Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 46

Văn bản gốc(Tây Tạng)

Trang 23 / 23 (50.000 ký tự/trang)
།ཤར་ལ་སོགས་པར་དགའ་མ་ལ་སོགས་པའི་ལྷ་མོ་རྣམས་དགོད་པར་བྱ་སྟེ། ལྷ་མོ་འདི་རྣམས་ཀྱང་ཕྱག་ན་མདའ་གཞུ་བསྣམས་པ་འདི་ལྟར་སྐུ་མདོག་སེར་པོ་དང་
དམར་པོ་དང་ལྗང་གུ་དང་དཀར་པོ་སྟེ། དེ་ཉིད་གསུངས་པ། ཤར་དུ་དགའ་མ་བསམ་པར་བྱ། །ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་གྲྭ་རྣམས་སུ་མི་འགོག་མ་ལ་སོགས་པའི་ལྷ་མོ་བཞི་རྣམས་སོ། །སྒོར་རྒྱས་པ་ལ་སོགས་པ་བཞི་སྟེ། སྔོན་བཞིན་དུ་ཕྱག་ན་མདའ་བསྣམས་པར་ཤེས་པར་བྱའོ། །བུད་མེད་ནམ་

མཁའི་གནས་ལ་ནི། །ཞེས་བྱ་བ་ནི་བུད་མེད་རྣམས་ཀྱི་པདྨ་ལ་ཁཱ་ག་མུ་ཁ་ཞེས་བྱ་བའི་རྩ་བྱང་ཆུབ་ཀྱི་སེམས་འབབ་པར་རིག་པར་བྱ་སྟེ། དེའི་སྒོའི་མཐར་འདི་ལྟར་རྡོ་རྗེ་འདོད་པ་གནས་པར་བསྒོམ་པར་བྱའོ། །འདི་ལྟ་བུས་བུད་མེད་རྣམས་འདོད་པས་མྱོས་ནས་འོང་བར་བྱེད་དོ། །འདི་ནི་ལེའུ་
བཅོ་ལྔ་པའི་རྣམ་པར་འགྲེལ་པའོ།། །།ཧེ་རུ་ཀ་སྒྲུབ་པ་གསུངས་པ། ཞལ་གཅིག་པ་ལ་ཕྱག་གཉིས་པ། །ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་ན་རྡོ་རྗེ་དང་ཐོད་པ་བསྣམས་པ་སྟེ། དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་མ་ལ་སོགས་པའི་ལྷ་མོ་བཞི་ཡང་ཤར་ལ་སོགས་པར་ཇི་ལྟར་གསུངས་པའི་
རིམ་པས་དགོད་པར་བྱ་སྟེ། ཧེ་རུ་ཀ་ལྟ་བུ་ཞེས་བྱ་བ་ནི། ཧེ་རུ་ཀ་དང་འདྲ་བ་སྟེ། ཁམས་གསུམ་རྣམ་རྒྱལ་མའོ། །ཆོས་འཁོར་དེ་བཞིན་བྱང་ཆུབ་ཤིང་། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་འཁོར་ལོ་དང་། བྱང་ཆུབ་ཀྱི་ཤིང་ལ་སོགས་པའི་ཕྱག་
མཚན་རྣམས་ཆོས་ཀྱི་འཁོར་ལོ་མ་ལ་སོགས་པའི་ལྷ་མོ་རྣམས་ལ་བལྟ་བར་བྱའོ། །གཡས་པའི་ཕྱག་གི་ཆ་ལ་ནི། །ལྷ་མོ་དག་ལ་རྡོ་རྗེ་བསམ། །མི་ཡི་ཐོད་པ་དེ་བཞིན་གཡོན། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་རང་གི་འོད་ཀྱི་ཤེས་རབ་མ་དང་འདྲ་བར་བལྟ་བ་སྟེ། སངས་རྒྱས་སྤྱན་ལ་སོགས་པའི་
མཚན་མའོ། །གང་ཡང་འདིར་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱི་མཚན་མ་སྔ་མ་བསལ་ནས་འདི་ལྟ་བུ་བསྣམས་པར་ཤེས་པར་བྱའོ། །སྒོ་སྐྱོང་རྣམས་ཀྱི་ནི་བེ་ཅོན་དང་རྡོ་རྗེ་དང་པདྨ་དང་སྣ་ཚོགས་རྡོ་རྗེའོ། །འདི་ནི་ལེའུ་བཅུ་དྲུག་པའི་རྣམ་པར་འགྲེལ་པའོ།། །།རྣམ་བཞིའི་དབྱངས་ཀྱི་སྦྱོར་བ་ཡིས། །
ཞེས་བྱ་བ་ལ་སོགས་པ་ནི་འོད་ཟེར་ཅན་མ་ལ་སོགས་པའི་རྣལ་འབྱོར་མ་བཞི། བཅོམ་ལྡན་འདས་སྟོང་པ་ཉིད་ཀྱི་རང་བཞིན་འོད་ཀྱི་བདག་ཉིད་དུ་གྲུབ་པ་ལས་ཇི་ལྟ་བའི་སྐུར་བཞེངས་པར་བལྟ་བར་བྱའོ། །དཀྱིལ་འཁོར་བསྒོམ་པའི་ཚུལ་འདི་ལྟར་ཤེས་པར་བྱ་སྟེ། དབྱངས་དེ་ཉིད་གསུངས་པ། རྗེ་བཙུན་
བཞེངས་པར་མཛོད་ཅེས་བྱ་བ་ལ་སོགས་པའོ། །གཞན་ནི་གོ་སླའོ། །སློབ་དཔོན་ལ་ནི་བརྙས་མི་བྱ། །ཞེས་བྱ་བ་ལ་སོགས་པ་ནི་དམ་ཚིག་བསྲུང་བ་གསུངས་པའོ། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད་པ་མིན། །ཞེས་བྱ་བ་ལ་སོགས་པ་ནི་གང་འདིར་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ཁྲོ་བོའི་སྐུ་དང་།

ཕྱག་དང་ཞལ་ལ་སོགས་པའི་ངོ་བོ་ཉིད་དུ་མཐོང་ངམ་ཅི། དེ་ནི་ངོ་བོ་ཉིད་ཡོད་པར་མི་འགྱུར་རོ། །ཇི་ལྟར་གཞན་དུ་ན་འདི་ནི་ངོ་བོ་ཉིད་མེད་པའི་བདག་ཉིད་དོ། །དེ་བས་ན་བཅོམ་ལྡན་འདས་འདི་ནི་ཤིན་ཏུ་ངོ་མཚར་ཆེ་སྟེ། བཅོམ་ལྡན་འདས་དེ་ནི་ནམ་མཁའ་དང་འདྲ་བ་ཡིན་ན། ཅི་
བསྒོམ་པར་བྱ་བ་དང་སྒོམ་པའི་རྣམ་པ་མེད་དེ། དངོས་པོ་ཐམས་ཅད་གཅིག་དང་དུ་མར་དཔྱད་ན་ངོ་བོ་ཉིད་མེད་པ་ཉིད་པས། བཅོམ་ལྡན་འདས་ལ་སོགས་པའི་གཟུགས་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བདག་མེད་པ་ལ་གཟུགས་ཀྱང་འདོད་པའི་བཅོམ་ལྡན་འདས་ཀྱི་བདག་ཉིད་འདི་ནི་ངོ་མཚར་ཏོ། །
གཞན་ཡང་ཇི་ལྟར་ན་གཟུགས་ཀྱི་སྤྲུལ་པའི་ངོ་བོ་ཉིད་བཅོམ་ལྡན་འདས་ལ་མེད་དོ་ཞེ་ན། འདི་སྐད་དུ། རྟག་པ་མ་ཡིན་ཆད་པ་མིན། །ཞེས་གསུངས་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་འདི་ནི་ངོ་བོ་ཉིད་མེད་པས་ཆད་པའི་བདག་ཉིད་དོ་ཞེས་བྱ་བའི་མཐའ་འདི་དང་། དངོས་པོའི་ངོ་བོ་ཉིད་དོ་ཞེས་བྱ་བ་དང་།
གཉི་གའི་བདག་ཉིད་དོ་ཞེས་བྱ་བར་དམིགས་པ་མ་ཡིན་ཏེ། སྤྲུལ་པ་དང་ལྡན་པས་ཆད་པའོ་ཞེས་བྱ་བའི་མཐའ་འདི་ཡོད་པ་མ་ཡིན་ནོ། །འདི་ནི་ལེའུ་བཅུ་བདུན་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་གྲུབ་པའི་སྐབས་ཡང་དག་པར་སྡུད་པར་བྱེད་པས་
གསུངས་པ། དེ་ནས་གཏམ་རྒྱུད་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚེ། ལྷའི་བུའི་བདུད་རྣམས་མང་པོ་འདུད་པར་གྱུར་པ་ལ་བདུད་དེ་དག་གདུལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་འདི་ལྟར་ཁྲོ་བོ་གཤིན་རྗེ་གཤེད་
པོའི་སྐུ་ཉིད་ཀྱི་སྐུ་ལས་ཕྱུང་ངོ་། །དེ་བས་ན་དམ་པའི་ཐུགས་རྗེ་ཆེན་པོའི་བདག་ཉིད་ཀྱིས། འདི་ལྟར་བཅོམ་ལྡན་འདས་གཤིན་རྗེ་གཤེད་དུ་མཛད་པར་རྟོགས་པར་བྱའོ་ཞེས་བྱ་བ་ཡིན་ནོ། །གང་ཞིག་བདག་གིས་དྲི་མེད་པའི། །བསོད་ནམས་ཀུན་ནས་བསྐྱེད་པ་འདིས། །སྐྱེ་བོ་སྡུག་བསྔལ་ཆེན་པོ་ཡི། །
གཤིན་རྗེ་ནག་པོའི་རྣམ་འགྲེལ་ཡེ་ཤེས་སྒྲོན་མ་ཞེས་བྱ་བ། སློབ་དཔོན་པདྨ་པཱ་ཎིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་སློབ་དཔོན་པར་མེ་ཤྭ་ར་དང་། བོད་ཀྱི་ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།