Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 46

Văn bản gốc(Tây Tạng)

Trang 2 / 23 (50.000 ký tự/trang)
ནས་སྟོན་པའི་ཕྱིར་རོ། །དེ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་འཇུག་ཅིང་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པར་བྱ་བ་ལ་ལུས་དང་ངག་དང་ཡིད་རྣམས་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དེ། ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་
བས་བྱིན་གྱིས་བརླབ་པོ། །དེ་ལྟར་བྱས་ནས་ནམ་མཁའི་དབུས་སུ་ཡི་གེ་བྷྲཱུཾ་ལས་ཁང་པ་བརྩེགས་མ་སྤྲུལ་ནས་གདན་ལ་ཉིད་ཀྱི་སྔགས་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་རྣལ་འབྱོར་རྣམ་པར་བསྒོམ་པར་བྱའོ། །ལས་བསྒྲུབ་པའི་རྣལ་འབྱོར་གྱིས་ཀྱང་རང་གི་སྔགས་ཉིད་ལས་
རང་གི་དཀྱིལ་འཁོར་བསྐྱེད་པར་བྱ་བའི་དབུས་སུ་རང་གི་ལྷའི་གཟུགས་ཀྱིས་འདུག་ལ་རྣམ་པར་སྣང་མཛད་ལ་སོགས་པའི་གནས་རྣམས་སུ་རང་གི་ལྷའི་གཟུགས་ཀྱིས་བཞག་ནས་བསྒོམ་པར་བྱའོ། །དེ་ཡང་། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །བཀོད་པའི་དཀྱིལ་འཁོར་
བསྒོམ་པར་བྱ། །དེ་དབུས་ཡི་གེ་ཧཱུཾ་གཞག་པ། །རང་ལྷའི་གཟུགས་སུ་རབ་ཏུ་བརྟག །རྡོ་རྗེ་འོད་འཕྲོ་ཆེར་འབར་བ། །རྣམ་པར་འཕྲོ་བར་བསམ་པར་བྱ། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །འདྲེན་པ་དེ་ནི་རྣམ་པར་བསམ། །རང་གི་སྔགས་ཀྱི་དཀྱིལ་འཁོར་ནི། །སྐྱེད་པ་དེ་ནི་རྣམ་
པར་བསམ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །དཀྱིལ་འཁོར་རྡོ་རྗེ་བསྡུས་པ་ཡིན། །གནས་གཞི་དག་ནི་མདུན་དག་ཏུ། །རང་སྔགས་སྐྱེས་བུ་བསྒོམ་བྱ་བ། །ཞལ་གསུམ་ལྟ་བུའི་སྦྱོར་བ་ཡིས། །ཁ་དོག་གསུམ་དུ་རབ་ཏུ་བསྒོམ། །ཞེས་གསུངས་པ་ཡིན་ནོ། །ནམ་མཁའི་དབྱིངས་ཀྱི་

དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ནི། །འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ། །ཅེས་བྱ་བ་ནི་ནག་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་མརྒད་ཀྱི་འོད་ཟེར་རྣམས་ཀྱིས་སོ། །གཟུགས་སོགས་ཀུན་དུ་ཁྱབ་པ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལྷའི་གཟུགས་སུ་བྱིན་
གྱིས་བརླབས་པས་ཀུན་དུ་ཁྱབ་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་བདུད་རྩི་རྣམ་པ་ལྔས་བརྒྱན་པས་ན་མཆོད་པ་རྣམ་པ་ལྔས་བརྒྱན་པའོ། །བསྒོམས་ནས་ཞེས་བྱ་བ་ནི་སྔར་བསྟན་པའི་ཚུལ་དུའོ། །གང་གི་གཟུགས་རྣམ་པར་བསྒོམ་པར་བྱ་ཞེ་ན། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་
སོགས་པ་གསུངས་པས་ངེས་པར་བསྟན་པ་ཡིན་ནོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་འོ། །གཅིག་པུ་སྦྱོར་བ་བསྡུས་པ་ཡིན། །ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བའི་བསྒོམ་པས་སྤྲོ་བ་བྱས་ནས་བསྡུ་བ་བྱ་སྟེ། དེ་ལྟར་ན་སྡུད་པའི་སྦྱོར་བ་གཉིས་སུ་འགྱུར་རོ། །
འདི་ནི་རིགས་ཐམས་ཅད་ལ་བལྟ་བར་བྱ་སྟེ། །སྔགས་རྣམས་ཐམས་ཅད་སྦྱོར་བྱ་བའི། །དབྱེ་བ་གཉིས་སུ་རབ་ཏུ་བསྒྲགས། །ཞེས་འདི་ཉིད་ཀྱི་འོག་ནས་བསྟན་པའི་ཕྱིར་རོ། །མི་བསྐྱོད་པ་ཡི་རྒྱལ་མཆོག་དང་། །ཞེས་བྱ་བ་ལ་མཆོག་གི་ཐུགས་གཙོ་བོར་གྱུར་པས་ན་དེ་ལ་ནི་མཆོག་ཅེས་བྱའོ། །སྐུ་
གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །ཞེས་བྱ་བ་ནི་མི་བསྐྱོད་པའི་འོ། །རབ་འབར་ཕྱག་ན་རྡོ་རྗེ་བསྣམས། །རྣམ་པར་གཙིགས་པ་འཇིགས་འཇིགས་ལྟ། །ཞེས་བྱ་བ་ལ་ཕྱག་ན་རྡོ་རྗེ་བསྣམས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་ཆེར་འབར་བས་རབ་ཏུ་འབར་བ་གང་ཡིན་པ་དེ་ནི་
རབ་ཏུ་འབར་བའོ། །བསྙེར་ཞིང་མཆེ་བ་གཙིགས་པ་ནི་རྣམ་པར་གཙིགས་པའོ། །གཙིགས་ཤིང་རྣོ་བ་དེ་ཉིད་འཇིགས་སུ་རུང་བས་ན་འཇིགས་པ་ལྟ་བུ་སྟེ། མཆེ་བ་རྣམ་པར་གཙིགས་ཤིང་འཇིགས་པའི་ཞལ་དང་ལྡན་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྟེ། ཟླ་བའི་མདོག་ཅན་
ཞལ་གསུམ་པ་ཕྱག་དྲུག་པ་མཚོན་ཆ་སྣ་ཚོགས་པ་བསྣམས་པ་མི་བསྐྱོད་པ་དབུ་ལ་འཇོག་པའོ། །དེ་ཉིད་ཀྱི་ཕྱིར། །རྡོ་རྗེ་དཀྱིལ་འཁོར་མཆོག་གྱུར་པ། །ནམ་མཁའ་རྡོ་རྗེ་དབུས་གནས་བསམ། །སངས་རྒྱས་གཟུགས་སུ་རབ་བསྒོམས་པས། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ།

གསལ་བའི་སྐུ་ནི་གདུག་པ་འདྲ། །འབར་བ་སྣ་ཚོགས་རབ་འཇིགས་སྦྱིན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཞེས་གསུངས་པ་ཡིན་ནོ། །དེ་ལ་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཕྱག་དང་པོ་གཉིས་
ཀྱིས་ནི་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་རྣམ་པར་བཞུགས་ལ། ཡང་གཉིས་ན་རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པ། །གཉིས་ན་རང་གི་མཚན་མ་དང་ཞགས་པ་བསྣམས་པའོ། །རྡོ་རྗེ་སེམས་དཔའི་ཕྱག་གཡས་ན་མདའ་དང་རལ་གྲི་བསྣམས་
པའོ། །དེ་ཉིད་ཀྱི་ཕྱིར། ཕྱག་དྲུག་རྡོ་རྗེ་བསྒོམ་པར་བྱ། །མཚོན་ཆ་སྣ་ཚོགས་མཛེས་པས་བརྒྱན། །ཞེས་གསུངས་པ་ཡིན་ནོ། །ཤེལ་དང་ཟླ་བའི་འོད་འདྲ་བ། །ཞེས་བྱ་བ་ལ་སོགས་པ་རྣམ་པར་སྣང་མཛད་ཀྱི་ཕྱག་ན་འཁོར་ལོ་བསྣམས་པ་གསུངས་པའོ། །འཛམ་བུ་ཆུ་ཡི་གསེར་འོད་
འདྲ། །སངས་རྒྱས་སྤྲིན་གྱིས་ཀུན་དུ་འཁྲིགས། །ཞེས་བྱ་བ་ནི། རིན་ཆེན་འབྱུང་ལྡན་གྱི་སྐུ་མདོག་སེར་པོ་གསུངས་པའོ། །དེ་ཡི་ཕྱག་ན་རྡོ་རྗེ་སྟེ། །རྩེ་མོ་དགུ་པ་བསྣམས་པར་བསྒོམ། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །མརྒ་ཏ་ཡི་འོད་འདྲ་བ། །རྡོ་རྗེ་འབར་བ་རྣམ་པར་བརྒྱན། །
ཞེས་བྱ་བ་ནི་དོན་ཡོད་གྲུབ་པ་གསུངས་པའོ། །ཀུན་དུ་འབར་བའི་སྤྲིན་གྱིས་ཁྱབ། །ཕྱག་ན་རིན་ཆེན་བསྣམས་པར་བསྒོམ། །ཞེས་བྱ་བ་ནི་ཕྱག་ན་རིན་པོ་ཆེ་བསྣམས་པའི་རིན་ཆེན་འབྱུང་ལྡན་ཏེ། སངས་རྒྱས་འབར་བའི་སྤྲིན་གྱིས་ཁྱབ་པར་བསྒོམ་པའོ། །པདྨ་རཱ་གའི་འོད་འདྲ་བ། །གཙོ་བོ་
འདོད་ཆགས་འབར་བ་མངའ། །ཞེས་བྱ་བ་ནི་ཕྱག་ན་པདྨ་བསྣམས་པ་ནི་སྣང་བ་མཐའ་ཡས་ཏེ་སྐུ་མདོག་དམར་པོར་བསྒོམ་པའོ། །འོད་ཟེར་སྣ་ལྔའི་འོད་འདྲ་བ། །ཞེས་བྱ་བ་ལ་སོགས་པས་ནི་དོན་ཡོད་གྲུབ་པའི་འོད་དང་སྐུ་མདོག་གསུངས་པའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དེ་ཁོ་ན་ཉིད་ནི་ཆོས་ཀྱི་དབྱིངས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ། །ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་འདི་བརྗོད་པས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་ལ།

ཡི་གེ་ཨོཾ་ཡིད་ལ་བརྗོད་ཅིང་སྣའི་རྩེ་མོ་ལ་ཡུངས་ཀར་གྱི་འབྲུ་ཙམ་གྱི་རིན་པོ་ཆེ་རིན་ཆེན་འབྱུང་ལྡན་གྱི་སྦྱོར་བས་བསྒོམ་པར་བྱའོ། །དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་སྦྱོར་བས་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་རལ་གྲི་ལ་སོགས་པའི་གཟུགས་བསྒོམ་ཞིང་ཡི་གེ་ཧཱུཾ་ལ་སོགས་པ་བརྗོད་པར་
བྱའོ། །རྣལ་འབྱོར་པ་རྣམ་པར་རྟོག་པ་ལ་སྤྱོད་པ་དག་གིས་དེ་ལྟར་བསྒོམས་ན་ནི། དེ་ལ་གཟུགས་ཀྱི་མཚན་མ་དང་རེག་པའི་མཚན་མ་དག་སྐྱེ་བར་འགྱུར་རོ། །དེ་ལ་གཟུགས་ཀྱི་མཚན་མ་ནི་སྣའི་རྩེ་མོ་ལ་ཇི་ལྟར་བསམ་པ་དེ་མཐོང་བའོ། །རེག་པའི་མཚན་མ་ནི་མཐོང་བ་དེས་བདེ་བའི་རེག་
པ་སྐྱེ་ཞིང་ལུས་ཚིམ་པ་ལ་སོགས་པར་འགྱུར་རོ། །དེ་ལྟར་བསྟན་པའི་མཚན་མ་བྱུང་ནས་ནི་དབང་དུ་བྱ་བའི་ཕྱིར་སྤྲོ་བར་བྱ་སྟེ། །དེ་ཉིད་ཀྱི་ཕྱིར། རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །བརྟན་པར་མ་གྱུར་ཡང་མི་སྤྲོ། །ཞེས་བྱ་བ་གསུངས་སོ། །རིན་པོ་ཆེ་འབའ་ཞིག་སྤྲོ་བར་བྱའམ་འོན་ཏེ་གཞན་དག་
ཀྱང་སྤྲོ་བར་བྱ་ཞེ་ན། །སངས་རྒྱས་འབར་བ་འདྲ་བའི་འོད། །མཆོག་རབ་སྤྲིན་རྣམ་སྤྲོ་བར་བྱ། །ཞེས་བྱ་བ་གསུངས་ཏེ། གང་ཞིག་རྒྱུར་གྱུར་པས་སངས་རྒྱས་འབར་བ་འདྲ་བའི་འོད་དང་ལྡན་པ་མཆོག་རབ་ཀྱི་སྤྲིན་གྱི་རང་གི་མཚན་མ་སྤྲོ་བར་བྱ་བ་དེ་གང་ཡིན་ཞེ་ན། འཁོར་ལོ་རྡོ་རྗེ་སྤྲིན་ཆེན་དང་། །ཞེས་
བྱ་བ་གསུངས་ཏེ། འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱི་མཚན་མའོ། །རྡོ་རྗེ་ནི་མི་བསྐྱོད་པ་ལ་སོགས་པའོ། །པདྨ་རལ་གྲི་མཚོན་ཆེན་འཛིན། །ཞེས་བྱ་བ་ནི་པདྨ་འཛིན་པ་དང་རལ་གྲི་འཛིན་པ་ནི་པདྨ་རལ་གྲི་འཛིན་པ་སྟེ། འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པའི་གཟུགས་ཅན་གྱི་ལྷ་རྣམས་ཀྱི་ཁྱད་
པར་ཏེ། དེ་རྣམས་མཚན་མ་གང་ཡིན་པ་དེ་ནི། །པདྨ་རལ་གྲི་མཚོན་ཆེན་འཛིན། །ཞེས་བྱ་བའི་སྒྲས་བཤད་དེ། དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཇི་ལྟར་རིན་པོ་ཆེ་བསྟན་པར་གྱུར་ནས་སེམས་དབང་དུ་འགྱུར་བར་བྱ་བའི་ཕྱིར་སྤྲོ་བར་བྱེད་པ་དེ་བཞིན་དུ་འཁོར་ལོ་ལ་སོགས་པ་གཞན་དག་ལས་ཀྱང་
སངས་རྒྱས་འབར་བ་འདྲ་བའི་འོད་སྤྲོ་བར་བྱའོ། །རྡོ་རྗེ་ལ་སོགས་པའི་བསྒོམ་པ་འབའ་ཞིག་གིས་སེམས་བརྟན་པར་འགྱུར་རམ། གཞན་ཡང་བྱང་ཆུབ་སེམས་དཔའ་གཟུགས་ཕྲ་མོ་རྣམས་བསྒོམས་པས་ཀྱང་འགྱུར་ཞེ་ན། དེའི་ཕྱིར། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་རྣམས། །སྤྲོ་

བའི་བདག་ཉིད་ཅན་གྱིས་སྤྲོ། །ཞེས་བྱ་བ་གསུངས་ཏེ། ངལ་ན་བསྡུ་བའི་བྱ་བ་ནི་ཕྱིས་བཤད་པར་བྱའོ། །རྩ་བའི་རྒྱུད་ལས་ཀྱང་། ལྕེ་ནི་རྐན་ལ་སྦྱར་བྱ་ཞིང་། །སྣ་ཡི་རྩེ་མོར་བསམ་པར་བྱ། །རྡོ་རྗེ་ཕྲ་མོ་བདེ་རེག་པས། །སེམས་ནི་མཉམ་པར་གཞག་པར་འགྱུར། །རྡོ་རྗེ་
ཕྲ་མོ་བདེ་རེག་པའི། །མཚན་མ་གལ་ཏེ་བྱུང་བ་ན། །མཚན་མ་དེ་ནི་ཁྱབ་བྱ་བ། །ནམ་མཁའི་སྤྱོད་ཡུལ་ཅི་ཙམ་པར། །བསམས་ནས་ཇི་ལྟར་འདོད་པར་སྤྲོ། །ཁམས་གསུམ་དུ་ཡང་སྤྲོ་བར་བྱ། །དེ་ནས་དེ་ཡང་བསྡུ་བ་ནི། ཇི་སྲིད་སྣ་རྩེར་གནས་བར་དུ། །ཞེས་བྱ་བ་གསུངས་ཏེ། སྣ་ནས་ཡང་
ལུས་ཐམས་ཅད་དུ་ཁྱབ་པར་བསམ་མོ། །གང་དུ་གནས་ནས་འཁོར་ལོ་ཕྲ་མོ་ལ་སོགས་པ་འདི་དག་བསྒོམ་པར་བྱ་ཞེ་ན། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པས་ནི་གནས་བསྟན་ཏེ། ནམ་མཁའི་དབྱིངས་ལ་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམས་ཏེ། དེའི་སྟེང་
དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྐྱེད་པ་བསྒོམ་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་པདྨ་དམར་པོའི་དཀྱིལ་འཁོར་ནི་འོད་དཔག་མེད་
ཀྱི་དཀྱིལ་འཁོར་རོ། །རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ནི་སེར་པོའོ། །དོན་ཡོད་གྲུབ་པའི་དཀྱིལ་འཁོར་ནི་ལྗང་གུའོ། །མི་བསྐྱོད་པའི་དཀྱིལ་འཁོར་ནི་སྔོན་པོའོ། །དཀྱིལ་འཁོར་བྲི་བའི་དུས་སུ་ཡང་ནམ་མཁའི་ཕྱོགས་སུ་ཇི་སྐད་གསུངས་པའི་ཚུལ་གྱིས་དང་པོའི་སྦྱོར་བ་དང་དཀྱིལ་
འཁོར་གྱི་རྒྱལ་པོའི་མཆོག་དང་། ལས་ཀྱི་རྒྱལ་པོའི་མཆོག་བསྒོམས་ལ་དཀྱིལ་འཁོར་གྱི་ས་གཞི་ནམ་མཁའ་རྣམ་པར་བསམས་ཏེ། དཀྱིལ་འཁོར་བྲི་བར་བྱའོ། །དེའི་ཕྱིར། སྦྱོར་བའི་དཀྱིལ་འཁོར་ལས་བྱུང་བའི། །ནམ་མཁའི་དཀྱིལ་དུ་བྲི་བར་བྱ། །ཞེས་བྱ་བ་གསུངས་སོ། །
རྡོ་རྗེ་བཀོད་པ་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམས་པས་ནམ་མཁའ་ཁྱབ་པ་ནི་རྡོ་རྗེ་བཀོད་པ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་བཀོད་པ་སྟེ་ལེའུ་གསུམ་པའི་བཤད་པའོ།། །།དམ་ཚིག་ལ་སོགས་པ་ཐོབ་པས་བསྒོམ་པ་

ལ་སོགས་པ་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་གསུངས་ཏེ། །དེ་ཡང་གཞན་དག་ལས། དཀྱིལ་འཁོར་ཆོ་གར་མི་ལྡན་དང་། །དམ་ཚིག་རྣམ་པར་སྤངས་པ་དང་། །དེ་ཉིད་གསང་བ་མི་ཤེས་པས། །
བསྒྲུབས་ཀྱང་ཅི་ཡང་འགྲུབ་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །སྔ་མ་བཞིན་དུ་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ལ། རྡོ་རྗེའི་ནང་དུ་ཆུད་པའི་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དུ་བསྒོམ་པར་བྱའོ། །དེ་ནས་བསྒྲུབ་པའི་གྲོགས་མཆོག་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ང་རྒྱལ་ལ་གནས་པར་བྱས་པས་རྣལ་འབྱོར་པ་ལ། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ལ་སོགས་པའི་བསྟོད་པ་འདིས་གསོལ་བ་གདབ་བོ། །དེ་བཞིན་གཤེགས་པ་ཀུན་ནི་མི་བསྐྱོད་པའི་ངོ་བོའོ། །ཞི་བ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོའོ། །དེ་བཞིན་གཤེགས་པ་
ཀུན་གྱི་གནས་ནི་ཡིད་བཞིན་གྱི་ནོར་བུའི་རིགས་ཀྱི་ངོ་བོའོ། །ཆོས་ཀུན་མཆོག་ནི་འདོད་ཆགས་ཀྱི་རིགས་ཀྱི་ངོ་བོའོ། །བདག་མེད་པ་ནི་རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་བའི་ངོ་བོར་གྱུར་པ་སྟེ། དམ་ཚིག་གི་རིགས་ཀྱི་ངོ་བོའོ། །དེ་ལྟར་ན་འདིས་ནི་བཅོམ་ལྡན་འདས་
རིགས་ལྔ་བསྡུས་པར་གྱུར་པར་བསྟན་ཏོ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡང་དག་པར་རྫོགས་པའོ། །རྒྱུ་དེ་ཉིད་ཀྱིས་ནི། མཚན་མིན་ཐམས་ཅད་ཡང་དག་སྤངས། །ཞེས་བྱའོ། །ཀུན་དུ་བཟང་པོ་སྐུ་ཡི་
མཆོག །ཅེས་བྱ་བ་འདིས་ནི་སྐུ་རྡོ་རྗེའི་ངོ་བོའོ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ། རང་བཞིན་གྱིས་ཡང་དག་པའི་ཆོས་ཉིད་ལ་དམིགས་པའི་ངོ་བོ་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཞི་བའི་ཆོས་ཉིད་དེ། དེ་ལས་
བྱུང་བས་ན། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཞེས་བྱ་སྟེ་འོད་དཔག་ཏུ་མེད་པའོ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་དེ་ཉིད་ནི་ཡེ་ཤེས་སྤྱོད་པ་སྟེ། དེས་སེམས་ཅན་རྣམས་རྣམ་པར་སྦྱོང་བས་ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ་

སྟེ། འདིས་ནི་གསུང་རྡོ་རྗེའི་ངོ་བོ་ཉིད་དུ་བསྟན་ཏོ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །ཞེས་བྱ་བ་ནི་སེམས་ཅན་ཡང་ཡིན་ལ་ཀུན་ཡང་ཡིན་པས་ན་སེམས་ཅན་ཀུན་ནོ། །དེ་རྣམས་ཀྱི་སེམས་ཆེན་པོ་ནི་སེམས་ཅན་ཀུན་གྱི་སེམས་ཆེན་པོའོ། །དེ་ནི་རང་བཞིན་
གྱིས་འོད་གསལ་བ་དང་དག་པ་དང་དྲི་མ་མེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདིས་ནི་དོན་ཡོད་གྲུབ་པའི་ངོ་བོར་བཅོམ་ལྡན་འདས་ལ་བསྟོད་པའོ། །འཇིག་རྟེན་གསུམ་ནི་ས་འོག་དང་ས་བླ་དང་མཐོ་རིས་སོ། །ཁམས་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སོ། །
འཇིག་རྟེན་གསུམ་མཆོག་རྡོ་རྗེ་གཙོ། །ཞེས་བྱ་བ་ནི་དོན་དམ་པར་གྱུར་པའོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་གསུམ་གྱི་མཆོག་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོའི་སྟོན་པར་གྱུར་པས་སོ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོའི་སེམས་ཀྱི་རྒྱུ་མཐུན་
པར་གྱུར་པས་རྒྱུ་ལས་འབྲས་བུ་བརྟགས་ནས་འདི་སྐད་ཅེས་བརྗོད་དོ། །དཀྱིལ་འཁོར་ཞེས་བྱ་བ་ནི་སྙིང་པོ་ལེན་པས་ན་དཀྱིལ་འཁོར་རོ། །དཀྱིལ་འཁོར་འདྲ་བ་ཞེས་བྱ་བ་ནི་ཟུར་བཞི་པ་ལ་སོགས་པའི་གཟུགས་སུའོ། །སྙིང་པོ་བས་ན་དཀྱིལ་འཁོར་རོ། །གདུལ་བྱ་རྣམས་ཀྱི་ཡིད་དང་
རྗེས་སུ་མཐུན་པས་ན་ཉམས་དགའ་བའོ། །དེ་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་འགྲོ་བའི་དོན་རྫོགས་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་ཅིང་ཡང་དག་པར་རྣམ་པར་ཕྱེ་སྟེ་རབ་ཏུ་བཤད་པར་བྱའོ་ཞེས་སྦྱར་རོ། །ཐུགས་ཀྱི་དཀྱིལ་འཁོར་མཆོག་ཅེས་བྱ་བ་ནི་རྒྱུད་ཀྱི་
རྒྱལ་པོ་འདིར་རྡོ་རྗེ་འཛིན་ཆེན་པོ་ཉིད་གཙོ་བོར་གྱུར་པའི་ཕྱིར་དེ་སྐད་ཅེས་གསུངས་སོ། །ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ། །ཞེས་བྱ་བ་ནི་གང་བཅོམ་ལྡན་འདས་ཀྱི་རྡོ་རྗེ་དང་འཁོར་ལོ་དང་ཡིད་བཞིན་ནོར་བུ་དང་པདྨ་དང་རལ་གྲི་དང་སྤྱན་དང་རྡོ་རྗེ་དང་པདྨ་དང་། ཨུཏྤལ་དང་། མེ་ལོང་དང་། པི་ཝང་དང་།
དྲིའི་སྣོད་དང་། རོའི་སྣོད་དང་། རྡོ་རྗེས་མཚན་པའི་གོས་དང་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་གྲུ་གསུམ་དཀར་པོ་དང་། ཐོ་བ་དང་། དབྱིག་པ་དང་། པདྨ་དང་རྡོ་རྗེ་རྣམས་ནི་རྟེན་དང་བརྟེན་པར་སྤྲུལ་པ་དེ་ལ་ཐུགས་ཀྱི་རྡོ་རྗེ་ཞེས་བཤད་དེ་དེ་དང་འདྲ་བས་ན། ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ། །ཞེས་བྱའོ། །སྐུ་དང་གསུང་དང་ཐུགས་

རྣམས་ཀྱི་ཞེས་བྱ་བ་ནི་གལ་ཏེ་འདིར་ཡང་ཐུགས་གཙོ་བོར་གྱུར་པས་ན་ཐུགས་ཀྱི་དཀྱིལ་འཁོར་ཞེས་བཤད་མོད་ཀྱི་འོན་ཀྱང་དེ་སྐུ་དང་གསུང་དང་ཐུགས་དག་ཏུ་ཡང་འབྱུང་བས་ན་སྐུ་དང་གསུང་དང་ཐུགས་རྣམས་ནི་ཞེས་བྱའོ། །ངོས་བཞི་ཞེས་བྱ་བ་ནི་ཤར་ལ་སོགས་པའི་ཕྱོགས་ཀྱི་རི་མོ་དང་ལྡན་པའོ། །
གྲྭ་བཞིར་ལྡན་ཞེས་བྱ་བ་ནི་མཚམས་རྣམས་སུ་རི་མོ་གཉིས་རྒྱ་གྲམ་དུ་བྱས་པ་དང་ལྡན་པའོ། །དེ་ཡི་དབུས་སུ་འཁོར་ལོ་ནི། །རབ་ཏུ་ཟླུམ་པོ་བྲི་བར་བྱ། །ཞེས་བྱ་བ་ནི་ཀ་བ་བརྒྱད་དང་ལྡན་པའི་རྡོ་རྗེའི་ཐིག་གདབ་པའི་དོན་ཏོ། །དེ་ནས་ལས་ཀྱི་ཆོ་ག་ནི། །མཐོང་བས་ཕྱག་རྒྱ་དགོད་པར་བྱ། །ཞེས་བྱ་བ་ལ་
ཆོ་ག་མཐོང་བའི་སྒྲ་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །དེ་ཡང་འདི་སྐད་སྟོན་པར་འགྱུར་ཏེ། རྣལ་འབྱོར་པ་བརྟུལ་ཞུགས་ཡང་དག་པར་སྤྱོད་པས་ཏིང་ངེ་འཛིན་གསུམ་པོ་མངོན་སུམ་དུ་བྱས་ལ། མངོན་པར་འདོད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་གྲོགས་ཀྱང་བརྟུལ་ཞུགས་ཡང་དག་པར་སྤྱོད་པ་དང་
དཀྱིལ་འཁོར་བྲི་བར་གསོལ་བ་གདབ་པར་བྱའོ། །དེ་ནས་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པས་དཀྱིལ་འཁོར་ནམ་མཁའ་ལ་བཀོད་ལ་བདག་ཉིད་བྱིན་གྱིས་བརླབ་པ་བྱ་སྟེ། ཡོངས་སུ་བསྐོར་ནས་ཐིག་སྐུད་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་། ནག་པོའི་ཁ་དོག་སོ་སོར་ཁ་བསྒྱུར་
ལ་རིམ་པ་འདི་ཉིད་ཀྱིས་ཡང་དག་པར་བཞག་ནས། ཨོཾ་སྭཱ་ཨཱཿཧཱ་ཧཱུཾ་སྟེ་འདི་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་སྐུ་མདོག་དཀར་པོ་ལ་སོགས་པ། ཐིག་སྐུད་དཀར་པོ་ལ་སོགས་པ་ལ་བཀོད་ལ། ཧཱུཾ་ཨོཾ་ཨཱཿཞེས་ཟློས་ཤིང་ཐིག་སྐུད་བསྒྲིལ་བར་བྱའོ། །དེ་ནས་འདི་ཉིད་བརྒྱ་རྩ་བརྒྱད་
མངོན་པར་བཟླས་ལ་ཐིག་འདི་ཉིད་ཀྱིས་གདབ་པར་བྱ་བ་ལ་སོགས་པ་འོག་ནས་བཤད་པའི་ཆོ་ག་རྣམས་བྱ་བར་བལྟ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་ཀུན་དུ་ཐིག་བཏབ་ལ་ཐིག་དང་རྗེས་སུ་མཐུན་པར་ཁ་དོག་རྣམ་པ་ལྔ་རྣམས་ལ་དེ་བཞིན་གཤེགས་པ་དགོད་ཅིང་དཀྱིལ་འཁོར་བྲི་བར་བྱའོ། །
དེ་ནས་ཉི་མའི་དཀྱིལ་འཁོར་ལ་སོགས་པ་གང་ན་གནས་ཇི་ལྟ་བ་བཞིན་ཡང་དག་པར་བྲིས་ནས་དཀྱིལ་འཁོར་དེའི་དབུས་སུ་ནི་བཅོམ་ལྡན་འདས་མི་བསྐྱོད་པའི་རྡོ་རྗེ་རྩེ་ལྔ་པ་བྲིས་ལ་བཛྲ་དྷྲིཀ་ཅེས་བརྗོད་ཅིང་བར་སྣང་ལ་བཞུགས་པའི་རྡོ་རྗེ་ཕབ་ལ་དེ་དང་གཅིག་ཏུ་བྱའོ། །དེ་བཞིན་དུ་གཞན་དག་ལ་ཡང་བལྟ་

བར་བྱའོ། །དེའི་ཤར་ལ་སོགས་པའི་ངོས་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་མཚན་འཁོར་ལོ་དང་རིན་པོ་ཆེ་དང་། པདྨ་དང་། རལ་གྲི་དང་། མིག་དང་། རྡོ་རྗེ་རྩེ་ལྔ་པ་དང་། པདྨ་དང་། ཨུཏྤལ་དང་། ཐོ་བ་དང་། དབྱིག་པ་དང་། པདྨ་དང་། རྡོ་རྗེ་རྩེ་ལྔ་པ་རྣམས་
རྒྱུ་དང་རྗེས་སུ་མཐུན་པར་བྲི་བར་བྱའོ། །ཡང་ཕྱིའི་དཀྱིལ་འཁོར་གྱི་ནང་དུ་མེའི་ཕྱོགས་སུ་ནི་གཟུགས་ཀྱི་མཚན་མའོ། །བདེན་བྲལ་གྱི་ཕྱོགས་སུ་ནི་སྒྲའི་མཚན་མའོ། །རླུང་གི་ཕྱོགས་སུ་ནི་དྲིའི་འོ། །དབང་ལྡན་ཕྱོགས་སུ་ནི་རོ་དང་རེག་བྱའོ། །ཡང་མེའི་ཕྱོགས་སུ་ནི་ཆོས་ཀྱི་དབྱིངས་ཀྱི་སྟེ། དེ་རྣམས་
ཀྱི་ས་བོན་ནི་ཛཿཧཱུཾ་བཾ་ཧོཿཁཾ་རཾ་ཞེས་བྱའོ། །དེ་ནས་བུམ་པ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ལ་འདི་ཉིད་ཀྱི་འོག་ནས་འབྱུང་བའི་ཆོ་གས་འཇུག་པ་ལ་སོགས་པར་བྱའོ། །སྡོམ་པ་ངེས་པར་གཟུང་བར་བྱ་བའི་ཚུལ་ཡང་འདི་ཉིད་ཡིན་ནོ། །བསླབ་པ་ལ་འཇིགས་ཤིང་སྐྲག་པར་འདོད་པ་ཡོངས་སུ་མི་སྤོང་བ་དག་གི་བྱ་
བའི་དབང་དུ་མཛད་ནས། བུད་མེད་རབ་ཏུ་མདངས་བཟང་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་འཕགས་མ་མཱ་མ་ཀཱི་དེའི་སྔགས་དགོད་པ་དང་བསྒོམ་པ་ལ་སོགས་པས་བསྐྱེད་ལ། །སངས་རྒྱས་ཞི་བའི་ཚུལ་སོགས་པས། །ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། །ཞེས་བྱ་བ་སྟེ།
སངས་རྒྱས་ནི་འདིར་རྡོ་རྗེ་འཆང་ཆེན་པོའོ། །བསླབ་པས་འཇིགས་ཤིང་སྐྲག་པས་ཀྱང་རིག་པའི་བརྟུལ་ཞུགས་ཡང་དག་པར་སྤྱད་པ་དང་། མངོན་པར་ཤེས་པ་ཐོབ་པ་དང་། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཐོབ་ནས་བུ་མོ་བསྟེན་པར་བྱའོ། །དཀྱིལ་འཁོར་ཡང་དེ་ཉིད་ཀྱིས་དཀྱིལ་འཁོར་བྲི་བར་བྱའོ། །
གཞན་དུ་རྫས་རབ་ཏུ་འབར་བ་དང་། ལྷ་བབས་པའི་མཐུ་མེད་པར་བུ་མོ་བསྟེན་ཅིང་བཟའ་བ་མ་ཡིན་པ་ཟ་ན་དངོས་གྲུབ་འདི་ཉིད་མི་འགྲུབ་བོ། །དེས་ན་དེ་ཐེ་ཚོམ་སྐྱེས་པས་དམྱལ་བ་ཆེན་པོ་མནར་མེད་པར་འགྲོ་བར་འགྱུར་རོ། །དེ་ལྟ་བས་ན་དེའི་དངོས་གྲུབ་ཐམས་ཅད་ཀྱང་གཞན་དུ་གྱུར་པས་
ཇི་སྲིད་མངོན་དུ་གྱུར་པ་དེ་སྲིད་དུ་རྣལ་འབྱོར་ལ་གོམས་པར་བྱས་ནས། ཉིན་རེའམ་ཐུན་རེ་རང་གི་ལྷ་མངོན་དུ་མཐོང་བར་གྱུར་གྱི་བར་དུའོ། །ཚུལ་འདིས་ན་དེ་ལྟར་ཡོན་པོར་གསུངས་པས་ཀྱང་འདོད་ཆགས་ཡོངས་སུ་སྤོང་བ་དང་ལྡན་ཏེ། མངོན་པར་ཤེས་པ་ཐོབ་ནས་ནི། །མཛེས་ལྡན་མ་ལ་

དགའ་བོ་དང་། །འདྲ་བར་འདོད་ཆགས་སྐྱེ་མི་འགྱུར། །དེ་ཡང་སངས་རྒྱས་སྐུའི་ཆོ་ག །མངོན་སུམ་བཞིན་དུ་དེ་མཐོང་དང་། །རང་གི་གཟུགས་ནི་མི་ཤེས་ཤིང་། །སྒྲ་ཡང་དེས་ནི་མི་ཐོས་སོ། །མདོར་ན་བྱ་བ་ཐམས་ཅད་ལ། །བྱེ་བྲག་ཇི་བཞིན་མི་བྱེད་པའོ། །གལ་ཏེ་བྱེ་བྲག་འབྱེད་འགྱུར་ན། །སངས་
རྒྱས་ཀྱིས་ཀྱང་མི་འགྲུབ་བོ། །སེམས་ཅན་ཀུན་གྱི་སེམས་གང་ནི། །དག་ཅིང་ཞི་ལ་འོད་གསལ་བས། །དངོས་པོ་ཀུན་གྱིས་མི་གོས་སོ། །སེམས་ཞེས་བྱ་བ་དེ་ཉིད་དངོས། །དེ་བཞིན་འདོད་པའི་ཆོ་ག་ཤེས། །དེ་བཞིན་ཉིད་ལ་ཉེ་བར་སྤྱོད། །གཞན་དུ་དགེ་བ་འབྱུང་བ་ནི། །སྔགས་རྣམས་ཐམས་ཅད་འགྲུབ་མི་འགྱུར། །དེ་བས་སྔགས་
པའི་ཁྱད་པར་གྱིས། །བུད་མེད་མཆོག་ནི་བསྟེན་པར་བྱ། །གཞན་དུ་བདེ་བ་སྩོལ་མཛད་པའི། །རྡོ་རྗེ་སེམས་དཔའ་མཉེས་མི་འགྱུར། །འདོད་པ་ཀུན་གྱི་བྱ་བ་ལ། །ལོངས་སྤྱོད་ཉེ་བར་སྤྱད་པར་བྱ། །གཞན་དུ་རྨོངས་པའི་བདག་ཉིད་དེ། །མནར་མེད་པར་ནི་ཉེ་བར་འཚེད། །ཅེས་གསུངས་པ་ཡིན་ནོ། །
བྱ་བ་འདི་ཉིད་ནི་ཤ་ལ་སོགས་པའི་བཟའ་བ་ལ་ཡང་བརྗོད་པར་བྱ་སྟེ། རབ་ཏུ་མེ་འབར་བ་ལ་ནི་འགྲུབ་པར་མི་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་ལེའུ་ལྔ་པ་ལས་ཀྱང་བཤད་དེ། །སངས་རྒྱས་གཙོ་བོ་ཡུམ་དག་ལ། །རྣམ་པར་མི་རྟོག་བློ་ཅན་གྱིས། །མཉེས་
པར་བྱས་ཀྱང་མི་ཆགས་ཏེ། །དེས་ནི་སངས་རྒྱས་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །གང་ཡང་སྒྲུབ་པ་པོ་མ་ཡིན་པ་དེ་ལ་ནི་ཉེས་པ་མེད་དེ། སྡོམ་པ་མ་བཟུང་ཞིང་སངས་རྒྱས་རྗེས་སུ་དྲན་པ་ཙམ་ལ་སོགས་པའི་བག་ཆགས་ཡོད་པ་ཙམ་ལ་ནི་དགག་
པ་མེད་དོ། །སྡོམ་པ་བཟུང་བས་ཀྱང་བསླབ་པ་ལས་འདས་པར་གྱུར་པའི་ཕྱིར་དེ་ཉིད་ཀྱིས་ན་ངན་འགྲོར་འགྲོ་བར་འགྱུར་རོ། །དེ་ལྟ་བས་ན་དེས་རིག་པ་དང་ཡང་དག་པར་སྦྱོར་བ་ཉིད་ཀྱི་རྣལ་འབྱོར་བསྒོམ་པར་བྱའི་ཕྱི་རོལ་གྱི་སྦྱོར་བ་ནི་མི་བྱའོ། །དོན་དེ་ཉིད་ཀྱི་ཕྱིར། རང་གི་ཕྱག་རྒྱའམ་སེམས་
ཀྱིས་ནི། །རྡོ་རྗེའི་ཡི་གེ་གསུམ་བསྒོམ་བྱ། །དེས་ནི་སངས་རྒྱས་ཀུན་མཁྱེན་ཡང་། །མཉེས་པར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་དང་། སྒྲུབ་པ་པོ་ནི་བློ་བརྟན་པས། །ནགས་ཚལ་དག་ཏུ་བསོད་སྙོམས་བསླང་། །ཁ་ཟས་བཟང་པོ་བསྟར་བ་དག །དེ་དག་སྐྲག་ནས་སྟེར་བར་འགྱུར། །ཞེས་བྱ་བ་ལ་

སོགས་པ་གསུངས་པ་ཡིན་ནོ། །སེམས་ཀྱི་དཀྱིལ་འཁོར་ཏེ་ལེའུ་བཞི་པའི་བཤད་པའོ།། །།བསྒོམ་པ་ཡོངས་སུ་རྫོགས་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འགྲུབ་པར་འགྱུར་བས་རིགས་ངན་པ་ལ་སོགས་པ་རྒྱུད་གཞན་དག་གི་ནང་ནས་རབ་ཏུ་བཀག་པ་དེ་དག་ཀྱང་
སྟོང་པ་ཉིད་བསྒོམས་པས་གྲུབ་པའི་སྐལ་བ་ཡོད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སྤྱོད་པ་ཐམས་ཅད་ཀྱི་མཆོག་གི་ལེའུ་གསུངས་སོ། །སྤྱོད་པ་ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྤྱོད་པ་ནི་སྤྱོད་པ་ཀུན་ནོ། །དེའི་མཆོག་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །དེའི་དོན་ནི་ཆོས་ཀྱི་དོན་ནོ། །རྣམ་པར་མི་རྟོག་དོན་ལས་བྱུང་། །སྒྲུབ་པར་བྱེད་ཅེས་བྱ་བར་སྦྱར་ཏེ། དེ་ལ་རྣམ་པར་མི་རྟོག་པའི་དོན་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ལས་བྱུང་བ་ནི་ཞེ་
སྡང་ལ་སོགས་པའི་རིགས་རྣམས་སོ། །སྒྲུབ་པར་བྱེད་པ་ནི་གདུལ་བྱའི་འགྲོ་བའི་རྒྱུད་ལ་ཐེག་པ་ཆེན་པོ་རབ་མཆོག་གི་མཚན་ཉིད་ཅན་རིགས་ལྔ་རྣམས་སུ་སྐྱེད་པར་བྱེད་པ་སྟེ། དེ་བས་ན། ཐེག་པ་མཆོག་ནི་བླ་མེད་པའི། །དངོས་གྲུབ་རབ་མཆོག་སྒྲུབ་པར་བྱེད། །ཅེས་བྱ་བ་གསུངས་ཏེ། རྣལ་འབྱོར་
པ་གང་ལ་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་པ་དེ་དག་ནི་སྐུ་རྡོ་རྗེ་ལ་སོགས་པ་རྫོགས་པར་འགྱུར་གྱི། དངོས་པོར་འཛིན་པ་ལ་མངོན་པར་ཞུགས་པ་གཞན་དག་གིས་ནི་མ་ཡིན་ཏེ། དེ་བས་ན་དེ་ཡོངས་སུ་རྫོགས་པར་འདོད་པ་དག་གིས་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པར་བྱའོ་ཞེས་བསྟན་ཏེ། གང་
གི་ཕྱིར་གཉིས་སུ་མེད་པ་ལ་ལྷག་པར་མོས་པ་ཉིད་སྐྱེས་བུའི་དོན་གྲུབ་པའི་ཐབས་སུ་གྱུར་པ་ཡིན་གྱི་རིགས་ལ་སོགས་པ་ནི་མ་ཡིན་ཏེ། དེའི་ཕྱིར་ན་རིགས་ངན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིགས་ངན་དང་། སྨེ་ཤ་ཅན་ལ་སོགས་པ་སྡིག་པ་ཆེན་པོ་བྱེད་པ་དག་གིས་ཀྱང་འགྲུབ་པར་
འགྱུར་རོ་ཞེས་བྱ་བར་སྦྱར་ཏེ། བྱ་བའི་རྒྱུད་ལ་སོགས་པར་རབ་ཏུ་སྤངས་པའི་རིགས་ངན་ལ་སོགས་པ་ནི། །གསོད་དོན་དོན་གཉེར་སེམས་པ་རྣམས། །ཞེས་བྱ་སྟེ། སྲོག་ཆགས་རྣམས་བསད་པ་ལ་སོགས་པའི་ཐབས་ཉི་ཚེ་སེམས་པའོ། །མཚམས་མེད་པ་ལྔ་བྱེད་པ་དང་། དགེ་སློང་དང་དགེ་སློང་

མ་གསོད་པ་དང་། གཙུག་ལག་ཁང་འཇིག་པ་དང་། དམ་པའི་ཆོས་སྤོང་བ་ལ་སོགས་པ་བྱེད་པ་ནི་མཚམས་མེད་པ་ལ་སོགས་པའི་སྒྲར་བརྗོད་དོ། །དེ་ལྟ་བུའི་སྡིག་པ་ཆེན་པོ་བྱེད་པ་དག་ཀྱང་འགྲུབ་པར་འགྱུར་རོ། །ཡང་ཞེས་བྱ་བའི་སྒྲ་ནི་ཆོས་དང་ལྡན་ཞིང་ཚུལ་ཁྲིམས་རྣམ་པར་དག་པ་ལ་
འཕགས་པའི་ཡུལ་དང་རིགས་སུ་སྐྱེས་པ་འབའ་ཞིག་འགྲུབ་པར་མ་ཟད་ཀྱི། སྐྱེ་བ་དམན་པ་ལ་སོགས་པས་ཡང་འགྲུབ་པར་འགྱུར་རོ་ཞེས་བདག་མེད་པ་བསྒོམ་པའི་ནུས་པ་གསལ་བར་བསྟན་པ་ཡིན་ནོ། །སྙིང་ནས་སློབ་དཔོན་སྨོད་པ་དང་། །བསྒྲུབས་ཀྱང་འགྲུབ་པར་ཡང་མི་འགྱུར། །ཞེས་བྱ་
བ་ནི་སྒྲིབ་པ་འདི་ཤིན་ཏུ་ལྕི་བར་གསུངས་པ་ཡིན་ནོ། །སྲོག་གཅོད་པ་ཡི་སེམས་ཅན་གང་། །དེ་དག་བསྒྲུབ་པའི་སྣོད་དུ་འགྱུར། །ཞེས་བྱ་བར་སྦྱར་ཏེ། གང་ཇི་སྲིད་དུ་སྤོང་བས་འཇིགས་ཤིང་སྐྲག་པ་རྣམས་ལ་དེས་རྣམ་པར་མ་བརྟགས་ན་དགའ་བའི་ཚིག་ཐོས་པས་གསུམ་ལ་སྐྱབས་སུ་འགྲོ་བ་དང་།
བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱིས་ཀྱང་སྲོག་གཅོད་པ་ལ་སོགས་པ་ལ་ཞུགས་ན་ཡང་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་འདིར་བཅོམ་ལྡན་འདས་ཀྱིས་གནང་བར་མཛད་དོ་སྙམ་མོ། །དེ་བས་ན་འཇུག་པའི་རྒྱུར། སྲོག་གཅོད་པ་ཡི་སེམས་ཅན་གང་། །ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། རྩ་བའི་རྒྱུད་ལས་ཀྱང་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་བསླབ་པའི་ཚིག་གིས་འཇིགས་ཤིང་སྐྲག་ནས་མི་འཇུག་པ་དག་ཀྱང་མཆིས་ཏེ། དེ་དག་ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་འཇུག་པར་ཁ་བལྟས་ཤིང་གནས་པ་རྣམས་ཀྱང་། དཀྱིལ་
འཁོར་འདིར་འཇུག་ཏུ་རུང་ངོ་ཞེས་གསུངས་པས་རྣམ་པ་ཐམས་ཅད་དུ་དགེ་བའི་ལས་ལ་འཇུག་པར་འགྱུར་བ་དག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དེ་བསྒོམ་པའི་བག་ཆགས་ཀྱི་ས་བོན་དང་ལྡན་པ་འབའ་ཞིག་ཏུ་ཡང་མ་ཟད་དོ། །འདི་ལ་གཞུག་པར་བྱ་བའི་རྒྱུར་
གནས་པ་རྣམས་ལ་སྲོག་གཅོད་པ་ལ་སོགས་པའི་ཡང་དོན་གཞན་དུ་གྱུར་པ་ཉིད་ཀྱིས་བྱང་ཆུབ་ཆེན་པོ་ལ་འཇུག་པའི་མཆོག་ཏུ་བསྟན་ཏེ། དེ་ལ་ཡེ་ཤེས་ཀྱི་རྡོ་རྗེ་སེམས་ཅན་གྱི་ཁམས་མ་ལུས་པ་དངོས་པོ་མེད་པར་བྱེད་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པ་འདི་ནི་སྲོག་གཅོད་པ་ཞེས་བྱ་སྟེ།

ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་སྐྱེ་བ་མེད། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་གསུངས་པའོ། །དངོས་པོ་ཐམས་ཅད་མེད་པར་སྟོན་པ་ནི་འདིར་བརྫུན་དུ་སྨྲ་བའོ། །སེམས་ཅན་གྱི་ཁམས་ཐམས་ཅད་སྐུ་
དང་གསུང་དང་ཐུགས་ཀྱི་རྡོ་རྗེ་བསྐྱེད་པར་བསྒོམས་པས་སེམས་ཅན་གྱི་ཁམས་མ་ལུས་པའི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་གསལ་བ་ནི་གཞན་གྱི་ནོར་ཕྲོགས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རིག་པའི་ལྷ་མོ་དང་མངོན་པར་
སྦྱོར་བ་སྒོམ་པ་ནི་རྟག་ཏུ་འདོད་པ་ལ་མངོན་པར་དགའ་བའོ། །དོན་འདི་ཉིད་ནི་ལེའུ་དགུ་པ་ལས། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་མི་བསྐྱོད་རབ་བསྒོམས་ནས། །ལག་ཏུ་རྡོ་རྗེ་བསྒོམ་པར་བྱ། །འོད་འཕྲོ་མང་པོ་འབར་བ་དང་། །འོད་ཟེར་
སྣ་ལྔས་རབ་ཏུ་གང་། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །བསྒོམས་ནས་རྡོ་རྗེ་ཕྱེ་མར་རློག །སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ནི། །རྡོ་རྗེས་ཕྱེར་བརླག་མེད་འགྱུར་བའི། །བསམ་གཏན་མཆོག་དེ་བསྒོམས་ན་ནི། །ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྡོ་རྗེ་གསང་བ་འདི་ལྟ་བུས། །
སེམས་ཅན་ཐམས་ཅད་བསད་ན་ནི། །མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་རྣམས་སྐྱེ་བར་འགྱུར། །འདི་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ནའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། །རྣམ་པར་སྣང་མཛད་རབ་བསྒོམས་ཏེ། །
སངས་རྒྱས་ཐམས་ཅད་རྣམ་པར་བསྒོམ། །རིན་ཆེན་ཀུན་གྱི་སྦྱོར་བ་ཡིས། །རྡོ་རྗེ་གཟུགས་ནི་རབ་ཏུ་བརྟག །ནོར་རྣམས་ཐམས་ཅད་ཕྲོགས་ནས་སུ། །རྡོ་རྗེ་གསུང་དུ་རྣམ་བསྒོམས་ན། །ནོར་གྱི་རྒྱ་མཚོ་གང་བ་ཡང་། །ཡིད་བཞིན་ནོར་བུ་འདྲ་བར་འགྱུར། །སངས་རྒྱས་ཀུན་གྱི་སྲས་
རྣམས་དང་། །ཐུབ་པ་སྐྱེས་བུ་མཆོག་ཏུ་འགྱུར། །ཞེས་བྱ་བ་སྟེ་འདི་ནི་གཏི་མུག་གི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ནའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རིན་ཆེན་དཀྱིལ་འཁོར་བསྒོམ་པར་བྱ། །དཔག་མེད་ཚེ་ནི་རབ་བསྒོམས་ཏེ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་སྦྱར། །

བུད་མེད་ལྟ་བུར་སྦྱོར་བ་ནི། །དམ་ཚིག་བཞི་ཡི་སྦྱོར་བ་ཡིས། །ཐམས་ཅད་དེ་རུ་བསྒོམ་པར་བྱ། །ཞེས་བྱ་བ་འདི་ནི་འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་གོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་ཐོགས་མེད་རབ་བསྒོམས་ཏེ། །སངས་
རྒྱས་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་གཟུགས་སུ་རྣམ་བསྒོམས་ནས། །རྡོ་རྗེ་དམ་ཚིག་བརྫུན་སྨྲ་བས། །རྒྱལ་བ་ཀུན་གྱི་གནས་རྣམས་དང་། །རྒྱལ་བ་ཐམས་ཅད་བསླུ་བར་བྱ། །འདི་ནི་དམ་ཚིག་འགུགས་པ་ཡི། །རིགས་ཀྱི་དམ་ཚིག་ཡང་དག་པའོ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །
ད་ནི་ཕྲ་མེན་མ་དང་འཆོལ་བའི་རྒྱུད་ལ་ཞུགས་པ་རྣམས་རྣམ་པར་སྦྱོང་བའི་ཕྱིར། བཤང་གཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤང་གཅིའི་ཟས་ཉིད་ཀྱི་བྱ་བ་བྱེད་པ་དེས་མངོན་པར་དགའ་བའི་དོན་གྱི་དངོས་གྲུབ་བསྐྱེད་པ་ག་ལ་ཡོད་པ་དེ་རྣམས་ཀྱི་དོན་དུ་འདི་སྐད་ཅེས་གསུངས་ཏེ། དེ་ཡང་
དེ་དག་ནི་ཟས་མ་ཡིན་པ་སྔགས་ཀྱིས་མངོན་པར་བསྔགས་ནས་ཟོས་ན་གྲུབ་པར་སྨྲ་བ་ལ། དེ་རྣམས་ལ་འདི་ལས་གསུངས་པའི་སྔགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་བསྒོམས་ནས་བཤང་གཅི་མངོན་པར་བསྔགས་ཏེ། རབ་ཏུ་འབར་བ་ན་བཟའ་བར་བྱའོ་ཞེས་ངེས་
པར་སྦྱོར་བ་ལ་འཇུག་པའི་རྒྱུར་གྱུར་ཏེ། དེ་རབ་ཏུ་འབར་ནས་བླངས་པས་སྐུ་དང་གསུང་དང་ཐུགས་མངོན་པར་རྟོགས་པ་ལ་འཇུག་པར་འགྱུར་རོ། །ཁྱབ་འཇུག་གི་རྒྱུད་ལ་མངོན་པར་དགའ་བ་རྣམས་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར། མ་དང་སྲིང་མོ་བུ་མོ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དེ་དག་གི་ཡང་སྤོང་བ་ལ་མངོན་པར་མི་ཕྱོགས་པ་རྣམས་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་སྔོན་དུ་སོང་བའི་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་སྔགས་ཟློས་པར་གནང་བས་བྱང་ཆུབ་ཆེན་པོའི་བག་ཆགས་སྐྱེད་པ་ལ་འཇུག་པས་རྒྱུད་ཉིད་དུ་འགྱུར་བས་ཕྱིས་འདི་ལ་འཇུག་པའི་རྒྱུར་གཞག་པ་ཡིན་ཏེ་མ་ནི་
སྤྱན་མ་ལ་སོགས་པའོ། །སྲིང་མོ་ནི་རྡོ་རྗེ་སྙེམས་མ་ལ་སོགས་པ་སྟེ། འདི་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་པའི་འོ། །དེ་བཞིན་གཤེགས་པའི་ཟློས་པ་པོ་ལ་ནི་དེ་ཉིད་བུ་མོ་སྟེ། དེ་རྣམས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དུ་བསྒོམས་པས་ཡང་དག་པར་སྦྱོར་བ་ནི་མཉེས་

པར་བྱ་བའོ། །དེ་ཉིད་ཀྱིས་ནི། འདོད་པ་བས་ནི་མཉེས་བྱས་ན། ཐེག་ཆེན་མཆོག་གི་ཆོས་ཉིད་ཀྱིས། །དངོས་གྲུབ་རྒྱ་ཆེན་དེས་ཐོབ་བོ། །ཞེས་འཇུག་པར་བྱ་བའི་ཕྱིར་བསྟན་ཏེ། དེ་ཉིད་ཀྱི་ཕྱིར། སངས་རྒྱས་གཙོ་བོ་ཡུམ་དག་ལ། །རྣམ་པར་མི་རྟོག་བློ་ཅན་གྱིས། །མཉེས་
པར་བྱས་ཀྱང་མི་ཆགས་ཏེ། །ཞེས་བྱ་བ་གསུངས་ཏེ། དེ་ཡང་། །སྒྱུ་མ་ལྟ་བུར་བསྒོམ་པའི་ཕྱིར། །མཉེས་པར་བྱས་སུ་ཟིན་ཀྱང་སྔར་གསུངས་པའི་ཚུལ་གྱིས་རྣམ་པར་མི་རྟོག་པར་འགྱུར་རོ། །དེ་ནས་ནི་རྣལ་འབྱོར་པ་འཚང་རྒྱ་བར་འགྱུར་བའི་ཕྱིར། །རྣམ་པར་མི་རྟོག་བློ་ཅན་གྱིས། །དེ་ནས་
སངས་རྒྱས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ངོ་མཚར་དུ་གྱུར་ཞེས་བྱ་བ་ནི་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱིས་ཡང་དག་པར་སྦྱོར་བ་བསྒོམས་པས་ཀྱང་འཚང་རྒྱ་བར་འགྱུར་རོ་ཞེས་པས་སོ། །རྨད་དུ་གྱུར་པའི་ཞེས་བྱ་བ་ནི་གཞན་དག་ལས་སྔོན་མ་བྱུང་བའི་ཕྱིར་རོ། །ཅིའི་སླད་དུ་
ཞེས་པའི་སྒྲ་ནི་རབ་ཏུ་སྨད་པ་སྟེ། འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་འདི་ལྟ་བུའི་ཚིག་ངན་པ་གསུངས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་གཙོ་བོའི་ཡུལ་ལ་འདོད་པ་སྤྱོད་པས་གྲུབ་པར་འགྱུར་རོ་ཞེས་བྱ་བའི་ཚིག་འདི་གསུངས་པ་ལ་དེ་ནི་མ་གསུང་ཤིག་ཅེས་བྱ་
བའི་དོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་བསམ་པ་དང་བག་ལ་ཉལ་བ་ཐམས་ཅད་མཁྱེན་པས་ཡོངས་སུ་སྨད་པར་འགྱུར་བ་དེ་ནི་མི་སྲིད་ན། ཅིའི་ཕྱིར་དེ་རྣམས་འདི་སྐད་གསུང་། དེ་ནི་བདེན་མོད་ཀྱི་འོན་ཀྱང་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨོད་པའི་སེམས་སྐྱེ་
འང་ཞུ་བར་མི་ནུས་པ་རྣམས་ཀྱི་བསམ་པ་མཁྱེན་ནས་འདི་སྐད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་རྣམས་ཐོང་དེ་སྐད་མ་ཟེར་ཅིག་ཅེས་བྱ་བ་ལ་ཐོང་ཞེས་པའི་སྒྲ་ནི་མི་རིགས་པའི་དོན་ཏོ། །
དེ་སྐད་མ་ཟེར་ཅིག་ཅེས་བྱ་བ་འདིས་ནི་དགག་པ་འགྲུབ་སྟེ། གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྤྱན་ལ་སོགས་པ་དང་སྦྱོར་བ་བསྒོམས་པས་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་འདི་ནི་རིགས་པའི་ཚུལ་ཡིན་ནོ། །ཅིའི་ཕྱིར་འདི་རིགས་པ་ཡིན་ཞེ་ན། །ཡེ་ཤེས་སྙིང་པོ་ཅན་རྣམས་

ཀྱི། །སངས་རྒྱས་ཀུན་གྱི་ཆོས་ཉིད་འདི། །ཞེས་བྱ་བ་གསུངས་ཏེ། གང་སྤྱན་མ་ལ་སོགས་པ་དང་ཡང་དག་པར་སྦྱོར་བས་ཉེ་བར་མཚོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ཆོས་ཉིད་ཀྱི་རྒྱུས་འཚང་རྒྱ་བའི་རྒྱུ་ཡིན་ཏེ། གཉིས་སུ་མེད་པའི་དེ་བཞིན་ཉིད་དང་རོ་གཅིག་པའི་ཡེ་ཤེས་དང་
ལྡན་པའི་སྙིང་པོའི་ཡེ་ཤེས་ཅན་ནོ། །འདི་ཞེས་བྱ་བ་ནི་བློ་ལ་གཞག་པ་གསུངས་པའོ། །ཅིའི་ཕྱིར་དེ་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན་ཞེ་ན། སྙིང་པོ་ཆོས་ཀྱི་དོན་ལས་བྱུང་། །ཞེས་བྱ་བ་གསུངས་པ་ཡིན་ཏེ། སྙིང་པོ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་ན་སྙིང་པོ་ཆོས་ཏེ་ཆོས་ཀྱི་དབྱིངས་ཐོག་མ་
དང་ཐ་མ་མེད་པའོ། །དེ་ཉིད་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་དོན་ཡིན་པས་ན་ཆོས་ཀྱི་དོན་ཏོ། །དེ་ལས་བྱུང་བ་ནི་སྐྱེ་བ་སྟེ། གང་འདི་སྤྱན་ལ་སོགས་པ་དང་སྦྱར་བའི་ཚུལ་གྱིས་འཚང་རྒྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པར་གྱུར་པས་ཆོས་ཀྱི་དབྱིངས་སྟོན་པ་ཡིན་ནོ། །དེ་ནས་དེ་རྣམ་པར་
བསྒོམ་པ་ནི་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟར་དངོས་པོར་འཛིན་པ་ལ་མངོན་པར་ཞེན་པ་སྤངས་པ་ལས་འཚང་རྒྱ་བ་ཉིད་དུ་འགྱུར་རོ། །དེ་བས་ན། བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། །ཞེས་གསུངས་ཏེ། བསྒོམ་པ་འདི་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། དེ་ཉིད་རྟེན་དུ་གྱུར་པས་ན་གནས་ཞེས་བྱའོ། །བྱང་
ཆུབ་སེམས་དཔའ་རྣམས་འཇིགས་པ་ནི་བསྟན་པ་འདིས་ཆོས་དང་གང་ཟག་གི་ངོ་བོ་མེད་པར་ཐོས་པས་དེས་སྐྲག་ཅིང་བརྒྱལ་བར་གྱུར་པའོ། །ཅིའི་ཕྱིར་ཞེ་ན། ས་ཆེན་པོ་ལ་ཞུགས་པ་རྣམས་སྐྲག་པར་འགྱུར། སྐྲག་པའི་སེམས་ནི་ཆོས་དང་གང་ཟག་ཏུ་འཛིན་པར་གྱུར་པ་རྣམས་ལ་འབྱུང་བས་ན་ས་
ཆེན་པོ་ལ་ཞུགས་པ་རྣམས་ལ་མི་སྲིད་ཀྱི་ཞེ་ན། འདིར་སོ་སོའི་སྐྱེ་བོ་ཉིད་ལ་བྱང་ཆུབ་སེམས་དཔའ་འདོད་པས་ཉེས་པ་མེད་དོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་བསླང་བར་གསོལ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་མཐུས་ཆོས་བདག་མེད་པ་འདི་རྟོགས་པ་བསྐྱེད་པས་
འཇིགས་པ་བསལ་ཏེ་བསླང་བར་གསོལ་བའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་གསན་ནས་བསླང་བར་བྱ་བའི་ཕྱིར་ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་སྟེ། ནམ་མཁའ་ལྟར་མཉམ་པས་ནམ་

མཁའ་དང་མཉམ་པ་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དེ། ནམ་མཁའ་དང་མཉམ་པ་ཉིད་ནི་གཉིས་སུ་མེད་པ་སྟེ། དེ་ལ་དམིགས་པས་ན་མིང་དེ་སྐད་ཅེས་བྱ་སྟེ། ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་
སྙོམས་པར་ཞུགས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའོ། །དེ་ནས་རང་རང་གི་སྟན་ལ་གནས་པར་གྱུར་ཏོ་ཞེས་བྱ་བ་ནི། དེ་དག་ལ་བཅོམ་ལྡན་འདས་ཀྱི་འོད་ཀྱིས་རེག་པས་བདག་མེད་པར་རྟོགས་ཏེ། བདག་ཏུ་འཛིན་པ་དང་བྲལ་བས་ནི་དེ་ཐམས་ཅད་འཇིགས་ཤིང་སྐྲག་པ་དང་བྲལ་བས་སོ། །
ངོ་མཚར་དུ་གྱུར་པ་ནི་བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་གྱི་མཐུས་འགྲོ་བའི་དོན་མཐོང་བས་སོ། །ཨེ་མའོ་ཆོས། ཨེ་མའོ་ཆོས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་གྱི་མཐུ་ལ་ཤིན་ཏུ་ཡང་ངོ་མཚར་སྐྱེས་ནས་སྨྲས་པའོ། །ཨེ་མའོ་ཆོས་ཀྱི་དོན་བྱུང་བ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་
ཉིད་ཀྱི་མཐུས་ངོ་མཚར་གྱི་རང་བཞིན་གྱི་དོན་དུ་གདུལ་བྱ་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པའི་ངོ་བོ་སྟེ་དེ་བྱུང་བ་ནི་སྐྱེས་པའོ། །ཆོས་དོན་དག་པ་ཞེས་པ་ལ་ཕུང་པོ་ལ་སོགས་པ་ནི་ཆོས་སོ། །དག་པའི་དོན་ནི་ངོ་བོ་ཉིད་ཀྱིས་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་བདག་མེད་པ་
སྟེ། བདག་མེད་པའི་རྡོ་རྗེ་དེ་ཉིད་ཀྱིས་རིགས་ཐམས་ཅད་ཀྱི་རྒྱལ་པོར་གྱུར་ཅིང་བདུད་ཐམས་ཅད་ཟིལ་གྱིས་གནོན་པས་ན་རྡོ་རྗེ་རྒྱལ་པོ་ཞེས་བྱ་སྟེ། འདིས་ནི་མི་བསྐྱོད་པའི་ངོ་བོར་གསུངས་པའོ། །སྐུ་དང་གསུང་ཐུགས་རབ་ཏུ་དག །ཅེས་བྱ་བ་ནི་སྐུ་གསུང་ཐུགས་རྣམ་པར་དག་པ་གང་ཡིན་པ་དེ་
ལ་དེ་སྐད་ཅེས་བྱའོ། །ནམ་མཁའ་དང་ནི་མཉམ་པ་ཉིད། །ཅེས་བྱ་བ་ནི་དེ་བཞིན་ཉིད་དེ། དེ་ཉིད་གནས་སུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་རྟོག་པ་ཐམས་ཅད་མེད་པས་ན་རྣམ་པར་མི་འགྱུར་བའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་སྣང་བ་མེད་པའོ། །རྡོ་རྗེའི་སྐུ་ལ་
ཕྱག་འཚལ་འདུད། །ཅེས་བྱ་བ་ནི་སྐུ་རྡོ་རྗེའི་ངོ་བོ་ཉིད་དུ་གསུངས་པའོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ནི་དུས་གསུམ་པོ་དེ་ཉིད་ལམ་སྟེ། དེ་ལ་འཇུག་པའི་ངང་ཚུལ་གང་ཡིན་པ་དེ་ནི། དུས་གསུམ་དག་གི་ལམ་དུ་འབྱུང་། །ཞེས་བྱ་སྟེ་དེ་བཞིན་གཤེགས་པའོ། །དེའི་ཐུགས་ནི་རྡོ་རྗེ་

འཆང་ཆེན་པོའོ། །དབྱིངས་གྱུར་པ་ཞེས་པའང་དེ་ཉིད་ཀྱི་རིགས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཉིད་ལ་སྐྱེ་སྟེ། དེ་ནི་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་ངོ་བོར་གྱུར་པའི་ཕྱིར་རོ། །ནམ་མཁའ་ལྟར་ཐམས་ཅད་དུ་སོང་བས་ན་ནམ་མཁའ་ཆེན་པོའོ། །ནམ་མཁའ་ལྟར་དུས་གསུམ་
མེད་པའི་ངོ་བོར་གྱུར་པ་གང་ཡིན་པ་དེ་ནི་ནམ་མཁའི་ལམ་སྟེ། འདིས་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་དུ་གསུངས་པའོ། །ནམ་མཁའི་སྐུ་ཞེས་བྱ་བ་ནི་ནམ་མཁའ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ནམ་མཁའ་ལས་ཀྱང་བྱུང་བ་ནི་སྐྱེས་པ་སྟེ། འདིས་ནི་ཡིད་བཞིན་གྱི་ནོར་བུའི་རིགས་ཀྱི་ངོ་བོར་
གསུངས་པའོ། །ནམ་མཁའི་གསུང་གི་ལམ་སྟོན་པ། །ཞེས་བྱ་བ་ནི་ཚིག་དང་ཚིག་མ་ཡིན་པའི་སྒྲ་ཐམས་ཅད་ནི་བྲག་ཅ་ལྟ་བུ་སྟེ། འདིས་ནི་འདོད་ཆགས་ཀྱི་རིགས་ཀྱི་ངོ་བོར་གསུངས་པའོ། །ནམ་མཁའི་ཐུགས་ནི་ཆོས་ཀྱི་མཆོག །ཅེས་བྱ་བ་ནི་སེམས་ནམ་མཁའ་ལྟར་རང་བཞིན་གྱིས་
འོད་གསལ་བའི་རྣམ་པར་ཐར་པའི་ངོ་བོར་གྱུར་པ་གང་ཡིན་པ་དེ་ནི་ནམ་མཁའི་ཐུགས་ཏེ། དེ་ཉིད་ཆོས་ཀྱི་མཆོག་སྟེ་དམ་པ་དེ་ལ་སྤྱོད་ཅིང་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་དམ་ཚིག་གི་རིགས་ཀྱི་ངོ་བོར་གསུངས་པའོ། །ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་འཇིག་རྟེན་པ་དང་
འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་རྫོགས་པར་བྱེད་པའི་སྤྱོད་པ་ནི་ཀུན་དུ་སྤྱོད་པའོ། །དེ་ཉིད་ཕུལ་དུ་བྱུང་བའི་མཆོག་སྟེ་དེ་གང་དུ་གསུངས་པ་དེ་ནི་སྤྱོད་པ་ཐམས་ཅད་ཀྱི་མཆོག་གི་ལེའུ་ཞེས་བྱའོ། །ལེའུ་ལྔ་པའི་བཤད་པའོ།། །།བསྒོམ་པའམ་བཟླས་པ་བྱེད་པར་
འདོད་པས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་དང་རྗེས་སུ་མཉེས་པའི་མཆོད་པ་བྱ་དགོས་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་ལེའུ་གསུངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ལ་
སྐུ་ཞེས་བྱ་བ་ལ་སྐུ་རྡོ་རྗེའི་ངོ་བོ་ནི་སྐུའི་གསང་བའོ། །གསུང་རྡོ་རྗེའི་ངོ་བོ་ནི་གསུང་གི་གསང་བའོ། །ཐུགས་རྡོ་རྗེའི་ངོ་བོ་ནི་ཐུགས་ཀྱི་གསང་བ་སྟེ། གང་སྐུ་མདོག་དང་དབྱིབས་དང་ཕྱག་མཚན་དང་ཕྱག་རྒྱ་ལ་སོགས་པ་རྣམ་པ་རྒྱ་ཆེ་བ་རྣམ་པ་སྣ་ཚོགས་པ་དཔག་ཏུ་མེད་པ་གང་ཡིན་པ་འདི་ནི་

སྐུའི་གསང་བར་ཤེས་པར་བྱའོ། །ཐུགས་ཀའི་ཟླ་བ་ལ་རྡོ་རྗེ་བསྒོམ་པ་ནི་ཐུགས་ཀྱི་གསང་བའོ། །ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་རྣམ་པར་བསམ་ཞིང་སྔགས་ཀྱི་ཡི་གེ་བརྗོད་ལ་དེའི་དོན་ལ་ལྷག་པར་མོས་པ་ནི་གསུང་གི་གསང་བའོ་ཞེས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་
པོས་གསུངས་པས་དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་མིང་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །རྣམ་པར་རྒྱལ་བའི་གནས་རྡོ་རྗེ། །ཞེས་བྱ་བ་ནི་སྐུ་ལ་སྐུའི་ངོ་བོ་ཉིད་དང་
བྲལ་བར་རྟོགས་པ་ནི་རྣམ་པར་རྒྱལ་བའི་གནས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི། རྣམ་པར་རྒྱལ་བའི་གནས་རྡོ་རྗེ། །ཞེས་བྱའོ། །མཉམ་པ་ཉིད་མི་གཉིས་པ་རྡོ་རྗེ་ཞེས་བྱ་བ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པའོ་ཞེས་བྱ་བ་འདི་ནི་མཉམ་པ་ཉིད་དེ། དེ་ཉིད་ནི་མི་གཉིས་པ་
སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཉམ་པ་ཉིད་མི་གཉིས་པ་རྡོ་རྗེ་ཞེས་བྱའོ། །རྡོ་རྗེ་གསུམ་པོ་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་སྐུ་ལ་སོགས་པ་སྟེ་བསྒྲུབ་པར་བྱའོ་ཞེས་སྦྱར་རོ། །གནས་ནི་གཞིའོ། །གནས་ཀྱི་རྣམ་པར་བསྒོམ་ཞེས་པ་ནི་སྐུ་ལ་སོགས་པ་བསྒོམ་པའི་ངོ་བོའོ། །
སྔགས་ཀྱི་མཚན་གྱིས་ཤིན་དུ་མཚན་བྱས་ལ། །ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོའོ། །འདི་ཡིས་ཞེས་བྱ་བ་ནི་སྨྲས་མ་ཐག་པའི་སྔགས་གསུམ་པོས་སོ། །བསྒྲུབ་པ་ཉིད་དུ་བྱ་ཞེས་པ་ནི་བརྟན་པར་བྱའོ། །སྒྲོན་མ་རྡོ་རྗེ་ཞེས་བྱ་བ་ནི་སྣའི་རྩེ་མོར་ཡུངས་ཀར་གྱི་འབྲུ་ཙམ་གྱི་རིན་པོ་ཆེ་བསྒོམས་པས་
ཡེ་ཤེས་ཀྱི་སྣང་བ་བསྐྱེད་པ་ནི་སྒྲོན་མ་སྟེ་དེ་ལ་དམིགས་པས་ན་སྒྲོན་མ་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བྱའོ། །རྡོ་རྗེ་གདོན་མི་ཟ་བ་ཞེས་བྱ་བ་ནི་གདོན་མི་ཟ་བ་ནི་དོན་ཡོད་པ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་ལ་སོགས་པ་རང་རང་གི་རྣམ་པར་ཐར་པ་སྐྱེད་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་གདོན་
མི་ཟ་བ་ཞེས་བྱའོ། །རྟག་པར་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཚུལ་བཞིན་མཆོད་པར་བྱ། ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་སྔགས་འདིས་བྱིན་གྱིས་བརླབས་པས་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོར་བསྒོམས་ཏེ་དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་

པར་བྱའོ། །དེ་བཞིན་དུ་ཡིད་ཀྱིས་བདུད་རྩི་ལྔ་རྣམས་ཀྱང་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོར་བསྒོམས་ལ་མཆོད་དེ། སྔགས་ལ་དམིགས་པའི་ལུས་ཀྱིས་བསྒྲུབ་པར་བྱ། །ཞེས་བྱ་བར་སྦྱར་ཏེ། །ལུས་ལ་ལུས་མེད་པར་བསྒོམ་པ་ནི་སྔགས་ལ་དམིགས་པ་སྟེ། དེའི་ལུས་ནི་སྔགས་ལ་
དམིགས་པའི་ལུས་སོ། །དེས་ངག་སྟེ་སྔགས་ཟློས་པ་ལ་སྦྱོར་བ་དང་། ཡིད་ཀྱིས་བློ་ལ་བཞག་ཅིང་རྣམ་པར་སྣང་མཛད་བསྐུལ་ནས་བསྒྲུབ་པར་བྱ་ཞེས་བྱ་བ་ནི་སྔགས་པས་མངོན་པར་འདོད་པའི་དངོས་གྲུབ་རྫོགས་པར་བྱའོ། །སེམས་ལ་དམིགས་པ་བདག་མེད་པར་བསྒྲུབ་པར་བྱ་ཞེས་
བྱ་བར་སྦྱར་ཏེ། སེམས་ལ་སེམས་མེད་པར་བསྒོམ་པ་ནི་སེམས་དང་དམིགས་པ་སྟེ། དེ་ཉིད་བདག་མེད་པའོ། །ངག་དང་ལུས་ཀྱང་རྣམ་པར་བསྒོམ། །ཞེས་བྱ་བ་ནི་ངག་ལ་ངག་མེད་པར་བསྒོམ་པ་དང་ལུས་ལ་ལུས་མེད་པར་བསྒོམ་པར་བསྒྲུབ་པར་བྱའོ། །ཅི་ཞིག་བསྒྲུབ་པར་བྱ་ཞེ་ན།
སྦྱོར་བ་རྣམ་གསུམ་ཞེས་བྱ་སྟེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དངོས་གྲུབ་ཀྱི་ངོ་བོའོ། །གང་ལ་གནས་ནས་ཤེ་ན། ནམ་མཁའ་བཞིན་དུ་མཉམ་པའི་གནས། །ཞེས་པ་སྟེ། ནམ་མཁའ་དང་མཉམ་པ་ནི་དེ་བཞིན་ཉིད་དོ། །དེ་ཉིད་ནི་སྦྱོར་བ་གསུམ་པོ་གང་ཡིན་པ་དེ་ནི་གནས་ཡིན་པས་
ན། ནམ་མཁའ་བཞིན་དུ་མཉམ་པའི་གནས། །ཞེས་བྱ་སྟེ། དེ་དེ་ལྟ་བུར་བསྒྲུབ་པར་བྱའོ། །སྨྲས་མ་ཐག་པའི་དོན་དེ་ཉིད་རྣམ་པར་དབྱེ་བ་ནི། ལུས་དང་ངག་དང་སེམས་དམིགས་ན། །ངོ་བོ་ཉིད་ནི་དམིགས་སུ་མེད། །ཅེས་བྱ་བ་ཡིན་ཏེ། ལུས་དང་ངག་དང་ཡིད་ལ་དངོས་པོ་མེད་པའི་ངོ་
བོ་ཉིད་དུ་རྣམ་པར་དཔྱད་པ་ནི་དངོས་པོ་སྟེ། དེས་དམིགས་ན་དེ་རྣམས་ཀྱི་ངོ་བོ་ཉིད་ནི་དམིགས་སུ་མེད་དོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་སྔགས་ཀྱི་ལུས་ཏེ། དེ་དག་གི་སྔགས་ཀྱི་ལུས་སུ་སྦྱོར་བ་ཞེས་བྱ་བ་སྟེ། ལུས་ལ་སོགས་པར་ཇི་སྐད་གསུངས་པར་བསྒོམ་པའོ། །ཚུལ་འདི་
ལྟ་བུར་སྦྱོར་བ་འདིས་ནི་བྱང་ཆུབ་མེད་ཅིང་བསྒོམ་པའང་མེད་པའི་ཕྱིར་རོ། །དམིགས་སུ་མེད་པས་ན་བྱང་ཆུབ་པ་མེད་ཅིང་བསྒོམ་པས་ཀྱང་ཉེ་བར་དམིགས་སུ་མེད་དོ། །དེ་བས་ན། བྱང་ཆུབ་མེད་ཅིང་བསྒོམ་པའང་མེད། །ཅེས་གསུངས་སོ། །དེ་ལྟར་ལུས་དང་ངག་དང་ཡིད་ཀྱི་

ངོ་བོ་ཉིད་རྣམ་པར་དཔྱད་ནས། །བྱང་ཆུབ་སྦྱོར་བ་བསྒོམ་པར་བྱ། །ཞེས་བྱ་བ་སྟེ། །སྤྱན་གྱི་ཚུལ་དུ་སྦྱོར་བ་དང་། །ཞེས་བྱ་བ་ལ་སོགས་པ་གང་བཤད་པ་བསྒོམ་པར་བྱ་སྟེ། །སྤྱན་ལྟ་བུ་ལ་སོགས་པར་ཡང་དག་པར་སྦྱོར་བའི་མཚན་མ་ཙམ་ཉེ་བར་བཟུང་བ་
སྟེ། དེ་ཉེ་བར་བཟུང་ལ་དེའི་དངོས་པོའི་ངོ་བོ་ཉིད་རྣམ་པར་བརྟགས་ན་རྡུལ་ཕྲ་མོ་ཙམ་གྱི་ཆོས་རྣམས་ཀྱང་དམིགས་སུ་མེད་དོ། །དེས་ན་བྱང་ཆུབ་ལ་སྦྱོར་བ། །ཞེས་བྱའོ། །སྔགས་ཀྱིས་བརྟགས་པ་ཞེས་བྱ་བ་ནི་སྔགས་ཀྱི་སྒོ་ནས་སོ། །བྱང་ཆུབ་ལ་སྦྱོར་བ་བསྒོམ་པ་ན་རྣམ་པར་
རྟོག་པ་ལ་སྤྱོད་པ་རྣམས་ཀྱིས་སྔོན་གྱི་དུས་སུ་བྱ་བ་གསུངས་པ་ནི། །སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །ཞེས་བྱ་བ་ལ་སོགས་པ་སྟེ། སྤྲོ་བ་དང་བསྡུ་བ་ནི་སྔར་བཤད་པ་བཞིན་དུ་བལྟ་བར་བྱའོ། །སངས་རྒྱས་ཞེས་བྱ་བ་ནི་འདིར་རྣམ་པར་སྣང་མཛད་ལ་བྱ་སྟེ། ཡི་གེ་ཧཱུཾ་ལས་ཉི་མའི་དཀྱིལ་
འཁོར་བསྐྱེད་ལ་དེའི་སྟེང་དུ་དེ་ཉིད་ལས་དཔལ་རྡོ་རྗེ་སེམས་དཔའ་བསྐྱེད་ལ་དེའི་ཐུགས་ཀའི་ཟླ་བར་ཧཱུཾ་ལས་རྡོ་རྗེ་རྩེ་དགུ་པ་རྡོ་རྗེའི་དབུས་སུ་ཡི་གེ་ཧཱུཾ་བསྒོམ་པར་བྱ་སྟེ། སངས་རྒྱས་ནི་འདིར་རྡོ་རྗེ་འཛིན་པའོ་ཞེས་གསུངས་པས་འདིར་ཡང་རྡོ་རྗེ་འཆང་ཆེན་པོ་ནི་སངས་རྒྱས་སོ། །ནམ་མཁའི་
དབྱིངས་ཀྱི་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་པདྨ་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་བྱས་ནས་དེའི་དཀྱིལ་འཁོར་གྱི་དབུས་སུ་ཟླ་བ་དང་པདྨ་
ལ་འདུག་པའི་སྔགས་པས་སྤྱན་དང་ལྷན་ཅིག་ཏུ་ཡང་དག་པར་སྦྱོར་བ་བསྒོམ་པར་བྱའོ། །རིན་ཆེན་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཡིད་བཞིན་གྱི་ནོར་བུའི་དཀྱིལ་འཁོར་རོ། །དང་པོར་སྦྱོར་བ་ནན་ཏན་གྱིས། །ཞེས་བྱ་བ་ནི་སྣའི་རྩེ་མོ་ལ་རྡོ་རྗེ་ཕྲ་མོ་དང་རིན་པོ་ཆེ་ལ་སོགས་པ་ཟླ་
བ་གསུམ་དུ་བསྒོམས་པས་སེམས་བརྟན་པར་བྱས་པ་ནི་དང་པོའི་སྦྱོར་བའོ། །དེ་ལྟར་དང་པོ་སྦྱོར་བ་རྣམ་པར་བསྒོམས་ནས་རྣལ་འབྱོར་ཐམས་ཅད་བསྒོམ་པར་བྱའོ་ཞེས་གཉིས་སུ་མེད་པར་མཉམ་པ་རྣམ་པར་རྒྱལ་བ་ལས་གསུངས་པས་ན་དེ་ནི་དང་པོའི་སྦྱོར་བའོ། །ནན་ཏན་གྱིས་

ཞེས་བྱ་བ་ནི་ལྷོད་པ་མེད་པའི་བརྩོན་འགྲུས་ཀྱིས་སོ། །དེ་ཡི་སྟེང་དུ་ཡོངས་སུ་བསྒོམ། །ཞེས་པ་ནི་རིན་པོ་ཆེའི་དཀྱིལ་འཁོར་ཏེ་དེའི་སྟེང་དུ་རྡོ་རྗེ་པདྨའི་གདན། དེར་ཡང་ཉི་མའི་དཀྱིལ་འཁོར་རོ། །དེར་ཡང་རིན་ཆེན་འབྱུང་ལྡན་གྱི་སྐུར་རྣམ་པར་བསམས་ལ་རིན་
ཆེན་འབྱུང་ལྡན་གྱི་སྦྱོར་བ་བསྒོམ་པར་བྱའོ། །འོད་ཀྱི་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་ཏེ། དེ་ལ་གནས་པའི་མི་བསྐྱོད་པའི་རྣལ་འབྱོར་པས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་པོ་སྤྲོ་ཞིང་སྤྲུལ་ནས་ཤར་ལ་སོགས་པའི་ཕྱོགས་ཀྱི་ཆ་ལ་
དགོད་དོ། །དེ་ལ་གནས་ནས་ཅི་ཞིག་བྱ་ཞེ་ན་གསུངས་པ། སྣ་ཡི་རྩེ་མོར་རྣམ་པར་བསམ། །ཞེས་པ་སྟེ། ཇི་སྐད་དུ་བཤད་པའི་རྡོ་རྗེའོ། །སྤྲོ་བ་དང་བསྡུ་བ་དག་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །འོད་དཔག་མེད་ཀྱི་སྦྱོར་བས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་ཇི་སྐད་གསུངས་པའི་
པདྨ་རྣམ་པར་བསྒོམ་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་སྦྱོར་བས་ནི་འཁོར་ལོའོ། །རིན་ཆེན་འབྱུང་ལྡན་གྱི་སྦྱོར་བས་ནི་རིན་པོ་ཆེའོ། །དོན་ཡོད་གྲུབ་པའི་སྦྱོར་བས་ནི་རལ་གྲིའོ། །རྡོ་རྗེ་འཆང་ཆེན་པོའི་སྦྱོར་བས་ནི་རྡོ་རྗེ་རྩེ་དགུ་པ་བསྒོམ་པར་བྱ་སྟེ། དེའི་ཕྱིར་འཁོར་ལོ་ལ་
སོགས་པ་ཁྱད་པར་དུ་བསྒོམ་པ་དེར་ནི་བསྟན་པར་བྱ། ཞེས་གསུངས་སོ། །དེ་ལྟ་བུ་དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར། བྱང་ཆུབ་གནས་འགྲུབ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། བྱང་ཆུབ་ཀྱི་གོ་འཕང་ནི་བྱང་ཆུབ་ཀྱི་གནས་ཏེ་གཞིར་གྱུར་པས་སོ། །རྡོ་རྗེ་ཕྲ་མོ་ལ་སོགས་པ་
བསྒོམས་པས་འགྲུབ་པར་འགྱུར་ཏེ། དེ་གྲུབ་ན་བྱང་ཆུབ་ལ་གནས་པ་སྟེ། དེ་ལ་གནས་ནི་བྱང་ཆུབ་ཐོབ་པར་འགྱུར་བའོ། །དེ་ཡང་། དེང་ནས་བརྩམས་ཏེ་གང་ཅི་འང་རུང་། །མཉམ་པར་བཞག་ནས་བསྒོམས་ན་ནི། །ཏིང་འཛིན་ཡེ་ཤེས་ཀྱིས་བརྟགས་པ། །དེ་དག་ཐམས་ཅད་
བརྟན་པར་འགྱུར། །ཞེས་གསུངས་སོ། །སངས་རྒྱས་བྱང་ཆུབ་གནས་རྣམས་ནི། །དེ་རུ་འདོད་ན་སྤྲོ་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་ལ་སོགས་པ་བསྒོམ་པ་ལ་རྣལ་འབྱོར་པས་གནས་པར་བྱ་ཞིང་སངས་རྒྱས་ཀྱི་སྤྲུལ་པ་སྤྲོ་བར་བྱའོ། །སྐུ་གསུང་ཐུགས་ཀྱི་མཚན་མ་ཡི། །ཆོས་

ཀྱི་ཚིག་རྣམས་རབ་ཏུ་བརྗོད། །ཅེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་སྟོན་པར་བྱེད་པའི་སྔགས་ནི་ཆོས་ཀྱི་ཚིག་གོ། །དེ་ཉིད་ནི། །སྐུ་གསུང་ཐུགས་ཀྱིས་མཚན་པ་སྟེ། །ཞེས་བྱའོ། །སྐུ་རྡོ་རྗེ་ལ་སོགས་པས་སྐུ་གསུང་ཐུགས་མཚན་པ་གང་ཡིན་པ་དེ་ནི་སྐུ་
གསུང་ཐུགས་ཀྱིས་མཚན་པའི་གནས་ཏེ། དེ་ལྟ་བུའི་སྐུ་དང་གསུང་དང་། ཐུགས་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་གྱུར་པས་སོ། །དེ་ལྟར་རྡོ་རྗེ་ཕྲ་མོ་ལ་སོགས་པའི་ཏིང་ངེ་འཛིན་ཐོབ་པའི་སྔགས་པས་སངས་རྒྱས་ཀྱི་སྤྲུལ་པ་ཉིན་རེ་ཞིང་ཐུན་བཞིར་བྱས་ནས་ཟླ་བ་དྲུག་གི་བར་དུ་གསང་བ་
དེ་ཁོ་ན་ཉིད་ཀྱི་མཆོད་པ་ཆེན་པོ་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གཟུགས་དང་སྒྲ་དང་རོར་ལྡན་པར། །ཞེས་བྱ་བ་ནི་ཡིད་དང་ཕྱི་རོལ་གཉིས་ཀ་དང་ལྡན་པའོ། །ཤེས་རབ་ཆེན་པོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མཐོང་བའོ། །ཡང་དག་གསང་བའི་མཆོད་ཆེན་གྱིས། །ཞེས་བྱ་བ་ནི་ལྷའི་
བུ་མོ་ལ་སོགས་པ་དང་ཡང་དག་པར་སྦྱོར་བ་སྟེ། །ཇི་སྐད་གསུངས་པའི་ཚུལ་གྱིས་མི་རྟོག་པའི་ཏིང་ངེ་འཛིན་ཐོབ་པས་སོ། །འདི་དག་ནི་ཡུལ་གྱིས་སྐྲག་པར་སྨྲ་བ་དག་གི་ཕྱིར་གསུངས་ཏེ། མངོན་པར་ཤེས་པ་ཐོབ་པ་ལ་ནི་འདོད་ཆགས་ཀྱི་ཀུན་དུ་སྤྱོད་པ་མེད་པའི་ཕྱིར་རོ། །ལེགས་པར་
མཆོད་ཅེས་བྱ་བ་ནི་སྐུ་གསུང་ཐུགས་རྡོ་རྗེར་བསྒོམས་པས་རབ་ཏུ་འབར་བའི་བདུད་རྩི་ལྔ་དང་གཟུགས་ལ་སོགས་པ་རྣམས་ཀྱིས་ཏེ། རབ་ཏུ་མི་འབར་བ་ནི་མཆོད་པ་ཡང་མི་བྱ་ལ་མི་འབར་བ་ནི་བཟའ་བར་ཡང་མི་བྱའོ། །དེ་ལྟ་བུ་དེས་དེ་ལ་མངོན་པར་ཞུགས་པ་རྣམས་ལ་ཡང་ཡིད་ཆེས་པར་མི་
འགྱུར་ལ་སྐུ་གསུང་ཐུགས་ཁྱད་པར་ཅན་སྐྱེ་བར་འགྱུར་བ་མེད་པའི་ཕྱིར་སྔགས་ཀྱི་བྱིན་རླབས་དང་བསྒོམ་པ་རྣམས་རབ་ཏུ་སྤོང་བར་འགྱུར་རོ། །འདི་ཉིད་ཀྱི་འོག་ནས་ཀྱང་རབ་ཏུ་སྦར་ཞེས་འབྱུང་བས་ཡིད་གཉིས་སུ་མི་བྱའོ། །དེ་ལ་མངོན་པར་ཞུགས་པ་རྣམས་ལ་སློབ་དཔོན་གྱིས་ཀྱང་འབར་
བ་སྦྱིན་པར་བྱའོ། །དངོས་གྲུབ་འབྲས་བུ་འདོད་པ་ཡིས། །ཞེས་བྱ་བ་ལ་དངོས་གྲུབ་ཀྱི་འབྲས་བུ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རྣམ་པར་སྤྲུལ་པ་དང་ཆོ་འཕྲུལ་གྱི་ཡེ་ཤེས་ཏེ་འདོད་པ་ལ་སྦྱིན་པར་བྱའོ། །དེ་ལྟར་གྲུབ་པའི་རྫས་ཟོས་པའི་ནུས་པ་གསུངས་པ་དེ་ཉིད་བསྟན་པའི་ཕྱིར། བྱང་ཆུབ་

སེམས་ནི་རྙོག་མེད་པ། །ཡང་དག་བླ་མེད་གྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་བལྟ་བར་བྱའོ། །གོ་འཕང་ལས་ནི་བྱེད་པར་འགྱུར། །ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་སྒོ་ནི་གོ་འཕང་ངོ་། །དེ་དག་གི་ལས་ནི་བྱང་ཆུབ་ཆེན་པོའི་
སེམས་བསྒྲུབ་པ་ལ་སོགས་པར་གསུངས་པ་སྟེ། དེ་ལས་གཞན་པའི་དངོས་གྲུབ་ཐམས་ཅད་ཀྱང་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ལུས་ངག་སེམས་ལས་འདའ་བའོ། །ཞེས་བྱ་བ་ནི་འཁོར་བ་པའི་ལུས་དང་ཡིད་སྤངས་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་གདུལ་བྱ་རྣམས་ཀྱི་རྒྱུད་ལ་
སྐྱེད་ནུས་པ་ནི་བྱིན་གྱིས་བརླབས་པ་སྟེ། དེ་སྟོན་པའི་སྒྲའི་ཚོགས་ནི་ལེའུ་ཞེས་བྱའོ། །སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་སྟེ། ལེའུ་དྲུག་པའི་བཤད་པའོ།། །།རྫོགས་པའི་སངས་རྒྱས་ལ་སོགས་པའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་སྟོང་པ་ཉིད་དང་། མཚན་མ་
མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོར་རྨི་ལམ་ལྟ་བུ་ལ་སོགས་པ་བསྒོམས་ན་ངེས་པར་འགྲུབ་པར་འགྱུར་བས་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པའི་སྦྱོར་བ་རྣམས་བསྒོམ་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྔགས་ཀྱི་སྤྱོད་པའི་
མཆོག་གི་ལེའུ་གསུངས་སོ། །དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་འདི་གསུངས་སོ་ཞེས་བྱ་བར་སྦྱར་ཏེ། དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དམ་ཚིག་ཆེན་པོ་སྟེ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པས་ན་ཐམས་ཅད་དུ་འགྲོ་བའོ། །དེའི་དེ་ཁོ་ན་ཉིད་ནི་ཟག་པ་མེད་པའི་རྒྱུན་དང་ལྡན་པའི་
བདེ་བ་དང་ཡིད་བདེ་བ་ཅན་གྱི་ཀུན་དུ་བཟང་པོའི་ངོ་བོ་ཉིད་དེ། དེ་ཡང་། རབ་དགའ་ཀུན་དུ་བཟང་པོ་ནི། །དམ་ཚིག་ཆེན་པོའི་དེ་ཉིད་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བསྒོམ་པ་ནི་སྔགས་སྤྱོད་པའི་མཆོག་སྟེ། ཕུལ་དུ་བྱུང་བའི་རྫོགས་པར་བྱང་
ཆུབ་གང་ཡིན་པ་དེ་ནི་སྔགས་སྤྱོད་པའི་མཆོག་མངོན་པར་རྫོགས་པར་བྱང་ཆུབ་པ་གསུངས་པ་ནི་བཀའ་སྩལ་པའོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས། །སངས་རྒྱས་མྱུར་དུ་འཐོབ་པར་འགྱུར། །ཞེས་བྱ་བར་སྦྱར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པའི་

ངོ་བོ་བཅོམ་ལྡན་འདས་ནི་གདུལ་བྱ་རྣམས་ཀྱིས་ཆགས་ཤིང་འདོད་པར་བྱ་བ་ཡིན་པས་ན། འདོད་པ་ཞེས་བྱ་སྟེ་འདོད་པ་ནི་བཅོམ་ལྡན་འདས་དམ་ཚིག་སེམས་དཔའོ། །ཞེས་གསུངས་པ་དང་། ཡང་འདོད་པ་དམ་ཚིག་ཡིན་པར་བཤད། །ཆོས་ཀྱི་འདོད་པ་ཡིད་འོང་
བ། །ཞེས་གསུངས་པས་སོ། །འདོད་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་འདོད་པ་ཐམས་ཅད་དེ་འདོད་པ་དེའི་ལོངས་སྤྱོད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཏེ་དེ་དག་ནི་འདོད་པའི་ལོངས་སྤྱོད་ཐམས་ཅད་དོ། །འོང་ཞེས་བྱ་བའི་སྒྲ་ནི་ངེས་པའོ། །ཇི་ལྟར་འདོད་པའི་བྱ་བ་
ནི་རྣལ་འབྱོར་པ་གང་གི་ལྷ་གང་གི་རྣམ་པར་ཐར་པའི་སྒོའི་མངོན་པར་འདོད་པ་འདི་ནི་འདོད་པའོ། །བསྟེན་པ་ནི་དེ་དག་ཉིད་རྣམ་པར་སྒོམ་པར་བྱེད་པའོ། །འདི་སྐད་སྟོན་ཏེ་རང་གི་སྔགས་ཀྱི་རང་གི་ལྷའི་སྦྱོར་བ་བསྐྱེད་ལ། ཕུང་པོ་ལྔ་ནི་མདོར་བསྡུ་ན། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །ཞེས་བྱ་བ་ལ་
སོགས་པ་བསྒོམ་པ་ནི་འདོད་པའི་ལོངས་སྤྱོད་ཐམས་ཅད་ཅེས་བྱ་སྟེ། དེ་བས་ན། བསྙེན་པའི་དམ་ཚིག་སྦྱོར་བ་དང་། །ཞེས་བྱ་བ་ལ་སོགས་པ་འདི་དག་ཉིད་ལ་འདོད་པའི་ལོངས་སྤྱོད་ཐམས་ཅད་གཙོ་བོའི་ཡན་ལག་ཉིད་དུ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །སངས་
རྒྱས་མྱུར་དུ་འཐོབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་ནི་བསམ་གཏན་དང་རྗེས་སུ་མཐུན་པའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཀྱི་དབང་དུ་མཛད་ནས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཇི་ལྟར་འདོད་པ་བསྟེན་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
གཟུགས་ལ་སོགས་པའི་ཡུལ་རྣམས་ལ། རྣམ་པར་མི་རྟོག་པའི་ངོ་བོ་ཉིད་དང་རང་གི་ལྷའི་རྣམ་པར་བསྒོམས་པས་བསྟེན་པར་བྱའོ། །རྟག་ཏུ་འདོད་ཡོན་ལྔ་རྣམས་བསྟེན། །ཞེས་བྱ་བ་ནི་བསྟེན་ཅིང་བསྒོམ་པ་སྟེ། བསམ་གཏན་དང་རྗེས་སུ་མཐུན་པའི་བཟའ་བ་ལ་སོགས་པ་རྣམས་ལ་
ཡོངས་སུ་ལོངས་སྤྱོད་པ་དང་། །གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ཞེས་བྱ་བ་ལ་སོགས་པ་བཤད་པའི་ཚུལ་དུ་བསྟན་པ་ནི་འདིར་བསྟེན་པ་ཞེས་བྱའོ། །ཅིའི་ཕྱིར་བསྟེན་པར་བྱ་ཞེ་ན། ཡེ་ཤེས་འདོད་པ་ཡིས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པའི་ཡེ་

ཤེས་སོ། །འདོད་པའི་ཡོན་ཏན་ནི་གང་། གང་གི་ཡེ་ཤེས་ནི་འདོད་ཅེ་ན། ཆགས་ཅན་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་འཆང་ཆེན་པོའི་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་མཉེས་པར་བྱ། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་བསྟེན་པས་སོ། །བྱང་ཆུབ་ཉི་མ་ཆགས་པར་བྱ། །ཞེས་
བྱ་བ་ལ་ཉི་མ་ཞེས་བྱ་བ་ནི་ཆོས་བདག་མེད་པའི་ཡེ་ཤེས་ཀྱི་ཉི་མའི་མེས་ཉོན་མོངས་པ་རྣམས་ངེས་པར་སྲེག་པའི་གཟི་བརྗིད་དང་ལྡན་པའི་དོན་ཏོ། །དེ་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ལ་ཆགས་ཤིང་ཤིན་ཏུ་ཞེན་པས་བསྒོམ་པ་མངོན་དུ་བྱའོ། །དེ་ནི་རྣམ་པ་གང་གིས་འདོད་པའི་ཡོན་ཏན་ལྔ་པོ་
བསྟེན་པར་བྱ་བ་དེ་གསུངས་པ་ནི། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མེ་ཏོག་ལ་སོགས་པའི་གཟུགས་དང་ལྷ་རྣམས་ཀྱི་གཟུགས་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ངོ་བོ་སྐུ་དང་གསུང་དང་ཐུགས་ཀྱི་
རང་བཞིན་རྣམ་པར་སྣང་མཛད་དུ་རྣམ་པར་བསམས་ཏེ་ལྷ་རྣམས་ལ་དབུལ་བར་བྱའོ། །དེ་ཉིད་ཀྱི་ཕྱིར། དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རྣམ་པར་སྣང་མཛད་གཞི། །ཞེས་བྱ་བ་གསུངས་སོ། །ཕྱི་རོལ་དང་ལྷ་རྣམས་ཀྱི་སྒྲ་དེ་བཞིན་དུ། རིན་ཆེན་འབྱུང་ལྡན་གྱི་ངོ་བོའོ། །དེ་
བཞིན་དུ་ཕྱི་རོལ་དང་ཡིད་ཀྱི་དྲི་རྣམས་ཀྱང་སྣང་བ་མཐའ་ཡས་ཀྱི་ངོ་བོའོ། །དེ་བཞིན་དུ་རོ་རྣམས་ཀྱང་དོན་ཡོད་གྲུབ་པའི་ངོ་བོར་རྣམ་པར་བསམ་མོ། །རེག་བྱ་ཡང་མི་བསྐྱོད་པའི་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོར་བསམས་ལ་ལྷ་རྣམས་ལ་སོགས་པ་ལ་རེག་བྱ་དབུལ་བར་བྱའོ། །དེ་ལྟར་
ན་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ནི་མི་བསྐྱོད་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་ནོ། །དེ་བས་ན་འདིར་འཁོར་བ་པ་རྣམས་ཀྱིས་ནི་གཟུང་བར་མི་བྱ་སྟེ། འཁོར་བ་པ་རྣམས་ཀྱི་ནི་དེའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །དེ་ལྟར་གང་གི་ཕྱིར་གཟུགས་ལ་སོགས་པ་འདི་དག་ནི་རིགས་ལྔའི་ངོ་
བོ་ཉིད་ལ་བྱའི་ཕྱི་རོལ་གྱི་ནི་མ་ཡིན་ནོ། །འདི་ཉིད་ཀྱི་ཕྱིར། །གཟུགས་སྒྲ་རོ་ལ་སོགས་པ་ལ། །རྟག་ཏུ་སེམས་ནི་སྦྱར་བར་བྱ། །ཞེས་བྱ་བ་སྟེ། དེ་རྣམས་རིགས་ལྔའི་ངོ་བོར་བསྒོམས་པས་རང་གི་ལྷའི་དམིགས་པ་ལ་སེམས་རབ་ཏུ་གཞག་ཅིང་ངེས་པར་སྦྱང་བར་བྱའོ། །ཅིའི་ཕྱིར་

གཟུགས་ལ་སོགས་པའི་ངོ་བོ་ཉིད་ལྷག་པར་མོས་པས་རང་གི་ལྷར་དམིགས་པ་ལ་སེམས་མེད་པར་བྱེད་ཅེ་ན་དེའི་ཕྱིར། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་སྙིང་པོ་བཏུས་པའོ། །ཞེས་བྱ་བ་གསུངས་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་མདོ་སྡེ་པ་ལ་
སོགས་པ་ཐམས་ཅད་ལ་མི་སྟོན་པས་གསང་བའོ། །རྣམ་པར་ཐར་པ་གསུམ་གྱི་ངོ་བོ་ཉིད་ཀྱི་སྙིང་པོ་བསྡུས་པས་ན་སྙིང་པོ་བཏུས་པའོ། །དེ་ཉིད་ཀྱི་ཕྱིར། །གཟུགས་སྒྲ་དྲི་རོ་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་བྱ་བ་སྟེ། རིགས་ལྔའི་ངོ་བོར་བསྒོམས་ལ་སངས་རྒྱས་
མ་ལུས་པའི་ཡོན་ཏན་རྣམས་བསྒྲུབ་པར་བྱའོ། །ཡང་ན་དེ་ལ་བསྒོམ་པ་ནི་སྦྱོར་བ་རྣམ་གསུམ་གྱིས་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་དུ་རྡོ་རྗེ་ཕྲ་མོའི་བསྒོམ་པ་རྫོགས་པར་བྱའོ། །དེ་ལ་ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་ལའོ། །དེ་ཉིད་ཀྱི་ཕྱིར། རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ། །
ཞེས་གསུངས་སོ། །སངས་རྒྱས་རྗེས་སུ་དྲན་པར་སྦྱར། །ཞེས་བྱ་བ་ནས། དམ་ཚིག་རྗེས་དྲན་སྦྱོར་བ་ཡིས། །བསྒོམས་ན་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱ་བའི་བར་དུ་ནི་བསྟན་པ་ཡིན་ལ། དེའི་འོག་ཏུ་དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་
བཤད་པ་ཡིན་ནོ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །ཞེས་བྱ་བ་ལ་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ལ་སོགས་པ་བསྒོམས་པས་དེ་བཞིན་དུ་སེམས་བརྟན་པར་བྱས་ནས་དགོན་པའི་གནས་སུ་ཟླ་བ་དྲུག་གི་བར་དུ་བརྟུལ་ཞུགས་ཡུན་རིང་དུ་ཡང་དག་པར་སྤྱད་ནས་དཀྱིལ་འཁོར་གྱི་དབུས་སུ་དེ་སྤྱན་
ལ་སོགས་པའི་གཟུགས་སུ་རྣམ་པར་བསམས་ནས་ངེས་པར་གཟུང་བའི་རྣལ་འབྱོར་པས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པས་བྱིན་གྱིས་བརླབས་ལ་དེ་བརྟན་པར་བྱ་སྟེ། བྱེ་བྲག་ཇི་བཞིན་མི་ཕྱེད་པའོ། །ཞེས་པ་དང་། གཞན་དུ་རྨོངས་པའི་བདག་ཉིད་དེ། །མནར་མེད་
པར་ནི་ཉེ་བར་འཚེད། །ཅེས་པ་ཡང་སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཧཱུཾ་ཨོཾ་ཕཊ་ཅེས་བྱ་བ་རང་གི་རྡོ་རྗེ་དང་དེའི་ཡང་པདྨར་བཀོད་དེ། རང་གི་མཚན་དང་དེའི་དབང་པོ་སྦྱོར་བའི་ཚེ་འོད་ཟེར་རྣམ་པ་ལྔས་ཀུན་དུ་ཁྱབ་པར་བསྒོམ་མོ། །བྱང་ཆུབ་འདོད་པས་བསྒོམ་པར་བྱ། །

ཞེས་པ་ནི་བྱང་ཆུབ་འདོད་པ་ནི་བྱང་ཆུབ་དོན་དུ་གཉེར་བ་ཞེས་བྱ་བའི་དོན་ཏོ། །ད་ནི་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པའི་སྦྱོར་བ་བསྟན་པའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས་རང་གི་དཀྱིལ་འཁོར་ལ་གནས་ཏེ།
སྤྱན་དང་སྦྱོར་བ་བསྒོམས་ལ་བ་སྤུའི་བུ་ག་རྣམས་ལས་སངས་རྒྱས་ཀྱི་སྤྲིན་རྣམས་སྤྲུལ་ལ་དེ་རྣམས་བསྡུ་བར་ཡང་བྱའོ། །དེ་བཞིན་དུ་གོས་དཀར་མོ་དང་ལྷན་ཅིག་ཏུ་པདྨའི་རིགས་བསྒོམ་མོ། །མཱ་མ་ཀཱི་དང་རྡོ་རྗེ་སེམས་དཔར་བསྒོམ་པར་བྱའོ། །ཕྱིའི་དཀྱིལ་འཁོར་ལ་ནི་རང་གི་
སངས་རྒྱས་ཀྱི་གཟུགས་སུ་ངེས་པར་བསམས་ལ་རིགས་ཀྱི་ལྷ་མོ་བསམས་ཏེ། ཡང་དག་པར་སྦྱོར་བ་བསྒོམས་པས་རང་གི་བ་སྤུའི་བུ་ག་རྣམས་ལས་རང་གི་རིགས་ཀྱི་སྤྲིན་རྣམས་སྤྲོས་ལ། རིགས་ལྔའི་སྤྲིན་གྱི་སྤྲུལ་པ་བྱས་ལ་དེ་བསྡུ་བར་ཡང་བྱའོ། །དེ་བཞིན་དུ་ཁྲོ་བོའི་དཀྱིལ་
འཁོར་གྱི་དབུས་སུ་འདུག་ལ་རང་གི་ཕྱག་རྒྱ་ཁྲོ་བོའི་ལྷ་མོ་རྣམ་པར་བསམས་ཏེ། སྦྱོར་བ་བསྒོམ་པ་ལ་ཁྲོ་བོའི་སྤྲིན་སྤྲོའོ། །བདག་གི་རྡོ་རྗེ་ཞེས་བྱ་བ་ནི་མཚན་ནོ། །པདྨ་ཞེས་བྱ་བ་ནི་རིག་པའི་ལྷ་མོའི་མཚན་ཏེ་ཇི་ལྟ་བ་བཞིན་དུ་འདི་ཉིད་ཀྱི་འོག་ནས་སྟོན་ཏོ། །དཔལ་རྡོ་རྗེ་སེམས་དཔའ་ལྷ་
མོ་བཞི་དང་སྦྱོར་བ་དེ་མངོན་སུམ་དུ་བྱས་ལ། དེ་ལས་བྱུང་བའི་རང་གི་ས་བོན་གྱི་ཐིག་ལེ་རྣམས་ཡིད་ཀྱིས་དེ་ཉིད་ཀྱིས་ནམ་མཁའ་མ་ལུས་པར་བཀང་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་རྒྱ་མཚོ་ཆེན་པོ་དེར་ཞུགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་།
ཐུགས་རྡོ་རྗེར་བསྐྱེད་ལ་རིགས་ལྔའི་ངོ་བོར་བསམ་པར་བྱ་སྟེ། འདི་ནི་སྔགས་ཀྱི་གྲུབ་པའི་མཆོད་པ་ཡིན་ཏེ། དམ་ཚིག་རྗེས་སུ་དྲན་པ་བསྒོམ་པ་ཞེས་བྱའོ། །དཀྱིལ་འཁོར་ལ་གནས་པའི་མི་བསྐྱོད་པའི་ངོ་བོར་རྣམ་པར་བསམས་ཏེ། མཱ་མ་ཀཱི་དང་སྦྱོར་བ་ལས་བྱུང་བའི་རང་གི་ཁུ་བ་
སྔགས་པའི་དཀྱིལ་འཁོར་ལྟ་བུར་བསྒོམ་པ་འདི་ནི་དཀྱིལ་འཁོར་རྗེས་སུ་དྲན་པ་བསྒོམ་པའོ། །རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པའི་ངོ་བོ་ཇི་ལྟ་བར་གཟུགས་དང་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་།

རྣམ་པར་ཤེས་པའི་ཕུང་པོ་རེ་རེ་ལ་དེ་བཞིན་གཤེགས་པའི་སྐུས་ཡོངས་སུ་གང་བར་གྱུར་པ་ཅི་འདྲ་བ་བདག་ཀྱང་དེ་འདྲ་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་ཤིང་སྒོམ་པ་ནི་སྐུ་རྗེས་སུ་དྲན་པ་བསྒོམ་པའོ། །ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་
དག་པར་རིག་པའི་ངོ་བོ་ཉིད་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱི་ངོ་བོ་ཉིད་ཡེ་ཤེས་ཅི་འདྲ་བ་བདག་ཀྱང་དེ་འདྲ་བར་གྱུར་ཅིག་ཅེས་སྨོན་ཅིང་སྒོམ་པར་བྱེད་པ་ནི་ཆོས་འཛིན་པ་དང་མཉམ་པར་འགྱུར་བའོ། རྡོ་རྗེ་སེམས་དཔའི་ཐུགས་ཅི་འདྲ་བ་བདག་ཀྱང་དེ་དང་འདྲ་བར་གྱུར་ཅིག་ཅེས་རྣམ་པར་སེམས་ཤིང་
སྒོམ་པ་གྲུབ་ན་ནི་རྡོ་རྗེ་འཆང་ཆེན་པོ་དང་མཉམ་པར་འགྱུར་བའོ། །ད་ནི་མཉམ་པ་ཉིད་ལ་དགོངས་པའི་དབང་དུ་མཛད་ནས་གསུངས་པ། །སེམས་ཅན་ཀུན་གྱི་སེམས་གང་ཡིན། །ཞེས་བྱ་སྟེ། གང་འདི་འཁོར་བ་པའི་སེམས་ཅན་ཐམས་ཅད་ཀྱིའོ། །སྐུ་དང་གསུང་དང་ཐུགས་ཀྱིས་མཚན། །
ཞེས་བྱ་བ་ནི་སེམས་ཅན་དེ་དག་ཐམས་ཅད་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་དང་བྲལ་བར་བསྒོམས་ནའོ། །ཁྱད་པར་ཅི་ལྟ་བུ་ཞེ་ན། སྤྱོད་པ་མཁའ་དང་མཚུངས་པར་འགྱུར། །ཞེས་པ་སྟེ་དེ་བཞིན་དུ་རོ་གཅིག་ཅིང་མཉམ་པའི་ཡེ་ཤེས་ཏེ། བདག་ཀྱང་དེ་དང་འདྲ་བར་ནམ་མཁའ་
དང་མཉམ་པའི་སྤྱོད་པར་གྱུར་ཅིག་ཅེས་རྣམ་པར་བསམ་ཞིང་བསྒོམ་པ་ལས་བསྒོམ་པ་ཡོངས་སུ་རྫོགས་ན་རྡོ་རྗེ་འཆང་ཆེན་པོ་དང་མཉམ་པར་འགྲུབ་པར་འགྱུར་རོ། །སྔགས་ཀྱི་རྡོ་རྗེའི་སྐུ་གང་ཡིན། །ཞེས་བྱ་བ་ནི་འོད་དཔག་མེད་པའི་འོ། །གསུང་ཡང་སྐུ་ཡིས་རྣམ་བསྒོམས་པས། །
ཞེས་བྱ་བ་ནི་སྔགས་ཀྱི་དོན་བསྒོམ་ཞིང་བཟླས་པའི་ཚིག་གིས་སྐུ་རྗེས་སུ་དྲན་པ་ནི། གསུང་ཡང་སྐུ་ཡིས་རྣམ་བསྒོམས་པས། །ཞེས་བྱའོ། །ཁུ་བ་ཕྱུང་སྟེ་ཞེས་བྱ་བ་ནི་སྦྱོར་བ་བསྒོམ་པའི་དམ་ཚིག་དང་ལྡན་པས་ཕྱུང་བའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་ལྷག་
པར་མོས་པས་རབ་ཏུ་འབར་བའོ། །འབྲས་བུ་འདོད་པས་ཞེས་བྱ་བ་ལ་འབྲས་བུ་འདོད་པ་ནི་རྡོ་རྗེ་སེམས་དཔའི་ངོ་བོར་འགྲོ་བ་རྣམས་བྱ་བར་འདོད་ཅིང་དེའི་སྤྲུལ་པས་ནམ་མཁའ་གང་བའི་སེམས་ཅན་གྱི་ཁམས་ཐམས་ཅད་ཁྱབ་སྟེ། སྐུ་དང་གསུང་དང་ཐུགས་རྡོ་རྗེར་བསྐྱེད་ལ་དཔལ་རྡོ་རྗེ་སེམས་དཔའི་

རང་བཞིན་དུ་བསམ་པར་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་བཀོད་པ་རྣམས་ཞི་བའི་ཉམས་ཀྱི་རང་བཞིན་དང་བྲལ་བ་ནི་བསད་པར་འགྱུར་བའོ། །དེ་ལྟར་འདོད་ཆགས་ཀྱིས་འདོད་ཆགས་སྤང་བའི་ཕྱིར་ཡང་དག་པར་སྦྱོར་བའི་བསྒོམ་པ་བསྟན་ནས། དེ་ནི་ངེས་པར་གཟུང་བའི་ཞི་བའི་
སེམས་ལས་བརྩམས་ཏེ་གསུངས་པ་ནི་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན་ཞེས་བྱ་བ་སྟེ་དེ་ལ་ཤེས་རབ་ཀྱི་ནི་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་རྟོགས་པའི་ཐོས་པ་དང་བསམ་པའི་མཚན་ཉིད་ཅན་ཡིན་ལ་བསྒོམས་པའི་འབྲས་བུ་རྣམ་
པར་མི་རྟོག་པའི་ཡེ་ཤེས་ནི་ཤེས་རབ་དེའི་ཕུན་སུམ་ཚོགས་པ་ཕ་རོལ་ཏུ་ཕྱིན་ཅིང་སོང་བ་ཡིན་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ནི་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་གོ། །རང་བཞིན་གྱིས་ནི་འོད་གསལ་བ། །ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་དོ། །
ཅིའི་ཕྱིར་ཞེ་ན། །ཐམས་ཅད་མ་སྐྱེས་ཟག་པ་མེད། །ཅེས་བྱ་བ་གསུངས་པས་སོ། །ཚུལ་དེ་ཉིད་ཀྱིས་ནི་དོན་དམ་པར་བྱང་ཆུབ་མེད་ཅིང་བྱང་ཆུབ་ཁོང་དུ་ཆུད་པའི་མངོན་པར་རྟོགས་པའང་མེད་དོ། །ཁམས་ཀྱང་མེད་ཅིང་ཞེས་བྱ་བ་ནི་རྒྱུ་སྟེ་སྐྱེད་པར་བྱེད་པའི་རྒྱུ་མེད་པའི་ཕྱིར་རོ། །དེ་ཉིད་
ཀྱིས་ན་དངོས་པོ་ཉིད་དུ་འབྱུང་བའང་མེད་པའོ། །ཐམས་ཅད་རང་བཞིན་འོད་གསལ་བ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །མཚན་མ་མེད་ཅིང་ཞེས་བྱ་བ་ནི་མཚན་མ་དང་བྲལ་བའོ། །ཡང་དེ་ཉིད་ཀྱི་ཁྱད་པར་ནི་མི་འགྱུར་ཞེས་བྱ་བ་སྟེ། ཨ་ལ་སོགས་པའི་ཡི་གེ་དང་བྲལ་བའོ། །ནམ་མཁའ་
བཞིན་ཞེས་བྱ་བ་ནི་དཔེ་བསྟན་པའོ། །དེ་ལྟར་མི་སྐྱེ་བ་ཡིན་ཡང་གཉིས་ཀྱི་ངོ་བོ་ཡང་མ་ཡིན་ལ་གཉིས་སུ་མེད་པའི་ངོ་བོ་ཡང་མ་ཡིན་པས་ན། གཉིས་མེད་གཉིས་སུ་མེད་མིན་ནོ། །གཞན་ཡང་ཞི་ཞེས་བྱ་བ་སྟེ། གཟུང་བ་དང་འཛིན་པ་དང་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྐྱེ་བ་ཐམས་
ཅད་ཞི་བས་ན་ཞི་བའོ། །ཞི་བ་དེ་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། །ཤིན་ཏུ་དྲི་མེད་ནམ་མཁའ་བཞིན། །ཞེས་བྱ་བ་གསུངས་སོ། །བུད་མེད་སེམས་ནི་རབ་བརྟན་པ། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་བཤད་པར་བྱ་སྟེ། ངེས་པར་བཟུང་བ་སྟེ་ཡུལ་ཡོངས་སུ་མི་སྤོང་བ་དག་རབ་ཏུ་

ཆགས་པར་བྱ་བའི་ཕྱིར་ཡིན་གྱི་དེ་ཉིད་ཀྱི་གནས་སྐབས་ན་དེ་འབྱུང་བ་ཡོད་པ་ནི་མ་ཡིན་ནོ། །དེ་བས་ན་དོན་གྱིས་ངེས་པ་ཁོ་ནར་བཤད་པ་ཡིན་ནོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་བཤད་པར་བྱའོ། །རིགས་ཀྱི་སྦྱོར་བས་རབ་བསྒོམས་ཏེ། །ཞེས་པ་ནི་ཞེ་སྡང་གི་
རིགས་ལ་མཱ་མ་ཀཱིའོ། །གཏི་མུག་གི་རིགས་ལ་སྤྱན་མ་ལ་སོགས་པའི་གཟུགས་ཀྱིས་སོ། །སྐུ་དང་གསུང་དང་ཐུགས་ཀྱང་གྲུབ་པ་ཐོབ་བོ་ཞེས་བྱ་བར་སྦྱར་ཏེ། སྔ་མ་ནི་སྐུ་རྡོ་རྗེ་ལ་སོགས་པའི་དབྱེ་བ་བསྟན་པའོ། །འདི་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་དེ་འདིར་ཁྱད་པར་ནི་དེ་ཡོད་དོ། །གང་
གཞན་ཕྲ་མོར་བཤད་པ་རྣམས། །ཞེས་བྱ་བ་ནི་རིགས་ངན་དང་སྨེ་ཤ་ཅན་ལ་སོགས་པ་རྣམས་ཀྱང་སྦྱོར་བ་འདིས་འགྲུབ་པར་འགྱུར་རོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་མི་དམི