Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 46
Văn bản gốc(Tây Tạng)
Trang 21 / 23 (50.000 ký tự/trang)
་དོ་རུ་ཡི་གེ་རྣམ་པ་བཞི་དཀར་པོ་དང་། ནག་པོ་དང་། དམར་པོ་དང་། ལྗང་གུའི་མདོག་གོ། །ཕྱི་རོལ་གྱི་རིམ་པའི་ཤར་དང་། ལྷོ་ལ་སོགས་པའི་སྒོ་རྣམས་སུ་ཡ་ཙ་ནི་ར་ཞེས་པའི་ཡི་གེ་བཞི་པོ་ཉི་མ་ལ་ གནས་ཤིང་ནག་པོ་དང་། དཀར་པོ་དང་། དམར་པོ་དང་། ལྗང་གུའི་མདོག་གོ། །གྲྭ་བཞི་རུ་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཎ་ཡོ་ནི་ར་ཞེས་པའི་ཡི་གེ་བཞི་པོ་ཁ་དོག་དཀར་པོར་བལྟ་བར་བྱའོ། །དེ་ནས་རང་གི་རིག་མ་དང་ལྷན་ཅིག་ཏུ་ཆགས་པ་དང་། རྗེས་སུ་ཆགས་ པར་ཞུ་བ་ལས་རྡོ་རྗེ་སེམས་དཔའ་ཞུ་བའི་གཟུགས་སུ་བལྟ་བར་བྱའོ། །དེ་ནས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱི་དབང་གིས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་ཙརྩི་ཀ་ལ་སོགས་པ་རྣལ་འབྱོར་མ་བཞི་པོ་རྣམས་ནང་གི་རིམ་པའི་གྲྭ་རྣམས་སུ་བལྟ་བར་ བྱའོ། །དེ་ལ་རྡོ་རྗེ་ཙརྩི་ཀས་ནི་འདི་ལྟར་གསོལ་བ་འདེབས་པར་བྱེད་དེ། སྙིང་རྗེས་ཁྲོས་པའི་རྗེ་བཙུན་བཞེངས། །སྲིད་གསུམ་ཀུན་གྱི་གཏི་མུག་སོལ། །དེ་བཞིན་རྡོ་རྗེ་ཕག་མོས་ཀྱང་སྟེ། རྗེ་བཙུན་གསོལ་བས་མ་ཞུགས་བཞེངས། །བདུད་ནི་དག་ལས་རྒྱལ་བར་མཛོད། །དེ་ བཞིན་དུ་རྡོ་རྗེ་དབྱངས་ཅན་མས་ཀྱང་། འཇིག་རྟེན་མགོན་པོ་སྟོང་ཉིད་ཇི་ལྟར་བཞུགས། །རྗེ་བཙུན་འཇིག་རྟེན་བསོད་ནམས་ཀྱིས་བཞེངས་ཤིག །དེ་བཞིན་དུ་རྡོ་རྗེ་གཽ་རཱིས་ཀྱང་། བྱང་ཆུབ་འདོད་པའི་འཇིག་རྟེན་མགྲོན་བོས་ནས། །ཅི་ཕྱིར་ཁྱོད་ནི་སྟོང་ཉིད་སེམས་པར་བྱེད། །གླུའི་ དེ་མ་ཐག་པའི་རྗེས་ཉིད་དུ། ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་པོ་དམར་ཞིང་ཞུ་བའི་ཚོགས་སུ་ཞུགས་པར་བལྟ་བར་བྱའོ། །དེ་ནས་ཞུ་བ་དེ་ཉིད་ལས་ཉི་མ་དམར་པོ་ལ་གནས་པའི་ཡཾ་ཡིག་སྔོན་པོ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །དེའི་ལྟེ་བར་ཡང་ཉི་མ་དམར་པོ་ལ་གནས་པའི་ཡཾ་ཡིག་ སྔོན་པོའོ། །དེ་ནས་ས་བོན་དང་བཅས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཞེ་སྡང་གཤིན་རྗེ་གཤེད་གནག་ཅིང་ཁྲོ་ལ་དྲག་པོའི་མགོ་བོའི་ཕྲེང་བ་འཕྱང་བ་འཛིན་པ། མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་འབར་བ། སྨིན་མ་དང་། ཨག་ཚོམ་སེར་པོ། མཆེ་བ་ཅུང་ཟད་ གཙིགས་པ། གསུས་པ་འཕྱང་བ། འཇིག་པའི་དུས་ཀྱི་མེ་ལྟ་བུ། སྦྲུལ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པ་རྣམས་དཀྲིས་པ། ཞལ་གསུམ་པ། རྩ་བ་ནག་པོ། གཡས་དཀར་པོ། གཡོན་དམར་བ་ཕྱག་དྲུག་སྟེ། གཡས་པའི་ཕྱག་གསུམ་ན་རྡོ་རྗེ་དང་། རལ་གྲི་ དང་། །གྲི་གུག་འཛིན་པའོ། །གཡོན་པའི་ཕྱག་གིས་ནི་འཁོར་ལོ་དང་། པདྨ་དང་ཐོད་པ་འཛིན་པ་མ་ཧེ་ཆེན་པོའི་རྒྱབ་ཏུ་ཉི་མ་ལ་ཞབས་གཡོན་བརྐྱང་བའོ། །དབུ་ལ་སངས་རྒྱས་ལྔའི་རང་བཞིན་གྱི་ཐོད་པའི་དུམ་བུ་ལྔ་གནས་ཤིང་ཕྱག་རྒྱ་ལྔ་འཛིན་པའོ། །བ་སྤུའི་བུ་ག་རྣམས་ལ་ རང་དང་འདྲ་བའི་གཤིན་རྗེ་གཤེད་ཀྱི་ཚོགས་སྤྲོ་ཞིང་། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་བརྗོད་པར་བསམ་པར་བྱའོ། །དེ་དག་ནི་རྗེས་སུ་རྣལ་འབྱོར་རོ། །དེའི་རྗེས་ལ་ནང་གི་རིམ་པའི་ཤར་ཕྱོགས་སུ་གནས་པའི་ཀྵེ་ཡིག་ལས་གཏི་མུག་གཤིན་རྗེ་ གཤེད་དཀར་པོ། རྩ་བའི་ཞལ་དཀར་བ། གཡས་སྔོན་པོ། གཡོན་དམར་པོ། ཕྱག་གཡས་པ་རྣམས་ཀྱིས་འཁོར་ལོ་དང་། རལ་གྲི་དང་། གྲི་གུག་འཛིན་པའོ། །གཡོན་པའི་ཕྱག་རྣམས་ཀྱིས་རིན་པོ་ཆེ་དང་། པདྨ་དང་། ཐོད་པ་འཛིན་ཅིང་ཨོཾ་ཛི་ན་ཛིཀ་ཅེས་པའི་སྔགས་བརྗོད་པར་ བྱའོ། །དེ་ནས་ལྷོ་ཕྱོགས་མ་ཡིག་ཡོངས་སུ་གྱུར་པ་ལས་ཕྲ་མ་གཤིན་རྗེ་གཤེད་སྐུ་མདོག་སེར་པོ། རྩ་བའི་ཞལ་སེར་པོ། གཡས་དཀར་བ། གཡོན་དམར་བ། གཡས་པའི་ཕྱག་རྣམས་ཀྱིས་རིན་པོ་ཆེ་དང་། རལ་གྲི་དང་། གྲི་གུག་འཛིན་པའོ། །གཡོན་པའི་ཕྱག་རྣམས་ཀྱིས་ འཁོར་ལོ་དང་། པདྨ་དང་། ཐོད་པ་འཛིན་ཞིང་ཨོཾ་རཏྣ་དྷྲྀཀ་ཅེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་ནུབ་ཕྱོགས་སུ་མེ་ཡིག་ཡོངས་སུ་གྱུར་པ་ལས་འདོད་ཆགས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ། རྩ་བའི་ཞལ་དམར་ཞིང་གཡས་པ་ནག་པོ། གཡོན་པ་དམར་པོའོ། །གཡས་ པའི་ཕྱག་རྣམས་སུ་པདྨ་དམར་པོ་དང་། རལ་གྲི་དང་གྲི་གུག་འཛིན་པ། གཡོན་པའི་ཕྱག་རྣམས་སུ་འཁོར་ལོ་དང་། རིན་པོ་ཆེ་དང་ཐོད་པ་འཛིན་པའོ། །ཨོཾ་ཨ་རོ་ལིཀ་ཅེས་བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་སུ་ད་ཡིག་ཡོངས་སུ་གྱུར་པ་ལས་ཕྲག་དོག་ གཤིན་རྗེ་གཤེད་མརྐ་ཏའི་མདོག་ཅན། རྩ་བའི་ཞལ་ལྗང་གུ་གཡས་པ་ནག་པོ། གཡོན་པ་སེར་པོ། གཡས་པའི་ཕྱག་རྣམས་སུ་རལ་གྲི་དང་། རྡོ་རྗེ་དང་། གྲི་གུག་འཛིན་ཅིང་། གཡོན་པའི་ཕྱག་རྣམས་ཀྱིས་འཁོར་ལོ་དང་། པདྨ་དང་། ཐོད་པ་འཛིན་ཅིང་། ཨོཾ་པྲཛྙཱ་དྷྲྀཀ་ཅེས་པའི་ སྔགས་བརྗོད་པར་བྱའོ། །བཞི་པོ་དེ་རྣམས་ཀྱང་ཞབས་གཡོན་བརྐྱང་བ་དབུ་སྐྲ་སེར་པོ་གྱེན་དུ་འགྲེང་བ། སྤྱན་གསུམ་ཟླུམ་ཞིང་དམར་བ་འཇིག་པའི་དུས་ཀྱི་མེ་ལྟར་བཟོད་པར་དཀའ་བའོ། །དེ་ནས་ནང་གི་རིམ་པའི་མེའི་མཚམས་སུ་གནས་པ་ནི་ཛ་ཡིག་ལས་རྡོ་རྗེ་ཙརྩི་ ཀ་གཏི་མུག་གཤིན་རྗེ་གཤེད་དང་འདྲ་བ། བྱམས་པ་ཆེན་པོའི་རང་བཞིན། ཨོཾ་མོ་ཧཱ་ར་ཏི་ཞེས་པའི་སྔགས་བརྗོད་ཅིང་བལྟ་བར་བྱའོ། །དེ་ནས་བདེན་བྲལ་དུ་ས་ཡིག་ལས་རྡོ་རྗེ་ཕག་མོ་ཞེ་སྡང་གཤིན་རྗེ་གཤེད་དང་འདྲ་བ་ལ། རྩ་བའི་ཞལ་ཕག་པའི་གདོང་ཅན་སྙིང་རྗེའི་བདག་ ཉིད་ཅན། ཨོཾ་དྭེ་ཥ་རཱ་ཏི་ཞེས་པའི་སྔགས་བརྗོད་ཅིང་བསམ་པར་བྱའོ། །དེ་ནས་རླུང་གི་མཚམས་སུ་དོ་ཡིག་ལས་རྡོ་རྗེ་དབྱངས་ཅན་མ་སྐུ་མདོག་དམར་མོ་འདོད་ཆགས་གཤིན་རྗེ་གཤེད་དང་འདྲ་ཞིང་དགའ་བའི་བདག་ཉིད་ཅན། ཨོཾ་རཱ་ག་རཱ་ཏི་ཞེས་བྱ་བའི་སྔགས་བརྗོད་ ཅིང་བསམ་པར་བྱའོ། །དེ་ནས་དབང་ལྡན་དུ་དུ་ཡིག་ལས་རྡོ་རྗེ་གཽ་རཱི་མ་ཕྲག་དོག་གཤིན་རྗེ་གཤེད་དང་མཚུངས་པ་ལ། རལ་གྲིའི་གནས་སུ་ཨུཏྤལ་སེར་པོ་འཛིན་པ་བཏང་སྙོམས་ཀྱི་བདག་ཉིད་ཅན། ཨོཾ་བཛྲ་རཱ་ཏི་ཞེས་བྱ་བའི་སྔགས་བརྗོད་ཅིང་བལྟ་བར་བྱའོ། །རྣལ་འབྱོར་ མ་དེ་རྣམས་ཀྱང་ཞབས་གཡས་བརྐྱང་བས་གནས་པའོ། །དེ་ནས་ཕྱི་རོལ་གྱི་རིམ་པའི་ཤར་ཕྱོགས་ཀྱི་སྒོར་ཡཾ་ཡིག་ལས་ཐོ་བ་གཤིན་རྗེ་གཤེད་ཞེ་སྡང་གཤིན་རྗེ་གཤེད་དང་འདྲ་བ་ལས་ཁྱད་པར་ནི་རྡོ་རྗེའི་གནས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་ཐོ་བ་འཛིན་པ་སྟེ། ཨོཾ་མུདྒ་ར་དྷྲྀཀ་ ཅེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་ཀྱི་སྒོར་ཙ་ཡིག་ཡོངས་སུ་གྱུར་པ་ལས་དབྱིག་པ་གཤིན་རྗེ་གཤེད་ཕྲ་མ་གཤིན་རྗེ་གཤེད་དང་འདྲ་བ་ལས་ཁྱད་པར་ནི་འཁོར་ལོའི་གནས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དབྱིག་པ་འཛིན་ཅིང་ཨོཾ་དཎྜ་དྷྲྀཀ་ཅེས་བྱ་བའི་སྔགས་བརྗོད་པར་ བྱའོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོར་ནི་ཡིག་ཡོངས་སུ་གྱུར་པ་ལས་པདྨ་གཤིན་རྗེ་གཤེད་འདོད་ཆགས་གཤིན་རྗེ་གཤེད་དང་འདྲ་བ་སྟེ། ཨོཾ་པདྨ་དྷྲྀཀ་ཅེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོར་ར་ཡིག་ཡོངས་སུ་གྱུར་པ་ལས་རལ་གྲི་གཤིན་རྗེ་གཤེད་ཕྲག་དོག་ གཤིན་རྗེ་གཤེད་དང་འདྲ་བ་ཨོཾ་ཁཌྒ་དྷྲྀཀ་ཅེས་པའི་སྔགས་བརྗོད་ཅིང་བསམ་པར་བྱའོ། །དཀྱིལ་འཁོར་པའི་ལྷ་རྣམས་ཀྱང་འཁོར་ལོའི་བདག་པོའི་རྒྱན་གྱིས་བརྒྱན་པའོ། །དེ་ནས་ཕྱི་རོལ་གྱི་རིམ་པར་གྲྭ་བཞི་ལ་གནས་པ་ནི་ན་ཡོ་ནི་རཱའི་ས་བོན་ལས་སྣ་ཚོགས་པདྨ་ལ་ གནས་པའི་རང་གི་གདན་ལ་ཐོད་པ་རྣམ་པ་བཞི་པོར་བདུད་རྩི་རྣམ་པ་ལྔས་གང་བར་བསམ་པར་བྱའོ། །དེ་དག་ནི་འཁོར་ལོ་ཐམས་ཅད་རྫོགས་པ་སྟེ། ཤིན་ཏུ་རྣལ་འབྱོར་དུ་བརྗོད་པའོ། །དེ་ནས་དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་པ་རྣམས་ཀྱི་མིག་ལ་སོགས་པ་ལ། ཨོཾ་ བཛྲ་ཙཀྵུ། ཨོཾ་བཛྲ་ཀྲོ་དྷ། ཨོཾ་བཛྲ་གྲ་ན། ཨོཾ་བཛྲ་ཛི་བ། ཨོཾ་བཛྲ་ཀྵ་ཡ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་མགོ་བོ་ལ་ཟླ་བར་ཨོཾ་ཡིག་དཀར་པོ་གནས་པ་དང་། མགྲིན་པ་ཨཱཿཡིག་དམར་པོ་པདྨ་དམར་པོ་ལ་གནས་པ་དང་། སྙིང་གར་ཉི་མ་དམར་པོ་ལ་གནས་པའི་ ཧཱུཾ་ཡིག་སྔོན་པོ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་བལྟ་བར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ནམ་མཁའི་ཕྱོགས་སུ་གནས་པའི་སངས་རྒྱས་ཐམས་ཅད་ལ་ཡང་དག་པར་མཆོད་ནས་དེ་བཞིན་གཤེགས་པ་ཐམས་ཅད་དེ་བདག་ལ་དབང་བསྐུར་ཁྱེད་ཀྱིས་སྩོལ་ ཞེས་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་རྣམས་ཀྱིས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་བྱ་སྟེ། བུམ་པ་བདུད་རྩི་ལྔས་གང་བ་བཟུང་སྟེ་དབང་སྐུར་བར་བྱེད་དོ། །དེ་ནས་ཕྱི་དང་ནང་གི་དྲི་མ་མ་ལུས་པ་བཀྲུས་ཏེ་འབར་ཞིང་གསལ་བ་དང་ལྡན་པ་བདག་ཉིད་ཀྱི་ཕྱི་དང་ནང་གི་དྲི་མ་མ་ལུས་ པ་དག་པར་བལྟ་བར་བྱའོ། །དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་བ་རྣམས་ཀྱི་དབུ་ལ་རང་གི་རིགས་ཀྱི་བདག་པོར་བལྟ་བར་བྱའོ། །དེ་ཡང་འདི་ལྟ་སྟེ། དཀྱིལ་འཁོར་གྱི་བདག་པོ་ནི་མི་བསྐྱོད་པའོ། །གཏི་མུག་གཤིན་རྗེ་གཤེད་ཀྱི་རྣམ་པར་སྣང་མཛད་དོ། །ཕྲ་མ་ གཤིན་རྗེ་གཤེད་ཀྱི་རིན་ཆེན་འབྱུང་ལྡན་ནོ། །འདོད་ཆགས་གཤིན་རྗེ་གཤེད་ཀྱི་སྣང་བ་མཐའ་ཡས་སོ། །ཕྲག་དོག་གཤིན་རྗེ་གཤེད་ཀྱི་དོན་ཡོད་གྲུབ་པའོ། །རྡོ་རྗེ་ཙརྩི་ཀ་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་ཕག་མོ་ནི་མི་བསྐྱོད་པའོ། །རྡོ་རྗེ་དབྱངས་ཅན་མ་ནི་སྣང་བ་མཐའ་ཡས་སོ། །རྡོ་རྗེ་གཽ་རཱི་ མའི་ནི་དོན་ཡོད་གྲུབ་པའོ། །ཐོ་བ་གཤིན་རྗེ་གཤེད་ཀྱི་མི་བསྐྱོད་པའོ། །དབྱིག་པ་གཤིན་རྗེ་གཤེད་ཀྱི་རྣམ་པར་སྣང་མཛད་དོ། །པདྨ་གཤིན་རྗེ་གཤེད་ཀྱི་སྣང་བ་མཐའ་ཡས་སོ། །རལ་གྲི་གཤིན་རྗེ་གཤེད་ཀྱི་དོན་ཡོད་གྲུབ་པ་ཞེས་པའོ། །དེའི་རྗེས་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ ཀྱི་འཁོར་ལོ་བཀུག་སྟེ་ཡང་དག་པར་མཆོད་ནས། ཨོཾ་མུདྒ་ཛཿ། ཨོཾ་དཎྜ་ཧཱུཾ། ཨོཾ་པདྨ་བཾ། ཨོཾ་ཁཌྒ་ཧོཿཞེས་པའི་སྔགས་རྣམ་པ་བཞི་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་པས་དམ་ཚིག་གི་འཁོར་ལོ་དང་ཡེ་ཤེས་ཀྱི་འཁོར་ལོ་གཅིག་ཏུ་བྱའོ། །དེ་ནས་ཡཾ་ཡིག་ཡོངས་སུ་ གྱུར་པ་ལས་ཇི་སྐད་གསུངས་པའི་རླུང་གི་དཀྱིལ་འཁོར་ལ་དེ་སྦར་བའི་རཾ་ཡིག་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་རོ། །དེས་བསྲོས་པའི་ཨ་ཡིག་དཀར་པོ་ཡོངས་སུ་གྱུར་པའི་ཐོད་པ་སྲོག་དང་བྲལ་བའི་གོ་ཀུ་ད་ཧ་ན་ཨོཾ་ཡིག་གིས་བྱིན་གྱིས་བརླབས་པས་ཞུ་བར་གྱུར་པར་བལྟ་བར་བྱ་ཞིང་། ཨོཾ་ ཡིག་གི་ཐིག་ལེ་ལས་བྱུང་བའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀའི་བདུད་རྩི་བླངས་ཏེ། དེར་ཞུགས་པས་བདུད་རྩི་རྣམ་པ་ལྔས་བསིལ་བར་བྱ་སྟེ། ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་ཅིང་ལྷ་རྣམས་ཐམས་ཅད་ཀྱི་ཞལ་དུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་ གཅིག་པའི་འོད་ཟེར་གྱི་སྦུ་གུས་རབ་ཏུ་གཞུག་པར་བལྟ་བར་བྱའོ། །དེ་ནས་འཁོར་ལོ་ཚིམ་པར་གྱུར་པར་བལྟ་བར་བྱ་ཞིང་རྡོ་རྗེ་ཙརྩི་ཀའི་ཞལ་གྱི་གླུས་མཆོད་པར་བྱ་སྟེ། ཨ་ཀྱེ་ཀྱེ་གཤིན་རྗེ་གཤེད་ནག་བླ། །སྲིན་པོའི་གཟུགས་ཀྱི་རང་བཞིན་ཁྱོད། །བདག་གིས་ཁྱོད་མཐོང་ཤིན་ཏུ་འཇིགས། ། ཁྲོས་པའི་རང་བཞིན་འདི་ཐོང་མཛོད། །དེ་ནས་རྡོ་རྗེ་ཕག་མོའི་ཞལ་ནས། ས་བླ་ས་འོག་ས་སྟེངས་གསུམ། །ཁྱོད་ཀྱི་གར་གྱིས་གཡོ་བར་མཛད། །མིག་སྨན་བདར་འཆག་ཁྲོས་པའི་ཐུགས། །ཁྱོད་ནི་རོ་ལངས་བཞིན་གར་མཛོད། །དེ་ནས་རྡོ་རྗེ་དབྱངས་ཅན་མའི་ཞལ་ནས། མདངས་ནག་ ཚད་ནི་ཐུང་པ་ལ། །རྣམ་པ་སྣ་ཚོགས་གཟུགས་ཡུལ་མཛད། །དབྱངས་ཅན་མ་བདག་གསོལ་བ་འདེབས། །བདེ་བ་ཆེན་པོ་ཁྱོད་གར་མཛོད། །དེ་ནས་རྡོ་རྗེ་གཽ་རཱི་མའི་ཞལ་ནས་ཀྱང་། །ཧྲཱིཿཥྚྲྀཿའི་སྔགས་ཀྱི་གར་གྱིས། །སྲིད་པ་གསུམ་གྱི་འཁྲུལ་པ་སོལ། །རྗེ་བཙུན་སྙིང་རྗེའི་དབང་ གིས་ཁྲོས། །འགྲོ་བས་གར་བྱེད་པ་ནི་མཐོང་། །ཞེས་པའི་གླུའི་དཀྱིལ་འཁོར་ཡང་དག་པར་མཆོད་ནས་དེ་ལ་བསྟོད་པ་བྱ་སྟེ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །ཕྲ་ མ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །རྡོ་རྗེ་ཐུགས་དང་རབ་མཚུངས་པ། །རྡོ་རྗེ་རིན་ཆེན་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །དབྱངས་ཀུན་གྱི་ནི་མཆོག་གི་མཆོག །རྡོ་རྗེ་གསུང་ལ་ ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་པའི། །རྡོ་རྗེ་སྐུ་དང་རབ་མཚུངས་པ། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་གྱི་མཆོག་གི་ མཆོག །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་པ་སྟེ། དེ་ནི་རྣལ་འབྱོར་ཆེན་པོ་སྟེ། །མིག་སོགས་བྱིན་གྱིས་བརླབས་པ་དང་། །སྐུ་དང་གསུང་དང་ཐུགས་ཉིད་དང་། །ཡེ་ཤེས་འཁོར་ལོ་གཞུག་པ་དང་། །བདུད་རྩི་མྱང་བ་དག་དང་ནི། །མཆོད་པ་ཆེ་དང་བསྟོད་པ་ནི། །རྣལ་ འབྱོར་ཆེན་པོ་ཞེས་བརྗོད་པའོ། །ཞེས་པ་འདིས་ཉེ་བར་མཚོན་པར་བྱ་སྟེ། འཆད་པར་འགྱུར་བས་ཀྱང་རྣལ་འབྱོར་ཆེན་པོར་རྟོགས་པར་བྱའོ། །བདག་ཉིད་དེ་ལྟར་བསྒོམས་ནས་ཐམས་ཅད་ཀྱི་སྙིང་གར་རང་རང་གི་སྟན་དང་ཟླ་བ་དང་ཉི་མ་ལ་གནས་པའི་རང་རང་གི་ས་བོན་ཡི་གེ་རྣམས་བལྟ་ཞིང་བཟླ་ བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཡཀྵེ་མ་མེ་ད་ཡ་ཙ་ནི་རཱ་ཛ་ས་དོ་རུ། ཎ་ཡོ་ནི་རཱ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་སྐུ་རྣམས་ལས་རང་དང་འདྲ་བའི་ལྷའི་སྐུ་སེམས་ཅན་གྱི་དོན་དུ་སྤྲོ་བར་བྱའོ། །དེ་ལ་ཞེ་སྡང་གི་རིགས་ཀྱི་སྣོད་དུ་གྱུར་པའི་སེམས་ཅན་ རྣམས་བཏུལ་ནས་མཆོད་པ་ཆེན་པོ་ཞེ་སྡང་ཆེ་བ་ལ་བཀོད་ནས་འོད་ཟེར་ཏེ་དཀྱིལ་འཁོར་གྱི་བདག་པོའི་ལུས་ལ་རབ་ཏུ་ཞུགས་པས་ཞེ་སྡང་གཤིན་རྗེ་གཤེད་ཀྱི་འཁོར་ལོར་བལྟ་བར་བྱའོ། །དེ་བཞིན་དུ་གཏི་མུག་གི་རིགས་ཀྱི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་མཆོད་པ་ཆེན་པོ་གཏི་མུག་ཆེ་བ་ ལ་བཀོད་ནས་གཏི་མུག་གཤིན་རྗེ་གཤེད་ཀྱི་ཚོགས་རྣམས་གཏི་མུག་གཤིན་རྗེ་གཤེད་ཀྱི་སྐུ་ལ་བསྡུ་བར་བྱའོ། །དེ་བཞིན་དུ་ཕྲ་མའི་རིགས་ཀྱི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་མཆོད་པ་ཆེན་པོ་ཕྲ་མ་ཆེ་བ་ལ་བཀོད་ནས་ཕྲ་མ་གཤིན་རྗེ་གཤེད་ཀྱི་སྐུ་ལྷའི་འཁོར་ལོ་རྣམས་བསྡུ་བར་བྱའོ། ། དེ་བཞིན་དུ་ཕྲག་དོག་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱང་རྟོགས་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་བསྒོམ་པར་བྱས་པས་ངལ་བར་གྱུར་ན་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་པར་བྱ་སྟེ། ནག་དང་སེར་དང་དེ་བཞིན་དམར། །སྔོ་བསངས་དཀར་ལྗང་རིམ་པ་ལས། །ལྷན་ཅིག་སྐྱེས་དགའ་ ཙམ་དུ་ནི། །འཁོར་ལོ་བདག་པོར་བཅས་པ་བསྒོམ། །དེ་ནས་ལངས་ཏེ་སྔར་བཞིན་དུ་ལྷའི་འཁོར་ལོ་རྣམས་བསྒོམ་ཞིང་སྤྲོ་བ་དང་བསྡུ་བ་ལ་སོགས་པའི་སྔགས་བཟླ་བར་བྱའོ། །དེ་ལྟར་ལྷའི་རྣལ་འབྱོར་དང་ལྡན་པས་གཏོར་མ་བྱིན་གྱིས་བརླབ་པ་དང་ཞི་བ་ལ་སོགས་པའི་ལས་རྣམས་བརྩམ་ པར་བྱའོ། །དེ་ནས་ཇི་ལྟར་བྱ་བ་བསྟན་པའི་དོན་དུ་གསུངས་པ། སློབ་དཔོན་ཞེས་བྱ་བ་ལ་སོགས་པ་སྟེ། བདེ་གཤེགས་བཀའ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པའི་གང་ལ་གནས་པ་འདི་ནི་བྱ་བའོ། །འདི་ནི་མི་བྱ་བའོ། །སྤུན་ཞེས་པ་ནི་རྡོ་རྗེ་འཆང་གི་སྤུན་དུ་གྱུར་པ་སྟེ་ སེམས་ཅན་རྣམས་ཉིད་ཀྱི་སྐྱོན་བསྟན་པར་མི་བྱའོ་ཞེས་པ་འབྲེལ་ཏེ། དེ་བཞིན་ཁྲོ་བར་མི་བྱ་ཞེས་པ་ནི་ཁྲོས་པ་ལས་ལེགས་པའི་ཆོས་བསྟན་པ་མ་ཡིན་པའོ། །བདེན་པ་ཞེས་པ་ནི་དོན་དམ་པའོ། །ཆོས་ཞེས་པ་ནི་རུལ་པ་དང་འགལ་བ་ལ་སོགས་པའོ། །ཆོས་ལ་ཚད་ནི་ཞེས་པ་ནི་ ཟབ་ཅིང་རྒྱ་ཆེ་བའི་ལྷ་ལ་སོགས་པ་ལ་སྟེ་དགོས་པ་ཆུང་ངུ་ལ་ཞེས་བྱ་བའོ། །རྟག་ཏུ་བསྟེན་པར་བྱ་ཞེས་པ་ནི་ལྷག་མའོ། །ཤེས་རབ་རང་བཞིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་རྣམས་ཀྱིའོ། །སློང་མོས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པ་མེད་ པས་སོ། །རྣལ་འབྱོར་པར་མི་བྱ་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་རོ། །རྟག་པར་ནི་དུས་ཐམས་ཅད་དུའོ། །རྟག་ཏུ་ཞེས་པ་ནི་མཉམ་པར་གཞག་པ་དང་མཉམ་པར་མ་བཞག་པའི་རྣལ་འབྱོར་གྱིས་སོ། །སྔར་དམ་ཚིག་མངོན་པར་བརྗོད་པ་ལས་ཡང་གང་ཞིག་བརྗོད་པ་ནི་དེའི་དོན་ཡང་འདི་ ཡིན་ཏེ་བསྲུང་བ་དང་། བཟའ་བ་དེ་དག་གི་དམ་ཚིག་ནི་གཉིས་ཏེ། སྔར་ནི་བཟའ་བའི་དམ་ཚིག་བརྗོད་པ་ཡིན་ལ། འདིར་ནི་བསྲུང་བའི་དམ་ཚིག་ཏུ་དགོངས་ཏེ། བླ་མ་སྨོད་པ་ཞེས་པ་ནི་གནོད་པ་བྱེད་པའོ། །དེ་བཞིན་དམ་ཚིག་ཅེས་བྱ་བ་ནི་དམ་ཚིག་ཉམས་པ་ནའོ། །དཀྱིལ་འཁོར་ ཞེས་བྱ་བ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། །བདེ་གཤེགས་རྣམས་ལ་ཞེས་པ་ནི་བླ་མ་རྣམས་ལ་ཞེས་པའོ། །དེ་དང་ཉེ་བར་མ་གྱུར་ན་སངས་རྒྱས་རྣམས་ཉིད་ལའོ། །ཉམས་པའི་གནས་སྐབས་སུ་བླ་མ་འདི་ཇི་ལྟ་བུ་ཞིག་ལ་བྱ་ཞེ་ན་གསུངས་པ། དད་པས་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ཅེས་བྱ་བ་ནི་གོ་ཀུ་ད་ཧ་ན་ལ་སོགས་པ་བསྟེན་པའོ། །གཞན་མི་རྟག་ཅེས་བྱ་བ་ནི་དམ་ཚིག་བསྟེན་པར་བྱེད་པ་ཇི་ལྟར་གཞན་གྱིས་མི་རིགས་པའོ། །ཉེས་པ་མ་ལུས་ཞེས་པ་ནི་ལུང་ལས་གསུངས་པའི་ཉེས་པ་གསུངས་པའོ། །བསམ་གཏན་ལ་སོགས་ཞེས་བྱ་བ་ནི་ལྷའི་ རྣལ་འབྱོར་དང་ལྡན་པའོ། །སེམས་ཅན་མཆོག་གཞོལ་ཞེས་པ་ནི་སེམས་ཅན་གྱི་དོན་མཆོག་པའོ། །བླ་མ་དེར་ནི་བླ་མ་ཞེས་བྱ་བ་ནི་བླ་མ་དེ་ལ་གུས་པར་བྱ་བའོ། །སློབ་མའི་ཡོན་ཏན་བསྟན་པའི་དོན་དུ་གསུངས་པ། བསྟན་ཞེས་པ་ནི་བསྟན་པ་ཉན་པ་དང་ཀློག་པའོ། །དུལ་བ་ཞེས་ བྱ་བ་ནི་སེམས་ཅན་ཐམས་ཅད་ལས་དམན་པར་སེམས་པའོ། །དད་པའི་བསམ་པ་ནི་རབ་ཏུ་དང་བའོ། །མཛེས་ཞེས་པ་ནི་ལུས་དང་ཡན་ལག་དམན་པ་མ་ཡིན་པའོ། །སྨིན་བྱ་ཞེས་པ་ནི་ཆོས་བསྟན་པ་ལ་སྦྱོར་བའོ། །མཆོག་ཏུ་དགའ་བ་ཆེན་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། ། དགའ་བར་གྱུར་ཞེས་པ་ནི་མཆོག་ཏུ་ཚིམ་པར་བྱེད་པའོ། །ཆེད་དུ་བརྗོད་ཅེས་བྱ་བ་ནི་བརྗོད་པ་དང་ལྡན་པ་རྣམས་སོ། །ཅི་བརྗོད་ཅེ་ན་གསུངས་པ། གཤིན་རྗེ་གཤེད་ཀྱི་མཐར་ཐུག་ཅེས་པ་ནི་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་དང་ལྷར་དངོས་གྲུབ་མྱུར་བ་གདོན་མི་ཟ་བར་འབྱུང་བའི་ འཁོར་ལོ་རྣམས་ལས་གཞན་དག་ཏུ་དེ་བཞིན་དུ་མ་ཡིན་པས་སོ། །ཐོད་པའི་མཐར་ཐུག་ཅེས་པ་ནི་ཐོད་པ་འཆང་བའི་མཐར་ཐུག་པ་སྟེ། ཧེ་རུ་ཀའི་རྣལ་འབྱོར་གྱི་མཐར་ཐུག་པའོ། །དེ་ལྟ་བས་ན་ཉན་ཐོས་ལ་སོགས་པའི་བརྟུལ་ཞུགས་ནི་མཐར་ཐུག་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཨེ་མའོ་ཞི་བ་ ཆེན་པོའི་ཆོས། །ཞེས་བྱ་བ་ནི་རྨི་ལམ་དང་སྒྱུ་མ་ལྟ་བུ་གཉིས་མེད་བདེན་པར་མི་འགྱུར་བ་ལས་ཞི་བ་ཆེན་པོར་བྱེད་པ་པོས་འཇིགས་པར་མཛད་པ་ཞེས་པ་ནི་ཞི་བར་གྱུར་ནས་གདུལ་བྱ་རྣམས་ལ་རྨད་དུ་བྱུང་བའི་འཇིགས་པའི་གཟུགས་སུ་མ་སྤྲུལ་པའོ། །དེ་ལྟ་བུའི་ལྷ་གཉིས་གསུངས་པ། ཨེ་མའོ་ ཞེས་བྱ་བ་ལ་སོགས་པའོ། །འཁོར་བ་མྱ་ངན་ལས་འདས་ཞེས་བྱ་བ་ནི་ཞི་བའོ། །ཨེ་མའོ་འཁོར་བ་ཞི་བ་ཉིད། །ཅེས་བྱ་བ་ནི་འདི་ཡང་འཁོར་བ་ལྟ་བུའམ། འཇིག་རྟེན་པ་ལྟ་བུ་སྟེ། ལྷ་རྣམས་ཀྱི་རྣམ་པས་འཇུག་པ་ལྟ་བུ་ལ་ཡང་རྒྱུན་གྱིས་འཇུག་པར་བྱེད་པའོ། །ཨེ་མའོ་འདི་ནི་ཞེས་བྱ་བ་ ལ་སོགས་པ་སྟེ། ཉེས་པ་གང་དེ་ཤ་ཞེས་པ་ནི་ཁྱིམ་དང་ཁྱིམ་ཐབ་དང་། སྐྱེ་བ་དང་། འཆི་བ་ལ་སོགས་པའོ། །དེ་དག་ནི་འཁོར་བའི་སྐྱོན་ཏེ། འདིར་ཡང་དེ་ལྟ་བུ་སྟེ། ཐམས་ཅད་མཆོག་གི་ཡོན་ཏན་དུ་གྱུར་པ་ཡིན་ནོ། །གང་གི་ཕྱིར་འདི་ནི་གཞལ་ཡས་ཁང་དུ་གནས་པ་ལ་སོགས་པ་ཡིན་ ཡང་འཆིང་བའི་རྒྱུ་མ་ཡིན་ཏེ། འོན་ཀྱང་གྲོལ་བ་ཉིད་དུ་བྱེད་པའོ། །ཡང་སྐྱོན་རྣམས་ཡོན་ཏན་དུ་ཇི་ལྟར་བྱེད་ཅེ་ན་གསུངས་པ། བྱང་ཆུབ་མེད་ཅིང་ཞེས་པ་སྟེ། འདི་ཡང་བྱང་ཆུབ་འདི་བསྒྲུབ་པར་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་སྒྲུབ་པར་བྱེད་པའོ་ཞེས་ལོགས་སུ་མངོན་པར་ཞེན་པ་མེད་པའོ། ། མངོན་རྟོགས་མེད་ཅེས་པ་ནི་མངོན་པར་རྟོགས་པ་ནི་བྱང་ཆུབ་ཀྱི་དོན་དུ་ལམ་སྟེ་དེར་ལོགས་སུ་མངོན་པར་ཞེན་པར་མི་བྱའོ། །དངོས་པོ་མིན་ཞིང་བསྒོམ་པ་མིན། །ཞེས་བྱ་བ་ནི་བདག་ཉིད་བསྒོམ་པར་བྱ་བ་དང་། སྒོམ་པ་པོ་དང་། བསྒོམ་པ་མ་ཡིན་ཏེ། ཐ་དད་ཀྱི་མངོན་པར་ཞེན་པ་དང་བྲལ་ཞིང་ སེམས་ཉིད་ཡང་དང་ཡང་དུ་གོམས་པར་བྱེད་པའི་བདག་ཉིད་ཙམ་མོ། །ཅིའི་ཕྱིར་ཡང་མངོན་པར་ཞེན་པ་མེད་ཅེ་ན་གསུངས་པ། ཁམས་ཀྱང་མིན་ཞེན་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱི་རོལ་གྱི་གཟུགས་ལ་སོགས་པའི་རྟེན་མེད་པའོ། །གཟུང་བ་མེད་པས་འཛིན་པ་ཡང་མེད་དམ་ཞེ་ ན། ཀྱང་མེད་ཅེས་པ་སྟེ། འཛིན་པའི་རྣམ་པར་ཤེས་པ་ཡང་མེད་ཅེས་པའི་དོན་ཏོ། །འོ་ན་སོ་སོར་སྣང་བ་འདི་ཇི་ལྟ་བུ་ཞེ་ན། ནམ་མཁའི་དཀྱིལ་དང་མཚུངས་པ་ཉིད། །ཅེས་པ་སྟེ། གང་གི་ཕྱིར་ནམ་མཁའ་ནི་ནམ་མཁའི་རང་བཞིན་ནོ། །སྔོན་པོ་དང་། དཀར་པོ་ལ་སོགས་པའི་རང་བཞིན་ དང་བྲལ་བ་སྣང་བ་ཙམ་སྟེ། དེ་ལྟ་བུ་ཡང་མུན་པ་དང་། སྤྲིན་ལ་སོགས་པའི་གཞི་ཡིན་པ་དེ་རྣམས་བསྡུས་ནས་ནམ་མཁའ་ཉིད་ནི། འདིར་འདི་ལྟ་བུ་ཞེས་རྨོངས་པའི་ཡིན་ཅན་རྣམས་མངོན་པར་ཞེན་པའོ། །དེ་བཞིན་དུ་བདེ་བ་ཆེན་པོ་རོ་གཅིག་པར་རྟོགས་པ་རྣམ་པ་དང་བྲལ་བའི་ ཤེས་པ་དང་འདི་ཉིད་ལ་སྟེ། དེ་ལྟ་བུ་རྣམ་པ་སྣ་ཚོགས་པའི་གཞི་ཡིན་པས་དེ་ཉིད་རང་བཞིན་ནོ་ཞེས་རྨོངས་པ་རྣམས་མངོན་པར་ཞེན་པའོ། །འདི་ཉིད་གསུངས་པ། ནམ་མཁའ་ལྟ་བུ་ཞེས་པ་སྟེ། །བདག་མེད་ཆོས་འདི་བདེ་ཆེན་པོ། །ཞེས་བྱ་བ་ནི་སེམས་ཉིད་བདེ་བ་ཆེན་ པོའི་རང་བཞིན་དེ་ཉིད་བདག་མེད་པའི་ཆོས་ཡིན་ལ། དེ་ཡང་སྣང་བར་འདོད་ཅིང་རྣམ་པའི་རང་བཞིན་མེད་པར་གྱུར་པ་སྟེ། རང་བཞིན་མེད་པ་རྣམ་པ་བྲལ་བ་ཞེས་པའོ། །གཟུང་བ་དང་འཛིན་པའི་དངོས་པོ་མེད་པ་དེའི་ཕྱིར་ན་འབྱུང་བ་ལྔ་མ་གྲུབ་པར་བསྟན་པའི་དོན་དུ་གསུངས་པ། ས་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། ས་ལ་སོགས་པ་ནི་རྡུལ་ཕྲ་རབ་ཀྱི་ཚོགས་ཉིད་དུ་འདོད་ཅིང་རྡུལ་ཕྲ་རབ་ཀྱི་ཆ་ཤས་མེད་པའི་དངོས་པོ་ཞེས་བརྗོད་དེ། འདི་ནི་ཕྱོགས་ཀྱི་ཆའི་དབྱེ་བས་རྟོགས་པ་གང་ལ་ཆ་ཤས་མེད་པ་ཡིན། དེ་ལྟ་བས་ན་རྡུལ་ཕྲ་རབ་མ་གྲུབ་པས་ས་ ལ་སོགས་པའི་བྱ་བ་ནི་སྙིམ་པ་ཆུ་གཏེར་བ་ཉིད་དོ། །གལ་ཏེ་འདི་དག་ཐམས་ཅད་ལ་གཟུང་བ་དང་། འཛིན་པ་སྣ་ཚོགས་རང་བཞིན་གྱིས་མེད་ན་གང་ལས་སྐྱེ་བར་འགྱུར་ཞེ་ན། གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ནི་མི་ཕྱེད་པའི་ཡེ་ཤེས་སོ། །དེའི་བདེན་པ་ནི་ སེམས་པའོ། །དེའི་རབ་ཏུ་སྦྱོར་བས་ཞེས་པ་ནི་གཏི་མུག་རབ་ཏུ་འབྱེད་པའི་སྦྱོར་བའོ། །བསྐྱེད་པ་ནི་དེ་ལས་ཏེ། འདིར་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོར་འདི་ནི་བལྟ་བར་བྱ། བདག་ནི་ལྟ་བྱེད་དོ་ཞེས་པ་ལ་སོགས་པའོ། །དེ་ཡང་ཅི་གཟུང་བ་དང་འཛིན་པ་དེ་ཞེས་པ་ལ་ བརྟེན་པ་མ་ཡིན་ནམ་ཞེ་ན། གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་གསལ་ཞིང་སྣང་བ་བརྟེན་པའི་གཟུང་བ་དང་འཛིན་པའི་རྣམ་པའོ། །དངོས་མེད་བཤད་ཅེས་པ་ནི་བདེན་པའི་ངོ་བོ་མ་ཡིན་པའོ། །དེའི་དོན་ནི་འདི་ཡིན་ཏེ། ཤེས་པ་ལ་བརྟེན་ནས་གཟུང་བ་དང་ འཛིན་པའི་རང་བཞིན་དུ་རྟག་པ་ཡང་ཅི་ཕ་རོལ་པོའི་ཤེས་པ་ནི་གཟུང་བ་དང་འཛིན་པའི་རང་བཞིན་མ་ཡིན་ཏེ། ཕ་རོལ་གྱི་རང་རིག་པ་མངོན་སུམ་དུ་མ་གྱུར་པའི་ཕྱིར་རོ། །རང་གི་ཡང་དག་པར་རིག་པ་ལ་བརྟེན་པ་ཡང་མ་ཡིན་ཏེ། གཟུང་བ་དང་འཛིན་པ་མ་ཡིན་པའི་ཕྱིར་རོ། །འདས་པ་དང་མ་ འོངས་པ་ཡང་མངོན་དུ་གྱུར་པ་མ་ཡིན་པས་ན་གཟུང་བར་མ་གྲུབ་པ་ཉིད་དོ། །ད་ལྟར་བྱུང་བའི་རང་རིག་པ་ཡང་གཅིག་པ་ཉིད་ཀྱིས་ན་གཟུང་བ་དང་འཛིན་པ་ཇི་ལྟར་ཡིན་ཏེ་བདག་ཉིད་ལ་བདག་ཉིད་བྱེད་པ་འགལ་བའི་ཕྱིར་རོ། །དེ་ལྟ་བུ་ཉིད་ཀྱིས་ན་དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཅེས་ཞེས་བྱ་བ་ནི་གང་དེ་ལྟ་བུ་དེའི་དོན་གྱིས་ན་དངོས་པོ་མེད་པ་སྟེ། ཤེས་པ་ལ་བརྟེན་པའི་གཟུང་བ་དང་འཛིན་པར་ཡང་དངོས་པོར་མ་གྲུབ་པའོ། །འོ་ན་འདི་ལྟ་བུ་ཡང་སྟེ་བདེན་པར་གྱུར་པའི་གཟུང་བ་དང་འཛིན་པའི་རྣམ་པ་སྤང་བའི་དོན་དུ་ངེས་པ་ཉིད་དུ་ཐབས་གོམས་པར་བྱས་ན་དེ་ནི་གཉེན་པོ་ལ་ སྟེ་བདེན་པའོ། །དེ་ལྟ་བུའི་སྦྱོར་བ་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་པ་ཞེས་འོས་པའོ། །རྣམ་པ་གཞན་གྱིས་གཟུང་བ་དང་འཛིན་པ་ཉིད་དོ་ཞེ་ན། གསུངས་པ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ། རྣལ་འབྱོར་པའི་འབྲེལ་པ་ནི་ཡོད་པ་སྟེ། གཞན་ཡང་འདི་ནི་ཆད་པ་མ་ཡིན་ ཏེ་སྣང་བ་ཙམ་དུ་ཡོད་པའི་ཕྱིར་རོ། །ཇི་སྐད་གསུངས་པའི་དཔྱད་པ་མི་བཟོད་པས་ན་རྟག་པ་མ་ཡིན་པ་དང་། དོན་དམ་པ་ཡང་མ་གྲུབ་ན་རྣམ་པ་གཞན་གྱིས་གཟུང་བ་དང་འཛིན་པའི་ངོར་རྟག་པ་དེ་ཇི་ལྟར་གྲུབ། དེ་ནི་ལྷའི་རྣལ་འབྱོར་པ་ཡང་དོན་འདི་གསལ་བར་བྱ་བའི་ཕྱིར་ཡན་ལག་མེད་ཅིང་ ཞེས་པ་ལ་སོགས་པ་སྟེ་གསལ་ཞིང་སྣང་བ་ལས་ཡན་ལག་ལ་སོགས་པ་སྟེ། དེས་ན་ཆད་པ་ཡང་མ་ཡིན་ཞིང་ཇི་སྐད་གསུངས་པའི་དཔྱད་པ་མི་བཟོད་པས་ན་རྟག་པ་མ་ཡིན་པས་སོ། །ཅི་དེ་ལྟ་མོད་ཀྱི་འོན་ནི་དོན་དམ་པ་གང་ཡིན་ཞེ་ན། གང་མཆོག་ཏུ་དགའ་བའི་མཚན་ཉིད་ཅན་ནོ་ཞེས་པ་ ལྷག་མའོ། །གཟུང་བ་དང་འཛིན་པའི་རྣམ་པ་ཡོངས་སུ་སྤངས་པ་གང་བདེ་བ་ཆེན་པོར་རོ་གཅིག་པའི་ཡེ་ཤེས་དེ་ནི་བདེན་པ་ཞེས་པའི་དོན་ཏོ། །གང་ལས་ཤེ་ན། གསུངས་པ། དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་ཕྱི་དང་ནང་གི་ཞེས་བྱའོ། ། དེའི་རྟེན་ནི་ཤེས་པའི་རྣམ་པ་སྟེ། ཆོས་ཅན་དེ་ལས་ཆོས་རྣམས་འབྱུང་བར་འགྱུར་རོ། །དེ་རྣམས་ཀྱང་དོན་དམ་པར་མ་གྲུབ་པའོ་ཞེས་པའི་དགོངས་པ་བསྟན་པའི་དོན་དུ་གསུངས་པ། ཐོག་མ་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་དེ་དག་བདག་གིས་ རྟོགས་པར་བྱས་ནས་གོ་བར་བྱ་བའི་དོན་དུ་གསུངས་པ། དེ་ནས་བཅོམ་ལྡན་འདས་མ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་གི་ཅི་ཞིག་བརྗོད་ཅེ་ན། དྲི་མེད་ཅེས་བྱ་བ་ལ་སོགས་པ་ལ་དྲི་མེད་ནི་དྲི་མ་མེད་པས་ཏེ་ཕྱི་རོལ་གྱི་གཟུང་བ་དང་དེ་ལ་ལྟོས་པ་རྣམས་སོ། །དག་པ་ནི་རྣམ་ པར་དག་པ་སྟེ། ཡེ་ཤེས་ནི་གཟུགས་སུ་གཟུང་བ་དང་དེ་ལ་ལྟོས་པའི་གཟུང་བ་དང་འཛིན་པར་མ་བྱུང་བའོ། །ཧོ་ཞེས་པ་ནི་མཉེས་པའོ། །གང་ཡིན་ཞེ་ན། གསུངས་པ། མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། མཆོག་ནི་མ་བཅོས་པར་འདོད་པ་ཡིན་ལ། དགའ་བ་ནི་བདེ་བ་ ཆེན་པོ་ཡིན་པས་སོ། །འདི་ལྟ་བུ་ཡང་ཐབས་ཀྱི་བསྒྲུབ་བྱ་བསོད་ནམས་བདེན་པའི་བདག་ཉིད་མ་ཡིན་ནོ་ཞེ་ན། གསུངས་པ། བསོད་ནམས་ཞེས་བྱ་བ་ལ་སོགས་པ་སྟེ། བསོད་ནམས་ནི་བསོད་ནམས་ཀྱིས་སོ། །ཐོབ་པ་ཞེས་པ་ནི་རབ་ཏུ་ཐོབ་པའོ། །མ་ཞེས་པ་ནི་མ་ ཡིན་པའོ། །འབྲེལ་པ་ནི་འབྲེལ་པར་བྱེད་པའོ། །དེ་ཡང་ཐབས་ཀྱི་རང་བཞིན་གྱིས་ཕྱི་རོལ་གྱི་བསོད་ནམས་བདེན་པའི་བདག་ཉིད་དེ་དེར་བྱེད་དོ་ཞེས་པའི་དོན་ཏོ། །ཐབས་ཀྱི་ངོ་བོ་ནི་ལུས་སུ་སྣང་བ་ཙམ་དང་། བསོད་ནམས་ཀྱི་རང་བཞིན་ཡིན་པས་ན་ཡོད་པ་ཉིད་དོ། །འོ་ན་དེ་ལྟ་བུ་ནི་ གཟུང་བ་དང་འཛིན་པ་སྤངས་པ་ན་རྣམ་པར་ཤེས་པ་ཙམ་འབའ་ཞིག་གིས་གནས་པ་ཡང་མ་ཡིན་པ་དེ་ནི་སྟོང་པ་ཉིད་ཙམ་དུ་བརྗོད་ཅིང་སྙིང་རྗེ་མེད་པར་འགྱུར་བས་ན། དེ་ལྟར་འདི་ཡང་བཅོམ་ལྡན་འདས་ཉིད་ཀྱིས་དབྱེར་མེད་དུ་གསུངས་པའི་དོན་དུ་སྙིང་རྗེའི་སེམས་ཀྱིས་ ཞེས་པ་སྟེ། སྙིང་རྗེའི་སེམས་ནི་རྨི་ལམ་དང་སྒྱུ་མ་ལྟ་བུའི་རང་བཞིན་གྱི་ངོ་བོའོ། །ཡོད་ཅེས་པ་ནི་ཇི་སྲིད་ནམ་མཁར་གནས་པའི་བར་དུ་སེམས་ཅན་མ་ལུས་པའི་དོན་མཛད་པའི་ནུས་པ་ཡོད་པའོ། །དང་བ་ཞེས་པ་ནི་གཟུང་བ་དང་འཛིན་པ་ཡོངས་སུ་སྤངས་པ་སྟེ་དྲི་མ་མེད་ པའོ། །དེའི་ཕྱིར་འདི་ཉིད་གསུངས་པ། གཏེར་ཆེན་གཅིག་པུས་ཞེས་པ་ལ་གཏེར་ཆེན་ནི་གཏེར་ཆེན་པོ་དང་འདྲ་བ་སྟེ། འགྲོ་བ་མ་ལུས་པའི་ཚོར་བ་སྟེར་བས་ནའོ། །དེ་བཞིན་ཉིད་ཅེས་པ་ནི་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་སོ། །སྟོང་པ་ཞེས་ པ་ནི་གཟུང་བ་དང་འཛིན་པའི་སྐྱོན་དང་བྲལ་བའོ། །འོ་ན་དེ་ལྟ་བུ་དོན་དམ་པ་བྱས་པས་འགྲོ་བ་འདི་དག་རྣམས་ལ་ནི་སྐྱེ་ཞིང་འགྲོ་བ་ཡིན་པས་དེ་དག་གི་རང་བཞིན་ལ་མ་ཁྱབ་པོ་ཞེ་ན། གསུངས་པ། མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། མཆོག་ནི་འགྲོ་བ་ལ་ཁྱབ་པའོ། །དགའ་བ་ནི་ ཉོན་མོངས་པ་དང་བྲལ་བའོ། །དེའི་ཕྱིར་འདི་ཉིད་དང་པོ་ཞེས་པ་སྟེ་དང་པོ་ཉིད་དངོས་པོ་མེད་པ་སྟེ། གཅིག་གི་རང་བཞིན་དུ་འོས་པ་མེད་པས་ཁྱབ་ཅེས་པའི་དོན་ཡིན་ལ། དེ་ཡང་གཅིག་གི་རང་བཞིན་དུ་ངེས་པ་ལ་ནི་མཆོག་ཏུ་དགའ་བ་མེད་དོ་ཞེས་པའོ། །དགའ་བ་ནི་ཉོན་མོངས་པ་དང་ བྲལ་བ་ཡིན་ན། དེ་ཡང་ཇི་ལྟར་ཤེས་ཤེ་ན། གསུངས་པ། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། བདེ་བ་ཆེན་པོ་ནི་རང་བཞིན་གྱིས་ཉོན་མོངས་པ་དང་བྲལ་བ་ཡིན་ལ་དེས་ན་དགའ་བ་ཆེན་པོའི་དོན་ཏོ། །དེ་ལྟ་བས་ན་འདི་ནི་ཆོས་རྣམས་ངོ་བོས་ཞེས་པ་སྟེ། ཆོས་ནི་རང་བཞིན་གྱི་ མཚན་ཉིད་འཛིན་པ་བརྟན་པ་དང་གཡོ་བའི་དངོས་པོ་མ་ལུས་པའོ། །དེ་རྣམས་ཀྱི་རང་བཞིན་ནི་གཉུག་མའི་དེ་ཁོ་ན་ཉིད་དེ་མཁའ་འགྲོ་མ་རྣམས་ཀྱང་དེ་རང་བཞིན་གྱིས་རྣམ་པར་དག་པ་ལས་སོ། །འོ་ན་འདི་ལྟར་འགྲོ་བ་ནི་རྐྱེན་ལ་སྐྱེ་བ་དང་ལྡན་པའི་འགྲོ་བའི་རང་བཞིན་ཏེ་དེ་དག་ ཀྱང་དེར་འགྱུར་རོ་ཞེ་ན། གསུངས་པ། མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། མེད་པ་ནི་མེད་པ་ཉིད་དོ། །དེ་ནི་དེ་རྣམས་ཀྱིའོ། །དེ་བཞིན་ཉིད་ཅེས་པ་ནི་དེ་བཞིན་ཉིད་ལའོ། །བསོད་ནམས་མེད་ཅིང་སྡིག་པ་མེད། །ཅེས་པ་ནི་ཐམས་ཅད་ཀྱང་རོ་མཉམ་པ་དེའི་རང་བཞིན་ནོ་ཞེས་ པའོ། །ཅིའི་ཕྱིར་ཞེ་ན། གསུངས་པ། འཇིག་དང་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་པ་དང་སྐྱེ་བ་ནི་སྡིག་པ་དང་བསོད་ནམས་ཀྱི་སྦྱོར་བ་ཡིན་ན་དེ་དག་དངོས་པོ་མེད་པ་ལས། ཅིའི་ཕྱིར་དེ་དག་གི་རང་བཞིན་འབྱུང་ཞེས་པའོ། །བྱང་ཆུབ་ཀྱི་སེམས་ཞེས་པ་ནི་སངས་རྒྱས་ཀྱི་ ཐུགས་ཀྱི་རང་བཞིན་ནོ། །དེ་གསལ་བ་ནི་གཏན་ལ་འབེབས་པའོ། །དེ་སྟོན་པར་བྱེད་པ་དག་གི་ཚོགས་ཏེ་བྱང་ཆུབ་ཀྱི་སེམས་གསལ་བར་བྱེད་པའི་ལེའུའོ། །ལེའུ་བཅུ་བདུན་པའི་བཤད་པ་རྫོགས་སོ།། །།རྒྱུད་འབྱུང་བའི་སྐབས་ལ་བབས་པའི་དོན་ གསུངས་པ། དེ་ནས་གཏམ་རྒྱུད་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པའོ། །ལྷགས་ཏེ་ཞེས་བྱ་བ་ནི་མངོན་པར་ཕྱོགས་པར་གྱུར་པའོ། །བདུད་ཆེན་པོ་ལས་རྒྱལ་བ་ཞེས་བྱ་བ་ལ་བདུད་ཆེན་པོ་ནི་ཉོན་མོངས་པ་ལ་སོགས་པའི་མཚན་ཉིད་རྣམས་སོ། །ཕ་རོལ་ལས་རྒྱལ་བས་ རྒྱལ་བ་སྟེ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ལས་ཡང་དག་པར་བྱུང་བའི་རྡོ་རྗེ་འཛིན་པ་གཤིན་རྗེ་གཤེད་ཀྱི་གཟུགས་ཞེས་པའི་དོན་ཏོ། །ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་གཙོ་བོ་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ཀྱི་ཁྲོ་བོའོ། །ངེས་པར་ཕྱུང་བར་གྱུར་ནས་ཞེས་བྱ་བ་ནི་སྐུ་ གསུང་ཐུགས་རྣམས་ཀྱིས་གཤིན་རྗེ་གཤེད་དུ་འགྱུར་བའོ། །དགོས་པ་བསྟན་པའི་དོན་དུ་ངེས་པར་ཕྱུང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱང་དེའི་དུས་སུ་གནས་པའི་ལྷ་ལ་སོགས་པ་རྣམས་ལ་དེ་བཞིན་དུ་སྣང་བ་ཡིན་པས་འདི་ལྟར་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ རང་ཉིད་ཀྱིས་བདག་ཉིད་ཀྱི་བདག་ཉིད་ལ་བཀའ་བསྒོ་བ་ཡང་མ་ཡིན་ནོ། །སྐད་ཅིག་ལ་ཞེས་པ་ནི་དུས་སུ་ཉུང་ངུ་ཉེ་བར་མཚོན་པའོ། །ལེགས་པར་རབ་ཏུ་ཡིད་ལ་བྱས་སོ་ཞེས་བྱ་བ་ནི་བདུད་རྣམས་སོ་ཞེས་པ་ལྷག་མའོ། །ལེགས་སོ་སྦྱིན་པ་དང་ལྡན་པ་གང་ཡིན་ཞེ་ན། ལེགས་པར་བྱེད་པ་ནི་གང་རབ་ཏུ་བྱེད་པ་ནི་གང་ཞེས་པའི་དོན་ཏོ། །གསང་བ་ཆེན་པོའི་བདག་པོ་ཞེས་བྱ་བ་ལ་གསང་བ་ཆེན་པོ་ནི་གནོད་སྦྱིན་ནོ། །དེ་རྣམས་ཀྱི་བདག་པོ་ནི་ཕྱག་ན་རྡོ་རྗེའོ། །རྡོ་རྗེའི་རིགས་ཀྱི་གཙོ་བོ་ཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་ཏེ་འདིར་ དེའི་རིགས་མཆོག་ཏུ་གྱུར་པས་ན་དེའི་དབང་དུ་བྱས་པའི་ཤེས་པའོ། །ཅི་རྒྱུད་འདི་གཙོ་བོ་ཡིན་པའམ། དགྱེས་པའི་རྡོ་རྗེའི་རྒྱུད་བཞིན་དུ་ཡང་དག་པར་ཕྱུང་བ་ཡིན་ཞེ་ན། གསུངས་པ། ན་ད་ཀུ་བེ་ར་ཡི་ཡབ། ཅེས་པ་ལ་སོགས་པ་སྟེ། ན་ད་ཀུ་བེ་ར་ཞེས་པའི་རྒྱུད་རྐང་ པ་གཅིག་དང་བཅས་པའི་འབུམ་ཕྲག་གཅིག་པ་ལས་ཕྱུང་ཞེས་པའི་དོན་ཏོ། །ནན་ཏན་དུ་བྱས་ཞེས་པ་ནི་ཡང་དག་པའི་ནན་ཏན་གྱིས་ཏེ་དེས་འདུལ་བའི་བློ་དང་ལྡན་པ་རྣམས་ཀྱི་དོན་དུའོ། །དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུད་ཀྱི་རྒྱལ་པོ་ལས་སོ། ། ཨཽཌྱན་ནས་བྱུང་ཞེས་པ་ནི་ཨཽཌྱན་ནས་ཡང་དག་པར་བྱུང་བའོ། །ལེའུ་བཅོ་བརྒྱད་པའི་བཤད་པ་རྫོགས་སོ།། །།གང་གིས་རྒྱ་མཚོའི་ཆུ་ཡང་རྨིག་པས་འགེབས་ཤིང་རི་བོའང་རབ་ཏུ་གཡོ་བ་ཡི། །མ་ཧེའི་རྒྱབ་ཏུ་ཉི་མ་དམར་པོའི་གནས་སུ་གང་ཞིག་ཞོན་ཞིང་ རོལ་པ་ནི། །བསྐལ་པའི་མཐར་བྱུང་སྤྲིན་དང་འདྲ་བའི་གཤིན་རྗེ་གཤེད་ཀྱི་རྣམ་པས་ཡུན་རིངས་སུ། །འགྲོ་བ་རྣམས་ཀྱི་ཕུན་སུམ་ཚོགས་པ་རབ་ཏུ་འབྱོར་བའི་རྒྱུར་གྱུར་ཅིག །བདེ་གཤེགས་དགོངས་པ་ཡོངས་སུ་ཤེས་པའི་སྟོབས་ནི་རིན་ཆེན་ཏེ། །སྲིད་གསུམ་མུན་པ་ འཇོམས་ཤིང་དགའ་བས་འདི་ནི་ཕྲེང་བའང་ཡིན། །རིན་ཆེན་འོད་ཟེར་ལྡན་པས་སྙིང་ལ་གནས་པའི་ཡོན་ཏན་བྱེད། །མདོག་བཟང་ཕྲེང་བར་བརྒྱུས་པའི་ཡོན་ཏན་ལྡན་པ་འདི་ཡིས་ནི། །སྣོད་ཀྱི་སེམས་ཅན་རྟག་ཏུ་སེམས་ཉིད་དགའ་ཞིང་རྒྱས་པ་དང་། །ཤིན་ཏུ་དགའ་བའི་ཡིད་ ཀྱིས་མུན་པ་སེལ་བས་ཉི་མ་བཞིན། །རིན་ཆེན་དང་ནི་འདྲ་བས་རིན་ཆེན་ཕྲེང་བ་སྟེ། །ཡང་དག་བསྡུས་པས་འགྲོ་བ་ལས་ནི་རྒྱལ་བའོ། །དེ་ཡི་གཉིས་མེད་རྟོགས་པའི་ལས་ནི་མཚུངས་མེད་པའི། །སྙིང་རྗེ་དང་ནི་སྟོང་པའི་བརྩེ་བས་སྣོད་དུ་གྱུར། །སེམས་ཅན་ཀུན་གྱི་སྣོད་ རྣམས་ལས་ནི་བདེ་གཤེགས་ཀྱི། །དགོངས་པའི་བདུད་རྩིའི་ཆུ་ཡིས་བྲན་པའི་བརྩེ་ཆེན་པོ། །ཀུན་མཁྱེན་ཡང་དག་སེམས་ནི་རྒྱ་མཚོའི་ཆུ་རླབས་བཞིན། །རྒྱལ་བ་གཤིན་རྗེ་གཤེད་དཔལ་རྣམ་སྤྲས་ནན་ཏན་ལས། །ཡོན་ཏན་དཔལ་དུ་གྱུར་པའི་དཀའ་འགྲེལ་འདི་ཡིན་ཏེ། །རིན་ ཆེན་ཕྲེང་བ་ཞེས་ནི་མིང་དུ་བརྗོད་པའོ། །མ་ག་དྷཱ་ཡི་ཤར་གྱི་ཕྱོགས། །བྷཾ་ག་ལ་ཞེས་བྱ་བའི་ཡུལ། །བི་ཀྲ་མ་པུ་རིའི་གཙུག་ལག་ཁང་། །སྐུ་འཁྲུངས་མཁས་པ་ཆེན་པོ་ལས། །ཨ་ཝ་དྷཱུ་ཏཱི་པར་གྱུར་པའི། །གཞོན་ནུ་ཟླ་བས་མཛད་པ་ཡིན། །རྒྱ་གར་མཁན་པོ་ལི་ལ་བཛྲ་ལ། །བོད་ ཀྱི་ལོ་ཙཱ་བསོད་ནམས་རྒྱལ་མཚན་ནི། །རུས་པ་དཔྱལ་ལ་མཚན་ནི་སེར་ཙ་ཡིས། །རྙེད་དང་གྲགས་པའི་དོན་དུ་འདི་མ་བསྒྱུར། །རང་གི་སློབ་མ་རྣམས་ཀྱིས་གསོལ་བཏབ་ནས། །ཕན་པའི་བསམ་པས་འདི་དོན་ལེགས་པར་བསྒྱུར། །གལ་ཏེ་ལྷག་ཆད་འགའ་ཞིག་ཡོད་སྲིད་ན། །རྒྱ་དཔེ་ གཞན་དང་མཁས་པ་གཞན་དག་ལ། །ད་དུང་བདག་ཉིད་ཞུས་གཏུགས་ལེགས་པར་བགྱིད། །སྒྲ་ཡི་མིང་དང་རྣམ་རྟོག་སྣ་ཚོགས་པས། །ལོ་ཙཱ་གཞན་གྱིས་བཅོས་པ་མ་མཛད་ཅིག །མཉན་ཞིང་ཤེས་ན་འདི་ལ་བཤད་པ་མཛོད། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་ རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། སློབ་དཔོན་གཞོན་ནུ་ཟླ་བས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མ་རི་ཏནྟྲ་པཉྩི་ཀཱ། བོད་སྐད་དུ། གཤིན་རྗེ་དགྲ་ནག་པོའི་རྒྱུད་ཀྱི་དཀའ་འགྲེལ། དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །དངོས་མེད་ འགྲོ་ལ་ཁྱབ་པ་པོ། །འགྲོ་བ་མཐའ་ཡས་འཁོར་བ་ཡི། །རྒྱ་མཚོ་སྒྲོལ་མཛད་ཁྲག་འཐུང་གང་། །མགོན་པོ་དེ་ལ་བདག་ཕྱག་འཚལ། །ཤིན་ཏུ་ཟབ་པའི་རྒྱུད་འདི་ལ། །བཀའ་ཡང་བླ་མས་གནང་བ་ཡིས། །གཤིན་རྗེ་དགྲ་ཡི་རྣམ་འགྲེལ་འདི། །སེམས་ཅན་དོན་དུ་བདག་གིས་བྱ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་བདག་གིས་ནི་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོ་ན་བཞུགས་པ་དེའི་ཚེ་དེ་ཁོ་ན་ཉིད་བཤད་པ་ཐོས་ཤིང་རྟོགས་པའོ། །གང་གི་ཚེ་ཞེ་ན། དུས་གཅིག་ན་སྟེ། དུས་ནི་ཚོད་དོ། །གཅིག་ན་ ཞེས་བྱ་བ་ནི་བསམ་པ་ལས་འདས་པའི་དུས་ཏེ། དུས་གང་གི་ཚེ་བདག་གི་ཡིད་བསམ་པ་ཐམས་ཅད་ཡོངས་སུ་སྤངས་པར་གྱུར་པ་ནའོ་ཞེས་བྱའོ། །འཁོར་བ་པ་རྣམས་ཀྱི་དུས་ནི་རྣམ་པ་གསུམ་དུ་འགྱུར་ཏེ། སྡུག་བསྔལ་བའི་དུས་དང་། ཤིན་ཏུ་བདེ་བའི་དུས་དང་། བསམ་པ་ལས་འདས་པའི་དུས་རྣམས་སོ། །དེ་ལ་མཆོག་ཏུ་སྡུག་བསྔལ་བས་ཟིལ་གྱིས་ནོན་པའི་དུས་ན། ཐོས་པ་གང་ཅི་ཡང་རུང་སྟེ། དེ་ལ་ཕྱིན་ཅད་དྲན་པ་གང་ཡང་འབྱུང་བར་མི་འགྱུར་ཏེ། འདི་ལྟར་སྡུག་བསྔལ་གྱི་ཤུགས་ཀྱིས་དྲན་པ་གསལ་བའི་ཕྱིར་རོ། །གང་ བདེ་བས་ཡིད་བསྒོས་པ་ན་ཡང་མ་ཡིན་ཏེ། དེ་ལ་ཡང་དྲན་པ་གང་ཅི་ཡང་འབྱུང་བར་མི་འགྱུར་ཏེ། འདི་ལྟར་དེ་ལ་ཡང་ཤིན་ཏུ་བསྒོས་པའི་ཕྱིར་རོ། །དེ་བས་ན་གནས་སྐབས་གཉིས་པོ་དེ་ཡོངས་སུ་སྤངས་པའི་སྐད་ཅིག་ལ་ཅི་འབྱུང་བ་དེ་དྲན་པར་འགྱུར་ཏེ། དུས་གཅིག་ནི་བསམ་པ་ལས་ འདས་པའི་དུས་དེ་ཉིད་དོ། །དེ་བས་ན་བདག་གིས་བསམ་པ་ཐམས་ཅད་ཡོངས་སུ་སྤངས་པས། བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཐོས་སོ་ཞེས་བྱ་བ་ཡིན་ནོ། །དེ་ནི་བདག་གིས་ཇི་ལྟ་བ་དེ་ལྟར་བརྗོད་པ་འདིའོ་ཞེས་བྱ་བ་ཡང་དག་པར་སྡུད་པར་བྱེད་པའི་དགོངས་པའོ། །འདི་ལྟར་ཡང་ བརྩད་པར་འགྱུར་ཏེ། གང་ཞིག་བསམ་པ་ཐམས་ཅད་དང་བྲལ་བའི་དུས་ན་ཐོས། དེ་ལ་ཇི་ལྟར་ཕྱི་མའི་དུས་ན་དྲན་པ་འབྱུང་བར་འགྱུར། གང་གི་ཕྱིར་དྲན་པ་ཞེས་བྱ་བ་འདི་རྣམ་པར་རྟོག་པ་སྟེ་བསམ་པ་ལས་འདས་པ་ནི་བསམ་པ་ཅུང་ཟད་ཀྱང་མེད་པའོ། །དེ་བས་ན་དེ་ཡང་དག་པ་མ་ཡིན་ནོ། །རེ་ཞིག་འདིར་བསམ་པ་ལས་ འདས་པའི་དུས་ནི་འཇིག་རྟེན་པས་བླང་བར་བྱ་སྟེ། དུས་གང་གི་ཚེ་ཚིག་གི་དོན་ལ་སོ་སོར་ངེས་པར་འགྱུར་བའི་ཡིད་ལ་བྱེད་པ་ལས་ལྷག་པའི་དོན་གཞན་བསམ་པ་ལ་ནི་མི་བྱ་སྟེ། གང་དག་བསམ་པ་མང་པོར་འགྱུར་བའི་ཡིད་དུ་གྱུར་པའི་དུས་ན། བསམ་པ་དེས་དངོས་པོ་གཅིག་ལས་ སོ་སོར་ངེས་པའི་དྲན་པ་ཇི་ལྟ་བ་བཞིན་རྗེས་སུ་འབྱུང་བར་མི་འགྱུར་རོ། །དེ་བས་ན་འདིར་བསམ་པ་ལས་འདས་པའི་དུས་ནི་མངོན་པར་འདོད་པའི་བསམ་པ་ཙམ་ལ་ཡོངས་སུ་གནས་པའི་ཡིད་ལ་ཁོང་དུ་ཆུད་པར་བྱའོ། །གཞན་དུ་དོན་དམ་པའི་བསམ་པ་ལས་འདས་པའི་ དུས་ནི་གཏང་བར་བྱ་སྟེ། དུས་གང་གི་ཚེ་གཟུང་བ་དང་འཛིན་པའི་བསམ་པ་ཐམས་ཅད་ལས་འདས་པ་དེར་ཡང་རང་དང་གཞན་གྱི་རིག་པ་ཉིད་ཡིན་པའི་ཕྱིར་དྲན་པ་ལ་སོགས་པ་ཇི་ལྟར་འབྱུང་བར་འགྱུར་ཏེ། དེ་ནི་འདི་ལྟར་གནས་གང་དུ་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་བསྟན་པ་ མཛད་པར་གྱུར་པ་ཇི་ལྟ་བ་འདི་སྐད་ཐོས་སོ་ཞེས་བྱ་བ་འདིར་གསུངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་ཀྱི་རྣམ་པ་ཐམས་ཅད་ཀྱིས། རྡོ་རྗེ་བཙུན་མོའི་གཟུགས་སུ་གྱུར་པར་ མཛད་ནས། དེའི་བྷ་ག་བདེ་བ་ཆེན་པོའི་གནས་སུ་བཅོམ་ལྡན་འདས་བཞུགས་པའི་ཚེ། འདི་སྐད་ཆོས་བསྟན་པར་གྱུར་ཏོ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་བཙུན་མོར་གྱུར་པའི་བྷ་ག་དམ་པའི་མྱ་ངན་ལས་འདས་པའི་གོ་འཕང་ལ་བཅོམ་ལྡན་འདས་བཞུགས་ནས་ འདི་སྐད་བསྟན་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏེ། ཉོན་མོངས་པའི་བག་ཆགས་མཐའ་དག་ཡོངས་སུ་བསལ་བའི་གནས་ནི་བྷ་ག་ཡིན་ལ། དམ་པའི་དགའ་བའི་རོ་མྱོང་བར་བྱ་བའི་ཕྱིར། བཙུན་མོའི་ངོ་བོ་ཉིད་དུ་དེ་བཞིན་གཤེགས་པ་རྣམས་གྲུབ་པར་གྱུར་ནས་ཡུལ་གྱི་བག་ཆགས་ཀྱིས་ སེམས་ཡོངས་སུ་ཉོན་མོངས་པའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར། འདི་ལྟར་རྗེས་སུ་བསྟན་པར་མཛད་དོ་ཞེས་བྱ་བ་ཡིན་ཏེ། དེའི་ཕྱིར་ཡང་བཙུན་མོའི་བྷ་ག་ལ་བཞུགས་པར་སྤྲུལ་པ་མཛད་པར་གྱུར་ནས། འདི་ལྟར་འདོད་ཆགས་ཆེན་པོའི་རྗེས་སུ་འགྲོ་བ་ཡུལ་གྱི་ ཆགས་པས་ཡོངས་སུ་ཉོན་མོངས་པའི་སེམས་ཅན་རྣམས་བསྒྲལ་བའི་ཕྱིར་བཅོམ་ལྡན་འདས་འདི་ལྟར་བརྩམ་པ་མཛད་དོ། །དེ་བས་ན་ཡུལ་རྣམས་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་རྒྱུ་ལ་བྱང་ཆུབ་སེམས་དཔའ་རྣམས་འཇིགས་པར་མི་བྱ་ཞིང་དེའི་སྒོ་དགག་ཅིང་སྤང་བར་མི་བྱ་སྟེ། དེ་བཞིན་གཤེགས་ པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། དམ་པ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་ལམ་གང་གིས་རྗེས་སུ་བཅིངས་པར་གྱུར་པའི་སེམས་ཅན་རྣམས། དེ་ཉིད་ཀྱིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་བདག་ཉིད་རྣམས་ཆོས་བསྟན་པར་མཛད་དེ། ཇི་ཡུལ་གང་ གིས་འདི་ལྟར་འཁོར་བར་བཅིང་བར་བྱེད་པར་འགྱུར་བ་དེ་དེ་ཉིད་ཀྱིས་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་ཡོངས་སུ་ཤེས་ཏེ། སངས་རྒྱས་ཉིད་ཐོབ་པར་བྱེད་དོ། །དེའི་ཕྱིར་དེ་དག་ཉམས་སུ་མྱོང་བ་ཇི་ལྟར་གྱུར་པ་དེ་ལྟར་སྤྱོད་པར་བྱ་སྟེ། སྲིད་པ་འདི་ཉིད་ཡོངས་ཤེས་པ། །མྱ་ ངན་འདས་པར་དེ་བརྗོད་དོ། །ཞེས་སོ། །ཡང་ན་གང་གིས་འཆིང་བར་བྱེད་པར་འགྱུར་བ་དེ་ཉིད་ཞི་བའི་རང་བཞིན་དུ་འགྱུར་ཏེ། ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་ཡིས་བསྲོས་པ་འདི་ཡི་སྨན། །དེ་བཞིན་ཆགས་པས་གདུངས་པ་འདིའི། །སེམས་ཅན་ཡུལ་རྟེན་རྟེན་ བྲལ་བས། །བྱང་ཆུབ་གནས་པར་ནུས་མ་ཡིན། །ཞེས་བྱ་བའི་དོན་ཏོ། །ཡུལ་འདི་ཉིད་ཇི་ལྟ་བ་དེ་ལྟར་འཁོར་བ་ཡིན་པ་ལས་གཞན་ཅི་ཞིག་ཡོད། དེ་བས་ན་གྲོལ་བའི་རྒྱུར་གྱུར་པའི་ཕྱིར། འཁོར་བ་གཞན་ལྷག་པ་གཞན་ཅི་ཡང་མེད་པར་འགྱུར་ཏེ། རྒྱུ་འདི་ ལས་གྲོལ་བ་འབྱུང་བར་མི་རིགས་ཏེ། རྒྱུ་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཡང་འདི་ལྟར་གང་གིས་བཅིངས་པ་དང་གྲོལ་བ་གཉིས་ཀྱང་རྒྱུ་ཡུལ་ཉིད་ཡིན་བྱ་བའི་རིགས་པ་འདི་གང་ཡིན། འདི་དག་ནི་གཅིག་གིས་གཅིག་བསལ་བའི་ཕྱིར། བསལ་ བ་འདིས་རྒྱུ་གཅིག་པ་རིགས་པ་མ་ཡིན་ཏེ། འདི་ལྟར་མེ་ནི་གྲང་བའི་བྱ་བ་ཡང་མི་བྱེད་དོ། །དེ་བཞིན་དུ་འབྲས་བུ་སྣ་ཚོགས་ཀྱི་དོན་དུ་རྒྱུ་སྣ་ཚོགས་ལེན་པར་བྱེད་པར་ཡང་ག་ལ་འགྱུར་ཞེས་བྱ་བ་འདི་སྟོན་པར་བྱེད་དོ། །ཡུལ་བྱེ་བྲག་མེད་པ་ཉིད་རྒྱུ་གཉིས་སུ་མི་ འགྱུར་རོ་ཞེས་བྱ་བའི་ཉེས་པ་ཡོད་དོ་ཞེ་ན། ཅི་ཡོངས་སུ་ཤེས་པ་དང་ཡོངས་སུ་མ་ཤེས་པའི་གནས་སྐབས་ཐོབ་པ་ལས་འབྲས་བུ་བྱེ་བྲག་ཏུ་འབྱུང་བར་འགྱུར་ཏེ། ཇི་ལྟར་ངོ་བོ་ཉིད་མེད་པའི་དངོས་པོ་ཁོང་དུ་ཆུད་པ་ལས་གྲོལ་བའི་རྒྱུར་འགྱུར་རོ། །ཇི་ལྟར་ངོ་བོ་ཉིད་ཡོངས་སུ་མ་ཤེས་ པ་ལས་འཆིང་བར་འགྱུར་ཏེ། དེ་བས་ན་ཇི་ལྟར་ངོ་བོ་ཉིད་ཤེས་པ་དང་མ་ཤེས་པའི་རྒྱུའི་བྱེ་བྲག་ཡོད་དོ། །དེས་ན་ཚོགས་པའི་དབྱེ་བ་ཉིད་ཀྱིས་འབྲས་བུ་ཕྱེ་བ་ཡིན་ནོ། །དཔེར་ན་འདི་ལྟར་དུག་ནི་སྦྱོར་བ་ཤེས་པས་ཟོས་ན་ནད་ཞི་བར་འགྱུར་རོ། །མ་ཤེས་པས་ནི་འཆི་སྟེ། དེ་བས་ན་ བཅིངས་པ་དང་གྲོལ་བ་ནི་རང་བཞིན་ཇི་ལྟར་བརྗོད་པ་ཡོངས་སུ་ཤེས་པར་བྱའོ། །ཇི་ལྟར་གཉིས་པོ་འདི་དག་ཀྱང་དོན་དམ་པ་མ་ཡིན་ཏེ། དེ་ལྟ་ན་ཡང་འཁོར་བ་ལ་རྗེས་སུ་ཆགས་པ་ནི་ངེས་པ་ཉིད་དུ་ཇི་ལྟར་བསྟན་པའི་རྒྱུས་ཤེས་པར་བྱའོ། །དེ་བས་ན་བརྫུན་གྱི་བདག་ཉིད་རྟོག་པའི་ བག་ཆགས་ཀྱིས་བཅིངས་པས་སྡུག་བསྔལ་འབྱུང་བར་བྱེད་དོ། །གཞན་དུ་ན་གཉིས་པོ་དག་ནི་བརྫུན་ཉིད་ཡིན་པས། མཁས་པ་རྣམས་གང་གི་དོན་དུ་གྲོལ་བ་ལ་འབད་པར་བྱེད། དེ་ལྟ་ན་ཡང་བརྫུན་དུ་བརྗོད་པའི་ཕྱིར། བརྫུན་གྱི་བྱེད་པ་སྤངས་པའི་དོན་ཉིད་ཡིན་ནོ། །བརྫུན་གྱི་ བྱེད་པ་གང་གིས་འཆིང་བའི་བྱེད་པ་ལས་འདི་ལྟར་སྡུག་བསྔལ་འབྱུང་བར་བྱེད་དོ། །དེ་ནི་ཇི་ལྟ་ཇི་ལྟར་བག་ཆགས་ཀྱི་བྱེད་པ་དེ་དང་དེ་བསལ་བར་བྱས་པ་འདི་ཉིད་གྲོལ་བའོ། །གཞན་དུ་ན་གྲོལ་བ་ཞེས་བྱ་བ་གཞན་དངོས་པོ་ཅི་ཡང་མེད་པར་རིག་པར་བྱ་སྟེ། འདི་ལྟར་ཡུལ་གྱི་སྣང་བའི་རྣམ་ པ་དེ་ལྟར་བཅོམ་ལྡན་འདས་ཆོས་སྟོན་པར་འགྱུར་རོ། །གཞན་ཡང་འདི་ལྟར་ཡུལ་གྱི་སྣང་བའི་རྣམ་པས་དེ་ཁོ་ན་ཉིད་སྣང་བར་བྱེད་དེ། དེའི་ཕྱིར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་བསྟན་པ་འདི་ནི་དེ་ཁོ་ན་ཉིད་དོ། །འདི་ཅི་ཞིག་བསལ་བ་གཉིས་གཅིག་གི་བདག་ཉིད་དུ་ཇི་ལྟར་འགྱུར། འདི་ལྟར་ གྲིབ་མ་དང་སྣང་བ་དག་ཀྱང་གཅིག་ཏུ་བརྗོད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་རྒྱུ་ལ་འབྲས་བུ་ཉེ་བར་གདགས་པ་བྱས་ནས། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ལ་དེ་ཁོ་ན་ཉིད་ཅེས་བརྗོད་དེ། དཔེར་ན་ཡུལ་གྲང་བའི་ཆུ་ལ་རྐང་པའི་ནད་ཅེས་བྱ་བ་བཞིན་ནོ། །དེ་བས་ན་ཐབས་དང་ ཤེས་རབ་སྦྱོར་བ་ལས་དགའ་བ་ལ་སོགས་པའི་རིམ་པས། རང་བཞིན་གྱི་དགའ་བའི་ངོ་བོ་ཉིད་ཀྱི་ཡེ་ཤེས་འབྱུང་བར་འགྱུར་བས། ཐབས་དང་ཤེས་རབ་དག་གི་རྒྱུ་ལ་དེ་ཁོ་ན་ཉིད་ཀྱི་ངོ་བོར་བཤད་དོ། །དེ་བས་ན་བསལ་བ་མེད་དེ། དེ་ལྟ་བུའི་རྒྱུ་ལེན་པ་ལས་ཡེ་ཤེས་ཀྱི་བྱེ་ བྲག་གཞན་ཉིད་འབྱུང་སྟེ། དཔེར་ན་བུ་རམ་དང་དོང་གྲ་ཟོས་པ་ལས། འབྲས་བུ་རིམས་ལ་ཕན་པའི་མཚན་ཉིད་གཞན་ཉིད་འབྱུང་ངོ་ཞེས་བྱ་བ་འདིར་འགྱུར་རོ། །ཐབས་དང་ཤེས་རབ་དག་གཉིས་ཀྱི་བདག་ཉིད་ལས་གཉིས་སུ་མེད་པའི་རང་བཞིན་གྱི་རང་རིག་པའི་བདག་ཉིད་ ཀྱི་ཡེ་ཤེས་ཇི་ལྟར་འབྱུང་། རྒྱུ་གཉིས་པ་དང་བཅས་པའི་འབྲས་བུ་གཉིས་སུ་མེད་པ་ནི་མི་རིགས་སོ། །དེ་བས་ན་དམིགས་པ་དང་བཅས་པ་ཡིན་པ་དེའི་ཕྱིར། ཐབས་དང་ཤེས་རབ་ཀྱི་རྒྱུ་ལས་དམིགས་པ་མེད་པའི་ལྷན་ཅིག་སྐྱེས་པའི་རང་རིག་པ་ཇི་ལྟར་འབྱུང་། རྒྱུ་དང་མཐུན་པ་ཉིད་ཀྱི་ཚུལ་དུ་འབྲས་བུ་འབྱུང་སྟེ། དཔེར་ན་སྐུད་པ་ནག་པོ་ལས་བྱས་པའི་སྣམ་བུ་ནག་པོར་འགྱུར་བ་བཞིན་ནོ། །གཞན་དུ་ན་རྗེས་སུ་མཐུན་པ་ཇི་ལྟ་བར་ལེན་པར་བྱེད་པར་མི་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ་རྒྱུའང་གཞན་ཡིན་ལ་འབྲས་བུའང་གཞན་ཡིན་ཏེ། རྒྱུ་ཉིད་ འབྲས་བུར་མི་འགྱུར་རོ། །དེའི་ཕྱིར་ངོ་བོ་ཉིད་ཐ་དད་པ་ལ་ཇི་ལྟ་བར་རྗེས་སུ་མཐུན་པར་བརྟག་པ་འདིས་ཅི་ཞིག་བྱ། ཤིང་པི་པ་ལའི་ས་བོན་ཕྲ་མོ་ལ་དེ་ལྟ་བུའི་ཡལ་ག་ལ་སོགས་པའི་བདག་ཉིད་ཀྱི་ཤིང་མི་འབྱུང་བས། དེ་བཞིན་མཐུན་པ་ཉིད་དུ་འགྱུར་བ་ཅི་ཞིག་ཡིན། ཡང་ ན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅེས་བྱ་བ་འདི་གསལ་བར་བྱེད་པ་ཙམ་ཉིད་ཡིན་ཏེ། ལྷན་ཅིག་སྐྱེས་པའི་བདག་ཉིད་ནི་དེ་བཞིན་པའི་ཡེ་ཤེས་ཉིད་ཡིན་པར་རིག་པར་བྱའོ། །ཐབས་དང་ཤེས་རབ་དག་ནི་མངོན་པར་གསལ་བར་བྱེད་པ་ཉིད་ཙམ་མོ། །དེ་ལྟ་ན་བག་ཆགས་ ཀྱི་སྒྲིབ་པ་ཟད་པར་བྱས་པས་རང་ཉིད་དེ་ཁོ་ན་ཉིད་རང་རིག་པ་རྟོགས་པར་བྱེད་དེ། མར་མེའི་སྦྱོར་བས་བུམ་པ་བཞིན་ནོ། །ཡང་ན་ཐབས་དང་ཤེས་རབ་ཅེས་བྱ་བའི་སྒྲ་འདིས་སྲིད་པ་དང་། མི་སྲིད་པའི་འགྲོ་བ་མཐའ་དག་གི་དངོས་པོ་བརྗོད་པ་སྟེ། གང་ཡང་འདི་ལྟར་སྲིད་ པ་དང་མི་སྲིད་པ་ལ་སོགས་པའི་འགྲོ་བའི་དངོས་པོ་ནི་དེ་ཁོ་ནའི་རང་བཞིན་ཉིད་ལས་གཞན་མ་ཡིན་ནོ། །དེ་ལྟ་ན་ཡང་སྲིད་པ་དང་མི་སྲིད་པ་དག་ནི་གཅིག་གིས་གཅིག་བསལ་བའི་མཚན་ཉིད་ཡིན་པས། དེའི་ངོ་བོ་ཉིད་ལས་དེ་ཁོ་ན་ཉིད་ཇི་ལྟར་འགྱུར། དེ་ནི་བཟང་པོ་མ་ ཡིན་ནོ། །འདིས་ནི་སྲིད་པ་དང་མི་སྲིད་པ་ལ་སོགས་པའི་བདག་ཉིད་ཀྱི་དམིགས་པ་རྣམ་པ་གཉིས་ཀ་ཡང་བསལ་བར་རིག་པར་བྱ་སྟེ། འདི་ལྟར་དངོས་པོའི་ངོ་བོ་ཉིད་མངོན་པར་གྲུབ་ན། དངོས་པོ་མེད་པའི་ངོ་བོ་ཉིད་སེལ་བར་བྱེད་དེ། དངོས་པོ་མེད་པའི་ངོ་བོ་ཉིད་དག་གིས་ཀྱང་ དངོས་པོ་འགོག་གོ། །ཇི་ལྟར་སོ་སོར་ངེས་པའི་བདག་ཉིད་ཀྱི་དངོས་པོས་ངོ་བོ་ཉིད་གཉིས་ཀའང་སེལ་བར་བྱེད་དོ། །དེ་ལྟ་བས་ན་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་བདག་ཉིད་ཀྱང་། དེ་དག་གིས་དེ་ཁོ་ན་དམིགས་པ་མེད་དེ། གཉིས་ཀ་ལ་ཡང་ཉེས་པ་ཡོད་པའི་ཕྱིར་རོ། །འདི་ཅི་ ཞིག་རིག་པའི་བདག་ཉིད་ཀྱང་དེ་ཁོ་ན་ཉིད་ལ་མེད་པ་མ་ཡིན་ནམ། འདི་ལྟར་མ་ངེས་པའི་བདག་ཉིད་ཀྱི་རིག་པ་ཇི་ལྟ་བུ་ཞིག་ཏུ་འགྱུར། དངོས་པོ་ཡང་འཁྲུལ་པ་སྟེ། འདི་ལྟར་ཐོ་ཡོར་དང་སྐྱེས་པའི་གཟུགས་དག་མ་ངེས་པ་ལས་གང་རིག་པ་དེ་འཁྲུལ་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་ ངེས་པའི་དངོས་པོས་གང་རིག་པ་དེ་ནི་དེ་ཁོ་ན་ཉིད་ཇི་ལྟ་བར་འགྱུར་ཏེ། བུམ་པའི་ལྟོ་བ་དང་མགྲིན་པའི་གཟུགས་དག་ངེས་པ་ལས་བུམ་པ་རིག་གོ་ཞེས་བྱ་བར་འགྱུར་རོ། །དེ་བས་ན་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ངེས་པ་ལས་དེ་ཁོ་ན་ཉིད་རིག་པ་ཉིད་དུ་འགྱུར་རོ། །འདི་ལྟར་དེ་ རིག་པ་ལས་འཁོར་བ་ལས་ཡོངས་སུ་ཐར་བ་ཇི་ལྟར་འགྱུར། གལ་ཏེ་མ་རིག་ན་ཡང་དེ་ཁོ་ན་ཉིད་དུ་འགྱུར་བས་སྲིད་པ་འདི་འགོག་གོ། །ཐམས་ཅད་ཀྱིས་ཀྱང་དེ་ཐོབ་པར་འགྱུར་ཏེ། འདི་ལྟར་འབད་པ་མེད་པ་ཉིད་དུ་འཁོར་བ་པ་སྲིད་པ་ལས་འདས་པ་ཐོབ་པར་འགྱུར་རོ། །འདི་སྐད་བརྗོད་ པར་བྱ་སྟེ། ཁོ་བོ་ནི་དེ་ཁོ་ན་ཉིད་མེད་པར་སྨྲ་བ་མ་ཡིན་ཏེ། འདི་ལྟར་ཡང་དག་པ་ཇི་ལྟ་བའི་བདག་ཉིད་ཉེས་པ་ཐམས་ཅད་དང་བྲལ་བ། སོ་སོར་རྟོགས་པར་བྱ་བའི་ཕྱིར་འབད་པར་བྱེད་དེ། གང་དང་གང་དུ་ཉེས་པ་ཡོད་པའི་ཕྱོགས་དེ་དང་དེ་ཁོ་ན་ཉིད་དུ་མི་འགྱུར་རོ། །དངོས་པོ་དངོས་ པོ་མེད་པ་དག་ཀྱང་ཉེས་སྐྱོན་གྱི་འབྱུང་གནས་ཡིན་ན། དེའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་དུ་ཇི་ལྟར་འགྱུར། དེ་བས་ན་ཕྱོགས་ཐམས་ཅད་མི་དམིགས་པའི་ངོ་བོ་ཉིད་ཀྱི་ཚད་མའི་སྟོབས་ཀྱིས་འོངས་པའི་ངོ་བོ་ཉིད་འདི་ལ་ཅི་ཞིག་བརྩད། གཞན་ཡང་མ་ངེས་པའི་དངོས་པོས་རིག་པ་དང་། རིག་ པ་མ་ཡིན་པ་ཉིད་དུ་ཇི་ལྟར་འགྱུར། ལོང་བ་དང་ལྐུགས་པ་ལ་སོགས་པ་རྣམས་ཀྱིས་མངར་བ་ལ་སོགས་པ་རོ་བྲོ་བ་ཉམས་སུ་མྱོང་བ་བཞིན་ནོ། །དེ་ལ་འདི་ལྟར་ངོ་བོ་ཉིད་མེད་པ་མ་ངེས་པ་ལས་ཉམས་སུ་མྱོང་བ་མེད་པ་ཉིད་དུ་ཇི་ལྟར་འགྱུར། དེ་ལ་ལོང་བ་ལ་སྔོན་པོ་དང་དཀར་པོ་ལ་སོགས་ པའི་ངོ་བོ་ཉིད་དུ་དེ་ལ་མ་ངེས་ལ། ལྐུགས་པ་དག་ལ་ཡང་འདི་ལྟ་བུ་ཞིག་ཅེས་བརྗོད་པ་མེད་དོ། །དེ་བས་ན་མ་ངེས་པ་ཞེས་བྱ་བ་དེ་ཁོ་ན་ཉིད་ཀྱི་དངོས་པོ་མ་ཡིན་པ་དེའི་ཕྱིར། རྣམ་པ་ཐམས་ཅད་ངོ་བོ་ཉིད་མེད་པའི་བདག་ཉིད་དེ། རིག་པ་ཙམ་སྤང་བར་མི་བྱའོ། ། གཞན་ཡང་རྣམ་པ་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སུ་དེ་བརྗོད་པར་འགྱུར་རོ། །དེ་ལ་ཡང་རྣམ་པ་འདི་ལྟར་སྣང་བ་དེའི་ངོ་བོ་ཉིད་ཇི་ལྟ་བུ་ཞིག་ཡིན། རེ་ཞིག་ཕྱི་རོལ་གྱི་དོན་ནི་གཅིག་དང་དུ་མའི་ངོ་བོ་ཉིད་ཀྱིས་མེད་པ་ཉིད་དུ་རིག་པར་བྱ་ སྟེ། དེ་བས་ན་རྣམ་པ་འདི་དག་ཇི་ལྟ་བུ་ཞིག་ཡིན་པ་བརྗོད་པར་མི་ནུས་ཏེ་འདི་དག་ཡང་དག་པ་མ་ཡིན་པ་ཞེས་བྱའོ། །དེ་ལྟར་ན་རེ་ཞིག་རྣམ་པའི་ཤེས་པ་ཉིད་ཀྱིས་རྣམ་པ་བརྫུན་དུ་བརྗོད་པ་མ་ཡིན་ཏེ། དེ་ཡང་དེའི་ངོ་བོ་ཉིད་ཡིན་པས་སོ། །སྔོན་པོའི་ཤེས་པ་ཉིད་ཀྱིས་སྔོན་པོ་ བརྫུན་པར་རྟོགས་པ་མ་ཡིན་ནོ། །དེ་བཞིན་དུ་བདེན་པ་གང་ཅི་ཡང་རུང་སྟེ། རིག་པ་ཉིད་ཀྱིས་བདེན་པར་མི་བྱེད་དོ། །ཡང་བདེན་པ་གཞན་གྱི་རྣམ་པར་བརྫུན་པར་རྟོགས་པ་ནུས་པ་ཡང་མ་ཡིན་ཏེ། རེ་ཞིག་གཞན་རྣམ་པ་དང་བྲལ་བའི་ཤེས་པས་རྨི་ལམ་ལྟ་བུའང་རྟོགས་པར་ མི་བྱེད་དོ། །དེ་བས་ན་རྣམ་པ་དང་བྲལ་བ་དེས་རྣམ་པ་བརྫུན་དུ་ཇི་ལྟར་རྟོགས། གཞན་ཡང་ཤེས་པ་གཞན་གྱིས་ཤེས་པ་གཞན་གྱི་ཁྱད་པར་བརྫུན་པར་བྱེད་པར་ནུས་པ་ཡང་མ་ཡིན་ཏེ། དེའི་རང་བཞིན་ཉིད་དུ་གནས་པའི་ཕྱིར་རོ། །སྔོན་པོའི་ཤེས་པས་སེར་པོ་བརྫུན་དུ་རྟོགས་པ་ མ་ཡིན་ནོ་ཞེས་བྱ་བར་བརྗོད་པ་འདི་གྲུབ་པ་མ་ཡིན་ཏེ། གང་གིས་དངོས་པོ་ཐམས་ཅད་བརྗོད་པ་དང་བྲལ་བ་རང་རིག་པ་བླང་བར་བྱ་སྟེ། དེས་རྣམ་པ་དང་བྲལ་བར་བླང་བར་བྱ་བར་ཇི་ལྟར་འགྱུར། དེའི་ངོ་བོ་ཉིད་ཀྱིས་ཀྱང་དངོས་པོ་ཐམས་ཅད་བརྗོད་པ་དང་བྲལ་བ་ལེན་པར་མི་འགྱུར་རོ། ། གཞན་ཡང་རྣམ་པ་དང་བྲལ་བ་དག་གི་རྣམ་པ་དང་བཅས་པ་ལེན་གྱིས་ཡོངས་སུ་སྤོང་བར་ག་ལ་ནུས། འདི་དག་གཅིག་ལ་གཅིག་ལྟོས་པའི་ཕྱིར་ཕ་རོལ་དང་ཚུ་རོལ་བཞིན་ནོ། །འདི་ཇི་ལྟ་བུ་ཞིག་རྣམ་པ་དང་བྲལ་བ་ཡོངས་སུ་བསལ་བ་ལས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་རྣམ་པ་ ཉིད་ལེན་པར་འགྱུར་ཏེ། དེ་ཡང་ཇི་ལྟ་ཇི་ལྟ་བའི་རྣམ་པའི་ཤེས་པ་སྣང་བ་དེ་ཐམས་ཅད་བདེན་པ་ཉིད་པས། དེ་བས་ན་བརྫུན་གྱི་རྣམ་པའི་དངོས་པོ་གང་ཅི་ཡང་མེད་དེ། འདི་དག་ཐམས་ཅད་ལ་རྣམ་པར་ཤེས་པའི་ངོ་བོ་ཉིད་སྐྱེ་བས། དེ་ལྟ་ན་ནི་ལོག་པའི་ཤེས་པ་གང་ཅི་ཡང་ མེད་དེ། ཐམས་ཅད་དུ་འབད་པས་གྲོལ་བ་བསྒྲུབས་པར་ཇི་ལྟར་འགྱུར་བ་དེ་ལྟ་ན་འཁོར་བ་མེད་པའི་ཕྱིར་རོ། །ལོག་པའི་སྣང་བ་བརྫུན་པ་འདི་དག་འཁོར་བ་སྟེ། དེ་ལ་བརྫུན་གྱི་རྣམ་པ་གང་ཅི་ཡང་མེད་ན། འཁོར་བར་འཇིག་པ་གང་ཞིག་ཡོད། ཐམས་ཅད་ཡེ་ཤེས་ཀྱི་རྣམ་པ་ ཉིད་དེ། རྣམ་པ་དང་བཅས་པ་དག་གིས་ཡེ་ཤེས་སུ་བརྗོད་པར་འགྱུར་རོ། །འདི་སྐད་སྟོན་ཏེ། འདིར་སྨྲས་པ། འདི་དངོས་པོ་ཐམས་ཅད་བརྗོད་པ་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཡེ་ཤེས་དེ་ནི་ཇི་ལྟར་རྣམ་པ་དང་བཅས་པ་ཡོངས་སུ་འཛིན་ཏེ། སྨྲས་པ་འདི་ནི་བཟང་པོ་མ་ཡིན་ནོ། །ངོ་ བོ་ཉིད་ཐམས་ཅད་བརྗོད་པ་དང་བྲལ་བས། དེ་ལ་ཡང་ལེན་པར་བྱེད་པ་མེད་པའི་ཕྱིར་ཏེ། དེ་བས་ན་རང་གི་ཉམས་སུ་མྱོང་བ་ཙམ་རྟོག་པ་ཐམས་ཅད་སྤངས་པ་ནི། སེམས་ཅན་ཐམས་ཅད་ལ་གྲུབ་པ་འདི་ལ་བསལ་བར་ནུས་པ་མེད་དེ། དེའི་གནས་སྐབས་ན་རྣམ་པ་དང་བཅས་པ་ལ་ སོགས་པའི་དངོས་པོའི་རྟོག་པ་མེད་པར་འགྱུར་ཏེ། རང་དང་གཞན་གྱི་རིག་པ་ཉིད་དེར་ཡོངས་སུ་བསལ་བའི་ཕྱིར། རྣམ་པ་ལ་སོགས་པ་རྗེས་སུ་རྟོག་པའི་རྣམ་པར་དབྱེ་བ་འདི་ནི། ཐམས་ཅད་གཉིས་སུ་མེད་པ་ལ་སྐྱོན་དུ་འགྱུར་རོ། །གཉིས་སུ་མེད་པ་ཡང་བཅོམ་ལྡན་འདས་ཀྱི་ངོ་བོ་ སྟེ། དེ་ནི་འདི་སྐད་བཤད་པ་དེར་བདག་གི་སེམས་རྩེ་གཅིག་པས་རྟོགས་ཏེ། དེ་ཉིད་བདག་གིས་ཇི་སྐད་གསུངས་པ་ལས་བསྡུས་པའོ། །རྟོགས་པའི་དོན་དེ་ཉིད་དབང་པོ་དང་བཅས་པའི་ཚུལ་དུ་གསུངས་པ། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད། །ཅེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་མཐའ་དག་བསྟན་པའི་དབང་པོ་དང་བཅས་པར་ཐོས་སོ་ཞེས་དེ་འདི་ལྟར་སྟོན་པར་བྱེད་དེ། གཏི་མུག་རྡོ་རྗེ་ལ་སོགས་པ་གཤིན་རྗེ་གཤེད་པོའི་ཚོགས་དང་། རྡོ་རྗེ་འོད་ཟེར་ཅན་ལ་སོགས་པ་ལྷ་མོའི་ཚོགས་ཀྱི་འཁོར་དང་བཅས་ཏེ་བཞུགས་པ་དེར། འདི་སྐད་བདག་ གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་རྟོགས་ཏེ། དེ་བདག་གིས་ཇི་ལྟར་གྱུར་པ་བསྟན་པ་བྱས་ན། དབང་པོ་དང་བཅས་པས་འཇིག་རྟེན་གྱི་ལུགས་སུ་བདེན་པར་རྟོགས་པར་བྱེད་དོ། །དེ་བས་ན་དབང་པོ་དང་བཅས་པར་བཤད་པ་མཛད་པར་ཁོང་དུ་ ཆུད་ནས་སེམས་ཅན་རྣམས་འཇུག་སྟེ། གང་དུ་སེམས་ཅན་རྣམས་ཐེ་ཚོམ་མེད་པར་འཇུག་པར་འགྱུར་རོ། །ཞུགས་པས་བཅོམ་ལྡན་འདས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་ནས་སངས་རྒྱས་ཉིད་དུ་འགྲུབ་པར་བྱེད་དོ། །དེ་དག་ལ་སོགས་པ་ཞེས་བྱ་བ་ནི། དེ་ལྟ་བུའི་རྣམ་པ་ གཤིན་རྗེའི་དགྲའི་ཚོགས་དང་། ལྷ་མོའི་ཚོགས་དང་ལྡན་པར་བཅོམ་ལྡན་འདས་ལ་བདག་གིས་ཐོས་སོ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་ཁོ་ན་ཉིད་ཀྱི་དོན་འདི་བཤད་པ་མཛད་པར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་གསོལ་བ་བཏབ་པོ། །དེ་ནས་དེ་མ་ཐག་ཏུ་བཅོམ་ ལྡན་འདས་ཀྱིས་གཤིན་རྗེའི་དགྲའི་ཚོགས་ཐམས་ཅད་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །གཤིན་རྗེའི་གཤེད་ལ་སོགས་པའི་ཚོགས་ཕྱུང་བར་མཛད་ནས། དེ་ནས་དེ་ཁོ་ན་ཉིད་བཤད་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །ཟླ་བ་རྡོ་རྗེ་རབ་སྦྱོར་བས། །ཞེས་བྱ་བ་ནི་ཟླ་ བའི་སྟེང་དུ་ཉི་མའི་གཟུགས་ལ་གནས་པའི་རྡོ་རྗེ་དང་། དེ་ནས་ཡི་གེ་དྷཱིཿལས་བྱུང་བའི་གཤིན་རྗེ་གཤེད་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དཀྱིལ་འཁོར་རྫོགས་པར་བྱ་བའི་ཕྱིར་འདིའི་རིམ་པ་དེ་ཉིད་བཤད་པ་དེ་ནི། བསྲུང་བའི་དོན་ཞེས་བྱ་བ་དང་། རྡོ་རྗེ་བསྒོམ་ པར་བྱ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་དཀྱིལ་འཁོར་གྱི་རིམ་པ་བཤད་པ་སྟེ། དེ་ལ་འདིའི་རིམ་པ་ནི། རེ་ཞིག་དང་པོར་བྱམས་པ་ལ་སོགས་པ་བསྒོམ་པར་བྱའོ། །དེ་ནས་བདག་ཉིད་རྣམ་པ་ལྔ་བསྒོམ་པར་བྱས་ནས། སྡིག་པ་བཤགས་པ་ལ་སོགས་བྱ་བ་དང་། བསོད་ ནམས་ལ་རྗེས་སུ་ཡི་རང་བ་བྱས་ནས། སྟོང་པ་ཉིད་དུ་བལྟ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བྱ་བས་ཆོས་སུ་གྱུར་པ་ཐམས་ཅད་སྟོང་པ་ཉིད་དུ་དམིགས་པར་བྱའོ། །དེ་ནས་བར་སྣང་ལ་ཡི་གེ་ཨ་བསྒོམས་ཏེ། དེ་ལས་ཟླ་བའི་དཀྱིལ་འཁོར་དུ་བསྒོམས་ལ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་དྷཱིཿཡོངས་སུ་གྱུར་པ་ལས། རྡོ་རྗེ་འོད་ཟེར་ལྔ་དང་ལྡན་པ་བསྒོམས་ཏེ། དེ་ལས་འདི་ལྟར་རྡོ་རྗེ་འཕྲོས་པས་ཐད་ཀར་ནི་རྡོ་རྗེ་ར་བ་བསམ་པར་བྱའོ། །སྟེང་དུ་རྡོ་རྗེ་གུར་དུའོ། །དབུས་སུ་རྡོ་རྗེའི་རང་བཞིན་གྱིས་གཞིར་བསྒོམ་པར་བྱའོ། །དེ་ནས་རྣམ་ པར་སྣང་མཛད་རིག་མ་དང་བཅས་པ་ཡོངས་སུ་གྱུར་པ་ལས་ཁང་པ་བརྩེགས་པ་དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པ་དང་ལྡན་པར་བལྟའོ། །དེ་ནས་ལྷ་བཅུ་གསུམ་གྱི་གནས་རྣམས་སུ་ས་བོན་གྱི་ཡི་གེ་རྣམས་ལས་རྣམ་པར་བསྐྱེད་པའི་མཚན་མ་གསུངས་པ། དེ་ནས་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེར་ས་བོན་གྱི་ཡི་གེ་འདི་རྣམས་བལྟ་བར་བྱའོ། །ཀྵེ་ཡི་རྣམ་པ་གཏི་མུག་བརྗོད། །ཅེས་བྱ་བ་ལ་སོགས་པ་ནི། གཏི་མུག་གཤིན་རྗེ་གཤེད་ཀྱི་ས་བོན་ཡི་གེ་ཀྵེའེ། །སེར་སྣ་རྡོ་རྗེ་ གཤིན་རྗེའི་དགྲའི་ས་བོན་ཡི་གེ་མའོ། །ཡི་གེ་ཡ་ནི་ཐོ་བ་ཞེས་བྱ་བ་ལ་སོགས་པ་ནི། ཐོ་བ་རྡོ་རྗེ་གཤིན་རྗེའི་དགྲའི་ས་བོན་ནི་ཡི་གེ་མའོ། །དེ་བཞིན་དུ་ཡི་གེ་ཙ་ནི་བེ་ཅོན་རྡོ་རྗེ་གཤིན་རྗེའི་དགྲའིའོ། །ཛ་ཡིག་ཙརྩི་ཀ་རུ་བརྗོད། །ཅེས་བྱ་བ་ནི་འོད་ཟེར་ཅན་མའི་ས་བོན་ནི་ཡི་གེ་ ཛའོ། །དེ་བཞིན་དུ་ཡི་གེ་ས་ནི་ཕག་མོ་ལ་སོགས་པར་རྗེས་སུ་རིག་པར་བྱ་སྟེ། འདི་ལྟར་འོད་ཟེར་ཅན་མ་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་གྲྭ་རྣམས་ན། དངོས་གྲུབ་སྦྱིན་པར་མཛད་པར་རྗེས་སུ་རིག་པར་བྱའོ། །རལ་གྲི་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་བསྐྱེད་པའི་རིམ་ པ་གསུངས་པའོ། །དེ་ལ་འདིའི་རིམ་པ་ནི་ཡི་གེ་ར་ལས་གྱུར་པའི་ཉི་མའི་དཀྱིལ་འཁོར་བལྟ་སྟེ། དེའི་སྟེང་དུ་ཡི་གེ་དྷཱིཿལས་གྱུར་པའི་རལ་གྲི་རྡོ་རྗེ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་རྡོ་རྗེ་འཇིགས་པ་སྔོན་པོ་འོད་ཟེར་སྣ་ཚོགས་པ་དང་ལྡན་པ་བསམས་ཏེ། དེའི་དབུས་སུ་གྱུར་ པས་ཡི་གེ་དྷཱིཿདེ་ཡོངས་སུ་གྱུར་པ་ལས་མ་ཧེ་ལ་བཅིབས་པའི་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་གཤིན་རྗེའི་དགྲ་སྔོན་པོ་འཇིགས་པ། ཞལ་གསུམ་པ་ཕྱག་དྲུག་པ་བསྒོམ་པར་བྱ་སྟེ། ཁྲོས་པའི་གཟུགས་ཅན་རབ་ཏུ་མི་བསྲུན་པ། མགོ་བོའི་དུམ་བུས་བརྒྱན་པ། ལྕེ་འཇིབ་པ། གསུས་ པ་འཕྱང་བ། མིའུ་ཐུང་གི་གཟུགས་གཙིགས་པ། སྐྲ་གྱེན་དུ་འགྲེང་བ། སྨིན་མ་དང་། ཨག་ཙོམ་དང་། སྐྲ་སེར་སྐྱ། གཡས་བརྐྱང་བའི་སྟབས། མཆེ་བ་གཙིགས་པ། ཞལ་བགྲད་པ། བསྐལ་པ་མེ་འབར་བ་ལྟ་བུ། འོད་ཟེར་ཀུན་དུ་འཕྲོ་བའོ། །དེ་ནས་ཤར་ ཕྱོགས་སུ་གཏི་མུག་གཤིན་རྗེ་གཤེད་འཇིགས་པར་བྱེད་པ་ལ་སོགས་པའི་གཟུགས་འཛིན་པ་འདི་ལྟ་བུར་བསམ་པར་བྱའོ། །ལྷོར་སེར་སྣ་རྡོ་རྗེ་གཤིན་རྗེ་གཤེད་དང་འདི་ལྟ་བུ་ལ་སོགས་པ་གཞན་ཡང་ཇི་ལྟར་བརྗོད་པ་བཞིན་ཤེས་པར་བྱའོ། །གྲྭ་བཞི་རྡོ་རྗེ་རྩེ་མོ་རུ། །ཞེས་བྱ་བ་ ལ་སོགས་པའི་གྲྭ་བཞིར། རྡོ་རྗེའི་དཔལ་རྩེ་བཞི་དང་མཉམ་པར་འོད་ཟེར་ཅན་མ་ལ་སོགས་པའི་ལྷ་མོ་བཞི་བསམ་པར་བྱའོ། །དེ་བཞིན་དུ་སྒོ་བཞིར་རྡོ་རྗེ་དཔལ་རྩེ་བཞི་དང་མཉམ་པར་ཐོ་བ་རྡོ་རྗེ་ལ་སོགས་པ་གཤིན་རྗེའི་དགྲ་བཞིའོ། །འདི་ལྟར་གྲྭ་ཕྱི་མ་ལ་དེ་བཞིན་དུ་སྣ་ཚོགས་རྡོ་རྗེའི་གྲྭ་ བཞི་ལ་མིའི་མགོ་བོ་བཞི་ཡང་བྲི་བར་བྱའོ། །དེ་ནི་འདི་ལྟར་ལྷ་བཅུ་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་དུ་རྟོགས་པར་བྱ་སྟེ། དེ་ལ་དཀྱིལ་འཁོར་གྱི་དབང་ཕྱུག་ཞེ་སྡང་གཤིན་རྗེའི་དགྲའི་སྙིང་པོ་གསུངས་པ། ཨོཾ་ཧྲཱིཿཥྚྲཱྀཿཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་གཏི་ མུག་རྡོ་རྗེ་གཤིན་རྗེ་གཤེད་ཀྱི་སྔགས་གསུངས་པ། ཨོཾ་ཛི་ན་ཛིཀ །འདི་ལྟར་སེར་སྣ་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་ཨོཾ་རཏྣ་དྷྲྀཀ །ཅེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་རྡོ་རྗེ་འོད་ཟེར་ཅན་མ་ལ་སོགས་པ་གྲྭ་བཞིའི་ལྷ་མོ་བཞིའི་སྔགས་གསུངས་པ། ཨོཾ་དྭེ་ཥ་ར་ཏི། ཨོཾ་མོ་ཧ་ར་ ཏི་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་དཀྱིལ་འཁོར་གྱི་དབང་ཕྱུག་ལ་སོགས་པ་གཤིན་རྗེའི་དགྲ་རྣམས་ཀྱི་སྔགས་གསུངས་པའི་རིམ་པའི་གཟུགས་ཇི་ལྟ་བ་བསྟན་པ་ཡིན་པར་རིག་པར་བྱ་སྟེ། ཞལ་གསུམ་པ་ཕྱག་དྲུག་པ་ཁྲོས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་གྱི་ དབང་པོ་བཅོམ་ལྡན་འདས་གཤིན་རྗེའི་དགྲ་འདི་ལྟར་ནག་པོ་ལ་སོགས་པའི་གཟུགས་དང་ལྡན་པ་བསྒོམ་པར་བྱའོ། །རེ་ཞིག་དེའི་ཕྱག་གཡས་ན་རྡོ་རྗེ་བསྣམས་པར་བལྟ་སྟེ། གཉིས་པ་ན་རལ་གྲིའོ། །གསུམ་པ་ན་གྲིའོ། །དེ་བཞིན་དུ་ཕྱག་གཡོན་པ་གསུམ་ན། འཁོར་ལོ་དང་། པདྨ་དང་། ཀ་པཱ་ལའོ། །དེ་བཞིན་དུ་རྩ་བའི་ཞལ་ནག་པོ། གཡས་དཀར་པོ། གཡོན་དམར་པོ་སྟེ། རེ་ཞིག་འདི་ལྟར་དཀྱིལ་འཁོར་གྱི་གཙོ་བོ་བསྒོམ་པར་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པ་ནི་ཕྱག་དྲུག་གོ། །སྐུ་གསུང་ཐུགས་རྣམ་པར་དག་པ་ནི་ཞལ་གསུམ་ མོ། །མི་ཕྱེད་པའི་རྡོ་རྗེ་བསྐྱེད་པ་ནི་རྡོ་རྗེའོ། །ཉོན་མོངས་པ་མ་ལུས་པ་གཅོད་པ་ནི་རལ་གྲིའོ། །འགྲོ་བའི་སྡིག་པའི་ལས་གཅོད་པར་བྱེད་པ་ནི་གྲིའོ། །འགྲོ་བ་མ་ལུས་པ་ཡེ་ཤེས་སྐྱེད་པར་བྱེད་པ་འཁོར་ལོའོ། །དམ་པའི་དགའ་བའི་བདག་ཉིད་རྟོགས་པར་བྱེད་པ་པདྨའོ། ། སྟོང་པ་ཉིད་ཁོང་དུ་ཆུད་པར་བྱེད་པ་ཀ་པཱ་ལའོ། །འདི་ལྟར་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོ་ཞེ་སྡང་གི་རིགས་ཀྱི་གཤིན་རྗེ་གཤེད་དུ་བསྐྱེད་པ་ནི། ཞེ་སྡང་གི་འགྲོ་བ་རྣམས་ལ་གཟིགས་ཏེ། ཞེ་སྡང་ཐམས་ཅད་ཟད་པར་མཛད་པའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་ འཛིན་པ་འདི་ལྟ་བུའི་ངོ་བོ་ཉིད་དུ་གྱུར་པར་མཛད་དོ། །དེ་བཞིན་དུ་ཤར་དང་ལྷོ་ལ་སོགས་པའི་ཕྱོགས་བཞིར། གཏི་མུག་རྡོ་རྗེ་ལ་སོགས་པའི་གཤིན་རྗེ་གཤེད་བཞི་གསུངས་པ། ཞལ་གསུམ་ཕྱག་དྲུག་པ། ཞི་བ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷག་པར་གཏི་མུག་ གིས་ནོན་པའི་འགྲོ་བ་རྣམས་ལ་གཟིགས་ཏེ། གཏི་མུག་ཐམས་ཅད་ཟད་པར་མཛད་པའི་ཕྱིར། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་གཏི་མུག་གཤིན་རྗེའི་དགྲའི་གཟུགས་སུ་མཛད་དེ། གཤིན་རྗེའི་གཤེད་འདི་ནི་དཀར་པོའི་གཟུགས་སུ་བལྟ་སྟེ། གདན་ཟླ་བ། དེའི་ཕྱག་གཡས་ན་འཁོར་ལོ། གཞན་ན་རལ་གྲི་དང་གྲིའོ། །གཡོན་ན་རྡོ་རྗེ་དང་། པདྨ་དང་། ཀ་པཱ་ལའོ། །འདི་ལྟར་སེར་སྣ་ལ་སོགས་པ་རྣམ་པར་དག་པར་བྱ་བའི་ཕྱིར། སེར་སྣ་ལ་སོགས་པ་གཤིན་རྗེ་གཤེད་རྣམས་ནི། གསེར་བཙོ་མ་ལ་སོགས་པའི་གཟུགས་ དང་། རིན་པོ་ཆེ་ལ་སོགས་པའི་ཕྱག་མཚན་དང་། གཞན་ན་རལ་གྲི་དང་། གྲི་དང་། འཁོར་ལོ་ལ་སོགས་པ་དང་ལྡན་པར་བསྒོམ་པར་བྱའོ། །འདོད་ཆགས་རྡོ་རྗེ་གཤིན་རྗེའི་དགྲ་ལ། གཡོན་ན་འཁོར་ལོ་དང་། རྡོ་རྗེ་དང་། ཀ་པཱ་ལ་རྣམས་བསྣམས་པར་བལྟའོ། ། ཕྱག་ན་རལ་གྲི་བསམ་པར་བྱ། །ཞེས་བྱ་བ་ནི་ཕྲག་དོག་རྡོ་རྗེ་གཤིན་རྗེའི་དགྲའི་ཕྱག་དང་པོ་ན་རལ་གྲི་བསྣམས་པར་བསམ་པར་བྱའོ། །དེ་བཞིན་དུ་མེའི་ཕྱོགས་ལ་སོགས་པ་གྲྭ་བཞིར་རྡོ་རྗེ་འོད་ཟེར་ཅན་ལ་སོགས་པའི་ལྷ་མོ་བཞིར་རིག་པར་བྱ་སྟེ། བྱམས་པ་ ལ་སོགས་པ་ཚངས་པའི་གནས་བཞི་རྣམ་པར་དག་པའོ། །དེ་ལ་འོད་ཟེར་ཅན་མ་ནི་ཞལ་གསུམ་ཕྱག་དྲུག་པ་མོ་ལུས་སྐེམ་པར་བལྟ་སྟེ། ཕྱག་གཡས་དང་པོ་ན་འཁོར་ལོ་བསྣམས་པར་བལྟའོ། །ཕྱག་གཞན་རྣམས་ན་རྡོ་རྗེ་དང་། པདྨ་དང་། ཀ་པཱ་ལ་རྣམས་ཀྱིས་མཚན་པར་ བལྟའོ། །དེ་བཞིན་དུ་ཕག་མོ་ཕྱག་གཡས་དང་པོ་ན་རྡོ་རྗེ་བསྣམས་པ། ལྷག་མ་སྔོན་བཞིན་དུ་བལྟའོ། །རྡོ་རྗེ་དབྱངས་ཅན་མ་དཀར་མོ་ཕྱག་དང་པོ་ན་པདྨ། གཞན་སྔ་མ་བཞིན་ནོ། །འདི་ལྟར་རྡོ་རྗེ་མཛོད་ལྡན་མ་ཁ་དོག་ལྗང་གུ། ཕྱག་ན་ཨུཏྤལ། མཚོན་ཆ་གཞན་ནི་གཤིན་ རྗེ་གཤེད་དང་མཐུན་པར་བསྣམས་པར་རིག་པར་བྱའོ། །ལྷ་མོ་འདི་དག་གི་ཞལ་ཡང་། དང་པོ་ནི་སྐུ་དང་མཐུན་ནོ། །གཞན་དག་ནི་གཤིན་རྗེ་གཤེད་ཇི་ལྟ་བ་བཞིན་དུ་སྦྱར་བར་རིག་པར་བྱའོ། །དེ་བཞིན་དུ་ཐོ་བ་ལ་སོགས་པའི་གཤིན་རྗེ་གཤེད་བཞི་ནི། ཤར་དང་ལྷོ་ལ་སོགས་པའི་ སྒོ་བཞི་འཇོམས་པར་བལྟ་བར་བྱའོ། །དེ་ལ་ཐོ་བ་གཤིན་རྗེ་གཤེད་ནི་ཁ་དོག་ནག་པོ་ཕྱག་ན་ཐོ་བའོ། །ཕྱག་གཞན་གྱི་མཚོན་ཆ་ནི་གོང་གི་གཤིན་རྗེ་གཤེད་བཞིན་དུ་བལྟ་བར་བྱའོ། །དེ་བཞིན་དུ་བེ་ཅོན་གཤིན་རྗེ་གཤེད་ནི་ཕྱག་ན་བེ་ཅོན་ཁ་དོག་དཀར་པོར་བལྟའོ། །པདྨ་གཤིན་རྗེ་ གཤེད་ནི་ཕྱག་ན་པདྨ་ཁ་དོག་དམར་པོའོ། །དེ་བཞིན་དུ་རལ་གྲི་གཤིན་རྗེ་གཤེད་ནི་ཕྱག་ན་རལ་གྲི་ཁ་དོག་སྔོན་པོའོ། །འདི་རྣམས་ཀྱང་ཞལ་སྐུ་མདོག་དང་མཐུན། གཞན་ཐམས་ཅད་ནི་དཀྱིལ་འཁོར་གྱི་བདག་པོ་གཤིན་རྗེ་གཤེད་བཞིན་དུ་རྟོགས་པར་བྱའོ། །དཀྱིལ་འཁོར་གྱི་ལྷ་ ཐམས་ཅད་ཀྱི་སྤྱི་བོར་གཤིན་རྗེ་གཤེད་ཀྱི་ཚོགས་བལྟ་བར་བྱའོ། །ལྷ་མོ་བཞི་ལ་ཟླ་བའི་གདན་ནོ། །དཀྱིལ་འཁོར་གྱི་ལྷ་གཞན་ལ་ཉི་མའི་གདན་ནོ། །གཤིན་རྗེ་གཤེད་ཐམས་ཅད་ནི་སྦྲུལ་གྱིས་བརྒྱན་པའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་གཅིག་པུ་ཉིད། འདི་ལྟར་ཞེ་སྡང་ཆེན་པོ་ ལ་སོགས་པས་གཟིར་བའི་འགྲོ་བ་རྣམས་ལ། ཐུགས་རྗེའི་བདག་ཉིད་ཀྱིས་གཟིགས་ཏེ། དེ་དག་ཀུན་དུ་བཅད་ནས་འགྲོ་བ་རྣམས་བདེ་བ་ཆེན་པོ་གནས་པར་བཞེད་ནས། ཞེ་སྡང་ལ་སོགས་པའི་གཤིན་རྗེ་གཤེད་དུ་སྤྲུལ་པར་མཛད་དོ་ཞེས་བྱ་བ་རྟོགས་པར་བྱའོ། །འོ་ན་གཅིག་པུ་ སྤྲུལ་པ་སྣ་ཚོགས་ཉེ་བར་སྦྱོར་བའི་རྒྱུ་ཅི་ཞིག །དེ་ལྟ་ན་གང་དེས་འགྲོ་བའི་ཉོན་མོངས་པ་བསལ་བའི་ཐུགས་རྗེ་སྣང་བར་ནུས་པས། སྤྲུལ་པས་སེལ་བ་དེ་དག་ཀྱང་ནུས་པ་ཡོད་པའི་ཕྱིར་ཅིའི་ཕྱིར་མི་མཛད། གང་ཡང་ནུས་པའི་རྒྱུ་དང་ལྡན་ན། དེ་ལྟར་སྤྲུལ་པ་དེ་ལྟ་བུའི་གཟུགས་ དག་ལ་གཞན་དུ་ལྟོས་པ་མེད་པར་རིག་པར་བྱའོ་ཞེ་ན། འདི་ནི་ཡང་དག་པ་མ་ཡིན་ཏེ། རྣམ་པ་གང་དང་གང་གིས་སེམས་ཅན་གྱི་སྡུག་བསྔལ་འབྱིན་པར་བྱེད་པའི་རྣམ་པ་དེ་དང་དེས། བཅོམ་ལྡན་འདས་བདག་ཉིད་ཀྱི་ཐུགས་རྗེ་ཆེན་པོའི་སྣང་བས་སྤྲུལ་པ་སྟེ། དེ་བས་ན་གཏི་མུག་ ཆེན་པོ་ལ་སོགས་པའི་སྡུག་བསྔལ་གྱིས་གཟིར་བའི་འགྲོ་བ་རྣམས་གཟིགས་ནས། གཏི་མུག་ལ་སོགས་པ་གཞོམ་པའི་ཕྱིར། གཤིན་རྗེ་གཤེད་ཀྱི་གཟུགས་རྗེས་སུ་མཛད་དོ། །འདི་ནི་མ་ལུས་པའི་སྡུག་བསྔལ་ཐམས་ཅད་འདོན་པར་བྱེད་པར་འགྱུར་རོ། །སྡུག་བསྔལ་ གྱི་བདག་ཉིད་དེ་ལྟ་དེ་ལྟར་སྤྲུལ་པའི་རྒྱུས་འདི་ལྟར་སྡུག་བསྔལ་རྣམས་རྩ་བ་དང་བཅས་ཏེ་གཅོད་པར་འགྱུར་ཏེ། རྩ་བ་ཉིད་ཐམས་ཅད་དུ་ཡོངས་སུ་ཟད་པའི་ཕྱིར། ཇི་སྟེ་གཟུགས་རྣམ་པར་བསྒྱུར་བས་དེ་དག་གི་སྡུག་བསྔལ་སེལ་བའི་རྒྱུ་བྱེད་དོ། །དེས་སེམས་ཅན་རྣམས་བདེ་བ་འཐོབ་ པར་མི་འགྱུར་རོ། །གཞན་དུ་རྣམ་པར་བསྒྱུར་བའི་དོན་སྤྱོད་པས། སྔོན་གོམས་པའི་ཆོས་ཡོངས་སུ་བཙལ་བའི་ཕྱིར་སྡུག་བསྔལ་སྐྱེད་པར་བྱེད་པས། གང་ཡང་དང་ཡང་ཆགས་པའི་སྒོ་དེ་ནས་འདི་ལྟར་ཆོས་བསྟན་པར་བྱས་ན། དེ་དག་ཆུང་ངུས་ཀྱང་སྡུག་བསྔལ་གྱི་སྟོབས་བསྐྱེད་ པར་མི་འགྱུར་རོ། །དོན་དེ་ལྟ་བུའི་ཕྱིར་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་དག་སྤྲུལ་པར་རིག་པར་བྱ་སྟེ། འདི་ལྟར་ལྷ་ཐམས་ཅད་རང་གི་འོད་ཀྱི་རིག་མ་དང་འཁྱུད་པར་བལྟའོ། །དཀྱིལ་འཁོར་གྱི་འཁོར་ལོ་འདི་ལྟ་བུར་བལྟས་ནས། བཅོམ་ལྡན་འདས་དེ་འོད་དུ་ ཞུ་ནས། སྟོང་པ་ཉིད་ཀྱི་བདག་ཉིད་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྟོང་པ་ཉིད་དུ་བཞུགས་པ་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་མཐོང་ནས། རྡོ་རྗེ་འོད་ཟེར་ཅན་མ་ལ་སོགས་པས་བསྐུལ་བར་མཛད་དེ། རྗེ་བཙུན་ས་གསུམ་རྨོངས་པ་མཐའ་དག་བསལ་བ་ དང་། ཕ་རོལ་བདུད་བཞི་འདིར་ནི་འོང་འགྱུར་བས། །སྙིང་རྗེས་བྲོས་པའི་རྗེ་བཙུན་བཞེངས་པར་མཛོད། །འཇིག་རྟེན་དོན་དུ་དམ་བཅས་མཛད་ནས་སྟོང་ཉིད་ལ། །བཞུགས་པ་སེམས་མི་བདེ་བས་རྗེ་བཙུན་བཞེངས་པར་མཛོད། །འཇིག་རྟེན་ཕྱིར་དུ་དམ་བཅས་བྱང་ཆུབ་རང་བཞིན་ གྱི། །སྟོང་ཉིད་ཐུགས་སུ་བཞུགས་པ་ཅི་ཡི་ཕྱིར། །འཇིག་རྟེན་ཕན་ཕྱིར་རྗེ་བཙུན་བཞེངས་པར་མཛོད། །འདི་ལྟར་བསྐུལ་བས་སྐར་མདའ་འཕོ་བའི་གཟུགས་བཞིན་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ཀྱི་བདག་ཉིད་དེ་སྤངས་ཏེ། བཅོམ་ལྡན་འདས་ཀུན་ནས་བཞེངས་པར་མཛད་ དོ། །འདི་ཅི་ཞིག །གལ་ཏེ་བཅོམ་ལྡན་འདས་རྒྱུ་དང་མཚུངས་པས་འགྲུབ་ན། དེ་རྒྱུ་དང་བཅས་པའི་ཕྱིར་བདེ་བ་དང་སྡུག་བསྔལ་བ་བཞིན། བཅོམ་ལྡན་འདས་ཀྱི་བདག་ཉིད་ཐུགས་ཉིད་ཀྱང་ཡང་དང་ཡང་སྐྱེ་ཞིང་དེ་འཇིག་པར་འགྱུར་ཏེ། དེ་བས་ན་སྒོམ་པ་དང་གྲུབ་པའི་བྱེད་ པ་དག་ཀྱང་ཡང་དང་ཡང་འཁོར་བ་ཉིད་དེ། དེས་ཅི་ཡང་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །བྱང་ཆུབ་ནི་ཀུན་ནས་ཟད་པའི་ཚུལ་དུ་བརྗོད་དེ། དེའི་ཕྱིར་སྒོམ་པ་ལ་སོགས་པའི་རྣམ་པ་འདི་དག་གིས་ཅི་ཞིག་བྱ། ཡང་རྒྱུ་ལ་ལྟོས་པ་ཡོད་པ་མ་ཡིན་ན། དེ་ཐམས་ཅད་དུ་ཡོད་པའི་ཕྱིར། ཐམས་ཅད་དུ་རང་རིག་པ་དེ་ཅི་ཞིག་མེད། ཡེ་ཤེས་ཉིད་རང་རིག་པ་ལས་གཞན་གྱི་ངོ་བོ་ཉིད་མ་ཡིན་ན་ཅིའི་ཕྱིར་མི་མཐོང་། ཇི་སྟེ་ཡེ་ཤེས་ལས་གཞན་ཉིད་ཡིན་ན། དེ་ལྟ་ཡང་རྒྱུ་དང་བཅས་པ་དང་། རྒྱུ་མེད་པའི་ཉེས་པ་དང་བཅས་པ་ཉིད་དོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། དེ་ལ་ སྐྱེ་བ་ཞེས་བྱ་བ་དོན་དམ་པ་ལ་མེད་ན། གང་གིས་རྒྱུ་དང་བཅས་པ་དང་། རྒྱུ་མེད་པའི་ཉེས་པར་འགྱུར་ཏེ། ཀུན་ནས་ཡོད་པ་ཉིད་དང་། ཐམས་ཅད་དུ་གནས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་བཅོམ་ལྡན་འདས་ཡོད་པ་དང་། ཐམས་ཅད་དུ་རིག་པའི་ཕྱིར། སྐྱེ་བོ་ཐམས་ཅད་གྲོལ་བྱེད་དོ། ། ཞེས་བྱ་བ་འདི་མི་རིགས་སོ། །ཇི་ལྟ་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་རིག་པ་ནི་གྲོལ་ཞེས་བྱ་བར་བརྗོད་སྟེ། དེ་ཡང་སྐྱེ་བ་སྣ་ཚོགས་ཀྱི་བག་ཆགས་ཡོངས་སུ་བསྒོས་པའི་ཡིད་ཀྱིས་སེམས་ཅན་རྣམས་དེ་བཞིན་དུ་དམིགས་པ་དང་བྲལ་བར་མི་འགྱུར་རོ། །བག་ཆགས་ཀྱི་ཤེས་པ་སྐྱེ་ བ་མང་པོ་བར་མེད་པར་གོམས་པའི་སྟོབས་དེ་ནི། ཆུང་ངུས་ཟིལ་གྱིས་གནོན་པར་མི་འགྱུར་རོ། །དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་ལྟ་བུ་གང་གིས་སྐྱེ་བར་བྱེད། འདི་ལྟར་འཁོར་བའི་ཆོས་འདི་ནི་གང་ལོག་པའི་ཤེས་པ་ཞེས་བྱ་སྟེ། དེ་བས་ན་ཇི་ལྟ་བ་བཞིན་གནས་པ་ཡིན་མོད་ཀྱི། བཅོམ་ལྡན་ འདས་དེ་བག་ཆགས་ཀྱི་དྲི་མའི་སྐྱོན་གྱིས་དེ་བཞིན་དུ་རྟོགས་པར་མི་འགྱུར་རོ། །དེའི་ཕྱིར་གསལ་བར་བྱེད་པའི་རྒྱུ་ཚོལ་བར་བྱེད་པ་སྟེ། དཔེར་ན་ཟླ་བ་ནི་གཅིག་ཏུ་གནས་པ་ཡིན་མོད་ཀྱི། རབ་རིབ་ཅན་ལ་དུ་མའི་རྣམ་པར་སྣང་བར་འགྱུར་ཏེ། ཟླ་བ་དེ་མཐོང་མོད་ཀྱི་རྣམ་པ་སྣ་ཚོགས་ སུ་འཛིན་ཏོ། །དེ་ནས་མིག་གི་སྐྱོན་དེ་ཡོངས་སུ་བསལ་བའི་ཕྱིར་སྨན་ཨཉྫ་ནའི་བྱེ་བྲག་ཚོལ་ལོ། །དེ་བཞིན་དུ་འདིར་ཡང་རྗེས་སུ་རིག་པར་བྱའོ། །གཞན་ཡང་རབ་རིབ་ཅན་གྱིས། གང་ཟླ་བ་གཉིས་ལ་སོགས་པ་འདི་ལྟར་མིག་གི་སྐྱོན