་བྱེད་པ་མ་ཡིན་ཏེ། དོན་དེས་བརྫུན་པར་མི་འགྱུར་རོ། །འདི་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་ རོ། །འདི་ལྟར་འཆིང་བ་བརྫུན་པ་ཐམས་ཅད་དུ་སྦྱོར་བ་མེད་པས། དེ་མེད་ན་བཅོམ་ལྡན་འདས་ཀྱིས་བསྟན་པ་མཛད་པས་ཀྱང་ཅི་ཞིག་བྱ་ཞེ་ན། བདེན་མོད་ཀྱི་འཆིང་བ་བརྫུན་གྱིས་བདེན་པའི་འབྲས་བུ་སྐྱེད་པ་ནི་མ་ཡིན་ཏེ། ཇི་ལྟར་རང་གི་བག་ཆགས་ཀྱི་ངོ་བོ་ཉིད་ཀྱིས་དེ་ ལྟ་བུའི་འབྲས་བུར་འགྱུར་བར་རྟོགས་པར་བྱ་སྟེ། དེ་བས་ན་འཁོར་བའི་བཅིང་བ་འབའ་ཞིག་བརྫུན་པ་མ་ཡིན་ཏེ། འདི་ལྟར་ཐར་པ་ཡང་བརྫུན་པ་ཉིད་དོ། །འདི་ལྟར་ཐམས་ཅད་བརྫུན་པ་ཉིད་ན་ཡང་བག་ཆགས་ཀྱི་རྣམ་པར་སྤྲུལ་པས་དེའི་འབྲས་བུ་ལེན་ཏེ། རིག་ པ་དེ་ལས་བདེ་བ་དང་སྡུག་བསྔལ་བ་ཉམས་སུ་མྱོང་བ་ཡང་བདེན་པ་ཉིད་དུ་འགྱུར་ཏེ། དེ་ལྟ་བུ་བླངས་པ་ལས་ཀྱང་འབྲས་བུ་སྒྲུབ་པར་བྱེད་དོ། །འོ་ན་བདེན་པ་གཟིགས་པ་དེ་བཞིན་གཤེགས་པ་རྣམས་ལ་མངའ་ན་ཡང་། བརྫུན་གྱི་རྣམ་པ་མཐོང་བས་སེམས་ཅན་དུ་སྲིད་པ་ ཅིའི་ཕྱིར། བདེན་པའི་ལམ་ཉེ་བར་སྟོན་པ་དེ་བཞིན་གཤེགས་པ་ལ་མངའ་བ་ཉིད་དེ། གཞན་དུ་ན་དམ་པའི་སྙིང་རྗེ་ཆེན་པོའི་རང་བཞིན་གྱིས་བཅོམ་ལྡན་འདས་སུ་མི་འགྲུབ་པོ། །ལོང་བ་ཡང་དམིགས་བུས་བཟུང་སྟེ། འབད་པས་དྲངས་ན་གཡང་དུ་ལྟུང་བར་མི་འགྱུར་རོ། །དེ་བས་ ན་ལོག་པའི་བག་ཆགས་རྒྱས་པས་སྐྱེ་བ་གྲུབ་པ་མ་ཡིན་ནོ། །གང་བརྫུན་པའི་དབང་གིས་ཀྱང་འཆིང་སྟེ་དེ་ལྟ་བུའི་བག་ཆགས་ཀྱི་སྡུག་བསྔལ་གྱི་འབྲས་བུར་འགྱུར་རོ་ཞེ་ན། དེ་ལ་འདི་བརྗོད་པར་བྱ་སྟེ། བདེན་པའི་ལམ་མཁྱེན་པ་དང་། དམ་པའི་སྙིང་རྗེ་ཆེན་པོའི་བདག་ཉིད་ཀྱིས་ གདམས་ངག་བསྟན་པར་མཛད་པ་བཅོམ་ལྡན་འདས་ལ་མངའ་མོད་ཀྱི། སེམས་ཅན་དེ་དག་རང་གི་ལས་ཀྱིས་སྤྲུལ་པའི་བག་ཆགས་ཀྱི་མཐུས་བདེན་པ་མཐོང་བ་ཉམས་སུ་མྱོང་བ་མ་ཡིན་ནོ། །ཇི་ལྟར་འདིས་འཁོར་བའི་ཕན་པ་དང་། ཕན་པ་མ་ཡིན་པ་དང་། ཡོངས་སུ་དོར་ བའི་མཚན་ཉིད་ཡིན་པ་དེ་ལྟ་ན་ལས་ཀྱི་བག་ཆགས་དོར་བ་མ་ཡིན་ཏེ། དེས་ན་རང་གི་བག་ཆགས་རིམ་པར་སྐྱེ་བ་ཉིད་ཀྱིས་འཆིང་བ་ལ་སོགས་པ་འདི་རྣམས་རྣམ་པར་རྟོག་པ་བརྫུན་གྱི་བདག་ཉིད་ཡིན་ཡང་ཉམས་སུ་མྱོང་བར་འགྱུར་ཏེ། སྡུག་བསྔལ་ལ་སོགས་པ་འབྱུང་ངོ་། ། དཔེར་ན་གཅིག་གི་བདག་ཉིད་ཀྱི་ཟླ་བ་གཅིག་ཉིད་རིག་པ་ཡིན་ན་ཡང་། རང་གི་རབ་རིབ་ཀྱི་སྐྱོན་གྱིས་ལ་ལ་ལ་དུ་མར་སྣང་བར་འགྱུར་རོ། །འདི་ལྟར་བརྫུན་ཡིན་མོད་ཀྱི། བདེ་བ་དང་སྡུག་བསྔལ་གྱི་རྣམ་པ་ལ་གསལ་བ་ཉིད་དུ་མྱོང་ངོ་། །དཔེར་ན་རྨི་ལམ་ལ་བརྫུན་གྱི་བུད་མེད་ ཀྱི་གཟུགས་མཐོང་བ་ལས། དེ་དང་ལྷན་ཅིག་གནས་པ་ལས་བདེ་བ་ཉམས་སུ་མྱོང་བར་བྱེད་དོ། །གླང་པོ་ལ་སོགས་པས་ཡོངས་སུ་འཇོམས་པ་ལས་དེར་སྡུག་བསྔལ་བར་བྱེད་དེ། དེ་བཞིན་དུ་བདེན་པ་མ་ཡིན་ཡང་འཆིང་པའི་སྡུག་བསྔལ་འབྱུང་བ་འདི་ལ་ཉེས་པ་མེད་དོ། ། དེ་ལ་རྨི་ལམ་ན་གང་ཅི་ཡང་བུད་མེད་བདེན་པར་ཡོད་པ་མ་ཡིན་ལ་དེ་ལ་འཇིག་པར་འགྱུར་བའང་མེད་དོ། །འོན་ཀྱང་དེ་དང་དེ་འདུས་པ་དང་འཇིག་པ་ལས་བདེ་བ་དང་སྡུག་བསྔལ་བ་ཉམས་སུ་མྱོང་བར་འགྱུར་རོ། །དེ་བས་ན་སེམས་ཉིད་འདི་ལྟར་རྨོངས་པས་རབ་ཏུ་དཀྲིས་པ་དེ་ལྟར་སྤྲུལ་ པའི་བྱ་བ་བྱེད་དེ། དངོས་པོ་སྣ་ཚོགས་འབྱུང་བར་འགྱུར་བ་ནི། འཁོར་བའི་བག་ཆགས་ཀྱི་འབྲས་བུ་དག་ཉིད་ཅི་འདྲ་བའི་རྩེད་མོ་ཇི་ལྟ་བ་བཞིན་ནོ། །དེ་བས་ན་ངོ་བོ་ཉིད་སྐྱེ་བ་མེད་པའི་རང་བཞིན་གྱི་བདག་ཉིད་དོན་དམ་པ་མ་རིག་པ་ལས་ཡང་དག་པའི་དངོས་པོར་འཛིན་པས་བཟུང་སྟེ། བདེན་ པར་རློམ་སེམས་པ་དེ་ལྟ་དེ་ལྟར་ལས་ཀྱི་བག་ཆགས་སྣ་ཚོགས་སོགས་པར་རིག་པར་བྱའོ། །འདི་སྐད་སྟོན་ཏེ་བཅོམ་ལྡན་འདས་ཟད་པ་མེད་པའི་སྐུ་ཅན་དེ་བཞིན་གཤེགས་པའི་ཐུགས་ཀྱི་ངོ་བོ་ཉིད་དེའི་རང་བཞིན་ཉིད་འགྲོ་བ་རྣམས་ཡིན་ན། ཇི་ལྟ་ན་ཡང་མི་བདེན་པའི་དངོས་པོ་ སྣ་ཚོགས་ཉམས་སུ་མྱོང་བ་འབྱུང་། ཡེ་ཤེས་དེ་ནི་དེ་བཞིན་གཤེགས་པའི་དངོས་པོ་ལས་གཞན་ཉམས་སུ་མྱོང་བ་ཡོད་པ་མ་ཡིན་ཏེ་དེ་ལ་དབྱེ་བ་མི་སྲིད་དོ། །གང་གིས་ཇི་ལྟ་བའི་དོན་རྟོགས་པ་བརྗོད་པའོ། །དེ་ལ་འདི་བརྗོད་པར་བྱ་སྟེ། དེ་བཞིན་ཉིད་ཀྱི་དེ་ཁོ་ན་ཉིད་ཡོད་ ཀྱང་རང་གི་བག་ཆགས་ཀྱི་སྟོབས་ཀྱིས་སྤྲུལ་པ་སྣ་ཚོགས་ཉམས་སུ་མྱོང་བའོ། །དེ་ནས་ཡང་དེ་བཞིན་གཤེགས་པས་གསོལ་བ་བཏབ་མ་ཐག་ཏུ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ལས་ཀྱི་རབ་ཏུ་སྦྱོར་བ་ཇི་ལྟ་བ་གང་གིས་འབྲས་བུ་འབྱུང་བར་འགྱུར་བ་དབང་གི་རབ་ཏུ་ སྦྱོར་བ་ལ་སོགས་པ་བཤད་པར་མཛད་དོ་ཞེས་ཡང་དག་པར་སྡུད་པར་བྱེད་པས་བསྟན་པ་ནི། དེ་ནས་རྡོ་རྗེ་འཛིན་རྒྱལ་པོས། །དབང་གི་སྔགས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཡང་ངོ་བོ་ཉིད་མེད་པའི་ཆོས་ཉིད་ལ། དེ་ལྟ་བུའི་རྣམ་པའི་སྔགས་དང་དངོས་གྲུབ་ལ་སོགས་པར་ རབ་ཏུ་སྦྱོར་བ་མི་རིགས་ཏེ། དེ་ལྟ་མོད་ཀྱི་འཁོར་བའི་བག་ཆགས་ཡོངས་སུ་བསལ་བའི་ཕྱིར། ལུས་ལ་འབྲས་བུ་ཐམས་ཅད་དུ་འགྱུར་ཏེ། གལ་ཏེ་གཞན་ཡང་དེ་ལྟ་བུའི་ངོ་བོ་ཉིད་དུ་གྱུར་པའི་རྣལ་འབྱོར་པ་དེས་སེམས་ཅན་གྱི་རྒྱུ་ཉིད་ཀྱིས་དངོས་གྲུབ་ཐམས་ཅད་འབྱུང་སྟེ། འོན་ཀྱང་འདིར་ཇི་ལྟར་འཁོར་བའི་བག་ཆགས་ཀྱི་རིམ་པ་དེ་ལྟ་བུར་དངོས་གྲུབ་ལ་སོགས་པ་འདི་དག་ཐམས་ཅད་སངས་རྒྱས་ཉིད་ཀྱི་རྒྱུར་འགྱུར་བདེ་དབང་ལ་སོགས་པའི་རབ་ཏུ་སྦྱོར་བ་དེ་ཉིད་བཅོམ་ལྡན་འདས་ཀྱིས་དེ་ལྟར་གསུངས་སོ། །བུད་མེད་རྣམས་ནི་དབང་བྱ་དང་། །ཞེས་ བྱ་བ་ལ་སོགས་པ་ནི། བསྲུང་བ་དང་། དབང་དུ་བྱ་བ་དང་། ཞི་བ་ལ་སོགས་པར་ཡང་རབ་ཏུ་སྦྱོར་བ་འདིས་འགྱུར་རོ་ཞེས་བྱ་བའོ། །རབ་ཏུ་སྦྱོར་བ་ཇི་ལྟ་བ་དེ་ཉིད་གསུངས་པ། གི་ཝང་བླང་ཞེས་བྱ་བ་ལ་སོགས་པ་སྟེ། གོ་རོ་ཙ་ན་བླངས་ཏེ་གྲོ་གའམ། འོད་མའི་ཤུན་པ་ལ་གཤིན་ རྗེ་གཤེད་ཀྱི་འཁོར་ལོ་གཉིས་དེ་ལ་བྲིས་ཏེ། ན་མའི་སྒྲ་ཨོཾ་གྱི་མཐར་དེ་སྤེལ་ནས། དེ་བཞིན་དུ་སྔགས་ཀྱི་མཐར་བསྒྲུབ་བྱའི་མིང་སྨོས་ཏེ། འདི་ལྟར་འཁོར་ལོ་དེ་གཉིས་བྲིས་ནས། ཁ་དོག་ནག་པོ་སྤངས་པའི་ཁམ་ཕོར་ཁ་སྦྱོར་དུ་འཁོར་ལོ་གཞག་སྟེ། མར་དང་སྦྲང་རྩིས་ ཁམ་ཕོར་བཀང་བར་འཁོར་ལོ་དེ་བཅུག་ནས། སྐུད་པ་དཀར་པོས་ཁམ་ཕོར་ཁ་སྦྱོར་དེ་དཀྲིས་ལ་དུས་གསུམ་དུ་མེ་ཏོག་དཀར་པོས་ཁམ་ཕོར་ཁ་སྦྱོར་དེ་མངོན་པར་མཆོད་པར་བྱའོ། །རྣལ་འབྱོར་པ་ནི་ཁ་ཤར་ཕྱོགས་སུ་བལྟས་ཏེ། བདག་ཉིད་གཤིན་རྗེ་གཤེད་པོ་ སྐུ་མདོག་དཀར་པོར་བསམས་ནས། མདུན་དུ་བསྒྲུབ་བྱ་བཟླས་པ་ལ་གནས་པར་བལྟས་ལ། དེ་ཁམ་ཕོར་ན་གནས་པའི་མར་དང་སྦྲང་རྩིས་དབང་བསྐུར་བར་བལྟའོ། །དེ་བཞིན་དུ་བུམ་པ་དཀར་པོ་ན་གནས་པའི་བདུད་རྩི་ལྔས་ཀྱང་དབང་བསྐུར་བར་བལྟས་ལ། དེ་ནས་འབུམ་ ཕྲག་གཅིག་ཏུ་བཟླས་པ་ཨོཾ་ཧྲཱིཿཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །གསང་སྔགས་ཇི་ལྟར་སྦྱར་བ་གསུངས་པ། ཨོཾ་ན་མཿཞེས་བྱ་བ་ལ་སོགས་པའོ། །གང་ཡང་སྐྱེས་པ་དབང་དུ་བྱ་བ་དང་། ཞི་བ་ལ་སོགས་པ་བྱ་བར་འདོད་པའི་རྣལ་འབྱོར་པས་འཁོར་ལོ་གཉིས་པོ་དེ་ཉིད་གུར་ གུམ་གྱིས་བྲི་བར་བྱ་སྟེ། དེ་ཉིད་གསུངས་པ། སྐྱེས་པ་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་རྒྱས་པའི་རབ་ཏུ་སྦྱོར་བ་གསུངས་པ། ཡང་འཁོར་ལོ་གཉིས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་འཁོར་ལོ་གཉིས་ཀྱི་གཟུགས་བྲིས་ཏེ། ཁ་ཆེ་ཡིས་ཞེས་བྱ་བ་ གུར་གུམ་གྱིས་བྲིས་ཏེ། དེ་ལ་ཡང་གསང་སྔགས་ནི་སྭཱ་ཧཱ་དང་སྤེལ་ཏེ། དེ་བཞིན་དུ་བསྒྲུབ་བྱ་གཞུག་པར་བྱའོ། །དེ་བཞིན་དུ་འདིར་ཁམ་ཕོར་གཉིས་ཁ་སྦྱར་ཏེ། མི་བསྐྱོད་པས་ཡོངས་སུ་བཀང་ནས་བཞག་ལ། སྔོན་བཞིན་དུ་ཇི་ལྟར་བརྗོད་པ་རྣམས་ཐམས་ཅད་བྱའོ། །བཽ་ཥཊ་ ཅེས་བྱ་བ་ལ། དེ་གསང་སྔགས་བཽ་ཥཊ་ཀྱི་ཚིག་ཀྱང་རུང་སྟེ་མཐར་གཞུག་པར་བྱའོ། །དེས་ཀྱང་རྒྱས་པར་འགྱུར་རོ། །གཞན་ཡང་དབང་གི་རབ་ཏུ་སྦྱོར་བ་གསུངས་པ། གྲོ་གའམ་ཡང་ན་རས་ལ་བྲི། །ཞེས་བྱ་བ་ལ་སོགས་པ་སྟེ། གྲོ་གའི་ཤུན་པའམ་ཤི་བའི་རས་སམ། རང་འབྱུང་གིས་བསྒོས་པའི་རས་ལ་རྒྱ་སྐྱེགས་ཀྱི་ཁུ་བ་དང་ཙནྡན་དམར་པོ་དང་སྲིན་ལག་གི་ཁྲག་རྣམས་ཀྱིས་དཀྱིལ་འཁོར་གཉིས་དེ་བཞིན་དུ་བྱས་ཏེ། ཡི་གེ་ཧོ་དང་བསྒྲུབ་བྱའི་མིང་དང་གསང་སྔགས་སྤེལ་ཏེ། དེ་ནས་འཁོར་ལོ་ཁམ་ཕོར་ཁ་སྦྱར་དུ་གཞུག་པར་བྱའོ། །སྦྲང་ མེད་པ་ཡིས་ལེགས་བཀང་ལ། །སྐུད་པ་དམར་པོས་རྣམ་པར་དཀྲི། །ཞེས་བྱ་བ་ནི་ཁ་སྦྱར་དེ་ཡང་སྦྲང་རྩི་རྣམ་པར་སྤངས་ཏེ། མར་འབའ་ཞིག་གིས་བཀང་ནས། དེ་ནས་སྐུད་པ་དམར་པོས་དཀྲི་བར་བྱའོ། །སྔགས་པ་ཁ་ནུབ་ཕྱོགས་སུ་བལྟས་ཏེ། མེ་ཏོག་དམར་ པོས་སྦྱོར་བ་དེ་ལ་དུས་གསུམ་དུ་མཆོད་དོ། །བདག་ཉིད་གཤིན་རྗེ་གཤེད་པོ་སྐུ་མདོག་དམར་པོར་བསམས་ལ། བསྒྲུབ་བྱ་ཡང་ཟླ་བ་དམར་པོའི་སྟེང་ན་མོས་པར་གྱུར་པར་བསམས་ན། ཇི་སྐད་གསུངས་པ་བཞིན་ཁུག་པར་བྱེད་དོ། །འདི་ལྟར་བཟླས་པ་ནི་ཁྲི་བྱའོ། །སྔོན་ དུ་བསྙེན་པ་ཁྲི་ཕྲག་གཅིག་གོ། །གལ་ཏེ་མྱུར་དུ་དངོས་གྲུབ་ཏུ་མ་གྱུར་ན། དེས་འདི་ལྟར་ཁམ་ཕོར་ཁ་སྦྱོར་གྱི་སྦྱོར་བའི་ནང་ན་མར་ལ་སོགས་པས་བཀང་པ་བསལ་ཏེ། སེང་ལྡེང་གི་མདག་མ་དུ་བ་མེད་པ་ལ་བསྲོ་ཞིང་བཟླས་བརྗོད་བྱས་ན། དེ་ནས་སྐད་ཅིག་གིས་འགྲུབ་པར་འགྱུར་ རོ། །དགུག་པའི་སྦྱོར་བ་གསུངས་པ། དུར་ཁྲོད་རས་སམ་ཡང་ན་ནི། །རང་འབྱུང་བསྒོས་པའི་རས་དག་ལ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་འདིར་ཡང་འཁོར་ལོ་གཉིས་རྒྱ་སྐྱེགས་ཀྱི་ཁུ་བ་དང་བསྲེས་པས་བྲི་བར་བྱའོ། །བཙུན་མོའི་པདྨའི་སྣོད་ཅེས་བྱ་བ་ནི། བུད་མེད་ ཀྱི་རོ་ལས་ཐོད་པ་གཉིས་ཁ་སྦྱོར་ཏེ་དེར་འཁོར་ལོ་གཞུག་པར་བྱའོ། །སེང་གེ་དམར་པོ་ཀུན་དུ་ཞོན། །ཞེས་བྱ་བ་ནི་སེང་གེ་དམར་པོའི་སྟེང་དུ་བཞག་སྟེ། རླུང་གི་དཀྱིལ་འཁོར་གྱིས་བསྒྲུབ་བྱ་འོང་བར་ཇི་ལྟར་གསུངས་པ་བཞིན་བསམ་པར་བྱའོ། །རྫས་ལྔ་ཡིས་ནི་དབང་ བསྐུར་ནས། །ཞེས་བྱ་བ་ནི་བསྒྲུབ་བྱ་དེ་བདུད་རྩི་ལྔ་དབང་བསྐུར་བས་ཁུག་པར་བལྟ་བར་བྱའོ། །མྱུར་དུ་གྲུབ་པར་མ་གྱུར་ན་དེ་བཞིན་དུ་སྦྱོར་བ་དེ་བསྲེག་པར་བྱའོ། །གསང་སྔགས་ཀྱང་ཡི་གེ་ཧྲཱིཿའམ་ཡི་གེ་ཛཿདང་སྤེལ་ཏེ། དེ་ནས་བཟླས་བརྗོད་ཁྲི་ཕྲག་གཅིག་བྱའོ། །དེ་བཞིན་ དུ་རེངས་པར་བྱ་བའི་སྦྱོར་བ་གསུངས་པ། དུར་ཁྲོད་རས་ལ་བློ་ལྡན་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུར་ཁྲོད་ཀྱི་རས་ལ་ཡུང་བའི་ཁུ་བས་འཁོར་ལོ་གཉིས་བྲིས་ཏེ། དེ་ལ་ཡང་རི་བོ་བདུན་ནམ་བཞིའམ་དགུས་བསྐོར་བ་བྲིས་ལ། ཡི་གེ་ཧཱུཾ་དང་ཡི་གེ་བྃ་སྤེལ་ བས་དེ་བཞིན་དུ་རི་བོ་ལ་ཡང་བྲི་བར་བྱའོ། །འདི་ལྟ་བུ་ལ་སོགས་པ་འདི་སྐད་གསུངས་པ་བྲི་བར་བྱའོ། །མངོན་སྤྱོད་ཀྱི་སྦྱོར་བ་གསུངས་པ། དུར་ཁྲོད་རས་ལ་འཁོར་ལོ་གཉིས། །བརྟུལ་ཞུགས་ཅན་གྱིས་བྲི་བར་བྱ། །ཞེས་བྱ་བ་ལ་སོགས་པ་སྟེ། བྲི་བའི་རྫས་གསུངས་ པ། སྐེ་ཚེ་དང་ལན་ཚྭ་དང་དུག་དང་ནིམ་པ་ལ་སོགས་པ་སྟེ། ཇི་སྐད་གསུངས་པའི་སྐེ་ཚེ་ལ་སོགས་པའི་རྫས་རྣམས་གཅིག་ཏུ་བྱས་པས་འཁོར་ལོ་བྲི་བར་བྱའོ། །ཚྭ་སྒོ་ཅན་གྱིས་ཞེས་བྱ་བ་ནི་ཕྱི་རོལ་གྱིས་ཅི་ཡང་སྐྱེད་པར་མི་ནུས་པ་སྟེ། དེ་དང་དེ་བཞིན་དུ་རིགས་ ངན་གྱི་ཁྱིམ་གྱི་དྲག་པའང་དེར་བླུག་པར་བྱའོ། །རྟོག་པའི་སྒྲོ་ཡིས་སྨྱུ་གུ་ཞེས་བྱ་བ་ནི། བྱ་རོག་ཆེན་པོའི་གཤོག་པ་གཡས་པའི་སྨྱུ་གུ་སྟེ། དེས་འཁོར་ལོ་ཚེས་བཅུ་བཞི་ལ་བྲི་བའི་དོན་ཏོ། །བདག་ཉིད་ཀྱང་དཀྱིལ་འཁོར་གྱི་བདག་པོ་ནག་པོ་གཤིན་རྗེ་གཤེད་ཀྱི་སྐུར་དམིགས་ ཏེ། གཤིན་རྗེ་གཤེད་ཀྱི་སྐུ་དེ་ཉིད་ཅི་འདྲ་བ་ཇི་སྐད་གསུངས་པའི། ཁྲོ་བོའི་སྐུ་ལ་གཏུམ་པོ་ཆེ། ཞེས་བྱ་བ་ལ་སོགས་པའོ། །ཕྱག་དང་མཚོན་ཆ་གསུངས་པ་ནི། གཡས་ན་རྡོ་རྗེ་ཆེན་པོ་སྟེ། །ཞེས་བྱ་བ་ལ་སོགས་པའོ། །ཞལ་གསུམ་གྱི་བདག་ཉིད་ གསུངས་པ། རྩ་བའི་ཞལ་ནི་བུང་བ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་ལྟར་དག་ཉིད་གཤིན་རྗེ་གཤེད་ཀྱི་སྐུར་སྤྲུལ་ནས། མདུན་དུ་བསྒྲུབ་བྱ་བསྒོམ་པར་བྱ་བ་དེ་གསུངས་པ་ནི། ནད་ཀྱིས་གདུངས་པ་དྲི་མ་ཅན། །ཞེས་བྱ་བ་ལ་སོགས་པ་སྟེ། དྲི་མ་ཅན་གདུངས་ཤིང་ ལུས་ཆད་པ་སྦྲུལ་དང་སྟག་ལ་སོགས་པས་ཟ་བ། མཚོན་ཆ་བརྒྱས་དུམ་བུར་གཅོད་པ། གནོད་པ་རྣམ་པ་སྣ་ཚོགས་ཀྱིས་འཚེ་བར་བལྟ་བར་བྱའོ། །འདིར་འདི་ལྟར་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ལ་གནོད་པ་རྣམས་ལ་སྙིང་རྗེ་བའི་དབང་དུ་གྱུར་པ་ཉིད་ཀྱིས་གསད་པར་ བྱ་སྟེ། སངས་རྒྱས་ཀྱི་ཁྲོ་བོས་བཅོམ་པའི་མུ་སྟེགས་པའི་སེམས་ཅན་རྣམས་ཡང་སངས་རྒྱས་ཀྱི་ཞིང་དག་ཏུ་སྐྱེ་བར་བྱེད་དེ། འདི་ལྟར་དེས་སྙིང་རྗེའི་དབང་དུ་གྱུར་པར་བྱའོ། །དེ་ཉིད་གསུངས་པ། འཁོར་བ་ལས་ནི་བསྒྲལ་ནས་སུ། །ཞེས་བྱ་བ་ལ་སོགས་པའོ། །ཨེ་མའོ་སྙིང་ རྗེའི་སྟོབས་བཟང་བ། །སྙིང་རྗེ་བྲལ་ན་དངོས་གྲུབ་མེད། །ཅེས་བྱ་བ་ནི་རྣམ་པ་འདི་ལྟ་བུར་གསད་པ་ནི་སྙིང་རྗེའི་སེམས་བསྐྱེད་པར་བྱ་བ་སྟེ། གཞན་དུ་ན་འདོད་པས་ཁྲོ་བ་ནི་མ་ཡིན་ནོ། །རྣལ་འབྱོར་པས་གཞན་དུ་སྦྱོར་བ་འདི་ལྟར་བྱས་ན། ཁྲོ་བོ་ལ་སོགས་པའི་དངོས་གྲུབ་ཐོབ་པར་མི་ འགྱུར་གྱི་རང་ཡང་དམྱལ་བར་འགྲོ་བར་འགྱུར་རོ། །པདྨ་པཱ་ཎིས་མཛད་པའི་གཤིན་རྗེ་ནག་པོའི་རྣམ་འགྲེལ་ལེའུ་བཞི་པའོ།། །།ཕན་ཚུན་འཐབ་པའི་སྦྱོར་བ་གསུངས་པ། དེ་བཞིན་འཁོར་ལོ་གཉིས་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་འཁོར་ལོ་དེ་ཀ་པཱ་ལ་གཉིས་ ཁ་སྦྱར་བར་བཞག་པ་དང་། ཇི་སྐད་གསུངས་པ་བཞིན་བྲི་བར་བྱས་ལ། དེ་ནས་བཟླས་པ་བརྩམས་ཏེ། འདི་ལྟར་ཉི་མ་ཕྱེད་ཀྱི་དུས་སུ་སྦྱོར་བ་དེ་དུར་ཁྲོད་དུ་སྦ་བར་བྱའོ། །དེ་ནས་རྟ་དང་མ་ཧེ་ལ་ཞོན་པའི་བསྒྲུབ་བྱ་གཉིས་ཆེར་ཁྲོས་པས་འཐབ་མོ་འགྱེད་པར་བལྟ་བར་བྱའོ། །དེ་ཇི་སྲིད་ གྲུབ་པར་མ་གྱུར་པ་དེ་སྲིད་དུ་གསང་སྔགས་འབུམ་ཕྲག་གི་བར་དུ་རྣལ་འབྱོར་པས་བཟླས་པར་བྱའོ། །དེ་ནས་དངོས་གྲུབ་འབྱུང་ངོ་། །བསྐྲད་པའི་སྦྱོར་བ་གསུངས་པ། གོང་གི་ཆོ་ག་དེ་ཡིས་ནི། །འཁོར་ལོ་གཉིས་ནི་བྲི་བ་སྟེ། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་འཁོར་ ལོ་གཉིས་ཡི་གེ་ཧཱུཾ་ཕཊ་དང་གསང་སྔགས་སྤེལ་ཏེ་བྲིས་ལ། དུར་ཁྲོད་ཀྱི་གནས་སུ་སྐུད་པ་ནག་པོས་དཀྲིས་ལ་སྦ་བར་བྱའོ། །ཡཾ་ལས་བྱུང་བ་ཞེས་བྱ་བ་ནི། ཡི་གེ་ཡཾ་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་ལ་གནས་པར་བསྒྲུབ་བྱ་བསམས་ནས། འདི་ལྟར་ཇི་སྐད་ གསུངས་པའི་རླུང་གིས་བདས་ནས། ལྷོ་ཕྱོགས་སུ་དྲངས་པར་ཡོངས་སུ་བསྒོམ་པར་བྱའོ། །ཁྲོ་བོའི་ཚོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི། འདི་ལྟར་ཁྲོ་བོའི་ཚོགས་ཀྱིས་བསྐྲད་པར་བྱས་པ་ནི། སངས་རྒྱས་ཀྱིས་ཀྱང་གནས་པར་ནུས་པ་མ་ཡིན་ནོ། །གཤིན་རྗེ་ འཁྲུགས་པའི་ཞལ་གྱིས་ཞེས་བྱ་བ་ལ་སོགས་པ་ནི། འདིར་ཇི་སྐད་གསུངས་པའི་འཁོར་ལོ་དེ་ལས་གཞན་ཡང་རྫས་གང་གིས་བྲིས་པའི་འཁོར་ལོ་གཉིས་པ་གསུངས་པའོ། །དེ་ལ་སྨྱོ་བྱེད་ཀྱི་འདབ་མའི་ཆུས་ཞེས་བྱ་བ་ནི། དྷ་དུ་རའི་འདབ་མའི་ཁུ་བ་ཡང་དེ་ར་ཁྲག་དང་ ཐལ་བ་དང་དུག་ལ་སོགས་པ་བླུག་པར་བྱའོ། །ད་ནི་གསད་པ་ལ་སོགས་པའི་རབ་ཏུ་སྦྱོར་བ་འདི་དག་ཇི་ལྟར་བྱ་བ་གཞན་དག་གསུངས་པ། གསད་པ་གཤིན་རྗེའི་ལུས་ལ་གཞག །ཅེས་བྱ་བ་ལ་སོགས་པ་སྟེ། གང་ཡང་གསད་པའི་སྦྱོར་བ་ལ་བསྒྲུབ་བྱ་གཤིན་ རྗེའི་ལུས་ལ་གཞག་པར་རྟོགས་པར་བྱ་བ་སྟེ། དེ་བཞིན་དུ་སྦྱོར་བ་གཞན་ལ་ཡང་རང་གི་ངོ་བོ་བཤད་པའི་སྒོ་ནས། དེ་དག་ཀྱང་གནས་སྐབས་སུ་གྱུར་པ་ཉིད་རྟོགས་པར་བྱས་ནས། སེམས་ཅན་རྣམས་དེ་ལྟར་བདེ་བར་རྟོགས་པའི་རྒྱུ་ཡིན་ནོ། །བསྐྲད་པ་རྔ་མོའི་ལུས་ལ་གཞག ། ཅེས་བྱ་བ་ནི་བསྐྲད་པ་ལ་བསྒྲུབ་བྱ་རྔ་མོ་ལ་ཞོན་པ། རླུང་གི་དཀྱིལ་འཁོར་གྱིས་བསྐྱོད་ཅིང་འདྲེན་པར་བསམ་པར་བྱའོ། །འདི་ལྟར་གཞན་ལ་ཡང་བལྟ་བར་བྱ་སྟེ། ཐམས་ཅད་རྟོགས་པར་སླ་བ་ཉིད་དོ། །ད་ནི་དབང་གི་སྦྱོར་བ་སྤྱིའི་མན་ངག་གསུངས་པ་ལས། གཞན་ཡང་བྱེ་བྲག་ གི་དབང་གི་སྦྱོར་བ་གསུངས་པ། གི་ཝང་རྒྱ་སྐྱེགས་ཞེས་བྱ་བ་ལ་སོགས་པའོ། །བྱ་རོག་ཆེན་པོའི་སྒྲོའི་སྨྱུ་གུ་ཞེས་བྱ་བ་ལ་སོགས་པ་ནི། བྱ་རོག་གི་གཤོག་པ་གཡས་པའི་སྨྱུ་གུས་འཁོར་ལོ་དེ་བྲི་བར་བྱའོ། །འཁོར་ལོ་འདི་ནི་འཇིགས་པ་ཆེ། །ཞེས་བྱ་བ་ནི་གཤིན་རྗེ་གཤེད་ ཀྱི་འཁོར་ལོ་འདི་ལོ་མ་ལ་སོགས་པ་ལ་བྲིས་ཏེ། གལ་ཏེ་ཁྲོས་པས་དགྲའི་ཁྱིམ་དུ་བཞག་ནས་གསང་སྔགས་བཟླས་པ་ལ་སོགས་པ་བྱས་ན་ལྷག་པར་ཡང་དེ་དང་དེ་དག་ཕན་ཚུན་རྟག་ཏུ་འཐབ་མོ་འབྱུང་བར་བྱེད་དོ། །འདི་ནི་ལེའུ་ལྔ་པའི་བཤད་པའོ།། །།ད་ནི་དཀྱིལ་འཁོར་གྱི་ལྷ་ལ་རྒྱས་ གདབ་པ་གསུངས་པ། དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་གྱི་ལྷ་རྣམས་ཐམས་ཅད་ལ་སྤྱི་བོར་གཤིན་རྗེ་གཤེད་སྒོམ་པ་ཡིན་ལ། བཅོམ་ལྡན་འདས་ལ་ནི་མི་བསྐྱོད་པའོ། །དེ་ནས་དབང་བསྐུར་བའི་བྱ་བ་གསུངས་པ། དང་པོར་ ཞེས་བྱ་བ་ལ་སོགས་པ་སྟེ། དང་པོར་དབུ་རྒྱན་གྱི་དབང་བསྐུར་བ་སྦྱིན་པའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་མྱང་བ་སྦྱིན་པ་སྟེ། དབང་བསྐུར་བ་བཞི་པའི་རིམ་པ་ནི། ཇི་སྐད་གསུངས་པའི་རིམ་པས་དབང་བསྐུར་བ་བཞི་པ་རྒྱུད་འདི་ལས་སྦྱིན་པའོ། །འབྱུང་པོ་ཐམས་ཅད་པའི་གཏོར་ མའི་སྔགས་གསུངས་པ། ཨིནྡྲཱ་ཡ་ཧྲཱིཿཞེས་བྱ་བ་ལ་སོགས་པ་སྟེ། ལྷ་བྱེ་བྲག་ཏུ་གྱུར་པར་བྱ་བ་སྟེ། ཨོཾ་ཧྲཱིཿཥྚྭིཿཞེས་བྱ་བ་ལ་སོགས་པའི་སྔགས་འབྱུང་པོའི་ཚུལ་དང་ཡི་གེར་སྦྱར་བར་བྱ་བའོ། །འདི་ལྟར་བྱས་ལ་འབྱུང་པོ་རྣམས་ལ་གཏོར་མ་སྦྱིན་ནོ། །གཞན་ཡང་དེའི་མཐར་ཧཱི་ཧཱི་ ཧཱུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའོ། །ཟླུམ་པོར་བསྐོར་བ་གསུམ་བྱས་ཏེ། །ཞེས་བྱ་བ་ལ་སོགས་པ་སྟེ། རེ་ཁཱ་ཟླུམ་པོ་གསུམ་བྱས་ལ། རེའུ་མིག་བརྒྱད་དང་བཅུ་གཉིས་དང་བཅུ་དྲུག་བྱས་ལ། འཁོར་ལོ་དེ་ལ་ཡ་མ་རཱ་ཛ་ས་དོ་མེ་ཡ་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་བཏུས་ནས། འདི་ལྟར་ དཀྱིལ་འཁོར་གྱི་རེའུ་མིག་ལ་གསང་སྔགས་གང་ཡིན་པ་བྲིས་ནས། གསང་སྔགས་དེ་ཉིད་བརྟུལ་ཞུགས་ཅན་གྱིས་བཟླས་བརྗོད་བྱས་ན། དངོས་གྲུབ་ཐམས་ཅད་མངོན་པར་འགྲུབ་པོ། །དེ་ལ་ཡང་དབུས་སུ་མ་དགོད། ཤར་དུ་ཀྵེ། ལྷོ་རུ་མ། ནུབ་ཏུ་མེ། བྱང་དུ་ད་བྲིས་ལ་ བསྒྲུབ་བྱའི་མིང་དང་སྤེལ་བར་བྱའོ། །དེ་ནས་ཧཱུཾ་ཞེས་བྱ་བའི་གསང་སྔགས་དང་སྤེལ་བར་བྱའོ། །རེའུ་མིག་གཞན་ལ་ཨོཾ་ཧྲཱིཿཥྚྲཱྀཿཞེས་བྱ་བ་ལ་སོགས་པའི་གསང་སྔགས་བྲི་བར་བྱའོ། །དེ་ནས་ཨ་མུ་ཀཾ་ཀུ་རུ་ཞེས་བྱ་བའམ། ཨུཙྪ་ཊ་ཞེས་བྱ་བའི་མཱ་ར་ཡ་ཞེས་བྱ་བ་ལ་སོགས་ པའི་གསང་སྔགས་དང་སྤེལ་བར་བྱའོ། །འདི་ལྟར་བཟླས་བརྗོད་ཀྱང་བྱས་ན། ཇི་སྐད་གསུངས་པ་ཐམས་ཅད་གྲུབ་པར་བྱེད་དོ། །འདི་ནི་ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །།དཀྱིལ་འཁོར་ན་གནས་པའི་ལྷ་མོ་རྣམས་བསྒོམ་པའི་བྱེ་བྲག་གིས་དངོས་ གྲུབ་ཅི་འདྲ་བ་བསྟན་པ་དང་། གཟུགས་དང་མཚན་མ་དག་བཤད་པར་མཛད་པ། ཞལ་གསུམ་ཕྱག་དྲུག་ཅེས་བྱ་བ་ལ་སོགས་པ་སྟེ། འདི་ནི་རྡོ་རྗེ་འོད་ཟེར་ཅན་མ་བསྒོམས་པས་རེ་ཞིག་ཁྲག་དགུག་པའི་དོན་གསུངས་པ་སྟེ། དཀྱིལ་འཁོར་དུ་ངེས་པར་བསྟན་པའི་བྱེ་བྲག་ བསྒོམ་པར་གསུངས་པའོ། །དེ་ལ་ཞལ་གསུམ་ཕྱག་དྲུག་སྐུ་མདོག་དཀར་བར་བལྟ་བར་བྱ་སྟེ། ཞལ་དང་པོ་དཀར་གཡོན་དམར་གཡས་གནག །ཕྱག་གཡས་དང་པོ་ན་འཁོར་ལོ། གཞན་དག་ན་རལ་གྲི་དང་གྲི་གུག །ཕྱག་གཡོན་གསུམ་ན་རྡོ་རྗེ་དང་། པདྨ་དང་། ཀ་པཱ་ལའོ། །འདི་ལྟར་རྡོ་རྗེ་ཕག་མོ་ཡང་ཞལ་གསུམ་ཕྱག་དྲུག་པ། ཆང་འགུགས་པའི་དོན་མཛད་པར་བལྟ་བར་བྱའོ། །དེ་ལ་སྐུ་མདོག་མཐིང་ག །ཞལ་དང་པོ་ཁ་དོག་དེ་ཉིད་དང་མཐུན་པ། གཡོན་དམར། ཕྱག་དང་པོ་རྡོ་རྗེ། གཞན་འོད་ཟེར་ཅན་དང་མཐུན་ནོ། །དེ་ལྟར་རྡོ་རྗེ་དབྱངས་ ཅན་མ་ཡང་སྐུ་མདོག་དམར་པོ། ཞལ་གསུམ་ཕྱག་དྲུག་ཕྱག་ན་པདྨ། གཞན་སྔ་མ་དང་མཐུན་ནོ། །འདི་ལྟར་བསྒོམས་ན་ཤེས་རབ་འཕེལ་བར་བྱེད་དོ། །དེ་ནས་རྡོ་རྗེ་མཛོད་ལྡན་མ་སྐུ་མདོག་མརྒད་ལྟ་བུ། ཕྱག་ན་རལ་གྲི། གཞན་དག་གིས་དབྱངས་ཅན་མ་དང་མཐུན་པར་བལྟ་བར་ བྱའོ། །དེ་ལ་རྡོ་རྗེ་འོད་ཟེར་ཅན་གྱི་གསང་སྔགས་བཟླས་བརྗོད་བྱས་པས། དངོས་གྲུབ་ཀྱི་མཚན་མ་ཇི་ལྟ་བུ་ཞིག་འབྱུང་བ་གསུངས་པ། ཨོཾ་ཙརྩི་ཀ་ཞེས་བྱ་བ་ལ་སོགས་པ་སྟེ། འོད་ཟེར་ཅན་བསྒོམ་པ་བྱས་ནས། གསང་སྔགས་འདི་བཟླས་བརྗོད་བྱས་ཏེ། རང་གི་ཁ་རབ་ཏུ་གདང་བར་ བྱ་སྟེ། བསྒྲུབ་བྱ་དེའི་ཁྲག་གི་རྒྱུན་ཁར་དྲངས་ཏེ་ཞུགས་པར་བསྒོམ་པར་བྱའོ། །དེ་ནས་ཆང་དགུག་པའི་ཕྱིར་རྡོ་རྗེ་ཕག་མོའི་སྔགས་གསུངས་པ། ཨོཾ་གོ་ཎེ་གོ་ཎེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཕག་མོ་བསྒོམ་པ་བྱས་ཏེ། གསང་སྔགས་འདི་བཟླས་བརྗོད་ བྱས་ནས། ཇི་སྐད་གསུངས་པའི་སྦྱོར་བ་བྱས་ན་ཆང་ཁུག་པར་འགྱུར་རོ། །དེ་ལ་སྦྱོར་བ་གསུངས་པ། རྫ་མཁན་ལག་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྫ་མཁན་གྱི་ལག་པ་ལ་གོས་པའི་ས་བླངས་ཏེ་སླུག་མ་ཞིག་བྱས་ལ། ཆོམ་རྐུན་དཔྱངས་པའི་སྐྲ་ལས་ཆུན་བུ་བྱས་ཏེ། དེའི་ སྟེང་དུ་བཞག་ནས་དེ་ནས་གསང་སྔགས་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་དབྱངས་ཅན་མའི་སྔགས་ཀྱིས་ཤེས་རབ་འཕེལ་བའི་རྒྱུ་གསུངས་པ་ནི། ཨོཾ་པི་ཙུ་བི་ཙུ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་རྡོ་རྗེ་མཛོད་ལྡན་མའི་གསང་སྔགས་ཀྱིས་ཁུ་བ་འགུགས་པ་གསུངས་ པ། ཨོཾ་ག་དྷ་ནི་ཀཪྵ་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་དབང་ཐོབ་པར་བྱ་བ་གསུངས་པ། མེ་ཏོག་ཨུ་དུམྺཱ་ར་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་གོ་སླ་བ་ཉིད་དོ། །པདྨ་པཱ་ཎིས་མཛད་པའི་གཤིན་རྗེ་ནག་པོའི་རྣམ་འགྲེལ་ཞེས་བྱ་བའི་ལེའུ་བདུན་པའོ།། །། ད་ནི་དེ་ཉིད་དཀྱིལ་འཁོར་གྱི་རྗེས་སུ་འབྲང་བས་སློབ་མ་དབང་བསྐུར་བར་བྱ་བ་གསུངས་པ། ད་ནི་དཔལ་ལྡན་རལ་གྲི་འཆང་། །ཞེས་བྱ་བ་ལ་སོགས་པ་སྟེ། ས་གཞི་ཡོངས་སུ་གཟུང་བ་ན། བགེགས་བསལ་བར་བྱ་སྟེ། དེ་ནས་རིམ་པ་ཇི་ལྟ་བར་དཀྱིལ་འཁོར་བྲི་བར་བྱས་ནས། སློབ་མ་ རྗེས་སུ་གཟུང་བར་བྱའོ། །དེ་ཉིད་བསྟན་པ། དར་གྱིས་གདོང་པ་བཀབ་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། རས་དམར་པོས་སློབ་མའི་གདོང་པ་བཅིངས་ནས་ཇི་སྐད་གསུངས་པ་བཞིན་བྱའོ། །ད་ནི་ཧོཾ་གྱི་སྦྱོར་བ་བསྟན་པ། དེ་ནས་སྦྱིན་སྲེག་རབ་གསུངས་པ། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞི་བ་ལ་སོགས་པའི་ལས་རྣམ་པ་བཞི་ལ། རྣལ་འབྱོར་པའི་བསམ་པའི་བྱེ་བྲག་ཇི་ལྟར་བྱ་བ་བསྟན་པ་ནི། ཞི་བ་ལ་ནི་ཞི་བའི་སེམས། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་ཞི་བ་ལ་སོགས་པའི་བསམ་པ་དང་ལྡན་པའི་རྣལ་འབྱོར་པས། ཞི་བ་ལ་སོགས་པའི་སྦྱིན་སྲེག་བྱ་བའོ། ། ཐབ་ཁུང་གི་དབྱིབས་གསུངས་པ། ཟླུམ་པོའི་རྣམ་པ་བཞི་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྟེ། ཞི་བ་ལ་ཟླུམ་པོ། རྒྱས་པ་ལ་གྲུ་བཞི། གསད་པ་ལ་གྲུ་གསུམ་གྱི་ཐབ་ཁུང་དུ་བྱའོ། །དེ་བཞིན་དུ་ཐབ་ཁུང་བརྐོ་བའི་ཚད་གསུངས་པ། ཞི་བ་ལ་ནི་ཁྲུ་གང་ཚད། །ཅེས་བྱ་བ་ལ་སོགས་པ་སྟེ། ཁ་ཁྱེར་ཁྲུ་གང་ཙམ་ལ་གཏིང་དུ་ཁྲུ་ཕྱེད་བརྐོས་པ་ནི་ཞི་བའི་ཐབ་ཁུང་སྟེ། གཞན་ལ་ཡང་ཇི་སྐད་གསུངས་པ་བཞིན་ཤེས་པར་བྱའོ། །ཞི་བ་དང་རྒྱས་པ་དག་ལ་ནི་པདྨའི་ཕྲེང་བས་བསྐོར་བར་བྱའོ། །གཞན་དག་ལ་རྡོ་རྗེ་ཕྲེང་བས་བསྐོར་བར་བྱ་སྟེ། འདི་ལྟར་ཐམས་ཅད་ལ་རྗེས་སུ་རིག་པར་བྱ་ སྟེ། འདི་ནི་ལེའུ་བརྒྱད་པའི་འགྲེལ་པའོ།། །།ཆར་དབབ་པ་ལ་སོགས་པའི་སྦྱོར་བ་སྟོན་པ། རྒྱ་མཚོའི་ས་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱ་མཚོའི་འགྲམ་ནས་ས་བླངས་ལ། སྦྲུལ་གཅིག་བྱས་ལ། དེ་ནས་ཚོན་ནག་པོས་དེ་བསྐུས་ཏེ། ཨོཾ་ཕུ་ཞེས་བྱ་བའི་གསང་སྔགས་གྲོ་ག་ ལ་བྲིས་ཏེ་དེའི་སྙིང་གར་བཅུག་སྟེ་བཞག་ནས། དེ་ནས་ཨོཾ་ཧྲཱིཿཥྚྲིཿཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཁྲི་ཕྲག་གཅིག་བཟླས་བརྗོད་བྱའོ། །སྔོན་དུ་བསྙེན་པ་ནི་འདྲའོ། །སྟོབས་ཀྱི་ས་བོན་ཞེས་བྱ་བ་ནི། འཁྲི་ཤིང་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའོ། །མིག་སྨན་གྱིས་ཞེས་བྱ་བ་ལ་སོགས་པ་ནི། དུར་ ཁྲོད་ཀྱི་སོལ་བ་ལས་གཟུགས་བརྙན་བྱ་བ་སྟེ། དེ་ནས་དྷ་དུ་རའི་ཁུ་བ་ལ། ཧྲཱིཿཥྚྲིཿལ་སོགས་པའི་གསང་སྔགས་ཁྲི་ཕྲག་གཅིག་བཟླས་བརྗོད་བྱས་ཏེ་བྱུག་པར་བྱའོ། །དེ་ནས་གྲུབ་པའི་ས་བོན་ཞེས་བྱ་བ་ཉུངས་ཀར་ལ་འབུམ་ཕྲག་བཞི་བཟླས་བརྗོད་བྱས་ཏེ། དེས་གཏོར་ན་དེ་ལྟར་དེ་འཚོ་བར་འགྱུར་རོ། ། ལྟེང་ཀའི་ས་ནི་བླངས་ནས་སུ། །ཞེས་བྱ་བ་ལ་སོགས་པ་ལ། ལྟེང་ཀ་ནི་ཆུ་ཆུང་ངུ་འབབ་པ་སྟེ། དེའི་ས་བླངས་ནས་བྱའོ། །གཤིན་རྗེའི་དགྲ་ཞལ་གཅིག་ཕྱག་གཉིས་པའི་འདྲ་འབག་བྱའོ། །དུར་ཁྲོད་ཀྱི་ཐལ་བ་ལ་སོགས་པས་བྱའོ་ཞེས་བྱ་བ་ལ་ལས་བཤད་དོ། །དེ་ཕྱེ་མ་དཀར་པོར་བྱས་ལ། ཕྱག་གཡས་ རྡོ་རྗེ། གཡོན་ན་མིག་བསྣམས་པ་བྱས་ནས། བདག་ཉིད་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། དེ་མདུན་དུ་བཞག་ནས་ཉིན་རེ་བཞིན་དུ་གོ་ཀུ་ད་ཧ་ན་ལ་སོགས་པ་ཇི་སྐད་གསུངས་པའི་གཏོར་མ་ཕུལ་ལ། དེ་ནས་ཞག་བདུན་དུ་གསང་སྔགས་བསྐུལ་ཚིག་དང་བཅས་པ་ཁྲི་ཕྲག་རེ་རེ་བཟླས་བརྗོད་བྱས་ན། དེ་ནས་དགྲ་བོ་ དེ་འཆི་བར་འགྱུར་རོ། །འདི་ནི་ལེའུ་དགུ་པའི་རྣམ་པར་འགྲེལ་པའོ།། །།རོ་ལངས་ཀྱི་སྒྲུབ་པ་གསུངས་པ། ཤིང་ལ་བཏགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཤིང་ལ་དཔྱངས་པའི་རོ་བླངས་ནས། དྲི་ཞིམ་པོ་ལ་སོགས་པས་དེ་ལེགས་པར་བཀྲུས་ཏེ། དེ་ལ་མཆོད་པ་ལེགས་པར་ བྱས་ནས། དེ་ནས་གསང་སྔགས་བཟླས་བརྗོད་བྱའོ། །འདི་ལྟར་བྱས་པས་དེ་ལྡང་བར་འགྱུར་ཏེ། དེ་ལ་འཇིགས་པ་མེད་པར་གང་གསུངས་པ་དེ་སྟེར་བར་བྱེད་དོ། །ད་ནི་མངོན་པར་དགའ་བའི་བུ་མོ་སྒྲུབ་པ་ཇི་ལྟ་བ་དེའི་སྦྱོར་བ་གསུངས་པ། མ་ཧེ་ཆུ་སྲིན་ཞེས་བྱ་བ་ལ་སོགས་པ་སྟེ། མ་ཧེ་དང་ཆུ་སྲིན་ལ་ སོགས་པའི་ཤ་དང་། གཞན་ཡང་གང་ལ་སྦྱོར་བ་དེ་གྲུབ་པར་བྱེད་དོ། །ཞལ་གསུམ་ཕྱག་དྲུག་ཅེས་བྱ་བ་ལ་སོགས་པ་ནི། ཐོ་བ་གཤིན་རྗེའི་དགྲ་ལ་སོགས་པ་བཞིའི་སྐུ་སྟོན་པ་སྟེ། དེ་ལ་ཐོ་བ་བསྒོམ་ཞེས་བྱ་བ་ནི། ཐོ་བ་གཤིན་རྗེའི་དགྲ་བསྒོམ་པ་སྟེ། མདོག་སྔོན་པོ་ཕྱག་གཡས་ན་ཐོབ། གཞན་ རིགས་ཀྱི་བདག་པོ་དང་མཐུན་པ། འདི་ལྟ་བུར་ཐོ་བ་གཤིན་རྗེའི་དགྲ་བསྒོམ་པར་བྱའོ། །དེ་བཞིན་དུ་བེ་ཅོན་གཤིན་རྗེའི་དགྲ་ཡང་སྐུ་མདོག་དཀར་པོ། ཕྱག་གཡས་ན་བེ་ཅོན་བསྣམས་པ། གཞན་རང་གི་དཀྱིལ་འཁོར་གྱི་བདག་པོ་དང་མཐུན་པ། དེ་ནས་པདྨ་གཤིན་རྗེའི་དགྲ་ཡང་སྐུ་ མདོག་དམར་པོ་ཕྱག་ན་པདྨ་དམར་པོ་འཛིན་པ། གཞན་རང་གི་བདག་པོ་དང་མཐུན་པ། དེ་བཞིན་དུ་རལ་གྲི་གཤིན་རྗེའི་དགྲ་ཡང་། ནག་པོ་རལ་གྲི་བསྣམས་པ་སྟེ་གཞན་ཡང་དེ་བཞིན་དུ་སྦྱར་རོ། །བྷ་གར་མཚན་མ་བསམས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི། བདག་ཉིད་དཀྱིལ་འཁོར་ གྱི་བདག་པོའི་སྒོམ་པ་དང་ལྡན་པས། ཤེས་རབ་མ་དང་སྦྱོར་བའི་ཏིང་ངེ་འཛིན་ལས། དེའི་དུས་ན་ཇི་ལྟ་བའི་རང་རིག་པ་སྐྱེས་པ་དེ་ཉིད་དེ་ལྟར་བཅོམ་ལྡན་འདས་ཡིན་ནོ་ཞེས་ཤེས་པར་བྱ་བའི་དོན་ཏོ། །དེ་ནས་ཞེ་སྡང་གཤིན་རྗེ་གཤེད་བསྒོམ་པར་བྱ་སྟེ། དེ་ལས་གཏི་མུག་གཤིན་རྗེ་གཤེད་བསྒོམ་པར་བྱའོ། ། འདི་ལྟར་སེར་སྣ་གཤིན་རྗེ་གཤེད་ལ་སོགས་པ་དཀྱིལ་འཁོར་རིམ་པ་བཞིན་རྫོགས་པར་བསྒོམས་ཏེ། བརྟན་པར་གྱུར་པ་དང་སྔ་མ་བཞིན་དུ་སྦྱར་བ་ལས་རང་གི་རིགས་ཀྱི་འོད་ཟེར་སྤྲོས་པས་བརྩོན་པར་བྱའོ། །འདི་ནི་ལེའུ་བཅུ་པའི་རྣམ་པར་འགྲེལ་པའོ།། །།ད་ནི་ཞེ་སྡང་དང་གཏི་མུག་ལ་སོགས་ པའི་གཤིན་རྗེ་གཤེད་ཀྱི་སྐུ་སྤྲུལ་པའི་འབྲས་བུ་སྟོན་པ། འགྲོ་བ་ཁོང་ཁྲོས་མནན་གཟིགས་ནས། །ཞེས་བྱ་བ་ལ་སོགས་པ་སྟེ། གར་ཞེ་སྡང་ལ་སོགས་པའི་སྐྱོན་གྱིས་འགྲོ་བ་རྣམས་ཟིལ་གྱིས་མནན་པར་གཟིགས་ཏེ། ཞེ་སྡང་ལ་སོགས་པ་དེ་དག་ཟད་པར་བྱ་བའི་ཕྱིར་ཞེ་སྡང་རྡོ་རྗེ་ལ་ སོགས་པའི་གཟུགས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་གྱུར་པ་སྟེ། གང་གི་ཕྱིར་ཞེ་སྡང་ལ་སོགས་པའི་དྲི་མ་གང་སེལ་བར་གྱུར་པ་དེ་སྤྲུལ་པས་བྱང་ཆུབ་ཀྱི་ཡེ་ཤེས་སྐྱེ་བར་བྱེད་དེ། གང་དང་གང་དུ་ཉེས་པ་ཟིལ་གྱིས་ནོན་པའི་ཡིད་དུ་གྱུར་པ་དེ་དང་དེའི་རྣམ་པ་ཉིད་དུ་བཅོམ་ལྡན་འདས་ཐུགས་ རྗེ་ཆེན་པོའི་ཐུགས་ཀྱིས་སེམས་སྦྱོང་བར་མཛད་དེ། དེས་ན་སེམས་ཅན་རྣམས་ཡིད་འབྱུང་བར་མི་འགྱུར་བར་ཇི་ལྟ་བ་དེ་ཉིད་ཀྱིས་ཆོས་ཉིད་སྟོན་པར་མཛད་དོ། །དེ་བས་ན་ཞེ་སྡང་ལ་སོགས་པ་ཟད་པར་བྱ་བའི་ཕྱིར། ཞེ་སྡང་རྡོ་རྗེ་ལ་སོགས་པ་གཤིན་རྗེ་གཤེད་རྣམས་བསྒོམས་པ་ལས། དྲི་མ་ ཐམས་ཅད་བསལ་ནས། ངེས་པར་སངས་རྒྱས་ཉིད་འགྲུབ་པར་བྱེད་དོ། །འོད་ཟེར་ཅན་མ་ལ་སོགས་པ་ལྷ་མོ་བཞིའི་རྣམ་པར་དག་པ་གསུངས་པ། འོད་ཟེར་ཅན་མ་བྱམས་པར་བརྗོད། །ཅེས་བྱ་བ་ལ་སོགས་པ་སྟེ། ཚངས་པའི་གནས་བཞི་རྣམ་པར་དག་པ་ནི། ལྷ་མོ་བཞི་པོ་དེ་དག་ཏུ་དམིགས་ པར་བྱ་བ་ཡིན་ནོ། །དེ་ནས་ཡང་དག་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་ནི། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས། སྤྱོད་པའི་མཚན་ཉིད་ཀྱི་སྤྱོད་ལམ་དག་ཇི་ལྟར་བྱ་བ་གསུངས་པ་སྟེ། མི་ཆོས་རྡོ་རྗེ་འཛིན་ཞེས་བྱ་བ་ནི། ལྕགས་ཀྱི་རྡོ་རྗེ་འཛིན་པའོ། །དེ་ལྟ་བུ་ལ་སོགས་པ་ཇི་ལྟར་གསུངས་པའི་ གཤིན་རྗེ་གཤེད་ཀྱི་གཟུགས་སུ་སྤྲུལ་ཏེ། ནགས་ཚལ་དུ་ཞུགས་ནས་ཇི་སྐད་གསུངས་པའི་མཚན་ཉིད་ལ་གནས་པས། ཇི་སྲིད་སྟོབས་ཅུང་ཟད་ཐོབ་པར་མ་གྱུར་གྱི་བར་དུ་གནས་ནས། དེ་ནས་ཇི་ལྟ་བར་རྩེན་ཅིང་གྲོང་ཁྱེར་དུ་འཇུག་པར་བྱའོ། །རྒྱལ་མཚན་ལྡན་པའི་ཁྱམས་མཐོང་ནས། །འོ་ མ་དེ་ལ་རབ་ཏུ་འགྲུབ། །ཅེས་བྱ་བ་ནི་མི་གནས་པར་བྱེད་པའི་སྐྱེ་བ་མཐོང་བ་སྟེ། དེས་ཤ་དང་ཁྲག་ལ་སོགས་པ་ལ་ལོངས་སྤྱོད་པས། ཟད་པར་བྱེད་པ་ལ་དགའ་བ་འགྲུབ་སྟེ། དགའ་བའི་སེམས་དེས་ཐེ་ཚོམ་མེད་པར་ཕྱག་རྒྱ་ཆེན་པོ་སྒྲུབ་པར་ནུས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་འདི་ལྟར་ཇི་ལྟར་ གསུངས་པའི་སྤྱོད་པའི་རྣལ་འབྱོར་པས། རིམ་གྱིས་སྲིད་པའི་འཛིན་པ་རྣམས་བྲལ་བར་འགྱུར་རོ། །དེ་ནས་སྲིད་པའི་བག་ཆགས་མི་སྦྱོར་བས། ངེས་པ་ཉིད་དུ་བྱང་ཆུབ་ཐོབ་པར་འགྱུར་རོ། །རེ་ཞིག་འདིས་ནི་བདག་ཏུ་འཛིན་པའི་བག་ཆགས་གང་བརྟན་པར་གྱུར་པ་རྣམས་དེ་ལ་རིམ་ གྱིས་སེལ་བར་བྱེད་དེ། གཞན་དུ་ན་ལྷའི་སྐུ་ཉིད་དུ་རྟོགས་ནས་དེ་བཞིན་དུ་རུས་པའི་ཕྲེང་བ་ལ་སོགས་པ་འཛིན་པ་ལས། ཐ་མལ་པའི་དངོས་པོའི་རིགས་སྣ་ཚོགས་ལ་གང་ཞེན་པའི་དངོས་པོ་བདག་ཏུ་བར་ངེས་པར་གནས་པ་ལ་མི་སྣང་སྟེ། ཇི་ལྟར་འདིར་བདག་ཏུ་འཛིན་པ་དང་བྲལ་བ་དེ་བཞིན་དུ་སྡུག་ བསྔལ་ལ་སོགས་པ་སྲིད་པར་མི་འགྱུར་རོ། །བདག་ཏུ་འཛིན་པར་གྱུར་ན་ནི། རང་བཞིན་གྱིས་ཕན་པའི་དོན་འདོད་པ་ལ་སོགས་པར་གྱུར་པས་སྡུག་བསྔལ་མངོན་པར་སྒྲུབ་པོ། །ཅིག་ཤོས་ལས་ནི་འདི་ལྟར་སྡུག་བསྔལ་དུ་ག་ལ་འགྱུར། དེ་ནས་སྡུག་བསྔལ་དང་སྦྱོར་བ་དང་བྲལ་བ་ལས་ བདེ་བ་ཆེན་པོའི་མཚན་ཉིད་དང་ལྡན་པའི་ཡིད་བྱང་ཆུབ་ཐོབ་པར་བྱེད་དོ། །འོ་ན་དེ་ལྟ་ན་ཡང་སྐྱོན་ཉིད་དུ་འགྱུར་ཏེ། ཡིད་དེ་བདེ་བ་ཆེན་པོའི་རྣམ་པ་ཅན་ཡིན་ན་ཡང་ངེས་པ་ཉིད་དུ་སྡུག་བསྔལ་གྱིས་ནོན་པར་བྱེད་དེ། བདེ་བ་དང་སྡུག་བསྔལ་བ་དག་ནི་ཕན་ཚུན་ལྟོས་པ་ཉིད་ཡིན་ པས། གཅིག་ཡིན་པར་གྱུར་ན་རང་བཞིན་ཉིད་ཀྱིས་རིམ་གྱིས་གཉིས་ལ་ལེན་པར་བྱེད་དེ། དེ་བས་ན་གཞན་དུ་ཡང་སྡུག་བསྔལ་མངོན་པར་གྲུབ་པས་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེ་ན། འདི་བརྗོད་པར་བྱ་སྟེ། བདེ་བ་ཆེན་པོའི་རྣམ་པ་ཞེས་བྱ་བ་འདི་ཅི་བདེ་བའི་བདག་ཉིད་རང་གིས་ཉམས་ སུ་མྱོང་བའི་རང་རིག་པ་འཛིན་པ་ལ་སོགས་པའི་བདག་ཉིད་ཅན་དུ་འགྱུར་བ་ཞིག་གམ་ཇི་ལྟར་ན་གང་དག་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་ཡང་དག་པ་མ་ཡིན་པའི་ཉོན་མོངས་པ་འབྱུང་བ་ཡིན་ཏེ། རྒྱུའི་དངོས་པོ་ལས་འབྲས་བུ་འབྱུང་བ་ཐམས་ཅད་ལ་སྣང་བ་ཉིད་དོ། །དེ་ནི་འདི་ ལྟར་ཉོན་མོངས་པའི་བག་ཆགས་མཐའ་དག་རྣམ་པར་བསལ་བའི་ཡིད་དུ་གྱུར་པ་ན། དེ་ལ་འཁོར་བའི་སྡུག་བསྔལ་མི་འབྱུང་བའི་ཕྱིར་བདེ་བ་ཆེན་པོ་ཞེས་བྱ་བའི་སྒྲས་བརྗོད་དེ། གཞན་དུ་ན་དེ་ལ་བདེ་བ་ལ་སོགས་པ་གཟུང་བའི་དངོས་པོ་མྱོང་བ་ནི་མེད་དོ། །དེ་ནས་ཡང་དག་བཤད་བྱ་བ། ། ཕྱག་བརྒྱ་པ་ཡི་སྒྲུབ་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་འདིའི་རིམ་པ་ནི། ཡི་གེ་ཥྚྲིཿའི་ས་བོན་ལས་བྱུང་བའི་ཕྱག་བརྒྱ་པའི་གཤིན་རྗེ་གཤེད་མ་ཧེའི་ཞལ་ལ་སོགས་པ། ཞལ་གསུམ་མམ་ཅི་དགའ་བར་བྱ་སྟེ། གསང་སྔགས་ཡི་གེ་འདི་ཉིད་དམ། གཞན་ཡང་བཟླས་པར་བྱའོ། ། ཕྱག་ཐམས་ཅད་ན་མཚོན་ཆས་བརྒྱན་པ་སྟེ། འདི་ལྟར་བེ་ཅོན་གཤིན་རྗེ་གཤེད་ལ་སོགས་པ་གཞན་ལ་ཡང་རྟོགས་པར་བྱའོ། །དེ་ནས་རྣལ་འབྱོར་པས་སྐྱོན་མེད་པའི་དམ་རྫས་བཟའ་བ་སྒྲུབ་པ་གསུངས་པ། ཤ་ཆེན་རྟ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་འགྲོ་བ་ཐམས་ཅད་ དབང་དུ་བྱེད་པ་ལ། ཇི་ལྟར་རྣལ་འབྱོར་པས་རྟག་ཏུ་གནས་པར་བྱ་བ་སྟོན་པ། མར་ཁུ་ཆེན་པོས་ལུས་བྱུགས་པ། །རམས་དང་བསྲེས་ཏེ་བཙོས་པས་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། རམས་དང་བསྲེས་པའི་ཏིལ་ཆེན་པོ་བརྡུངས་ཏེ། དེས་ལུས་ལ་བསྐུ་བ་བྱས་ན་འགྲོ་བ་ཐམས་ཅད་དབང་དུ་ འགྱུར་རོ། །དེ་བཞིན་དུ་གོ་རོ་ཙ་ན་ལ་སོགས་པ་ཇི་སྐད་གསུངས་པའི་རྫས་རྣམས་ཀྱིས་ལུས་བསྐུས་ན་ཡང་འགྲོ་བ་ཐམས་ཅད་དབང་དུ་བྱེད་དོ། །འདི་ནི་ལེའུ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། །།རི་ལུ་སོ་སོ་ཞེས་བྱ་བ་ལ་སོགས་པ་ནི། བགྲང་ཕྲེང་གི་རི་ལུ་རེ་རེ་གཤིན་རྗེ་གཤེད་ཀྱི་ སྐུར་བསམས་ཏེ་བཟླས་པ་བྱའོ། །ཡང་ན་མི་མགོ་རློན་པའི་གཟུགས་སུ་བསམས་ནས་འདི་ལྟར་བཟླས་པ་ཁྲི་ཕྲག་གཅིག་བཟླས་པ་ཙམ་གྱིས་མཁའ་འགྲོ་མ་དང་འབྱུང་པོ་དང་། གདོན་སྟོང་སྙེད་ཀྱང་ཁྲོས་མ་ཐག་ཏུ་གསོད་པར་བྱེད་ན་མི་རྣམས་ལྟ་ཅི་སྨོས། བཟའ་བའི་རྫས་ཐམས་ཅད་ལས་ དང་པོར་གཤིན་རྗེ་གཤེད་ལ་དབུལ་བར་བྱ་བ་བསྟན་པའི་ཕྱིར། མཁས་པས་རྟག་ཏུ་ཅི་བཟའ་དང་། །ཅི་འཐུང་བ་ཡང་དེ་བཞིན་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་བླ་མ་ལ་སློབ་མས་དབུལ་བྱ་གསུངས་པ། ཞི་བའི་བདག་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྟེ། བ་ ལང་དང་གླང་པོ་དང་ནོར་དང་འབྲས་དང་གསེར་དང་བུ་དང་བུ་མོ་དང་ཆུང་མ་དང་སྲིང་མོ་དང་གཉེན་འདབ་ཀྱི་ཚོགས་ཐམས་ཅད་བླ་མ་ལ་ཕུལ་བའི་རྒྱུས། འདི་ལྟར་སློབ་མ་དེ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཏེ། མྱུར་བ་ཉིད་དུ་བྱང་ཆུབ་ཐོབ་པར་འགྱུར་རོ། །འདི་ནི་ལེའུ་བཅུ་གཉིས་པའི་ རྣམ་པར་འགྲེལ་པའོ།། །།ད་ནི་གཤིན་རྗེ་གཤེད་ཀྱི་མཚོན་ཆའི་རྣམ་པར་དག་པ་གསུངས་པ། དེ་ནས་སེམས་ཅན་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་རྡོ་རྗེ་མཁའ་འགྲོའི་སྒྲུབ་པ་གསུངས་པ། མཁའ་དབྱིངས་དབུས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་སྐད་གསུངས་པའི་རིམ་པས་ཁང་པ་བརྩེགས་པ་བསམས་ནས། པདྨོའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་དྷཱིཿབསམས་ཏེ། དེ་ལས་བྱུང་བའི་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་ཞལ་གསུམ་ཕྱག་དྲུག་བསྒོམ་པར་བྱ་སྟེ། དེའི་ཕྱག་གཡས་དང་པོ་ན་རྡོ་རྗེ། ལྷག་མ་ནི་སྔོན་བཞིན་དུ་ཞེ་ སྡང་གཤིན་རྗེ་གཤེད་ལྟ་བུར་རིག་པར་བྱའོ། །དེ་བཞིན་དུ་ཤར་དང་ལྷོ་ལ་སོགས་པའི་ཕྱོགས་སུ་སངས་རྒྱས་མཁའ་འགྲོ་མ་དང་། རིན་ཆེན་མཁའ་འགྲོ་མ་ལ་སོགས་པ། གཏི་མུག་གཤིན་རྗེ་གཤེད་དང་། སེར་སྣ་གཤིན་རྗེ་གཤེད་ལ་སོགས་པ་དང་མཐུན་པར་བལྟ་བར་བྱའོ། །དེ་ཉིད་ གསུངས་པ། ཤར་དུ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་མེ་དང་བདེན་བྲལ་ལ་སོགས་པའི་གྲྭ་རྣམས་སུ། སྒེག་མོ་དང་ཕྲེང་བ་ལ་སོགས་པའི་ལྷ་མོ་བཞི་པོ་གཏི་མུག་རྡོ་རྗེ་ལ་སོགས་པའི་གཤིན་རྗེ་གཤེད་དང་མཐུན་པར་བལྟ་བར་བྱའོ། །དེ་བཞིན་དུ་ཤར་ལ་སོགས་པའི་སྒོ་བཞིར་ཐོ་བ་རྡོ་ རྗེ་ལ་སོགས་པའི་གཤིན་རྗེ་གཤེད་བཞིའོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་གསང་སྔགས་གསུངས་པ། ཨོཾ་བཛྲ་ཌཱ་ཀི་ནཱི་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་བསྐྱེད་པ་དང་མཆོད་པའི་སྔགས་སོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་བཟླས་བརྗོད་བྱ་བའི་སྔགས་ནི། ཨོཾ་ཨཱ་ཀ་ཤ་ཙ་ར་བཛྲ་ཌཱ་ཀི་ནཱི་ སྭཱ་ཧཱ། དེ་བཞིན་དུ་ས་འོག་གི་ལམ་དུ་འཇུག་པར་བྱ་བའི་ཕྱིར། རྡོ་རྗེ་ས་འོག་གི་སྒྲུབ་པ་གསུངས་པ། ཕྱག་དྲུག་ཁ་དོག་སྔོན་མོའི་འོད། །ཅེས་བྱ་བ་ལ་སོགས་པ་སྟེ། ཁང་པ་བརྩེགས་པའི་སྦྱོར་བ་ཇི་ལྟ་བ་བཞིན་ཤེས་པར་བྱས་ནས། འདི་ལྟར་ཕྱག་དང་པོ་གཏུན་ཤིང་། གཞན་སྔ་མ་དང་མཐུན། ཞལ་གསུམ་ཡང་དེ་བཞིན་ནོ། །དེ་བཞིན་སྤྱན་ལ་སོགས་པའི་ལྷ་མོ་བཞི་ཡང་ཤར་ལ་སོགས་པའི་ཕྱོགས་སུ་དགོད་དོ། །གྲྭ་རྣམས་སུ་མེ་ཏོག་ལ་སོགས་པའི་ལྷ་མོ་བཞིའོ། །སྒོར་ཐོ་བ་གཤིན་རྗེ་གཤེད་ལ་སོགས་པའི་སྒོ་སྐྱོང་རྣམས་དགོད་པར་བྱའོ། །དེ་བཞིན་དུ་བདུན་བདག་རྒྱལ་ པོའི་དཀྱིལ་འཁོར་དུ་ནམ་མཁའ་ལ་སྤྱོད་པའི་དངོས་གྲུབ་གསུངས་པ། ཞལ་གཅིག་པ་ལ་ཕྱག་གཉིས་པ། །ཞེས་བྱ་བ་ལ་སོགས་པ་སྟེ། ཁང་པ་རྩིག་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བལྟས་ཏེ། དེར་རྟའི་ཞལ་ཕྱག་གཉིས་ཞལ་གཅིག་མདོག་སྔོན་པོ། གཡས་ན་མོན་སྲན་གྲེའུ་དང་ ལྡན་པའི་ཁུ་ཚུར། གཡོན་ཐོད་པ་བསྣམས་པའོ། །ཤར་ལ་སོགས་པའི་ཕྱོགས་སུ་རྒོད་མ་ལ་སོགས་པའི་ལྷ་མོ་བཞི་པོ་གཙོ་བོ་དང་མཐུན་པའོ། །དེ་བཞིན་དུ་གྲྭ་རྣམས་སུ་རྡོ་རྗེ་གླིང་བུ་མ་ལ་སོགས་པའི་ལྷ་མོ་བཞི་པོ། ཕྱག་གཡས་ན་གླིང་བུ་འབུད་པ་ལ་སོགས་པར་མཛད་པ་སྟེ། སྐུ་མདོག་ནི་རང་གི་གཙོ་བོ་བཞིན་ནོ། །དེ་བཞིན་དུ་བ་ལང་རྣ་ལ་སོགས་པའི་སྒོ་སྐྱོང་བཞི་ཡང་སྔོན་བཞིན་དུ་གཡས་ན་གཏུན་ཤིང་ལ་སོགས་པའི་མཚོན་ཆ་བསྣམས་པ། གཡོན་ན་རང་གི་རིག་མའི་ནུ་མ་ལ་འཁྱུད་པ། ཞབས་བརྒྱད་ཀྱིས་དོར་སྟབས་སུ་གནས་པའོ། །འདི་ནི་ལེའུ་བཅུ་གསུམ་པའི་ རྣམ་པར་འགྲེལ་པའོ།། །།ད་ནི་དཀྱིལ་འཁོར་གྱི་ཆོ་ག་གསུངས་ཏེ། དེ་ལ་ཡེ་ཤེས་ཀྱི་ཐིག་གདབ་པ་གསུངས་པ་ནི། དེ་ལ་འདི་ནི་ཐིག་གདབ་པའི། །ཞེས་བྱ་བ་ལ་སོགས་པ་སྟེ། སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བྱས་པ་དང་ལྷན་ཅིག་ཏུ། ཡེ་ཤེས་ཀྱི་ཐིག་ལ་ཨོཾ་ཨཱཿཧཱུཾ་ཞེས་ཟློས་ ཤིང་གདབ་པར་བྱའོ། །དེ་ལ་དང་པོར་ས་གཟུང་བར་བྱ་བ་གསུངས་པ། དེ་ལ་འདི་ནི་ས་ཆེན་པོ་གཟུང་བའི་དམ་ཚིག་གོ་ཞེས་བྱ་བ་ལ་སོགས་པའོ། །དེ་ཕྱེད་ཀྱིས་ནི་རྡུལ་ཚོན་ས། །ཞེས་བྱ་བ་ནི་དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུའི་ཕྱེད་ཀྱི་ཚད་དུ་རིན་པོ་ཆེ་ཕ་གུ་ལ་སོགས་པའི་སའི་ཆ་བྱ་བའོ། ། ཤར་ཕྱོགས་ལ་སོགས་པའི་དཀྱིལ་འཁོར་གྱི་སའི་ཆ་ནི། དཀར་པོ་ལ་སོགས་པའི་ཚོན་གྱིས་ཡོངས་སུ་དག་པར་བྱའོ། །དགང་གཟར་བླུགས་གཟར་ཚད་ཅེས་བྱ་བ་ལ་སོགས་པ་སྟེ། དགང་གཟར་གྱི་ཚད་ནི་ཡུ་བ་ཁྲུ་གང་ཙམ་དུ་བྱའོ། །དེའི་རྩེ་མོར་རྒྱར་སོར་བཞི་ཙམ་ཟླུམ་པོར་བརྐོ་ བར་བྱའོ། །དེའི་མཆུ་ལ་སོར་ཕྱེད་བརྐོ་བར་བྱའོ། །དེའི་ཕྱི་རོལ་དུ་པདྨའི་འདབ་མ་འདྲ་བས་བསྐོར་བར་བྱའོ། །བླུགས་གཟར་གྱི་མཚན་ཉིད་ཀྱང་ཇི་སྐད་གསུངས་པ་བཞིན་ཤེས་པར་བྱའོ། །སློབ་མ་ལ་ཡེ་ཤེས་དབབ་པའི་སྦྱོར་བ་གསུངས་པ། འབྱུང་ཆེན་བཞིའི་ས་བོན་ཞེས་བྱ་བ་ལ་སོགས་ པ་སྟེ། བདེ་བ་ཆེན་པོ་ལ་སོགས་པའི་འཁོར་ལོ་བཞི་བསམ་པར་བྱ་བ་ནི། སློབ་མའི་སྤྱི་བོ་ནས་རྐང་པའི་མཐིལ་བར་གྱི་གནས་བཞི་ལ་བལྟ་བར་བྱའོ། །དེ་ལ་རྐང་པའི་མཐའ་ལ་སོགས་པའི་གནས་ཀྱི་འཁོར་ལོ་ལ་ཡི་གེ་ཡཾ་རཾ་ལཾ་བཾ་རྣམས་ལས་འབྱུང་བ་ཆེན་པོའི་དཀྱིལ་འཁོར་ཇི་སྐད་གསུངས་ པ་བཞིན་བསམ་མོ། །སློབ་མ་དེ་ཡང་འོད་དཔག་མེད་ཀྱི་སྐུར་བསམས་ནས། དེའི་གདན་ཡང་ཨེའི་རྣམ་པའི་དབུས་སུ་གྱུར་པར་རི་རབ་ལྷུན་པོ་མནན་པའི་སའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམ་པར་བྱའོ། །ད་ནི་སྐུ་གཟུགས་ཀྱི་ཆོ་ག་གསུངས་པ། སྣུམ་པའི་ས་ནི་ཞེས་བྱ་བ་ལ་སོགས་ པ་སྟེ། ས་སྣུམ་པོ་ལས་གཞི་བྱས་ཏེ། སྲན་མ་མ་ཤ་དང་སྲན་མ་མུངྒ་ལ་སོགས་པའི་ཇི་སྐད་གསུངས་པའི་རྫས་རྣམས་བླུགས་ཏེ། སྐུ་གཟུགས་བྱས་ན་ཤིན་ཏུ་མཁྲེགས་པར་འགྱུར་རོ། །དབུ་སྐྲ་ལ་སོགས་པ་ལྡོང་རོས་ཀྱིས་སེར་སྐྱར་བྱའོ། །ཞལ་ནི་སྨིན་ཕྲག་དང་ཤངས་དང་ཀོས་ཀོ་རྣམས་ཆ་ མཉམ་པར་བྱའོ། །སྦྱོར་བ་གཞན་ནི་ཇི་སྐད་གསུངས་པ་བཞིན་ནོ། །ཨེ་ཀ་ཛཱ་ཊཱིའི་སྒྲུབ་པ་གསུངས་པ། ཞལ་གཅིག་མ་ལ་ཕྱག་གཉིས་མ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། འདི་ལྟར་ཨེ་ཀ་ཛཱ་ཊཱི་ཞལ་གཅིག་ཕྱག་གཉིས་པ། གྲི་དང་ཐོད་པ་བསྣམས་པ་བསྒོམས་ཏེ། གནོད་སྦྱིན་མའི་ དངོས་གྲུབ་པོ། །དེ་བཞིན་དུ་ཛམྦྷ་ལ་ལ་སོགས་པའི་ལྷ་བཞི་ཡང་ཤར་ལ་སོགས་པའི་ཕྱོགས་བཞིར་རོ། །དེ་བཞིན་དུ་འཁྱིལ་མ་ལ་སོགས་པའི་ལྷ་མོ་བཞི་ཡང་གྲྭ་རྣམས་སུའོ། །ཐོ་བ་གཤིན་རྗེ་གཤེད་ལ་སོགས་པའི་སྒོ་སྐྱོང་རྣམས་ཀྱང་བསམས་ཏེ། ལྷ་དེ་རྣམས་ཀྱང་གོང་གི་གཤིན་རྗེ་གཤེད་ཀྱི་ དཀྱིལ་འཁོར་དང་ཁ་དོག་མཐུན་པར་ཤེས་པར་བྱའོ། །བདག་པོའི་ཕྱག་མཚན་ཐམས་ཅད་འཛིན། །ཞེས་བྱ་བ་ནི་སྙིང་པོའི་དཀྱིལ་འཁོར་ན་གནས་པའི་བདག་པོའི་ལྷ་དང་། ཨེ་ཀ་ཛཱ་ཊཱི་ཕྱག་མཚན་མཐུན་པར་ཤེས་པར་བྱ་སྟེ་གཞན་ཡང་དེ་བཞིན་ནི། པུཀྐ་སཱི་བསྒོམས་པས་དགྲ་བོའི་ཁྲག་དང་ཤ་ ལ་སོགས་པ་འདྲེན་པར་བྱེད་པ་ཡིན་ཏེ། དེའི་སྐུ་སྟོན་པ་ནི་ཁ་དོག་སེར་སྐྱ་ཞེས་བྱ་བ་ལ་སོགས་པ་སྟེ། ཞགས་པ་དང་ཐོ་བ་དང་མདའ་དང་གཞུ་རྣམས་མཚོན་ཆ་ཡིན་ཏེ། འདི་ལྟར་བསྒོམ་པར་བྱའོ། །དེ་བཞིན་དུ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གསུངས་པ། དེ་ནས་ཡང་དག་བཤད་བྱ་བ། །ཞེས་བྱ་བ་ལ་ སོགས་པ་སྟེ། དེ་ལ་འདིར་འཇམ་པའི་རྡོ་རྗེ་ནི་ཞལ་གསུམ་ཕྱག་དྲུག །སྐུ་མདོག་སེར་པོ། རྩ་བའི་ཞལ་སེར། གཞན་དཀར་པོ་དང་དམར་པོའོ། །ཕྱག་དང་པོ་ན་རལ་གྲི། གཉིས་པ་ན་རྡོ་རྗེ། གསུམ་པ་ན་གྲི། གཡོན་ན་འཁོར་ལོ་དང་པདྨ་དང་ཀ་པཱ་ལའོ། །ཤར་དུ་བཞིན་བཟངས་ཞེས་བྱ་བ་ལ་སོགས་པ་ནི། དཀྱིལ་འཁོར་གྱི་ལྷ་གཞན་མི་རྫོགས་པར་གསུངས་པ་སྟེ། བཞིན་བཟངས་མ་དང་སྐྲ་ཅན་མ་ལ་སོགས་པའི་ལྷ་མོ་བཞི་ནི་ཤར་ལ་སོགས་པའི་ཕྱོགས་སུ་ཕྱག་མཚན་ནི་གཙོ་བོ་དང་མཐུན། མདོག་སེར་པོ་དང་དཀར་པོ་དང་ལྗང་གུ་དང་དམར་པོར་བལྟ་བར་བྱའོ། །ཞབས་ནི་གཡས་བརྐྱང་བའོ། །དེ་ བཞིན་དུ་མེ་ལ་སོགས་པའི་གྲྭ་རྣམས་སུ། འོད་ཟེར་ཅན་དང་རི་ཁྲོད་ལོ་མ་ཅན་ལ་སོགས་པ་བཞི་སྟེ། དེ་ལ་འོད་ཟེར་ཅན་མ་ནི་ཞལ་གསུམ་ཕྱག་དྲུག་པ། མདོག་སེར་པོ་ཕྱག་གཡས་ན་རྡོ་རྗེ་དང་ཁབ་སྐུད་དང་མདའ་བསྣམས་པ། དེ་བཞིན་དུ་གཡོན་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། མྱ་ངན་ མེད་པའི་ཤིང་དང་གཞུ་བསྣམས་པའོ། །དེ་བཞིན་དུ་རི་ཁྲོད་ལོ་མ་ཅན་མདོག་ལྗང་གུ། གཡས་ན་རྡོ་རྗེ་དང་དགྲ་སྟ་དང་མདའ་བསྣམས་པ། གཡོན་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། ཤིང་ལོའི་བམ་པོ་དང་། གཞུ་བསྣམས་པའོ། །ནོར་འཛིན་མ་ཡང་མདོག་སེར་པོ་གཡས་ན་ མཆོག་སྦྱིན་དང་འབྲུའི་སྙེ་མ་དང་མདའོ། །གཡོན་ན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། རྡོ་རྗེ་དང་གཞུ་བསྣམས་པའོ། །སྐུལ་བྱེད་མ་ནི་མདོག་དཀར་པོ། གཡས་ན་མཆོག་སྦྱིན་པ་དང་། རྡོ་རྗེ་དང་མདའོ། །གཡོན་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། དབྱུག་པ་དང་གཞུ་བསྣམས་ པའོ། །ཡང་ན་ལྷ་མོ་འདི་དག་ཐམས་ཅད་ཀྱང་མཐུན་པར་ཕྱག་ན་མྱ་ངན་མེད་པའི་ཤིང་ལ་སོགས་པའི་མཚན་མ་དང་། གཞན་གཙོ་བོ་དང་མཐུན་པར་རྡོ་རྗེ་དང་རལ་གྲི་ལ་སོགས་པ་བསྣམས་པར་བལྟ་བར་བྱ་སྟེ། མི་སྣང་བ་བསྒྲུབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་འདི་ལྟར་བསྒོམ་པར་བྱའོ། ། འདི་ནི་ལེའུ་བཅུ་བཞི་པའི་རྣམ་པར་འགྲེལ་པའོ།། །།ཆུའི་སྟེང་དུ་འཕྱོ་བར་བྱ་བའི་ཕྱིར་ཨཱརྱ་ཨ་ལིའི་བསྒོམ་པ་གསུངས་པ། སེར་མོ་ཞལ་གསུམ་ཕྱག་དྲུག་མ། །ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་གཡོན་ན་སྦྲུལ། གཞན་གོང་གི་དཀྱིལ་འཁོར་གྱི་བདག་པོ་བཞིན་གྲི་དང་འཁོར་ལོ་ལ་སོགས་ པ་བསྣམས་པར་བལྟའོ། །ཡང་ན་དེའི་གཡས་ན་རྡོ་རྗེ་དང་རལ་གྲི་དང་། གཡོན་ན་སྦྲུལ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་གཞུ་བསྣམས་པའོ། །དེ་བཞིན་དུ་རྨ་བྱ་ཆེན་མོ་དང་ཁྲོ་གཉེར་ཅན་མ་ལ་སོགས་པ་ལྷ་མོ་བཞི་ཡང་ཤར་ལ་སོགས་པའི་ཕྱོགས་བཞི་རུའོ། །དེ་ལ་རྨ་བྱ་ཆེན་མོའི་ གཡོན་ན་གནོད་སྦྱིན་བསྣམས་པ། གཞན་ནི་རྡོ་རྗེ་ལ་སོགས་པ་གཙོ་བོ་དང་མཐུན་པ། ཁྲོ་གཉེར་ཅན་མ་ནི་གཡས་ན་རྡོ་རྗེ་དང་དབྱུག་པ་དང་མདའ། གཡོན་ན་ཞགས་པ་དང་བུམ་པ་དང་གཞུ་བསྣམས་པའོ། །རི་ཁྲོད་ལོ་མ་ཅན་ནི་སྔ་མ་བཞིན་ནོ། །རྡོ་རྗེ་ལྕགས་སྒྲོག་ནི་གཡས་ན་རྡོ་རྗེ་དང་རྡོ་རྗེ་ལྕགས་སྒྲོག་དང་མདའ། གཡོན་ན་སྡིགས་མཛུབ་དང་ཀ་པཱ་ལ་དང་གཞུ་བསྣམས་པའོ། །ཡང་ན་ལྷ་མོ་འདི་རྣམས་ཀྱི་ཕྱག་ན་ཇི་ལྟར་སྦྱར་བའི་གནོད་སྦྱིན་དང་དབྱུག་པ་ལ་སོགས་པ་དང་། གཞན་གོང་གི་དཀྱིལ་འཁོར་གྱི་བདག་པོ་བཞིན་གྲི་དང་འཁོར་ལོ་ལ་སོགས་པ་བསྣམས་པར་བལྟ་བར་བྱའོ། །དེ་ཉིད་གསུངས་པ། རྨ་བྱ་ཆེན་ མོ་ཤར་དུ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་རྡོ་རྗེ་མེ་ཏོག་མ་ལ་སོགས་པ་བཞི་སྔོན་བཞིན་དུ་གྲྭ་རྣམས་སུའོ། །ཐོ་བ་རྡོ་རྗེ་ལ་སོགས་པའི་སྒོ་སྐྱོང་རྣམས་སྒོ་རྣམས་སུ་དགོད་པར་བྱའོ། །དེ་བཞིན་དུ་ཀུ་རུ་ཀུལླེའི་སྒྲུབ་པ་གསུངས་པ། ཁ་དོག་དམར་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་བརྒྱད་པ་ནི་ཀླུ་རྣམས་ ཏེ། །ཞེས་བྱ་བ་ལ་ཀླུ་བརྒྱད་ནི་མཐའ་ཡས་དང་། ནོར་རྒྱས་དང་། ཀརྐོ་ཊ་དང་། འཇོག་པོ་དང་། དུང་སྐྱོང་དང་། པདྨ་དང་། པདྨ་ཆེན་པོ་དང་། ཤིཪྵ་དང་བརྒྱད་ཕྱག་མཚན་དུ་བསྣམས་པའོ། །དེ་བཞིན་དུ་རྡོ་རྗེ་འདོད་པའི་སྒྲུབ་པས་རིག་སྔགས་འཆང་གི་བུ་མོ་དབང་དུ་བྱ་བ་དང་དགུག་པ་གསུངས་པ། །ཞལ་ གཅིག་པ་ལ་ཕྱག་གཉིས་པ། །ཞེས་བྱ་བ་ལ་སོགས་པ་སྟེ། མདོག་སེར་ཕྱག་གཉིས་ན་མདའ་གཞུ་བསྣམས་པར་བསྒོམ་པར་བྱའོ།