Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 29
Văn bản gốc(Tây Tạng)
Trang 14 / 21 (50.000 ký tự/trang)
་ཕྱིར་གོས་བོར་ཞིང་འབྲོས་པར་འགྱུར་བ་སྟེ། སངས་རྒྱས་ནི་དོན་ཡོད་གྲུབ་པ་སྟེ། དེ་ཉིད་ཀྱི་བྱང་ཆུབ་ནི་རྣམ་པ་རྗེས་སུ་དྲན་པ་ནི་བསྒོམས་པས་སོ། །ཀླུའི་བུ་མོ་གཅིག་པོ་མ་ཡིན་གྱི་ཀླུ་ཐམས་ཅད་ནི་འཇོག་པོ་ལ་སོགས་པ་ཡང་རིག་སྔགས་འདི་ ཉིད་ཀྱིས་འགུགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཀླུ་མོ་མིག་བཟངས་ནི་གཟུགས་དང་རྒྱན་ལ་སོགས་པ་དང་ལྡན་པ་དེ་ཉིད་བཀུག་ཅིང་མཉེས་པར་བྱའོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ། འགེགས་ནས་ཤི་བའི་བྲམ་ཟེ་མོའི་ཐོད་པར་ཀླུའི་རྒྱལ་པོ་དང་དེའི་བུ་མོའི་གཟུགས་བརྙན་ད་དུ་ར་ དང་རྒྱ་སྐྱེགས་ཀྱི་ཁུ་བས་བྲིས་ཏེ། གདོལ་པ་མོའི་རང་བྱུང་གི་མེ་ཏོག་གིས་གོས་པའི་རས་སྔོན་པོས་བཀབ་ལ་རལ་པ་གཅིག་མའི་རྣལ་འབྱོར་གྱིས་དེའི་སྔགས་བཟླས་ཤིང་རྡོ་རྗེ་དང་ལྕགས་ཀྱུས་མཚན་པའི་རྐང་པ་གཡོན་པ་དང་གཡས་པ་དག་གིས་རིམ་གྱིས་གཡས་བརྐྱང་བ་དང་གཡོན་བརྐྱང་བས་ཐོད་ པ་དེ་ཉིད་མནན་ཅིང་ཇི་སྲིད་དུ་གནས་པར་བྱ་བ་དེ་སྲིད་དུ་ཀླུའི་བུ་མོ་ལ་སོགས་པ་འགུགས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནམ་མཁའི་དམ་ཚིག་ནི་སྣང་བ་མཐའ་ཡས་ཏེ། དེ་ལས་འབྱུང་བ་དེ་ནི་སྐྱེ་བ་གང་ལ་ཡོད་པ་དེ་ནམ་མཁའི་དམ་ཚིག་འབྱུང་བའོ། །རྡོ་རྗེ་ནི་ཁྲོ་གཉེར་མའི་ཏིང་ངེ་ འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཆེན་པོ་ནི་སྣང་བ་མཐའ་ཡས་ཏེ། དེ་ཉིད་ཀྱི་རྡོ་རྗེ་ནི་ཁྲོ་གཉེར་མ་སྟེ། དེ་ཉེ་བར་བཏགས་པས་རིག་སྔགས་ཀྱང་དེ་བཞིན་དུ་བཤད་པ་སྟེ་དེ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཨོཾ་ནི་རྡོ་རྗེ་འཆང་རྗེས་སུ་དྲན་ པའོ། །བྷ་ཡ་ནི་སྲིན་པོ་ལ་སོགས་པས་བྱས་པའམ། འཇིགས་པ་བརྒྱད་དེ་དེ་རྣམས་ན་ཤ་ནི་ཞེས་པ་ནི་འཇིག་པར་མཛད་པའོ། །གདུག་པ་རྣམས་ལ་འབྲུ་ཚུགས་སུ་བལྟ་བས་ན་བྷྲྀ་ཀུ་ཊ་སྟེ་ཁྲོ་གཉེར་མའོ། །ད་ཥི་ཞེས་པ་ནི་གདུག་པ་གསོད་པའོ། །ཝཱི་ཏི་ཞེས་པ་ནི་ཁྱད་པར་དུ་གསོད་པའོ། །ཤྭེ་ ཏེ་ཞེས་པ་དཀར་པོ་སྟེ། འབའ་ཞིག་པའི་དཀར་པོའི་ཕྱོགས་ལ་གནས་པའོ། །ཤྭེ་ཏ་ཛ་ཊི་ནི་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དཀར་པོའི་རང་བཞིན་གྱི་སྣང་བ་མཐའ་ཡས་ཀྱིས་རལ་པའི་ཅོད་པན་དུ་བརྒྱན་པའོ། །སྭཱ་ཧཱ་ནི་ཞི་བའི་དོན་དུའོ། །སྔགས་འདི་གསུངས་པ་ཙམ་གྱིས་རིག་པ་ འཛིན་པའི་བུ་མོ་རྣམས། འདོད་པའི་ལྷའི་ཚོགས་ཀྱིས་འདར་བར་གྱུར་ནས། ཡེ་ཤེས་རྡོ་རྗེ་ནི་སྣང་བ་མཐའ་ཡས་རྗེས་སུ་དྲན་པ་ནི་བསྒོམས་སོ། །དེ་ཉིད་ཀྱི་ཕྱིར་སྔགས་ཀྱི་རིག་པ་འདི་ནི་ཁྲོ་གཉེར་མའི་རིག་སྔགས་ཀྱི་དམ་ཚིག་ལ་གཙོ་བོ་ནི་སྒྲུབ་པ་པོས། གསེར་གྱི་རྣ་ཆ་གཡོ་བ་ནི་ རྒྱན་དང་བཅས་པའི་རིག་པ་འཛིན་པའི་བུ་མོ་དགུག་ཅིང་གཉེར་བར་འགྱུར་རོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ། དུར་ཁྲོད་ཀྱི་རས་ལ་ཐལ་ཆེན་གྱིས་རིག་པ་འཛིན་པའི་བུ་མོ་བྲིས་ཏེ། དེའི་སྐྱེ་གནས་ལ་ཛི་ཧི་དམར་པོ་བཀོད་ལ། ཁྲོ་གཉེར་མའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་ལྕགས་ཀྱུ་བྱིན་གྱིས་བརླབས་ པའི་རྐང་པ་གཡོན་པས་ནུ་མ་གཉིས་ཀྱི་བར་གནོན་ཅིང་རིག་སྔགས་འདི་ཉིད་བཟླས་ཤིང་རྣལ་འབྱོར་པས་ཇི་སྲིད་དུ་གནས་པའི་བྱ་བ་དེ་སྲིད་དུ་དེ་ཉིད་འབར་བར་འགྱུར་རོ། །དེའི་རྗེས་ལ་འདོད་ཆགས་ཀྱིས་གདུངས་པའི་རིག་པ་འཛིན་པའི་བུ་མོ་དེས་སྒྲུབ་པ་པོ་ལ་འཁྱུད་པར་བྱེད་དོ། །དེ་ནི་སྔར་བཤད་ པའི་སྔགས་རྣམས་ཀྱི་བཟླས་པའི་ཁྱད་པར་བཤད་པར་བྱ་བའི་ཕྱིར། འགོག་པའི་རྡོ་རྗེ་རྒྱལ་པོ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགོག་པ་རྡོ་རྗེ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་འོད་གསལ་བ་སྟེ། དེ་ཉིད་མཛེས་པ་དང་སྣང་བས་ན་རྒྱལ་པོ་སྟེ། དེ་ལ་ཡོངས་སུ་གྱུར་པ་ནི་ ཞུགས་པ་དང་། མཆོག་ནི་ཕུལ་དུ་བྱུང་བ་དང་མཛེས་པ་ནི་འཇུག་པ་ལ་སོགས་པའི་རང་བཞིན། རྡོ་རྗེ་གསུམ་ནི་ཡི་གེ་གསུམ་ལས་བྱུང་བའི་བཟླས་པ་ནི་རྡོ་རྗེ་བཟླས་པ་སྟེ། མ་ནིང་གི་བཟླས་པའི་རང་བཞིན་ནོ། །དེ་མ་ཐག་ཏུ་ནི་དེའི་སྒོ་ནས་སྐད་ཅིག་མ་གཅིག་གིས་སྔར་བཤད་པའི་དེ་རྣམས་ ཐམས་ཅད་འགུགས་པར་འགྱུར་ཏེ། དེ་ཁོ་ན་ཉིད་ལ་ཞུགས་པས་ཐམས་ཅད་དཀའ་བ་མ་ཡིན་པ་འགྲུབ་པའི་ཕྱིར་ཏེ། རྡོ་རྗེ་བཟླས་པའི་རིམ་པའོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ཡང་ན་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་སོགས་པ་དང་ཁྲོ་བོ་རྣམས་ལ་འབུམ་བཟླས་པས། དགོན་པ་ ཆེན་པོ་ལ་སོགས་པར་གནས་པའི་རྣལ་འབྱོར་པས་སྔར་བཤད་པའི་ལས་རྣམས་ཐམས་ཅད་ནི་ཞི་བ་ལ་སོགས་པར་འགྲུབ་པར་བྱེད་པའོ། །དེ་ལ་ཡང་དེ་བཞིན་གཤེགས་པ་ལ་སོགས་པའི་སྔགས་ཀྱང་གང་ཡང་རུང་བའི་སྔགས་བཟླས་ན། དེའི་ཚེ་ལྷ་དེ་ཉིད་ཀྱང་ཡིད་ཀྱིས་བསྒོམ་པར་བྱ་སྟེ། བསྐྱེད་པའི་རིམ་པའོ། །མངོན་སྤྱོད་ཀྱི་ཡུལ་བཤད་པར་བྱ་སྟེ། རྡོ་རྗེ་སློབ་དཔོན་སྨོད་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སློབ་དཔོན་སྨོད་པ་ནི་བླ་མ་ལ་སུན་འབྱིན་པའོ། །ཐེག་པ་ཆེན་པོ་སྨོད་པ་ནི་གཅེར་བུ་ལ་སོགས་པ་མུ་སྟེགས་པ་རྣམས་ཏེ། དེ་དག་ཐམས་ཅད་ནན་ཏན་ དུ་གསད་པར་བྱའོ། །གལ་ཏེ་ལས་བྱེད་པར་མི་འདོད་ན་དེའི་ཚེ། གནས་ནས་སྤྲོ་བ་ནི་བསྐྲད་པར་བྱའོ། །ལས་འདི་ཉིད་ཀྱིས་སྔ་མ་བཞིན་དུ་རྡོ་རྗེ་སློབ་དཔོན་ལ་སོགས་པ་སྨོད་པར་བྱེད་པ་རྣམས་ལ་བྱང་ཆུབ་མཆོག་ནི་མི་བསྐྱོད་པ་ལ་སོགས་པའི་ཞིང་ལ་སྐྱེ་བ་བསྟན་ཏོ། ། དེ་བཞིན་དུ་བདག་གིས་ཀྱང་སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ཏེ། བསྐྱེད་པའི་རིམ་པའོ། །ཡང་རྡོ་རྗེ་སློབ་དཔོན་ནི་འཁོར་བའི་སྤྱོད་པ་ལ་འཇུག་པར་བྱེད་པའི་ཉོན་མོངས་ཀྱི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཀུན་གཞི་རྣམ་པར་ཤེས་པའོ། །སྨོད་པ་ནི་དེ་དང་འབྲེལ་པ་ དང་ལྡན་པའི་རང་བཞིན་རྣམས་སོ། །ཆེན་པོ་ནི་ཡུལ་ལྔ་སྟེ། དེ་རྣམས་ལ་འགྲོ་བས་ན་ཐེག་པ་ཆེན་པོ་སྟེ་དབང་པོ་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཏེ། འཇུག་པའི་རྣམ་པར་ཤེས་པའོ། །སྨོད་པ་ནི་དེའི་རང་བཞིན་རྣམས་ཏེ། དེ་དག་ཐམས་ ཅད་བསད་པ་ནི་འོད་གསལ་བ་ལ་ཞུགས་པར་བྱའོ། །ཇི་ལྟར་ཞེ་ན། ནན་ཏན་དུ་ཞེས་པ་ནི་སྣང་པ་ལ་སོགས་པའི་རིམ་པས་སོ། །ཡང་ན་གནས་ནི་འོད་གསལ་བ་དེ་ཉིད་ལས་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་དེ་རྣམས་སྤྲོ་བ་ནི་སྤྲོ་བར་བྱའོ། །ཏིང་ངེ་འཛིན་འདིས་བྱང་ཆུབ་མཆོག་ནི་ འོད་གསལ་བའི་མཚན་ཉིད་ཅན་གྱི་རྣམ་པར་དག་པ་དང་། སྔགས་ནི་ཡེ་ཤེས་ཀྱི་སྐུའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། སེམས་རྣམ་པར་དག་པའི་རིམ་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། མངོན་ སྤྱོད་ལ་སྣོད་དུ་རུང་བ་རྣམས་ཕྱོགས་བཅུ་ན་གནས་པའི་སེམས་ཅན་གྱི་ཁམས་ཀྱི་ལུས་ལ་སོགས་པ་གསོད་པས། སྡིག་པ་ཆེན་པོ་ཉིད་དུ་བསྒོམས་པས། དེའི་ཚེ་གདུག་སེམས་ནི་དགྲ་བོ་རྣམས་གསོད་པར་བྱ་སྟེ། གཞན་དུ་ན་སྐྱོན་མེད་པ་དང་སྐྱོན་ཕྲ་མོའི་སྒོ་ནས་དྲག་པོའི་ལས་མི་རིགས་ སོ། །མངོན་སྤྱོད་བྱེད་པའི་ཆ་ལུགས་ཀྱི་ཁྱད་པར་བསྟན་པར་བྱ་སྟེ། ཁྲག་དང་ཆུ་ཡིས་གཤེར་བའམ། །ཞེས་བྱ་བ་ལ་སོགས་པ་ལ། ཁྲག་དང་ཆུ་ནི་བྱང་ཆུབ་ཀྱི་སེམས་དང་བཤང་བ་དང་། གཅི་བ་ནི་གསང་བའི་རྡོ་རྗེ་ཆུ་སྟེ། དེ་རྣམས་བླངས་ལ། གོས་ནི་མིའི་པགས་པ་སྟེ་ཤའི་རང་བཞིན་ ནོ། །དེ་བས་ན་བདུད་རྩི་ལྔའི་གོ་གྱོན་པ། སྔ་མ་བཞིན་དུ་ཁྲོ་བོའི་སྔགས་བརྗོད་ཅིང་། ལིངྒ་ནི་གཟུགས་བརྙན་རྐང་པ་གཡོན་པས་གནོན་ཅིང་། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་མངོན་སྤྱོད་བྱའོ། །དེ་ལ་གང་གི་ཚེ་གོས་དེ་ཉིད་བསྐམས་པ་དེའི་ཚེ་དགྲ་བོ་དེ་ཤི་བར་འགྱུར་རོ། །ཆུ་ཡིས་ གོས་རྣམས་གཤེར་བྱས་ཞེས་བྱ་བ་ལ་སོགས་པ་ལ། མི་བསྐྱོད་པའི་རྣལ་འབྱོར་པས་ཆུ་ནི་རྡོ་རྗེའི་ཆུས་གཤེར་བའི་གོས་གྱོན་པར་བྱའོ། །རིན་ཆེན་འབྱུང་ལྡན་དང་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་དག་གིས། བཤང་བ་དང་གཅི་བ་ནི་ཅི་བཞིན་དུ་འབྱུང་བའི་ཁྲག་གིས་གཤེར་བའི་གོས་ གྱོན་པར་བྱའོ། །དོན་ཡོད་གྲུབ་པའི་རྣལ་འབྱོར་པས། རུལ་པ་ནི་རྣག་གི་དབང་གིས་ཏེ། དེ་ཉིད་ཀྱིས་དྲི་ངན་པ་དང་ལྡན་པའི་གོས་གྱོན་པར་བྱའོ། །སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས་ཐལ་བའི་སྐྱོ་མ་ནི། ཤིན་ཏུ་དཀར་བའི་བྱང་ཆུབ་ཀྱི་སེམས་ཀྱིས་གཤེར་བའི་གོས་གྱོན་པར་བྱའོ། ། དེ་རྣམས་ཐམས་ཅད་ཀྱང་། གཅེར་བུ་དང་སྐྲ་བཤིག་པ་ཡིན་ནོ། །གཞན་ཡང་གཙིགས་པ་ནི་ཁྲོ་བོའི་རྣམ་པ་དང་ལྡན་པ་དང་། འཇིགས་པའི་ཚུལ་ནི་ཡིད་ཀྱིས་ཁྲོས་པ་དང་། གཡས་བརྐྱང་བའོ། །དེ་རྣམས་ཀྱི་ལིངྒ་ནི་སྔར་བཤད་པའི་གཟུགས་བརྙན་བྱ་བ་སྟེ་སྒྲུབ་པའོ། །ད་ནི་གནས་ བཤད་པར་བྱ་སྟེ། མ་མོའི་གནས་སམ། དུར་ཁྲོད་དམ་ཞེས་བྱ་བ་ལ་སོགས་པ་ལ། མ་མོ་ནི་འཇིག་རྟེན་གྱི་མ་མོ་བརྒྱད་དེ། དབང་མོ་ལ་སོགས་པའོ། །དེ་རྣམས་ཀྱི་གནས་སུ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་བྱའོ། །དུར་ཁྲོད་ལ་མི་བསྐྱོད་པའི་རྣལ་འབྱོར་པས་སོ། །ཁང་སྟོང་ ལ་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་སོ། །བཞི་མདོ་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སོ། །མཚན་མ་གཅིག་ལ་དོན་ཡོད་གྲུབ་པའི་རྣལ་འབྱོར་པས་སོ། །ཤིང་གཅིག་དྲུང་གི་གནས་ལ་སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས་མངོན་སྤྱོད་ཀྱི་ལས་བྱ་སྟེ། ཡུལ་གྱི་དབྱེ་ བ་བསྟན་ཏོ། །ད་ནི་ཕུར་བུ་གདབ་པ་བཤད་པར་བྱ་སྟེ། མི་རུས་ལས་བྱས་ཕུར་བུ་ནི། །ཞེས་བྱ་བ་ལ་སོགས་པ་ལ། མིའི་རྐང་སོར་བརྒྱད་པ་སྟེ། ཁྲོ་བོའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བཟླས་ཤིང་དགྲ་བོའི་སྒོ་རུ་བརྐོས་ནས་སྦས་ན་དེའི་ཚེ། སངས་རྒྱས་ནི་རྒྱལ་བ་སྟེ། སྐུ་གསུམ་ནི་ སྐུ་གསུམ་གྱི་རང་བཞིན་དང་། མཆོག་སྦྱིན་པ་ནི་རྗེས་སུ་གཟུང་བར་མཛད་པ་དང་། ཤེས་པ་དང་མི་ཤེས་པ་ནི་དངོས་པོ་དང་དངོས་པོ་མ་ཡིན་པ་དག །རྣམ་སྤངས་ནི་རྟོག་པ་མེད་པ་ཡང་། ཟླ་བ་ཕྱེད་ནི་ཡུན་རིང་མ་ཡིན་པས་འཆི་བར་འགྱུར་ཏེ། སྦྱོར་བའི་ཁྱད་པར་བསྟན་ ཏོ། །ཡང་ན་ཐོད་པར་གང་བ་དག །ཅེས་བྱ་བ་ལ་སོགས་པ་ལ། གདོལ་པ་མོའི་མ་ཆག་པའི་ཐོད་པ་ལ་ཁྲོ་བོའི་སྔགས་ཀྱིས་སྤེལ་བའི་བསྒྲུབ་བྱའི་མིང་བྲིས་ཏེ། དེ་མེད་ན་ཏ་ལའི་ལོ་མ་ལ་སོགས་པ་ལ་ཡང་བྲིས་ཤིང་དགྲ་བོའི་སྒོ་རུ་བརྐོས་ནས་སྦས་ན་མངོན་སྤྱོད་འགྲུབ་པར་འགྱུར་རོ། །དམ་ ཚིག་ཆེན་པོ་ནི་མངོན་སྤྱོད་ལ་སོགས་པ་སྟེ། དེ་རྣམས་ཀྱི་དཔལ་ནི་བསྐྱེད་པའི་རྒྱུ་རྡོ་རྗེ་ནི་རྡོ་རྗེ་འཆང་གིས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་སྦྱོར་བ་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་གི་ལས་ཏེ། བསྐྱེད་པའི་རིམ་པའོ། །གནོད་མཛེས་ཀྱི་སྔགས་ཀྱི་ཕྱི་མ་བཤད་པའི་ཕྱིར། དེ་ནས་ཞེས་བྱ་ བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ནི་སེམས་ཅན་ཐམས་ཅད་དེ། དེ་རྣམས་ལ་དེ་བཞིན་ནི་བགེགས་ཉིད་དུ་གཤེགས་པ་ནི་འགྲོ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འཇིག་རྟེན་སྐྱོང་བ་རྣམས་ཏེ། དེ་དག་གི་སྐུ་ལ་སོགས་པ་ནི་ལུས་ལ་སོགས་པ་ངེས་པར་བཅིང་བ་ནི་ ཕུར་བུས་གདབ་པ་ལ། རྡོ་རྗེ་ནི་མི་ཕྱེད་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁམས་གསུམ་པ་ཐམས་ཅད་ཀྱི་ངོ་བོ་འཇིག་རྟེན་སྐྱོང་བ་རྣམས་ཀྱི་སྐུ་ལ་སོགས་པ་ནི་ལུས་ངག་ཡིད་གནོན་པའི་རྡོ་རྗེ་ནི། ཁྲོ་བོའི་སྔགས་ཀྱི་དུམ་བུ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །དེ་ ལ་སྔར་བཤད་པའི་དུམ་བུས་ནི་འགུགས་པའོ། །ཕྱི་མས་ཕུར་བུ་འདེབས་པ་སྟེ། ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །གྷ་གྷ་ཞེས་བྱ་བ་ནི་ཁྲོས་པ་ལ་ཚིག་གཉིས་སོ། །གྷཱ་ཏ་ཡ་ཞེས་པ་ནི་སོད་ཅིག་ཅེས་སྟོན་ཏོ། །ཇི་ལྟར་ཞེ་ན། ཀཱི་ལ་ཡ་ཞེས་པ་ནི་ཕུར་བུ་བཏབ་པའི་སྦྱོར་བས་སོ་ཞེས་སྟོན་ཏོ། །སརྦ་ པཱ་པ་ནི་བགེགས་རྣམས་སོ། །ཡི་གེ་ཧཱུཾ་གསུམ་པོ་ནི་ལུས་ལ་སོགས་པ་ལ་བསྐུལ་བ་ལའོ། །བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་ཞེས་པ་ནི་བསྐུར་སྟི་བསྐྱེད་པའི་ཕྱིར་རོ། །ཧཱུཾ་དང་ཕཊ་ནི་ཁྲོས་པ་ལའོ། །སྔགས་ཀྱི་དུམ་བུ་འདི་གསུངས་པ་ཙམ་གྱིས་སངས་རྒྱས་ཀུན་ནི་བརྒྱ་བྱིན་ལ་སོགས་པ་སྟེ། རྫུ་འཕྲུལ་ ཆེན་པོ་ནི་རྫུ་འཕྲུལ་ཐོབ་པ་ཡང་བརྒྱལ་བ་ནི་དྲན་པ་མེད་པར་འགྱུར་བ་དང་། འཇིགས་པར་འགྱུར་ནས་རྡོ་རྗེ་ཐུགས་ནི་མི་བསྐྱོད་པ་དྲན་འགྱུར་ནི་བསྒོམས་སོ། །འདིར་སྦྱོར་བ་བཤད་པར་བྱ་སྟེ། མི་རུས་ལས་བྱས་ཕུར་བུ་འམ། །ཞེས་བྱ་བ་ལ་སོགས་པ་ལ། མིའི་རུས་པའམ་སེང་ལྡེང་ལ་ སོགས་པ་རྣམས་ཀྱིས་ཕུར་བུ་བྱས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱིས་དེ་ཉིད་འོད་འཕྲོ་འཁྲུག་པ་ནི་འོད་ཟེར་འབར་བ་དང་ལྡན་པར་བསམས་ཏེ། དཀྱིལ་འཁོར་གྱི་ཕྱོགས་ལ་སོགས་པ་རུ། རྡོ་རྗེ་གསུམ་ནི་བགེགས་རྣམས་ཀྱི་སྐུ་ནི་ལུས་ཏེ་མགོ་བོ་ནས་བརྩམས་ཏེ། ཇི་སྲིད་རྐང་པའི་ བར་དུ་སྦྱར་བར་བྱ་སྟེ། དེའི་ཚེ་ཕུར་བུ་འདེབས་པ་འགྲུབ་བོ། །རྣམ་པར་སྣང་མཛད་རྒྱ་ཆེན་ནམ། །ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་དང་སྣང་བ་མཐའ་ཡས་ལ་སོགས་པའི་ཏིང་ངེ་འཛིན་མངོན་དུ་བྱས་ལ། གཤིན་རྗེ་གཤེད་དང་བདུད་རྩི་འཁྱིལ་པའི་ངོ་བོའི་ཕུར་བུ་ བསམས་ཏེ། དེ་ཡང་སྟེང་དུ་ཁྲོ་བོའི་རྣམ་པ་དང་འོག་ཏུ་རྡོ་རྗེ་རྩེ་གཅིག་པའི་ངོ་བོ་སྔ་མ་བཞིན་དུ་གདུག་པ་རྣམས་ལ་ཞུགས་པར་བསམས་ན། རྡོ་རྗེ་སེམས་དཔའ་ཡང་འཆི་བར་འགྱུར་རོ་ཞེས་ཕུལ་དུ་བྱུང་བའི་ཚིག་སྟེ། བསྐྱེད་པའི་རིམ་པའོ། །དབྱེ་བ་གཞན་གྱིས་ཕུར་བུ་གདབ་ པ་བཤད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ནི་རྣམ་པར་སྣང་མཛད་ཀྱི་སྐུ་སྟེ། དེ་ཉིད་ཀྱི་རྣམ་པར་འཕྲུལ་པ་ནི་བསྒྲུབ་བྱའི་ལུས་ལ་ཕུར་བུ་འདེབས་པ་སྟེ། དེ་ཉིད་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས། སྐུའི་དམ་ཚིག་ ནི་ལུས་ཏེ། དེ་ཉིད་ཚམ་ངམ་འགུགས་པ་སྟེ། དེའི་རྗེས་ལ་རྡོ་རྗེ་གནོན་པ་ནི་བརྟན་པར་ཕུར་བུ་འདེབས་པ་སྟེ། དེའི་དོན་དུ་སྔགས་འདི་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཨོཾ་ནི་རྣམ་པར་སྣང་མཛད་དོ། །ཙྪིནྡ་ཞེས་པ་ནི་ཆོད་ཅེས་སྟོན་ཏོ། །ཧ་ན་ཞེས་བྱ་བ་ལ་བསྒྲུབ་ བྱའི་ལུས་སོད་ཅིག་ཅེས་པར་སྟོན་ཏོ། །དིཔྟ་བཛྲ་ཞེས་པ་ནི་རྡོ་རྗེ་འབར་བ་སྟེ། བོད་པའི་ཚིག་གོ། །ཧཱུཾ་དང་ཕཊ་ནི་ཁྲོས་པ་ལའོ། །སྦྱོར་བ་བཤད་པར་བྱ་བའི་ཕྱིར། ཕན་ཚུན་དཀྲི་བའི་ཚུལ་དུ་ཞེས་བྱ་བ་ལ་སོགས་པ་ལ། ཕན་ཚུན་དཀྲི་བ་ནི་སྙོམས་པར་ཞུགས་པ་སྟེ། མཐེ་བོང་ནི་ རྡོ་རྗེ་སྟེ། གཞི་ནི་ལྷ་མོ་སྤྱན་གྱི་པདྨ། བསྡམ་པ་དེ་དག་སྦྱར་ཞིང་རྣམ་པར་སྣང་མཛད་ཚུལ་གནས་ནི་ཡི་གེ་ཨོཾ་སྟེ། དེའི་འོད་ཟེར་རྣམས་ཀྱིས་བསྒྲུབ་བྱའི་ལུས་བཀུག་ཅིང་། པདྨའི་ནང་དུ་ཞུགས་ཏེ་ཡི་གེ་ཨོཾ་གྱིས་བྱིན་གྱིས་བརླབས་པའི་རྡོ་རྗེ་ཕུར་བུ་ནི་རེངས་པའི་རྡོ་རྗེས་ ངེས་པར་བཏབ་ནི་ཕུར་བུས་གདབ་པར་བྱའོ། །བཏབ་མ་ཐག་ཏུ་སེམས་དཔའ་ཆེ། །ཞེས་བྱ་བ་ལ་སོགས་པ་ལ། །ཕུར་བུས་བཏབ་མ་ཐག་ཏུ་སེམས་དཔའ་ཆེ་ནི་བསྒྲུབ་བྱའི་ལུས་ཏེ། རྡོ་རྗེ་གསུམ་ལས་བྱུང་བ་ནི་ལུས་ངག་ཡིད་ཀྱི་རང་བཞིན་གྱིས་ཁམས་རྣམས་དང་། ལྡང་བར་འགྱུར་བ་ནི་ ནུས་པ་དང་བྲལ་བར་གྱུར་པའམ། འཆི་བའི་གནས་སུ་གྱུར་པ་ནི་ཟད་པར་འགྱུར་རོ། །ངག་ལ་ཕུར་བུས་གདབ་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་དབང་ཕྱུག་ནི་འོད་དཔག་ཏུ་མེད་པའོ། །དེས་བྱས་པའི་གསུང་རྣམ་པར་འཕྲུལ་བ་ནི། ངག་ལ་ཕུར་ བུས་གདབ་པ་དེ་ཉིད་བརྟན་པས་ན་རྡོ་རྗེ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསུང་གི་དམ་ཚིག་ནི་ལྕེ་དེ་ལ་གནོན་པ་ནི་ཕུར་བུས་གདབ་པ། ངག་དགུག་པ་སྔོན་དུ་འགྲོ་བ་དེའི་སྔགས་གསུངས་སོ། །ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཧྲཱི་ནི་གསུང་གི་ས་བོན་ནོ། ། བྷུར་བྷུ་ཝ་ཞེས་བྱ་བ་འཇིག་རྟེན་གསུམ་གྱི་ངག་སྟེ། དེ་ལ་ཕུར་བུས་གདབ་པར་བྱ། །ཞེས་ཚིག་གི་ལྷག་མའོ། །འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས། གོས་དཀར་མོའི་ཁ་ཕྱེ་བའི་པདྨར་རྡོ་རྗེ་སོར་མོ་ནི་རྡོ་རྗེ་རྩེ་མོ་ཞུགས་ཤིང་། འདོད་ཆགས་རྡོ་རྗེ་ཚུལ་ནི་དེའི་རྩེ་མོར་ཡི་གེ་ཨ་དགོད་ཅིང་། དེའི་འོད་ཟེར་གྱིས་བསྒྲུབ་བྱའི་ལྕེ་དགུག་ཅིང་དེའི་ནང་དུ་ཞུགས་ལ། རྡོ་རྗེ་ཕུར་བུས་གདབ་པར་བྱའོ། །བཏབ་མ་ཐག་ཏུ་ནི་ལྕེ་ཕུར་བུས་བཏབ་ན་སྐུ་གསུམ་དྲི་མེད་ནི་རྣམ་པ་གསུམ་གྱི་སྒྲ་སྟེ། དེ་འབྱུང་བ་ནི་སྐྱེད་པར་བྱེད་པའི་སྒྲའོ། །ལྡང་བ་ནི་ལྐུགས་པར་འགྱུར་བའམ། ཡང་ན་ཤི་ བར་འགྱུར་ཏེ་ཟད་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཐུགས་ནི་མི་བསྐྱོད་པ་སྟེ། དེས་བྱས་པའི་རྣམ་པར་འཕྲུལ་བ་ནི་བསྒྲུབ་བྱའི་སེམས་ལ་ཕུར་བུས་གདབ་པ་དེ་ཉིད་རྡོ་རྗེ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐུགས་ཀྱི་དམ་ཚིག་ནི་ སེམས་ཏེ་དེ་ལ་ཚམ་ངམ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཨོཾ་ནི་རྡོ་རྗེ་འཆང་ངོ་། །དེའི་རང་བཞིན། བཛྲ་རཱ་ནི་སེམས་སོ། །ཧཱུཾ་ཞེས་བྱ་བ་ནི་ཀྱེ་ཐུགས་རྡོ་རྗེ་སངས་རྒྱས་ཀྱི་ཞིང་ལ། ཛཿནི་སོང་ཤིག་ཅེས་བྱ་བའི་དོན་ཏོ། །མི་བསྐྱོད་པའི་རྣལ་འབྱོར་པས་མཱ་མ་ཀཱིའི་པདྨར་རྡོ་རྗེ་རྩེ་ ལྔ་པོ་འོད་སྤྲོ་བ་རང་གི་རྡོ་རྗེ་བཅིངས་པ་ནི་ཞུགས་ཏེ་རྡོ་རྗེ་ཐུགས་ཀྱི་གནས་ནི། ཡི་གེ་ཧཱུཾ་དེའི་རྩེ་མོར་བཀོད་ལ་དེའི་འོད་ཟེར་གྱིས་བསྒྲུབ་བྱའི་སྙིང་ག་ནས་ཡི་གེ་ཧོཿགཉིས་ཀྱིས་སྤེལ་བ་ཡི་གེ་གསུམ་གྱི་རྣམ་པའི་སེམས་དགུག་ཅིང་དེ་ལ་ཞུགས་ཏེ། རྡོ་རྗེ་ཕུར་བུས་གདབ་པར་བྱའོ། །བཏབ་པ་ ཙམ་གྱིས་རྡོ་རྗེ་ཆེ་ནི། དེའི་སེམས་ཕུར་བུས་བཏབ་མ་ཐག་ཏུ་རྡོ་རྗེ་གསུམ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱིས་འབྱུང་བ་ནི་སེམས་ཏེ། ལྡང་བ་ནི་སྨྱོ་བར་འགྱུར་བའམ། ཡང་ན་འཆི་བ་ནི་བསྒྲུབ་བྱའི་ལུས་ལས་འབྱུང་བར་འགྱུར་རོ་ཞེས་སྟོན་ཏོ། །ཆོ་ག་ལེགས་ པ་བརྗེད་མི་ངས་པའི་བསྒོམ་པའི་ལམ་གྱིས་སྐུ་གསུང་ཐུགས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྦྱོར་བ་ནི་ཏིང་ངེ་འཛིན་ལ་དམིགས་ཏེ་བསྒོམས་ན། དེའི་ཚེ་མཁའ་དབྱིངས་ནམ་མཁའ་དབྱིངས་བཞིན་དུ་མཐའ་ཡས་པའི་སེམས་ཅན་རྣམས་ལ་ཕུར་བུས་འདེབས་པར་འགྱུར་ ན་བསྒྲུབ་བྱ་ལ་སྨོས་ཅི་དགོས་ཞེས་ཕུལ་དུ་བྱུང་བའི་ཚིག་གོ། །ཆེན་པོ་ནི་འཇིག་རྟེན་སྐྱོང་བ་རྣམས་ཏེ། དེ་རྣམས་རྗེས་སུ་ཕུར་བུས་འདེབས་པའི་ཕྱིར། རྡོ་རྗེ་ཕུར་བུས་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་སྦྱར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་པ་ ནི་བསྟན་པའི་འོག་ཏུ་སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པ་དང་། སྐུ་གསུམ་ནི་ལྷ་མོ་རྣམས་དང་། མཆོག་ནི་བྱང་ཆུབ་སེམས་དཔའ་རྣམས་དང་། སེམས་ཅན་གྱི་ཁམས་བགེགས་འཇོམས་པའི་ཕྱིར། སེམས་ཅན་ཁམས་ལ་ཕན་མཛད་པ་ནི་ཁྲོ་བོ་རྣམས་ཏེ། དེ་རྣམས་ཐམས་ཅད་ མཉེས་པ་ནི་ཆོས་ཐོས་པ་དང་། རབ་ཏུ་དགྱེས་འགྱུར་བ་ནི་བསམ་པ་དང་སྒོམ་པ་དག་གིས་ཏེ། གསུང་པ་དེ་ནི་བསྐུར་སྟིའི་ཚིག་ཏུ་གསུངས་སོ། །ཇི་ལྟ་བུ་ཞེ་ན། ཨེ་མའོ་གསང་བའི་གནས་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་ལ། གསང་བའི་གནས་ནི་ཞི་བ་ལ་སོགས་པ་ལ། མཆོག་ ནི་སྔགས་ལ་སོགས་པ་དང་། སྙིང་པོ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་བསྡུས་པ་ནི། ཡི་གེ་གསུམ་བཟླས་པ་སྟེ། ད་བཞིན་དུ་ཆོས་ཐམས་ཅད་ནི་སྔགས་རྣམས་ཀྱི་གནས་ཞི་བ་ནི་རང་བཞིན་གྱིས་དག་པ་སྟེ། དེ་ཡང་ཤིན་ཏུ་ངོ་མཚར་བའོ། །རྡོ་རྗེ་ནི་ལྷའི་བུ་མོ་ ལ་སོགས་པ་སྟེ། དེ་རྣམ་པར་འཇོམས་པ་ནི་འགུགས་པ་སྟེ། དེ་ཡང་ཤིན་ཏུ་ངོ་མཚར་བའོ། །སངས་རྒྱས་ཐམས་ཅད་ནི་འཇིག་རྟེན་སྐྱོང་བ་རྣམས་དང་། བྱང་ཆུབ་སེམས་དཔའ་ནི་ཐ་མལ་པའི་བསྒྲུབ་བྱ་རྣམས་དང་། གྲགས་ཆེན་ནི་རྒྱལ་པོ་ལ་སོགས་པ་དང་། སྐུ་གསུང་ཐུགས་ནི་རྡོ་རྗེ་ དང་པདྨ། སྙོམས་པར་ཞུགས་པས་གང་ཞིག་ཕུར་བུས་འདེབས་པར་གསུངས་པ་དེ་ཡང་ཤིན་ཏུ་ངོ་མཚར་བའོ། །འདིར་ཡང་སྔགས་རྣམས་ཐམས་ཅད་ནི་ཁྲོ་བོ་ལ་སོགས་པའི་སྔགས་རྣམས་ཀྱིས། གང་ཞིག་ཕུར་བུས་འདེབས་པ་དེ་ཡང་། དེ་ཉིད་ལས་བྱུང་བ་ནི་རྡོ་རྗེ་འཆང་ཆེན་པོ་ རྗེས་སུ་དྲན་པ་ལས་སྐྱེས་པ་དང་། སྐུ་གསུང་ཐུགས་ནི་སྒྲུབ་པ་པོ་རྣམས་ལ་མཆོག་བྱིན་པ་ནི་དངོས་གྲུབ་སྟེར་བ་སྟེ། སྔགས་དེ་ཉིད་ཀྱི་བསྡུས་པ་ནི། རྡོ་རྗེ་བཟླས་པ་སྔོན་དུ་འགྲོ་བ་སྟེ། དེ་ཡང་ཤིན་ཏུ་ངོ་མཚར་བའོ། །སྐུ་གསུང་ཐུགས་ནི་བསྒྲུབ་བྱ་རྣམས་ལ་རྨད་དུ་བྱུང་བ་ནི་ཞི་བ་ལ་སོགས་པ་ དང་སྔགས་ནི་རིག་སྔགས་རྣམས་དང་། འགུགས་པ་དང་རྣམ་པར་འཕྲུལ་པ་ནི་ཕུར་བུས་འདེབས་པ་སྟེ། དེ་རྣམས་ཉིད་རྒྱལ་བོ་ནི་གཙོ་བོར་གྱུར་པའི་ལེའུ་གང་ལ་ཡོད་པ་དེ་གཙོ་བོར་གྱུར་པའི་གཞུང་གི་ཚོགས་ཀྱང་དེ་བཞིན་དུ་བཤད་པའོ། །རྒྱུད་འགྲེལ་ལས་ལེའུ་བཅུ་བཞི་པའི་ཚིག་གི་དོན་ བཅུ་དྲུག་གི་བཤད་པའོ། །ལེའུ་བཅུ་བཞི་པའི་ཚིགས་སུ་བཅད་པའི་གྲངས་སུམ་བརྒྱ་དྲུག་ཅུའོ།། །།གལ་ཏེ་ལས་ཀྱི་ཚོགས་ཀྱི་སྒོ་ནས་མངོན་པར་ཞེན་པར་རགས་པར་གྱུར་ན། དེའི་ཚེ་དེ་སྤང་བར་བྱ་བའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱ་སྟེ། དེའི་ཕྱིར་ལེའུ་བཅོ་ ལྔ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །རྡོ་རྗེ་ནི་སྒྱུ་མའི་སྐུ་སྟེ། དེ་ཉིད་འཛིན་པ་ནི་འོད་གསལ་བ་ལས་སྤྲོ་བས་ན་རྡོ་རྗེ་འཛིན་ནོ། །འཇའ་ཚོན་དང་འདྲ་བའི་སྐུས་མཛེས་པས་ན་རྒྱལ་པོའོ། །ཐམས་ ཅད་ནམ་མཁའ་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ། དེ་གཟིགས་པས་ན་ཐམས་ཅད་ནམ་མཁའོ། །ཆེ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཏེ་དེ་དག་གི་ནང་ན། མི་འགྱུར་ནི་འཇིག་པར་མི་འགྱུར་བས་མི་འགྱུར་ཆེའོ། །ཐམས་ཅད་དབང་བསྐུར་བ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་འཇུག་པས་ ཐམས་ཅད་དབང་བསྐུར་རོ། །ཀུན་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མའི་རང་བཞིན་རྣམས་ཏེ། དེ་དག་འོད་གསལ་བ་ལ་ཞུགས་པར་མཁྱེན་པས་ན་ཀུན་མཁྱེན་ནོ། །རྡོ་རྗེ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེའི་ཚུལ་ནི་ལམ་བཀའ་སྩལ་པ་སྟེ། སེམས་རྣམ་ པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པའི་རིམ་པ་རྣམས་སོ། །སྨེ་ཤ་ཅན་ནི་བདག་ཉིད་ཆེ། །ཞེས་བྱ་བ་ལ་སོགས་པ་ལ། ལོ་གྲངས་བཅུ་གཉིས་པ་ནི་ལོ་དེ་རྣམས་ལོན་པ། སྨེ་ཤ་ཅན་ནི་རིགས་ཐ་མའི་བུ་མོ། སྒྲུབ་པ་ནི་སྔགས་དང་ཕྱག་རྒྱའི་རིམ་ པས་ཡོན་ཏན་དང་ལྡན་པར་བྱའོ། །སྨེ་ཤ་ཅན་ཇི་ལྟ་བུ་ཞེ་ན། རབ་ཏུ་གྲགས་པའི་གདོལ་པའི་ལས་བྱེད་པའོ། །གང་དུ་བསྒྲུབ་ཅེ་ན། དབེན་པའི་སྐྱེ་བོའི་ཚོགས་དང་བྲལ་བའི་རི་བོ་ལ་སོགས་པའི་གནས་སུའོ། ཇི་ལྟར་ཞེ་ན། ཁྱད་པར་དུ་ཞེས་པ་ནི་དད་པ་ལ་སོགས་པའི་སེམས་ལས་ བྱུང་བའི་ཡོན་ཏན་གྱིས་ཏེ། ཇི་སྲིད་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་ཕྱིར་རོ། །བཤང་གཅིས་ཉེ་བར་མཚོན་པའི་དམ་ཚིག་ནི་དམ་ཚིག་ལྔ་སྟེ། སོགས་པའི་སྒྲས་ནི་དེ་དང་མཚུངས་པའི་ཙནྡན་ལ་སོགས་པས་གནས་དེ་རུ་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དཀྱིལ་འཁོར་བྱའོ། ། ཇི་ལྟར་ཞེ་ན། རྡོ་རྗེ་དཀྱིལ་འཁོར་བསྒོམ་པ་ནི་རྡོ་རྗེ་ཚུལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ལ་མཁས་པའི་སློབ་མ་དང་ལྷན་ཅིག་ཏུའོ། །དེའི་འོག་ཏུ་དཀྱིལ་འཁོར་གྱི་ཆོ་གའི་རིམ་པས་མཆོད་པ་བྱས་ཏེ། བུ་མོ་དེ་ཡང་སྔ་མ་བཞིན་དུ་རིགས་ལྔས་བྱིན་གྱིས་བརླབས་ལ་བདག་ཉིད་མི་བསྐྱོད་པའི་ངོ་བོ་དང་བུ་ མོ་དེ་ཡང་མཱ་མ་ཀཱིའི་ངོ་བོར་བསམ་པར་བྱའོ། །བུ་མོ་དེ་ཇི་ལྟ་བུ་ཞེ་ན། མཚན་ཉིད་ཐམས་ཅད་ཡོངས་སུ་དག །ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་དམ། བྱེད་པ་དང་ཡན་ལག་འཁྲུད་པ་ལ་སོགས་པ་ལ་མཁས་པ་སྟེ། དེ་དག་དང་ལྡན་པ་དང་དེ་བཞིན་དུ་བཞིན་ཡངས་མཛེས་པ་ནི་དགའ་བ་ བསྐྱེད་པའི་དུས་སུའོ། །རབ་ཏུ་བཟང་བ་ནི་ཁ་དོག་ལྗང་གུའོ། །རྒྱན་རྣམས་ཐམས་ཅད་ནི་བརྡུངས་པ་དང་བྲིས་པ་དང་། སྲོག་ཆགས་དང་ཁམས་ཀྱི་རང་བཞིན་ཏེ། དེ་དག་གིས་ཡོངས་སུ་རྫོགས་པ་ནི་རྒྱན་དང་ལྡན་པར་བྱས་ནས་ཕང་བར་བཞག་ལ། ཨོཾ་སརྦ་ཏ་ཐཱ་ ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་བརྗོད་ལ། སྔགས་ཀྱི་འཁོར་ལོ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་པ་ཡིན་ནོ་ཞེས་བསམས་ཏེ། རྣལ་འབྱོར་པས་གནས་པར་བྱ་སྟེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །སྐུ་གསུང་ ཐུགས་ནི་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་འོད་གསལ་བ་ལས་ཅིག་ཅར་དུ་རྣམ་པར་སྣང་མཛད་ཆེན་པོའི་སྐུ་སྤྲོས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་ཅན་ནི་སྐུ་ལ་སོགས་པ་དེ་རྣམས་རྡོ་རྗེའི་རྣམ་པ་སྒྱུ་མ་ལྟ་བུ་བསམ་སྟེ། བསམ་གཏན་སྔགས་ ནི་བསམ་གཏན་ཏེ་འོད་གསལ་བ་ལ་ཞུགས་པ་དང་། སྔགས་ནི་དེ་ཉིད་ལས་ལྡང་བ་སྟེ་བསམ་གཏན་སྔགས་ནི་ཞུགས་པ་དང་སྤྲོས་པ་སྟེ། དེའི་སྦྱོར་བས་སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་འོད་དང་འདྲ་བར་གྱུར་ཅིང་། ཨུཏྤ་ལ་མཐིང་གའི་མདོག་དང་འདྲ་བའི་བཙོ་བླག་མ་ལན་གྱི་ བུ་མོ་བདག་ཉིད་ཆེ་བ་ནི་ལོ་བཅུ་དྲུག་ལོན་པ་བླངས་ཏེ། ལྷ་མོ་སྤྱན་གྱི་རྣམ་པས། རིགས་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་ལ། རྡོ་རྗེ་ནི་རང་གི་རྡོ་རྗེ་དང་པདྨ་ནི་དེའི་གསང་བའི་པདྨ་སྟེ། དེ་དག་སྦྱོར་བ་ནི་ཡང་དག་པར་སྦྱོར་ཞིང་དེའི་རྗེས་ལ་ཆོ་ག་དེ་ཉིད་ནི་སྔགས་ཀྱི་ཡི་གེ་དགོད་པས་སྦྱོར་བ་ ནི་བསྐྱོད་པ་བྱས་ལ། ལས་རྣམས་བརྩམས་པ་ནི་གསང་བའི་མཆོད་པའི་བྱ་བ་བརྩམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ཆོ་ག་འདི་ནི་སྔགས་རྣམས་ཐམས་ཅད་དེ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ནི་མཆོད་པ་དང་པོ་སྟེ་འདའ་དཀའ་ནི་རྟག་ཏུ་སྤྱོད་པར་བྱའོ། །དེ་ལྟར་བྱེད་ ན་དེ་མ་ཐག་ཏུ་ནི་སྙོམས་པར་ཞུགས་མ་ཐག་ཏུ་རྡོ་རྗེ་སེམས་དཔའ་ནི་རྣམ་པར་སྣང་མཛད་དེ། དེའི་འོད་འདྲ་བ་ནི་དེ་དང་འདྲ་བར་འགྱུར་རོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འཛིན་པས་ནི་བློ་ལ་བཞག་པས་ནི་ཆོས་རྣམས་ཀུན་དང་མཚུངས་པའོ། །དེ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེས་མཛེས་ པས་ན་རྒྱལ་པོའོ། །འདོད་དང་ཐར་པ་ནི་འོད་གསལ་བ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་སྟེ། །དེ་དག་རབ་ཏུ་བྱེད་པ་ནི་མངོན་དུ་བྱེད་པས་ན་འདོད་དང་ཐར་པར་སྒྲུབ་པ་སྟེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །རྡོ་རྗེའི་ཆོས་ནི་རྣམས་བསྒོམས་པས། །ཞེས་བྱ་བ་ལ་ སོགས་པ་ལ། དེ་བཞིན་དུ་སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས། སྔ་མ་བཞིན་དུ་ཁྲུ་ཉི་ཤུའི་དཀྱིལ་འཁོར་ཤིན་ཏུ་འདུས་བྱས་པ་ལ་རང་བཞིན་རང་གི་བདག་ཉིད་ཅིག་ཅར་དུ་གསུང་རྡོ་རྗེར་བསྒོམས་ཏེ། གར་མཁན་གྱི་བུ་མོ་བཞིན་བཟངས་ནི། ལོ་ཉི་ཤུ་ལོན་པ་དང་། རབ་མཛེས་ ནི་ཁ་དོག་དམར་པོ་དང་སེར་པོ་སྟེ། མིག་དཀྱུས་རིང་བ་ནི་པདྨ་ཤིན་ཏུ་རྒྱ་ཆེ་བའམ། རྒྱས་པའི་པདྨ་དང་འདྲ་བའི་མིག་ཡངས་པ་སྟེ། དེ་ཉིད་གོས་དཀར་མོའི་ངོ་བོ་དང་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་ལ། རྡོ་རྗེ་ཆོས་ནི་སྔ་མ་བཞིན་དུ་རྡོ་རྗེ་དང་པདྨ་དག་ སྔགས་དགོད་པ་སྔོན་དུ་འགྲོ་བ་ཡང་དག་པར་སྦྱོར་ཞིང་། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་ཞེས་བྱ་བ་ལ་སོགས་པའི་སྔགས་རྗེས་སུ་དྲན་པ་སྔོན་དུ་འགྲོ་བའི་སྙོམས་པར་ཞུགས་པའི་སྒོ་ནས་གནས་པར་བྱའོ། །དེའི་ཚེ་རྣལ་འབྱོར་པ་དེ་ཡང་རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་ཏེ། དེའི་བདག་ ནི་སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པ་དང་། ས་བཅུ་ནི་རབ་ཏུ་དགའ་བ་ལ་སོགས་པ་སྟེ། དེ་རྣམས་ལ་ཡང་གནས་པར་འགྱུར་རོ། །གསུང་གི་དམ་ཚིག་ནི་སྣ་ཚོགས་པའི་བསྟན་བཅོས་སྤྲུལ་པ་དང་། འཛིན་པ་ནི་ལན་ཅིག་གིས་བསྟན་བཅོས་གཟུང་བའོ། །རྒྱལ་པོ་ནི་སྨྲ་བའི་སེང་གེའི་ནང་ནས་ རྒྱལ་པོའོ། །ཀུན་ནི་གཅེར་བུ་པ་དང་། གྲངས་ཅན་པ་དང་། རིག་པ་པ་དང་། ཁྱད་པར་བ་དང་། དཔྱོད་པ་པ་ལ་སོགས་པ་རྣམས་ཀྱི་མཆོག་ནི་གཙོ་བོར་གྱུར་པའོ། །དམ་པ་ནི་བུད་མེད་དམ་རྒྱལ་པོའི་བུད་མེད་རྣམས་ཏེ། དེ་རྣམས་ལ་ཤིན་ཏུ་ཡིད་དུ་འོང་བའི་ཕྱིར། དབང་ཕྱུག་ནི་ བདག་པོ་ཉིད་དུ་འགྱུར་ཏེ། ངག་གི་དེ་ཉིད་དང་འདོད་པའི་དེ་ཉིད་དང་། སྤྲོས་པ་མེད་པའི་དེ་དག་སྟེ། དེ་ཁོ་ན་ཉིད་གསུམ་ཐོབ་པར་འགྱུར་རོ་ཞེས་པ་ཚིག་གི་དོན་ཏོ། །རིན་ཆེན་དང་ལས་ཀྱི་རྣལ་འབྱོར་པ་དག་ཞེ་སྡང་གི་རིགས་ཀྱི་ནང་དུ་བསྡུ་བ་སྟེ། དེ་དག་གིས་སྔ་མ་བཞིན་དུ་སྨེ་ཤ་ཅན་གྱི་བུ་མོ་ བསྒྲུབ་པར་བྱ་སྟེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །ད་ནི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པའི་བསྒྲུབ་བ་བཤད་པར་བྱ་བའི་ཕྱིར། བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེ་ལ་སོགས་པ་བཞི་པོ་ལས་ གང་ཡང་རུང་བ་ཐམས་ཅད་ལ་དབང་བྱེད་པའི་ཕྱིར་བུ་མོ་རྙེད་ནས་སྔ་མ་བཞིན་དུ་རྡོ་རྗེ་ཆོས་དག་ནི། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་བསྒྲུབ་པར་བྱའོ། །སྒྲུབ་པ་དེ་ལྟ་བུ་གསང་བའི་ཚུལ་འདི་སྔགས་ཀྱི་ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ནི་བཞི་པའི་དབང་བསྐུར་བ་གཙོ་བོར་གྱུར་པའི་ ཕྱིར་རོ་ཞེས་སྟོན་ཏོ། །མན་ངག་བཞི་པ་དེ་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་ཉི་མ་ནུབ་ནས་ཞེས་བྱ་བ་ལ་སོགས་པ་ལ། ནུབ་པ་ནི་དུས་མཚམས་ཀྱི་སྐད་ཅིག་མ་ལ་རྡོ་རྗེ་ཉི་མ་ནི་ཉི་མ་མ་ནུབ་པའི་དུས་སུ་བླ་མ་ལ་མཆོད་པ་ཆེན་པོ་བྱས་ཏེ། དེ་ཉིད་ལ་ཕྱག་རྒྱ་མ་ཕུལ་ཞིང་དེས་གནང་བ་དེ་ཉིད་ བླངས་ཏེ། མཚན་ཕྱེད་ཀྱི་དུས་སུ་སྒྲུབ་པ་ནི་གསང་བའི་མཆོད་པ་བརྩམས་ནས། སྐྱ་རེངས་འཆར་བའི་དུས་ནི་ནང་པར་གྱི་དུས་ལ་དེ་ཁོ་ན་ཉིད། ཉམས་སུ་མྱོང་ཞིང་སྒོམ་པ་མཆོག་ནི་རྣལ་འབྱོར་པ་དེས་འགྲུབ་པར་འགྱུར་བ་ནི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཡང་ན་རྡོ་རྗེ་ནི་དགའ་བ་ དང་ཉི་མའི་ནི་མཆོག་ཏུ་དགའ་བ་དང་། དེ་དག་ནུབ་པ་ནི་ཟད་པར་སྒྲུབ་པ་སྟེ་ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བའི་ཕྱིར་བརྩམ་པར་བྱའོ། །དེའི་རྗེས་ལ་སྐྱ་རེངས་འཆར་བའི་དུས་ནི་སྣང་བའི་རང་བཞིན་ཡིན་པའི་ཕྱིར་ལྷན་ཅིག་སྐྱེས་པའི་དུས་ཏེ། དུས་དེ་ལ་བསྒོམ་པ་མཆོག་ནི་ འཛིན་པའི་དེ་ཁོ་ན་ཉིད་རིག་པའི་རྣལ་འབྱོར་པ་འགྲུབ་པར་འགྱུར་བ་ནི་ཕྱག་རྒྱ་ཆེན་པོ་དམིགས་པར་བྱེད་དོ། །རབ་ཏུ་བྱེད་པ་ལས་ཀྱང་བླ་མའི་ཞལ་གྱི་དྲིན་གྱིས་ནི། །དེ་ནས་དེ་ནི་གསལ་མཐོང་འགྱུར། །མ་འོངས་པ་དང་འདས་པ་དང་། །ད་ལྟར་བྱུང་བའི་སྲིད་གསུམ་སྟེ། །འོད་གསལ་རྣམ་པར་ དག་པ་ཡིས། །སྐད་ཅིག་གཅིག་གིས་ཀུན་མཐོང་འགྱུར། །ཆུ་ཟླ་སྨིག་རྒྱུ་ལ་སོགས་པའི། །སྒྱུ་མའི་ཡོན་ཏན་རྣམས་ཀྱིས་བརྒྱན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྐྱ་རེངས་ཤར་བའི་དུས་སུ་ནི། །བྱང་ཆུབ་ཤིང་དྲུང་རྩར་བཞུགས་ནས། །དེས་ན་བདུད་རྣམས་འཇོམས་པར་མཛད། ། ཡང་དག་ཡེ་ཤེས་བླ་ན་མེད། །ཤཱཀྱའི་མགོན་པོས་ཐོབ་ནས་ནི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དེ་ཉིད་འདིར་ནི་རབ་ཏུ་བསྟན། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །དེ་ཉིད་ཡེ་ཤེས་ཞེས་བཤད་དོ། །མཚམས་མེད་ལྔ་ནི་བྱེད་པ་དང་། །བསོད་ནམས་དམན་པའི་མི་གང་ དང་། །ཡིད་བཞིན་ནོར་བུ་གཞན་འདྲ་བ། །བླ་མའི་དྲིན་གྱིས་ཐོབ་པར་འགྱུར། །རྫོགས་པའི་སངས་རྒྱས་མ་འོངས་པ། །འདི་ནི་ཅི་འདོད་ལས་བྱེད་དོ། །ཆགས་དང་ཆགས་པ་བྲལ་བ་མིན། །བར་མ་ཡང་ནི་མི་དམིགས་ཏེ། །སྟོང་དང་སྟོང་པ་མ་ཡིན་མིན། །བར་མ་ཡང་ནི་མི་དམིགས་ སོ། །ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། །མངོན་པར་བྱང་ཆུབ་པའི་རིམ་པའོ། །དེའི་རྗེས་ལ་གཞན་གྱི་དོན་བྱ་བའི་ཕྱིར་རྒྱན་ཐམས་ཅད་ནི་མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན་པ་དང་། དྲི་དང་མེ་ཏོག་ནི་སྒྱུ་མའི་དཔེ་རྣམས་ཀྱིས་བརྒྱན་པའི་རྡོ་རྗེ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ རྣམས་ཏེ། དེ་དག་གི་མཆོག་ནི་རྡོ་རྗེ་འཆང་གི་སྐུ། སྒོམ་པ་ནི་ཅིག་ཅར་དུ་སྤྲོས་ན་གྲུབ་པ་མྱུར་དུ་ཐོབ་པར་འགྱུར་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་། རང་དང་གཞན་གྱི་དོན་གྱི་དངོས་གྲུབ་རྣལ་འབྱོར་པས་མྱུར་དུ་ཐོབ་པར་འགྱུར་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རྣལ་ འབྱོར་པ་དེ་ནི་སྐུ་གསུམ་ནི་ཁམས་གསུམ་པ་རྣམས་ལ་མཆོག་སྦྱིན་པ་ནི་རྗེས་སུ་གཟུང་བའོ། །དེ་བཞིན་དུ་སངས་རྒྱས་མཚན་ནི་རྫུ་འཕྲུལ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་མཚན་པར་གྱུར་པ་ནི་བརྒྱན་པར་འགྱུར་རོ། །དེ་བཞིན་དུ་རང་གི་ལུས་ལས་འབྱུང་བའི་སྣང་བས། དཔག་ཚད་བརྒྱ་ནི་ ཉེ་བར་མཚོན་པ་ཡིན་ཏེ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱང་སྣང་བར་བྱེད་དོ། །དབང་པོ་གཉིས་སྦྱོར་བ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་མེད་པས། སྦྱོར་བ་ཐམས་ཅད་ནི་ལྡང་བ་དང་འདུག་པ་དང་ཉལ་བ་དང་འཆག་པ་རྣམས་བརྩམ་པར་བྱ་བ་ནི་བྱ་བ་སྟེ་ཟུང་འཇུག་གི་རིམ་ པའོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་འདི་དངོས་གྲུབ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཀྱི་དམ་ཚིག་གོ། །དེ་ནས་དམ་ཚིག་སྟེ་དེ་རྣམས་སོ་སོར་བཤད་པར་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང་། བརྟུལ་ཞུགས་ཕྲེང་བ་སྔངས་པ་དང་། །དེ་ལ་གང་ཡང་མི་བཤད་དེ། ། ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ལ་རྟག་ཏུ་དམ་ཚིག་ནི་བཤང་གཅིས་ཉེ་བར་མཚོན་པའི་རྫས་ལྔ་སྟེ། དེ་རྣམས་བཟའ་བར་བྱའོ། །ཇི་ལྟར་ཞེ་ན་རྡོ་རྗེ་གྲུབ་པ་ན་ཡི་གེ་གསུམ་གྱིས་བརླབས་ནས་སོ། །དངོས་གྲུབ་ཐམས་ཅད་ནི་རྣམ་པར་སྣང་ མཛད་ལ་སོགས་པའི་དངོས་གྲུབ་ཐོབ་པའི་ཕྱིར་དམ་ཚིག་ནི་སྔགས་པའི་སློབ་པ་ཤིན་ཏུ་འདའ་དཀའ་བ་ནི་སྤང་བར་མི་བྱའོ་ཞེས་སྟོན་ཏོ། །དེ་བཞིན་དུ། བཤང་གཅི་དམ་ཚིག་ལ་སོགས་ལ། །ཞེས་བྱ་བ་ལ་སོགས་པ་ལ། བཤང་གཅི་ནི་སྲོག་དང་རྩོལ་བ་སྟེ། དེ་དག་གི་དམ་ཚིག་ནི་ཡང་དག་པར་སྦྱོར་ བས། དབང་པོ་གཉིས་སྦྱོར་བ་ནི་འོག་དང་སྟེང་འགོག་པ་སྟེ་མ་ནིང་གི་བཟླས་པས། བླ་ན་མེད་པའི་ཕུལ་དུ་བྱུང་བའི་དམ་ཚིག་དེ་ཁོ་ན་ཉིད་འོད་གསལ་བ་འགྲུབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། སངས་རྒྱས་ནི་ཕུང་པོ་རྣམས་ཏེ། དེ་དག་གི་བྱང་ཆུབ་ནི་རྣམ་པར་མི་རྟོག་པ་དེ་ཉིད་དེ། དེ་ཉིད་ཀྱི་གནས་ སོ། །ཞི་བ་ནི་རང་བཞིན་གྱི་དོན་ཕུན་སུམ་ཚོགས་པའི་གཞིར་གྱུར་པའོ། །འདོད་པ་ནི་སྙོམས་པར་ཞུགས་པ་དང་། ཐར་པ་ནི་བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་དང་། དམ་ཚིག་ནི་བདུད་རྩི་མྱོང་བ་དང་། རྡོ་རྗེ་ནི་རྡོ་རྗེ་བཟླས་པ་གང་ལས་འབྱུང་བ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། རྡོ་རྗེ་འཆང་ཆེན་ པོའོ། །དེ་ནི་བསྒྲུབ་པ་དང་རྡོ་རྗེ་བཟླས་པའི་རིམ་པ་དག་གོ། །ད་ནི་གཞན་ཡང་འགྲོ་བའི་དོན་བྱས་པའི་ཕྱིར་ལས་ཀྱི་ཆོགས་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ཆེན་པོ་ནི་རྣམ་པར་སྣང་མཛད་དེ། དེའི་ཁྲོ་བོ་ནི་འཕགས་པ་གཤིན་རྗེ་གཤེད་དོ། །དེ་ཉིད་ཀྱི་རྡོ་ རྗེ་ནི་སྔགས་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་དེ། དེ་རྣམས་སྐྲག་པར་བྱེད་པ་ནི་འཇིག་རྟེན་སྐྱོང་བ་རྣམས་སོ། །དེ་རྣམས་ཀྱི་ཡང་ཁྲོ་བོ་ནི་གཤིན་རྗེ་མཐར་བྱེད་དེ། དེ་དང་དབྱེར་མེད་པས་སྔགས་ ཀྱང་དེ་བཞིན་དུ་བཤད་པ་སྟེ། དེ་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཨོཾ་ནི་རྣམ་པར་སྣང་མཛད་རྗེས་སུ་དྲན་པའོ། །ཧྲཱིཿནི་སྒྱུ་མའི་ས་བོན་ཏེ་གསུང་གི་རང་བཞིན་ནོ། །ཥྚྲྀ་ཞེས་པ་ནི་རྣམ་པར་གཅིག་པའི་ཕྱིར་ཐུགས་ཀྱི་ས་བོན་ནོ། །དེ་བས་ན་སྐུ་གསུང་ཐུགས་ཀྱི་རང་ བཞིན་ནོ། །བི་ཀྲྀ་ཏཱ་ན་ན་ཞེས་པ་ནི་ཞལ་དྲག་པོའོ། །སརྦྦ་ཤ་ཏྲཱུ་ན་ཞེས་པ་ནི་འཇིག་རྟེན་སྐྱོང་བ་རྣམས། ནཱ་ཤ་ཡ་ཞེས་པ་འཇིགས་ཤིག་པའོ། །འབྲོས་པ་དེ་རྣམས་ཀྱང་། སྟྭཾ་བྷ་ཡ་ཞེས་པ་ནི་རེངས་ཤིག་པའོ། །ཧཱུཾ་ནི་བསྐུལ་བ་ལའོ། །ཕཊ་ནི་ཁྲོས་པ་ལའོ། །སྭཱ་ཧཱ་ནི་མངོན་དུ་བྱེད་ པའི་ཕྱིར་རོ། །ད་ནི་སྦྱོར་བ་བཤད་པར་བྱ་བའི་ཕྱིར། དུག་ནི་ཁྲག་དང་ཀུན་དུ་སྦྱར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲུ་གསུམ་པའི་མེ་ཐབ་ལ་ཚེར་མའི་མེ་སྦར་ཞིང་མེ་དེ་ཡང་དང་པོ་རྒྱལ་རིགས་སམ་རྗེའུའི་རིགས་ཀྱི་ཁང་པ་ནས་བླངས་ཏེ། གཅེར་བུ་དང་སྐྲ་དཀྲོལ་ཞིང་གཤིན་ རྗེ་གཤེད་ཀྱི་ང་རྒྱལ་དང་ལྡན་པས་དུག་དང་ཁྲག་དང་སྐེ་ཚེ་དང་ལན་ཚྭ་རྣམས་ཉི་མ་ཕྱེད་དང་མཚན་ཕྱེད་ན་བརྒྱ་རྩ་བརྒྱད་དུ་བཟླས་ཏེ། ཆེ་གེ་མོ་འདི་ཞེས་བྱ་བ་ཝ་ཤ་མཱ་ནཱ་ཡ་ཧྲཱིཿ། ཞེས་པ་བུ་མོའི་མིང་ལ་བརྟེན་ཏེ་བརྗོད་ཅིང་ཞག་གསུམ་བསྲེགས་ན་དེའི་ཚེ་བུ་མོ་དེ་རེངས་པར་འགྱུར་རོ། ། བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་ཞེས་པ་ནི་གལ་ཏེ་རྣལ་འབྱོར་པ་དུས་དེ་ཙམ་གྱིས་འཆི་བར་མི་འགྱུར་ན་དེའི་ཚེ་བསྐལ་པ་དེ་ཙམ་གྱི་བར་དུ་འགྲུབ་པར་འགྱུར་རོ་ཞེས་ཕུལ་དུ་བྱུང་བའི་ཚིག་གོ། །སངས་རྒྱས་ནི་ཚངས་པ་དང་ཆོས་འཛིན་པ་ནི་ཁྱབ་འཇུག་དང་། རྡོ་རྗེ་སེམས་ དཔའ་ནི་དྲག་པོ་སྟེ། གལ་ཏེ་ལྷ་རྣམས་བུ་མོ་དེ་རྣམས་ཀྱི་བདག་པོ་ཡིན་པས་སྒྲུབ་པ་པོའི་སྦྱོར་བ་ལས་འདས་པར་བྱེད་ན་དེའི་ཚེ་དེ་རྣམས་ཀྱི་སྲོག་སྦྱོར་བ་དེ་ཉིད་ཀྱིས་ཟད་པར་འགྱུར་ཏེ། མི་འཇིག་པའི་ནུས་པ་དང་ལྡན་པའི་སྔགས་འདི་ཡིན་ནོ་ཞེས་སྟོན་ཏོ། །འདི་ཉིད་ཀྱི་སྦྱོར་བ་གཞན་ བཤད་པར་བྱ་སྟེ། བཅུ་བཞིའམ་ཡང་ན་ཚེས་བརྒྱད་ལ། །ཞེས་བྱ་བ་ལ་སོགས་པ་ལ། མར་ངོའི་ཚེས་བརྒྱད་པའམ་བཅུ་བཞི་ལ་བུད་མེད་ཀྱིས་རྗེས་སུ་འབྲང་བའི་སྐྱེས་བུ་བསྲེགས་པའི་སོལ་བའི་དུམ་བུ་བླངས་ཏེ། དེ་ཉིད་སྔགས་འདིས་བྱིན་གྱིས་བརླབས་ནས་བརྒྱ་རྩ་བརྒྱད་དུ་ བཟླས་ཏེ། གཤིན་རྗེ་གཤེད་ཀྱི་དམིགས་པས་སོལ་བ་དེའི་ཆ་མགོ་བོ་ལ་བཏབ་མ་དེས་ནི་སྒྲུབ་པ་པོ་དེ་ལ་སྟེར་བར་འགྱུར་བ་ནི་ནོར་དང་འབྲུ་ལ་སོགས་པ་སྟེར་བར་བྱེད་པའོ། །དེ་བཞིན་དུ་སྔགས་འདི་ཉིད་ཀྱིས་དུར་ཁྲོད་ཀྱི་སོལ་བའི་དུམ་བུ་བྱིན་གྱིས་བརླབས་ལ་བསྒྲུབ་བྱའི་གཟུགས་ ཐལ་བས་བྲིས་ཏེ། འབྱུང་པོའི་ཞག་གི་ཉི་མ་ཕྱེད་དང་མཚན་ལ། སེམས་དྲག་པོས་བསྒྲུབ་བྱའི་མགོ་བོ་ལ་སོལ་བའི་དུམ་བུ་དེས་སོག་ལེའི་ཚུལ་གྱི་རི་མོ་བྲིས་ན་དགྲ་བོ་དེ་དེ་མ་ཐག་ཏུ་གཉིས་སུ་ཕྱེ་ཞིང་འཆི་བར་འགྱུར་རོ། །སྔགས་འདི་ཉིད་ཀྱིས་ས་ལ་སོགས་ པ་ལས་བྱས་པའི་གཟུགས་བརྙན་ལ། ཐོ་བ་ནི་རྡོ་རྗེ་ཐོ་བ་སྟེ་བརྒྱ་རྩ་བརྒྱད་དུ་བཟླས་ལ། དེ་ཉིད་ཧཱུཾ་ནི་རབ་ཏུ་འབར་དང་བཅས། །ཞེས་པ་ནི་འབར་བའི་རྡོ་རྗེས་མཚན་པར་བསམས་ཏེ། དེའི་མགོ་བོ་ལ་དྲག་པོའི་སེམས་ཀྱིས་མངོན་སྤྱོད་ཀྱི་ཞག་ལ་ཕབ་ན་བསྒྲུབ་བྱ་ཤི་བར་འགྱུར་རོ། ། དེ་ཉིད་ཀྱི་ཕྱིར་གདུག་པ་ཐམས་ཅད་ནི་བླ་མ་ལ་སོགས་པ་སྨོད་པ་རྣམས་རྡོ་རྗེ་ཐོ་བ་འདིས་འཇིག་པར་བྱེད་དོ། །ཕྱག་ན་རྡོ་རྗེའི་རིགས་ནི་གལ་ཏེ་དེའི་རིགས་ལ་གདུག་པ་ཡོད་ན་དེ་ཡང་འཇིག་པར་འགྱུར་ཏོ། ནུས་པ་བསྟན་ཏོ། །དེ་བཞིན་དུ་སྔགས་འདི་ཉིད་ཀྱིས་རྡོ་རྗེས་མཚན་པའི་སྟ་རེ་བྱིན་ གྱི་རླབས་ཀྱིས་བརླབས་ཏེ། མངོན་སྤྱོད་ཀྱི་རྫས་རྣམས་ཀྱིས་དགྲ་བོའི་གཟུགས་བརྙན་བྲིས་ཏེ། དམར་པོ་ལ་སོགས་པའི་རྡོ་རྒྱུས་ཀྱི་སྟ་རེས་སྐྱེས་པའམ་བུད་མེད་ཀྱི་མགྲིན་པ་བཅད་ན་འཆི་བར་འགྱུར་རོ། །སྦྱོར་བ་འདིས་སངས་རྒྱས་ནི་གཞན་གྱི་སྦྱོར་བ་ལ་མཁས་པ་དང་། སྐུ་ གསུམ་ནི་ལུས་ངག་ཡིད་ཀྱི་རིན་ཆེན་མཆོག་ནི་ཕུལ་དུ་བྱུང་བའི་རང་བཞིན་དང་ལྡན་པ་སྟེ། སེམས་ཅན་ཀུན་ལ་ཕན་འདོད་པ་ནི་སེམས་ཅན་ཀུན་ནི་ནོར་ཕྲོགས་ཏེ་བདག་ལ་ཕན་འདོད་པ་གང་ཡིན་པ་དེ་ལྟ་བུའི་གདུག་པ་རྒྱལ་པོ་ལ་སོགས་པ་གལ་ཏེ་ཡིན་ན་དེའི་ཚེ་གནད་པར་འགྱུར་ བའམ། ཤི་བར་འགྱུར་རོ་ཞེས་འདིར་ཐེ་ཚོམ་མེད་དོ། །སྔགས་འདི་ཉིད་ཀྱིས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་ལས་ཀྱི་རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེ་སྟེ། མེ་སྟག་མང་པོ་འཁྲིག་པ་ཅན་ནི་འོད་ཟེར་གྱི་ཚོགས་སྤྲོ་བར་བསམས་ཏེ། དེའི་དབུས་སུ་ཡང་ཡི་གེ་ཧཱུཾ་ལས་བྱུང་བའི་ཉི་མ་ བཅུ་གཉིས་ཀྱི་འོད་དང་འདྲ་བའི་ཁྲོ་བོ་རྡོ་རྗེ་རྩེ་ལྔ་པ་བསྒོམ་ཞིང་དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་སྤྲིན་གྱི་རྒྱུན་རྣམས་བསྐམས་ན་ཆུ་རེངས་པར་འགྱུར་རོ། །དེ་བཞིན་དུ་སློབ་དཔོན་གྱི་རིགས་གང་ཡང་རུང་བས་དཀྱིལ་འཁོར་བྲི་བར་བརྩམས་ན་དེ་ལ་གལ་ཏེ་རླུང་ལ་སོགས་ པའི་བགེགས་རྣམས་འབྱུང་ན་འདིར་མཆེ་བའི་ཕྱག་རྒྱ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བཅིངས་ནས། གདུག་པའི་དགྲ་ནི་གཤིན་རྗེ་གཤེད་དེ་དེ་ཉིད་དྲན་པར་བྱ་བ་ནི་དེའི་བསམ་གཏན་དམིགས་པར་བྱ་ཞིང་དེ་ཉིད་ཀྱི་སྔགས་ཀྱང་བརྗོད་པར་བྱའོ། །དེ་ལྟར་བྱས་ན་གལ་ཏེ་སངས་རྒྱས་ནི་ལྷ་ རྣམས་དང་། བྱང་ཆུབ་སེམས་དཔའ་ནི་ལྷ་མ་ཡིན་རྣམས་ཀྱིས་བགེགས་དེ་སྤྲུལ་པར་གྱུར་ན་ཡང་དེའི་ཚེ་མཐོང་བ་ཙམ་གྱིས་ནི་རྣལ་འབྱོར་པས་བལྟས་པ་ཙམ་གྱིས་འཇིག་པར་འགྱུར་རོ། །གཞན་ཡང་གལ་ཏེ་འབིགས་བྱེད་ལ་སོགས་པའི་དགོན་པ་རྣམས་སུ་འགྲོ་བ་ཡིན་ན། དེའི་ཚེ་སངས་རྒྱས་ནི་གཞན་གསོད་པ་ལ་མཁས་པ་སེང་གེ་ལ་སོགས་པ་དང་། བྱང་ཆུབ་ནི་མི་སྣང་བར་བྱེད་པ། སེམས་ནི་བསམ་པ་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སྟེ། ཕྲ་མེན་མ་ལ་སོགས་པ་དང་དེ་བཞིན་གཞན་གདུག་པ་ནི་སྦྲུལ་དང་སྤྱང་ཀི་དང་ཆུ་སྲིན་ལ་སོགས་པ་སྟེ། དེ་རྣམས་སྔགས་འདི་དང་བསམ་གཏན་གྱིས་སྐྲག་པར་བྱས་ན་འཆི་བར་འགྱུར་རོ། །ཁྱད་པར་བཤད་པར་བྱ་སྟེ། སྔགས་ཐམས་ཅད་ནི་ཁོ་བོའི་སྔགས་རྣམས་ཀྱིས་གསང་བ་ནི་སྦ་བར་བྱ་བ་དང་། སྙིང་པོ་ནི་དགའ་བར་བྱེད་པས་ན་ནུས་པ་སྐྱེད་པར་བྱེད་པ་ཕཊ་དོ། །འདི་དང་པོ་བརྗོད་ལ་ ཕྱི་ནས་ཨོཾ་ཧྲི་ཞེས་བྱ་བ་ལ་སོགས་པ་བརྗོད་ན་གདུག་པ་འཆི་བར་འགྱུར་ཏེ་བསྐྱེད་པའི་རིམ་པའོ། །ད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ནི་འོད་ གསལ་བ་ལས་བྱུང་བའི་སེམས་དཔའ་ནི་ཡེ་ཤེས་སེམས་དཔའ་སྟེ། ཡེ་ཤེས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །དོན་སྦྱོར་བ་ནི་དེ་ལ་དམིགས་ཤིང་། དབུས་སུ་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སྐུའི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ལ་གང་ཡང་རུང་བའི་སྐུ་བསྒོམ་པར་བྱའོ། ། གནས་བཞི་ནི་ལྐོག་མ་དང་སྙིང་ག་དང་ལྟེ་བ་དང་། གསང་བ་རྣམས། སྔགས་ཞེས་པ་ནི་སྔགས་ཀྱི་ངོ་བོའི་དབྱེ་བ་ཤེས་པའི་རྣལ་འབྱོར་པས། བུད་མེད་ནི་སྤྱན་ལ་སོགས་པ་གཞན་པ་ནི་དེ་ལ་གནས་པར་བསྒོམ་པར་བྱའོ། །དེ་ནས་རྒྱན་རྣམས་ཐམས་ཅད་ཀྱིས་རྫོགས་པ་ནི་དམར་ པོ་དང་དཀར་པོ་དང་ནག་པོ་དང་སེར་པོའི་མདོག་དང་ལྡན་པའི་རླུང་རྣམས་སོ། །མཚན་རྣམས་ཐམས་ཅད་ཀྱིས་མཚན་པ་ནི་གཡས་དང་གཡོན་དང་གཉིས་ཀ་དང་དལ་བུས་དམན་པར་གྱུར་པས་སྤྲོ་ཞིང་པདྨོ་ནི་ཡི་གེ་ཨ་དང་རྒྱས་པ་ནི་ཨོཾ་དང་སྔགས་འདི་ནི་ཐུགས་ཀྱི་ས་བོན་ཏེ། དེའི་རྗེས་ལ་བསྒོམ་པར་བྱ་སྟེ་དགོད་པར་བྱའོ། །ཨོཾ་ཨཱཿཧཱུཾ་དེ་དག་འོད་ཟེར་ལྔའི་དབྱེ་བས་ནི་སྤྲོ་བ་དང་བསྡུ་བའི་རིམ་གྱིས་རྡོ་རྗེ་འཆང་གི་རང་བཞིན་བསྒོམ་ཞིང་སྤྲོས་ལ་ཡང་རང་གི་ལུས་ལ་སོགས་པ་ལ་ཕབ་པ་ནི་བསྡུ་བར་བྱའོ། །དེ་ལྟར་རྣལ་འབྱོར་པས་བྱང་ཆུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ ཐོབ་པར་འགྱུར་རོ། །དེ་མ་ཐག་པ་ནི་བཟླས་མ་ཐག་ཏུ་ལྡང་ན། རྣམ་པར་སྣང་མཛད་ནི་བརྟག་པ་དང་མཚུངས་པ་དང་། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་དང་། རྒྱལ་པོ་ཆེན་པོ་ནི་འོད་དཔག་ཏུ་མེད་པ་དང་། སངས་རྒྱས་སྐུ་ནི་རིན་ཆེན་འབྱུང་ལྡན་དང་། རྡོ་རྗེ་འཛིན་ནི་དོན་ཡོད་གྲུབ་ པ་སྟེ་དེ་དང་འདྲ་བར་འགྱུར་རོ། །སེམས་དཔའ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་སྟེ། དེ་བསྐྱེད་པ་ནི་དེའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་རྡོ་རྗེ་ལྟར་བརྟན་པར་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་བདག་ལ་བྱིན་གྱིས་བརླབས་པ་དང་རྡོ་རྗེ་བཟླས་པའི་རིམ་པ་དག་གོ། །དེ་ བཞིན་དུ་ཕྱག་རྒྱ་ལ་མོས་པའི་རིམ་པ་གཞན་བསྟན་པར་བྱ་བའི་ཕྱིར་བཞིན་བཟངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་རྣམས་ཀྱིས་སྔ་མ་བཞིན་དུ་བཞིན་བཟངས་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་གདོལ་པ་ལ་ སོགས་པའི་བུ་མོ་རྣམས་རྙེད་ཅིང་དབེན་པའི་གནས་ལ་སྔགས་དང་ཕྱག་རྒྱའི་རིམ་པ་སྔོན་དུ་འགྲོ་བའི་མཆོད་པ་ནི་སྙོམས་པར་ཞུགས་པའི་མཚན་ཉིད་ཅན་བྱས་ཏེ། དེ་ལས་བྱུང་བའི་གསང་བ་ནི་བྱང་ཆུབ་ཀྱི་སེམས་བླངས་ཏེ། བཟའ་བར་བྱ་བ་ནི་པདྨའི་སྣོད་དུ་གནས་པ་ཁོ་ན་ ལྕེས་བླང་བར་བྱའོ། །དེ་ལྟར་གསང་བའི་དབང་བསྐུར་བ་བླ་མ་ལས་རྙེད་པ་གང་ཡིན་པ་དེ་ཡང་དང་ཡང་དུ་སློབ་པའི་ཕྱིར་རིམ་པ་དེ་བསྟན་ཏོ། །འབྲས་བུ་བཤད་པར་བྱ་སྟེ། དེ་མ་ཐག་ཏུ་རྣལ་འབྱོར་པ་དེ་འཇམ་དཔལ་ནི་ལོ་བཅུ་དྲུག་ལོན་པའི་གཞོན་ནུ་སྟེ། དེ་དང་འདྲ་བའི་གཟི་ བརྗིད་ནི་མདངས་དང་ལྡན་པར་འགྱུར་རོ། །མི་སྣང་བ་ནི་སོ་དང་སྐྲ་དང་སེན་མོ་ལ་སོགས་པའི་རྙིང་པ་འཇིག་པའོ། །བདག་པོ་ནི་ངག་སྙན་པའོ། །དཔལ་དང་ལྡན་པ་ནི་སྟོབས་དང་ལྡན་པའོ། །འཛམ་བུ་གསེར་གྱི་མདངས་འདྲར་འགྱུར། །ཞེས་པ་ནི་གསེར་གྱི་མདངས་དང་འདྲ་བར་ འགྱུར་རོ། །ཇི་སྐད་དུ། དུས་དེ་ནས་བརྩམས་དེ་ནི་རྣམ་མི་རྟོག །ཅེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་བཞིན་དུ་བཤང་བའམ་ཡང་ན་བཟའ་བའམ་ཞེས་བྱ་བ་ལ་སོགས་པ་ལ། བཟའ་བ་དང་བཤང་བ་ནི་ཚོད་མ་དང་ཤ་སྟེ། དེ་ལ་སོགས་པ་གང་ཡང་རུང་བ་བསྔགས་ནས་ནི་ ཞེས་པ་ནི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་ཟོས་ན་དེའི་ཚེ། སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣལ་འབྱོར་པ་དེ་ལ་མི་མཐོང་ནི་མི་གཟིགས་པ་ཡིན་ནོ་ཞེས་སྟོན་ཏོ། །དེ་བཞིན་དུ་བཤང་བ་ནི་རྣམ་པར་སྣང་མཛད་ཀྱི་མཐའ་མའི་དུམ་བུ་གཅིག་སྟེ། དེ་ཉིད་ བྱིན་གྱིས་བརླབས་ལ་ཁམ་ཕོར་ཁ་སྦྱོར་ནི། ཐོད་པའི་ཁ་སྦྱོར་ལ་བཞག་ཅིང་བརྒྱ་རྩ་བརྒྱད་དུ་བཟླས་ཏེ་ཟོས་ན། སངས་རྒྱས་ཉི་མ་ནི་རྫུ་འཕྲུལ་ཐོབ་པའི་ཁ་སྦྱོར་རྣམས་ཀྱིས་མཐོང་བར་མི་འགྱུར་རོ། །དེ་བཞིན་དུ་ཁྱི་དང་རྟ་དང་མི་ཤ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་སྔ་མ་ བཞིན་དུ་ཐོད་པའི་ཁ་སྦྱོར་ལ་བསྒྲུབས་ཤིང་ཟོས་ན་མི་སྣང་བར་འགྱུར་རོ། །གཞན་ཡང་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་བཤང་བ་ལ་སོགས་པ་བདུད་རྩི་ལྔའི་རི་ལུ་ཀ་ར་ཤུས་དཀྲིས་པར་བྱས་ལ་དེ་ཉིད་རྡོ་རྗེ་དང་པདྨའི་ནང་དུ་བཅུག་ཅིང་དེ་ལས་ཕྱུང་སྟེ་ཟོས་ན་མི་སྣང་བར་འགྱུར་རོ། ། མི་བསྐྱོད་པའི་རྣལ་འབྱོར་པས་ཤ་ཆེན་དང་། རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་ཁྱི་ཤ་དང་། སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས་གླང་པོའི་ཤ་དང་། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་བ་ལང་གི་ཤ་དང་། དོན་ཡོད་གྲུབ་པའི་རྣལ་འབྱོར་པས་ག་པུར་དང་ཙནྡན་གྱི་ རི་ལུ་འཛིན་པར་བྱའོ། །དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཤང་བ་ལས་བྱུང་སྲོག་ཆགས་ལས། །ཞེས་བྱ་བ་ལ་སོགས་པ་ལ། མི་བསྐྱོད་པའི་རྣལ་འབྱོར་པས་བཤང་བ་ལས་བྱུང་བའི་སྲོག་ཆགས་ཀྱི་རི་ལུ་འཛིན་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ པས་ག་པུར་དང་ཙནྡན་གྱི་རི་ལུ་འཛིན་པར་བྱའོ། །སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས་གི་ཝང་དང་ཨ་ཀ་རུའི་རི་ལུ་འཛིན་པར་བྱའོ། །དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ཏེ་བསྒྲུབ་པར་བྱའོ། །ད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ ཁྱད་པར་བཤད་པར་བྱ་བའི་ཕྱིར། རྡོ་རྗེ་འཛིན་པ་གང་ཡང་རུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དང་པོ་རྣལ་འབྱོར་མངོན་པར་བྱང་ཆུབ་པའི་རིམ་པས་འོད་གསལ་བ་ལ་ཞུགས་ཏེ། དེའི་རྗེས་ལ་ཕྱག་རྒྱ་ཆེན་པོ་ནི་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུ་ལ་དམིགས་ཏེ། དེ་ནི་དེ་དང་འདྲ་བ་ནི་དེའི་དངོས་གྲུབ་གཙོ་བོར་གྱུར་པ་དང་། དཔལ་ལྡན་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་ལྡན་པའི་ཕྱིར་ཏེ། སྟོབས་ཆེན་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། ཕ་རོལ་གནོན་པ་ནི་མངོན་པར་ཤེས་པ་དྲུག་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །རྫུ་འཕྲུལ་ དེ་ཉིད་བཤད་པར་བྱ་སྟེ། དཔག་ཚད་བྱེ་བ་རྫོགས་པའི་ཞེས་བྱ་བ་ལ་སོགས་པ་ལ། དཔག་ཚད་བྱེ་བ་ནི་རྒྱ་ཆེ་བ་གང་ཞིག་སྟེང་དུ་ཚངས་པའི་སྒོ་སྟེ། དེའི་སྟེང་དུ་རྡོ་རྗེ་བཞིན་དུ་མཉམ་པས་འགྲོ་བར་འགྱུར་རོ། །སྟོང་གསུམ་ནི་འཇིག་རྟེན་གྱི་ཁམས་ཏེ་དེར་ཡང་དེར་ནི་འོག་དང་ སྟེང་གི་དབྱེ་བས་འགྲོ་བར་འགྱུར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི་ཕྱིར་དཔལ་ལྡན་ནོ། །སངས་རྒྱས་ཀྱི་སྐུ་དང་འདྲ་བའི་འོད་གང་ལ་ཡོད་པ་དེ་ནི་བཤད་པ་སྟེ། རང་གི་ལུས་པོའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་ཀྱི་སྐུ་རྣམས་སྤྲོ་བར་བྱེད་པའོ་ཞེས་ སྟོན་ཏོ། །འདོད་པ་ནི་གཟུགས་ལ་སོགས་པའི་ཡུལ་ལྔ་སྟེ། དེ་རྣམས་འཛིན་པས་ན་འདོད་ཁམས་ཏེ་དབང་པོ་རྣམས་སོ། །དེ་ལ་གནས་པའི་གང་ཞིག་བུ་མོ་ནི་ཡེ་ཤེས་སྐྱེ་བའི་རྒྱུར་གྱུར་པའི་རྣམ་པར་ཤེས་པ་དྲུག་གོ། །ལྷའི་ལོངས་སྤྱོད་ནི་བདག་ཏུ་ལྟ་བ་ལ་སོགས་ པའི་ཉོན་མོངས་པ་བཞི་སྟེ། དེ་དང་ལྡན་པའི་ལྷའི་ལོངས་སྤྱོད་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པའོ། །འཁྲུགས་པ་ནི་འཁོར་བར་ལྟུང་བར་བྱེད་པའི་བརྟུལ་ཞུགས་སྤྱོད་པ་གང་ལ་ཡོད་པ་དེ་ནི་འཁྲུགས་པའི་བརྟུལ་ཞུགས་ཏེ། ཀུན་གཞི་རྣམ་པར་ཤེས་པའོ། །གཟུགས་ ནི་ཆ་བྲུག་པའི་གོང་བུ་ཏེ་སྐྱེད་པར་བྱེད་པས་ན་གཟུགས་ཁམས་ནི་རང་བཞིན་རྣམས་སོ། །དེ་ལ་གནས་པའི་བུ་མོ་ནི་ཤེས་རབ་དང་ཐབས་དང་མ་རིག་པ་སྟེ། དེ་རྣམས་ཐམས་ཅད་སྟོབས་ཆེ་ནི་དྲག་ཤུལ་གྱིས་འདོད་པ་སྤྱོད་པ་ནི་མི་སྣང་བར་བྱའོ་ཞེས་སྟོན་ཏོ། །དམ་ཚིག་ནི་ཡེ་ཤེས་ རྣམས་དང་ཐ་མལ་པའི་ལུས་ཏེ། དེ་རྣམས་མི་སྣང་བ་ནི་སྣང་བ་ཉིད་དུ་གང་གིས་མཛད་པ་དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་བསྡུས་པའི་ཚིག་སྟེ། ཟུང་འཇུག་དང་སེམས་རྣམ་པར་དག་པའི་རིམ་པའོ། །དེ་ནས་སངས་རྒྱས་རབ་དགྱེས་དག ། ཅེས་བྱ་བ་ལ་སོགས་པ་ལ། དེ་ནས་ནི་དེའི་འོག་ཏུའོ། །སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། གསན་པས་རབ་ཏུ་དགྱེས་པ་དང་། སེམས་འཁྲུལ་པ་ནི་ཐུགས་འཁྲུལ་བ་ལ་ལྡོག་པས། ཡིད་ལ་དབང་བ་ནི་བསམ་པའི་སྒོ་ནས་ཡེ་ཤེས་ཀྱི་སྣང་བ་ཐོབ་པ་ དང་། སྤྱན་གདངས་པ་ནི་སྒོམ་པའི་སྒོ་ནས་ཏེ། གསུང་ནི་འདི་སྐད་ཅེས་པ་ནི་དགྱེས་པའི་ངག་བཀའ་སྩལ་པའོ། །དེ་ཉིད་བཤད་པར་བྱ་བ་སྟེ་ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་ཨེ་མའོ་ཞེས་པ་ནི་ངོ་མཚར་བ་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏོ། །གསང་གནས་ནི་སྔགས་ཀྱི་ཚིག་རྣམས་ ཏེ། དེ་དག་གིས་འགྲུབ་པ་གང་ཞིག་མི་འགྱུར་བ་ནི་མི་འཇིགས་པའི་ལས་ཀྱི་ཚོགས་ཏེ། དེ་ཡང་ངོ་མཚར་བའོ། །ངོ་བོ་ཉིད་ཀྱིས་དག་པ་ནི་འོད་གསལ་བ་རྟོགས་པ་དང་། ཆོས་ནི་སྔགས་ཀྱི་སྐུ་སྟེ། དེ་ཡང་ཤིན་ཏུ་དྲི་མེད་ནི་རྣམ་པར་མི་རྟོག་པ་སྟེ། དེ་ཡང་ཤིན་ཏུ་ ངོ་མཚར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་ཚིག་གསན་མ་ཐག་ཏུའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་མ་རྣམས་ཏེ། དེ་ཉིད་འཛིན་པ་ནི་སྤྱི་བོར་འཛིན་པས་ནི་རྡོ་རྗེ་འཛིན་ནོ། །རིགས་ཀྱི་དབྱེ་བས་སྟོན་པར་མཛད་པས་ན་ སྟོན་པའོ། །འགྲོ་བ་སྤྲུལ་པའི་ཕྱིར་བསྐྱེད་པའོ། །ཕྱིར་མི་ལྡོག་པའི་དབང་སོགས་པའི་ཕྱིར་མི་འགྱུར་ཆེའོ། །དག་པ་རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཉིད་ལས་ཆོས་ཆེན་པོ་ནི་ལྷ་འབྱུང་བ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །བཅོམ་ལྡན་ འདས་དེས་རྡོ་རྗེ་གསུམ་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་མ་སྟོན་པར་བྱེད་པའི་གསུང་བཀའ་སྩལ་ཏོ། །སེམས་དཔའ་རྡོ་རྗེ་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ་སེམས་དཔའ་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེའི་སྦྱོར་བ་ནི་དེ་ཉིད་ཀྱི་དབང་བསྐུར་བས་རྡོ་རྗེ་འཛིན་ རྣམས་ནི་མི་བསྐྱོད་པའི་རིགས་ཅན་རྣམས་མཉེས་པར་གྱུར་པ་ནི་ཅོད་པན་བྱའོ། །དེ་བཞིན་དུ་སངས་རྒྱས་བྱང་ཆུབ་ནི་རྣམ་པར་སྣང་མཛད་དེ། དེ་ཉིད་ཀྱི་རབ་དབྱེ་བ་ནི་བསམ་གཏན་གྱིས་རྡོ་རྗེ་ཅན་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་ལ་ཅོད་པན་བྱའོ། །རྡོ་རྗེ་སའི་ སྙིང་པོ་ལ་སོགས་པ་དང་། སྤྱན་གྱི་གཟུགས་ལ་སོགས་པ་ནི་སྤྱན་དང་གཟུགས་རྡོ་རྗེ་མ་ལ་སོགས་པ་སྟེ། དེ་རྣམས་ལ་རྣམ་པར་སྣང་མཛད་དེ་ཉིད་ཀྱིས་གཙུག་ཏོར་མཉེས་པར་བྱེད་པ་ནི་ཅོད་པན་བྱེད་པ་ཡིན་ནོ། །ཁྲོ་བོ་ནི་དེ་ཉིད་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པ་སྟེ། དེ་རྣམས་ ལ་ཡང་སངས་རྒྱས་རྡོ་རྗེ་ནི་རྣམ་པར་སྣང་མཛད་དེ་ཉིད་ཀྱིས་རབ་བསྒོམ་པ་ནི་ཅོད་པན་བྱའོ། །རིག་པའི་རྒྱལ་པོ་ནི་མི་བསྐྱོད་པ་སྟེ། དེ་ཉིད་ཀྱི་མཆོག་ནི་མཱ་མ་ཀཱི་དང་། ཆོས་རྣམས་ནི་སྒྲ་རྡོ་རྗེ་མ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་སྟེ། དེ་རྣམས་ལ་དཀོན་མཆོག་དཔལ་ནི་རིན་ ཆེན་འབྱུང་ལྡན་གྱིས་ཅོད་པན་བྱའོ། །གལ་ཏེ་མཱ་མ་ཀཱི་སྐུ་མདོག་སེར་མོ་ཡིན་ན་དེའི་ཚེ། རིན་ཆེན་འབྱུང་ལྡན་གྱིས་ཅོད་པན་བྱའོ། །གང་གི་ཚེ་དེ་ཉིད་སྐུ་མདོག་ནག་མོ་ཡིན་ན་དེའི་ཚེ་ཐུགས་རྡོ་རྗེས་ཅོད་པན་དུ་བྱ་སྟེ་ཁྱད་པར་རོ། །གང་གི་ཕྱིར་མཱ་མ་ཀཱི་ནི་རིགས་གཉིས་ པ་ཡིན་ནོ། །རིག་པའི་རྒྱལ་མོ་ནི་གོས་དཀར་མོ་དང་སྦྱོར་བ་ནི་འཇིག་རྟེན་དབང་ཕྱུག་དང་། རྟ་མགྲིན་དང་དྲི་རྡོ་རྗེ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དབུ་ལ་འོད་དཔག་ཏུ་མེད་པ་བསྒོམ་པར་བྱའོ། །ཐམས་ཅད་ལས་བྱེད་པའི་ལྷ་མོ་སྒྲོལ་མ་དང་། སྔགས་རྣམ་པར་སེལ་བ་དང་། བདུད་རྩི་འཁྱིལ་པ་དང་། རོ་རྡོ་རྗེ་མ་ལ་སོགས་པ་སྟེ། དེ་རྣམས་ལ་གདོན་མི་ཟ་བ་ནི་དོན་ཡོད་གྲུབ་པས་ཅོད་པན་བྱ་བ་ཡིན་ནོ། །སྔགས་རྣམས་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ལ་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོ་དང་། མི་བསྐྱོད་པས་ ཅོད་པན་དུ་བྱའོ། །གནོད་སྦྱིན་མ་ནི་རྡོ་རྗེ་རོ་ལངས་མ་ལ་སོགས་པ་དང་། སྔགས་རྒྱུད་ནི་ཁྲོ་གཉེར་མ་དང་རྡོ་རྗེས་འཛིན་མ་དང་། རལ་པ་གཅིག་མ་ལ་སོགས་པ་སྟེ། དེ་རྣམས་ལ་གཤིན་རྗེ་གཤེད་ཀྱིས་ཅོད་པན་དུ་བྱའོ། །སྔགས་རྣམས་ཐམས་ཅད་ནི་ཕྱི་ནས་གསུངས་པའི་ཁྲོ་ གཉེར་མ་ལ་སོགས་པའི་སྤྱི་བོར་བསྐུལ་བ་ནི་རྒྱས་གདབ་པ་སྟེ། རིགས་དང་རྗེས་སུ་མཐུན་པས་ཤིས་པ་ནི་འདོད་པ་ཡིན་ནོ། །དམ་ཚིག་ཆེན་པོ་ནི་རང་རང་གི་རིགས་ཀྱིས་རྒྱས་བཏབ་པ་ལ། རྡོ་རྗེ་ནི་དབང་དང་ལྡན་པ་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་བ་དང་སྦྱར་རོ། །བསམ་ གཏན་འཁོར་ལོ་འདིས་ཞེས་པ་ནི་འདས་མ་ཐག་ཏུ་བཤད་པའི་ཅོད་པན་བྱེད་པའི་བསམ་གཏན་གྱི་ཚོགས་ཀྱིས། སྔགས་ནི་དེ་བཞིན་གཤེགས་པ་རྣམས་མཉེས་པ་ནི་དྲིན་བྱེད་པ་དང་། དཀྱིལ་འཁོར་ནི་དེ་ཉིད་སྙིང་པོར་གྱུར་པ་དང་། རང་གི་རིགས་རྗེས་སུ་དྲན་པའི་ཕྱིར་སྒྲུབ་ པ་པོ་རྣམས་ལ་ཡང་ཕན་པའོ། །དེ་བཞིན་དུ་དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཆང་། སྒྲུབ་པ་ནི་ཐོབ་པར་བྱེད་པ་སྟེ། ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ནོ། །ད་ནི་དབབ་པའི་ཆོ་ག་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་སྣོད་འདུས་བྱས་པ་སྟེ། དེ་འཛིན་ པས་ན་རྡོ་རྗེ་འཛིན་ནོ། །ལུས་ངག་ཡིད་རྣམ་པར་དག་པར་མཛད་པའི་ཕྱིར་སྟོན་པའོ། །ཆོས་རྣམས་ཀུན་ནི་རེངས་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དབང་ཕྱུག་ནི་བྱེད་པའོ། །དེ་རྣམས་བསྟན་པས་ན་གཙོ་བོའོ། །སྐུ་གསུང་ཐུགས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་སྟེ། དེ་རྣམས་ཡང་དག་པར་མཁྱེན་པས་ན་རྫོགས་སངས་རྒྱས་སོ། །བཅོམ་ལྡན་འདས་དེས་ཡེ་ཤེས་ནི་སྣོད་དེ། དེའི་རྡོ་རྗེ་ནི་དབབ་པའི་ཆོ་ག་བཀའ་སྩལ་པའོ། །དེ་ཉིད་བཤད་པར་བྱ་སྟེ། རི་རྩེ་ཉམས་ནི་དགའ་བ་དང་། །ཞེས་བྱ་བ་ལ་སོགས་པ་ལ། རི་བོའི་རྩེ་མོ་དང་རབ་ཏུ་ དབེན་པ་ནི་དགོན་པ་ཆེན་པོ་ལ་སོགས་པའི་གནས་ཏེ། ཉམས་དགའ་བ་ནི་མེ་ཏོག་དང་འབྲས་བུ་ལ་སོགས་པ་དང་ལྡན་པའི་གནས་སུ། བསམ་གཏན་རྡོ་རྗེ་ནི་མི་གཡོ་བའི་ཏིང་ངེ་འཛིན་ཏེ་དེ་བྱའོ། །ཅིའི་ཕྱིར་ཞེ་ན། བཟླས་སྔགས་ནི་དབབ་པའི་སྔགས་རྣམས་ཏེ། དེ་རྣམས་ ཀྱི་སྦྱོར་བ་ནི་ཡང་དག་པར་སྦྱོར་བ་སྟེ། དེའི་ཕྱིར་རོ་ཞེས་སྟོན་ཏོ། །གང་གི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་སྣོད་གཞན་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཏེ་དེ་དག་ཐམས་ཅད། །སྔགས་ནི་བཟླས་པའི་སྔགས་དང་། བསམ་གཏན་ནི་ཏིང་ ངེ་འཛིན་གྱིས་བསྐུལ་བ་ནི་སད་པ་ཡིན་ན། དེའི་ཚེ་ལས་རྣམས་སྣ་ཚོགས་ནི་འདས་པ་ལ་སོགས་པ་བྱེད་པར་གྱུར་པ་ནི་སློབ་མའི་སྒོ་ནས་སྨྲ་བར་བྱེད་པའོ། །གསུང་གི་ལས་ནི་སྣང་བ་མཐའ་ཡས་ཏེ། དེའི་བཀའ་བཞིན་ཞེས་པ་ནི་འདིར་ནི་ཐེ་ཚོམ་མི་བྱའོ་ཞེས་སྟོན་ཏོ། །ཏིང་ངེ་འཛིན་ བཤད་པར་བྱ་སྟེ། རྡོ་རྗེ་ཆོས་ཀྱི་གཟུགས་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་ཏེ། དེའི་གཟུགས་ཆེན་པོ་ནི་དེའི་རྣམ་པའི་སྣོད་དོ། །པདྨ་རཱ་གའི་འོད་འདྲ་བ། །ཞེས་པ་ནི་ཁ་དོག་དམར་པོ་དང་ཇི་ལྟར་དབྱིབས་དང་། ཚུལ་དང་ལྡན་པར་བསྒོམས་ ལ། དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་སྐུ་ལ་སོགས་པའི་གནས་ལ་རིགས་གསུམ་གྱི་ས་བོན་བཏབ་པ་ནི་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟ་བུའི་དབབ་པའི་ཆོ་ག་བྱེད་ན་འགྲུབ་པར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །དབྱེ་བ་བཤད་པར་བྱ་སྟེ། བསྐུལ་བ་ནི་མ་འོངས་ པའི་ལྷའི་ནུས་པས་སྙིང་སྟོབས་ཀྱི་རྒྱལ་པོ་བརྒྱད་དོ། །དཔེར་ན། རེངས་པ་རྡུལ་དང་བ་སྤུ་ལྡང་། །སྐད་འགྱུར་དེ་བཞིན་འདར་བ་ཉིད། །མདོག་འགྱུར་མཆི་མ་ཐིགས་བ་སྟེ། །དེ་ནི་སྙིང་སྟོབས་བརྒྱད་བསྟན་པའོ། །རེངས་པ་ནི་འཕར་བ་དང་འདར་བ་དང་འཁོར་བའོ། ། དེ་ལ་འཕར་བ་ནི་སྟེང་དུ་འགྲོ་བ་དང་། འདར་བ་ནི་དབང་པོ་ཐམས་ཅད་འཁྲུགས་པས་ཡན་ལག་འདར་བའོ། །བསྐོར་བ་ནི་ཕྱོགས་དང་མཚམས་རྣམས་སུ་འཁོར་ལོ་བཞིན་དུ་འགྲོ་བའོ། །མཆོག་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྗེས་སུ་ཞུགས་པས་གར་གྱི་ཉམས་ དགུའི་རྣམ་པས་གནས་པའོ། །དེ་ལ། སྒེག་པ་དཔའ་བོ་འཇིགས་སུ་རུང་། །དགོད་པ་དྲག་པོ་འཇིགས་བྱེད་དང་། །སྙིང་རྗེ་རྨད་བྱུང་ཞི་བ་སྟེ། །གར་གྱི་ཉམས་ནི་དགུ་ཡིན་ནོ། །འཕགས་པའི་ལམ་ནི་བླ་མས་དྲིས་པ་བསྒྲུབ་བྱ་འདས་པ་ལ་སོགས་པ་སྨྲ་བའོ། །བཞི་པོ་དེ་ལྟ་བུའི་རྡོ་ རྗེ་གྲུབ་པ་ནི་བསྐྱེད་པའི་རིམ་པ་ལ་མཐར་ཐུག་པ་དང་། ལས་མཐོང་བའི་བླ་མས་བྱ་བ་ཡིན་ནོ། དེ་ལྟར་ཡིན་ན་རྟག་པ་ནི་ངེས་པར་འབབ་པ་འགྲུབ་པར་འགྱུར་རོ། །སྣོད་ཀྱི་མཚན་ཉིད་བཤད་པར་བྱ་སྟེ། བུ་མོ་ལོ་གྲངས་ཞེས་བྱ་བ་ལ་སོགས་པ་ལ། ལོ་བཅུ་གཉིས་ལོན་པའི་བུ་མོའམ་ ཁྱེའུ་མཚན་ཉིད་ཐམས་ཅད་ནི་ཡན་ལག་མ་ཉམས་པ་ལ་སོགས་པ་དང་ལྡན་པའི་སྣོད་རྙེད་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཅི་འདྲ་བའི་སློབ་མ་ཡང་བཟུང་ནས་དབབ་པའི་ཆོ་ག་བྱའོ། །ཆོ་ག་ཐམས་ཅད་ནི་བསང་གཏོར་ལ་སོགས་ པ་བྱས་ནས། དེའི་རྗེས་ལ་ལས་རྣམས་ནི་དབབ་པའི་ཆོ་ག་བྱ་བ་ཡིན་ཏེ། གཞན་དུ་ན་ཁམས་གསུམ་ནི་དམན་པ་དང་བར་པ་དང་རྣོ་བའི་སྐྱེས་པ་རྣམས་ཀྱིས་སྐྱེས་བུས་དཔྱས་པར་གྱུར་པ་ནི་རྣལ་འབྱོར་པ་དེ་ལ་དེ་རྣམས་ཀྱིས་དཔྱས་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ལ་ཞེས་བྱ་བ་ལ་ སོགས་པ་ལ་དེ་ཞེས་པ་ནི་དབབ་པའི་ཆོ་ག་ལ། འདི་རྣམས་ཞེས་པ་ནི་འོག་ནས་འཆད་པར་འགྱུར་བའི་སྙིང་པོ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྔགས་ནི་སྦས་པའི་ཕྱིར་དང་། ཡི་གེ་ནི་མི་གཡོ་བའི་ལས་བྱེད་པ་སྟེ། གནས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་སུ་གྱུར་པའོ། ། ཧཱུཾ་ཧ་ཨཱ་ཛྷཻཾ་ཞེས་བྱ་བ་ལ། དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་སྙིང་ག་དང་སྤྱི་བོ་དང་། ལྐོག་མ་དང་རྐང་མཐིལ་རྣམས་ལ་དགོད་པར་བྱའོ། །ནུས་པ་བཤད་པར་བྱ་སྟེ། ནམ་མཁའི་ཁམས་ནི་སེམས་མེད་ཅིང་། །ཞེས་པ་ནི། གལ་ཏེ་སེམས་མེད་པའི་ནམ་མཁའི་ཁམས་ཡོད་ པ་ཡིན་ན་དེའི་ཚེ་དེ་ཉིད་ཀྱང་འབབ་པར་འགྱུར་བ་སྟེ། གཟུགས་དང་ལྡན་པ་ནི་སྨོས་ཅི་དགོས། ཡང་ན་གཟུགས་དང་ལྡན་པ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་རོ་སྟེ་དེ་ཡང་འབབ་པར་འགྱུར་རོ། །ཇི་སྲིད་རྡོ་རྗེ་སེམས་དཔའ་ནི་འགྲོ་བའི་གཙོ་བོ་སྟེ། བདག་ཉིད་ཆེན་པོ་ བསྟན་ཏོ། །ཡི་གེའི་རང་བཞིན་བཤད་པར་བྱ་སྟེ། ཧཱུཾ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་གསུམ་པོ་དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་སྣང་བ་མཐའ་ཡས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་ནི་གསང་ཚིག་བསྟན་ པའོ་ཞེས་པ་ནི་ཕུལ་དུ་བྱུང་བའི་གསང་བའི་ལམ་དེ་བཤད་པའོ། །གང་ཞིག་བསྐུལ་བ་ལ་སོགས་པ་གསུམ་སྔར་བཤད་པ་དེ་རྣམས་ཡི་གེ་ཛྷཻཾཿ་ཡིས་བྱའོ། །བསྐུལ་བ་ཐམས་ཅད་ནི་གསུམ་པོ་དེ་དག་གིས་གསང་བ་འདི་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་ པའོ། །ཁྲུ་གང་ཙམ་མམ་ཁྲུ་དོ་འམ། །ཞེས་བྱ་བ་ལ་སོགས་པ་ལ། དམན་པ་ནི་ཁྲུ་གང་དང་བར་པ་ནི་འཁྲུ་དོ་དང་། རབ་ནི་ཁྲུ་ལྔ་དང་། རབ་ཀྱི་རབ་ནི་ཁྲུ་བརྒྱད་འཕར་བར་འགྱུར་རོ། །ཇི་ལྟར་ཞེ་ན། རྡོ་རྗེ་རྒྱལ་པོ་ནི་ཆོ་ག་བཞིན་དུ་མཁས་པའི་བླ་མས་བསྐུལ་ནི་དགུག་པའོ། །དེ་ རྣམས་ཇི་ལྟ་བུ་ཞེ་ན། འཇིགས་ཤིང་སྐྲག་པ་ནི། རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་པ། འཇིགས་པས་འཇིགས་པའི་སྣོད་རྣམས་སོ། །ཞེས་སྟོན་ཏོ། །སྔ་མ་བཞིན་དུ་ཐམས་ཅད་འགྱུར། །ཞེས་པ་ནི་ཡི་གེ་ཛྷཻཾ་བཞིན་དུ་ཧཱུཾ་ལ་སོགས་པ་གསུམ་པོ་ཡང་འབབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། ། འདི་ནི་གསང་བ་ཐོབ་པའོ་ཞེས་པ་ནི་ལུས་བསྐུལ་བ་ལ་སོགས་པ་བྱེད་པའི་ཕྱིར། འདི་གསང་བ་ཐོབ་པའོ་ཞེས་ཉེ་བར་བསྡུ་བའོ། །འདིར་ནི་བསྒོམ་པའི་རིམ་པ་འདི་ཡིན་ཏེ་རེ་ཞིག་དང་པོ་རང་གི་སྙིང་གར་འོད་ཟེར་དང་ལྡན་པའི་དབྱངས་ཀྱི་མཐའ་མ་བཀོད་ལ། སློབ་མ་ཡང་ཡི་གེ་ཧཱུཾ་ ལས་རྡུལ་དང་བྲལ་ཞིང་གསལ་བའི་སྣང་བ་མཐའ་ཡས་སུ་བསམས་ཏེ། དེ་ཉིད་ཀྱི་སྙིང་གར་དང་། སྨིན་པར་དང་། ལྐོག་མ་དང་། སྤྱི་བོ་རྣམས་ལ། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཡི་གེ་ཧཱུཾ་དང་ཏྲཱཾ་དང་ཧྲཱིཿདང་ཁཾ་བཀོད་ལ་སྒོ་ཕྱེ་བའི་ཕྱག་རྒྱས་རང་ གི་སྙིང་ག་དང་། སློབ་མའི་སྙིང་ག་ཕྱེ་ཞིང་རང་གི་སྙིང་ག་ལས་དབྱངས་ཐ་མ་སྤྲོས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དེ་ཉིད་སློབ་མའི་སྙིང་གར་གནས་པའི་རྡོ་རྗེའི་དཀྱིལ་དུ་བཅུག་ལ་དེའི་ལུས་ཀྱང་དེ་ཉིད་ཀྱིས་རྫོགས་པར་བསམས་ཏེ། འདི་ལྟར་སྨྲ་བ་ནི། སྨྲོས་ཤིག ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་དང་། རྡོ་རྗེ་སེམས་དཔའ་ཡང་བདག་ལ་འབབ་པར་གྱུར་ཅིག་ཅེས་སློབ་མ་བརྗོད་དུ་བཅུག་ལ། དེའི་འོག་ཏུ་རང་གིས་ཀྱང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ལ་འདི་ལྟར་བརྗོད་པར་བྱ་སྟེ། འདི་ནི་དམ་ཚིག་རྡོ་རྗེ་ སྟེ། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་པ། །རྡོ་རྗེ་ཡེ་ཤེས་བླ་མེད་པ། །དེ་རིང་ཁྱོད་ལ་འབབ་གྱུར་ཅིག །ཅེས་བརྗོད་པ་དང་ཨོཾ་བཛྲཱ་ཝེ་ཤ་ཨ་ཞེས་བྱ་བ་ལན་བཅུའམ། ཉི་ཤུའམ་སུམ་ཅུའམ། བཞི་བཅུ་ནས་བརྒྱའི་བར་དུ་བརྗོད་ན་ངེས་པར་འབབ་པར་འགྱུར་རོ། །གལ་ཏེ་དེས་ ཀྱང་འབབ་པར་མ་གྱུར་ན་དེའི་ཚེ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཁྲོ་བོའི་ཁུ་ཚུར་གྱིས་དྲིལ་བར་བྱ་བ་དང་། རྡོ་རྗེ་སེམས་དཔའ་ཡང་ཨའི་མཐའ་ཅན་བརྗོད་པར་བྱའོ། །དེ་ལྟར་བྱས་ཀྱང་མ་བབ་ན་དེའི་ཚེ་རྡོ་རྗེ་དང་དྲིལ་བུ་བླངས་ལ་རྐང་པ་གཡོན་པས་སློབ་མའི་རྐང་པ་གཡས་པ་མནན་ཅིང་ སྟེང་དུ་ནམ་མཁའ་ལས་དཔལ་རྡོ་རྗེ་སེམས་དཔའ་དབབ་པའི་ཕྱིར་རྣམ་པར་སྣང་མཛད་ཁྲོས་པ་འོད་ཟེར་གྱི་ཚོགས་ཀྱིས་ཁྱབ་པར་བསྒོམས་ལ། འོག་ཏུ་ཡང་རླུང་གི་དཀྱིལ་འཁོར་གྱིས་བསྐུལ་བའི་ཡི་གེ་ཧཱུཾ་བསམས་ཞིང་རང་རང་གི་ཕྱོགས་ལ་བཞུགས་པའི་མི་བསྐྱོད་པ་ལ་སོགས་ པས་ཀྱང་རིམ་གྱིས་ཧཱུཾ་ཏྲཱཾ་ཧྲཱིཿཨ་ཞེས་བྱ་བའི་ས་བོན་གྱི་འོད་ཟེར་གྱི་ཚོགས་ཀྱིས་སློབ་མ་བསྐུལ་བར་བསམ་པར་བྱའོ། །དེའི་ཚེ་ཡང་བཛྲ་སཏྭ་ཨཱ་ཞེས་བྱ་བ་ལན་བཅུ་བརྗོད་པར་བྱའོ། །དེ་ལྟར་བྱས་ན་ཡང་གལ་ཏེ་སྡིག་པའི་དབང་གིས་མ་བབ་ན་དེའི་ཚེ་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་ པ་དྲལ་ཞིང་ཧཱུཾ་ཨ་ཞེས་བྱ་བ་ལན་མང་དུ་བཟླས་པར་བྱའོ། །རྡོ་རྗེ་བསྡམས་པ་བརྟན་བྱས་ནས། །གུང་མོ་གཉིས་པོ་སྦྱར་བ་སྟེ། །མཐའ་མ་བཞི་པོ་རྩེ་སྦྱར་ན། །སྡིག་པ་དྲལ་བ་ཞེས་བརྗོད་དོ། །ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ། སརྦ་ཨ་པ་ཡ། བནྡྷ་ནཱ་ནི་པྲ་མོ་ཙ་ཡཾ། སརྦྦ་ཨ་པ་ཡ་ག་ཏེ་བྷྱཿ སརྦ་ན། སརྦྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ་ཅེས་ཀྱང་བརྗོད་པར་བྱའོ། །ཡང་ན་དེ་བཞིན་དབབ་ཅིང་བརྗོད་དེ། དེའི་སྙིང་གར་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་དང་། སྤྱི་བོར་ཆུའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧ་དང་། ལྐོག་མར་རླུང་གི་དཀྱིལ་འཁོར་ལ་གནས་པའི་ ཡི་གེ་ཨ་དང་། རྐང་པའི་འོག་ཏུ་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཛྷཻཾ་འབར་བ་བཀོད་ལ། ཨཱ་བེ་ཤ་ཡ་སྟཾ་བྷ་ཡ། ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུཾ་ཧ་ཨ་ཛྷཻཾ་ཞེས་བྱ་བས་བསྐུལ་ཞིང་། སྤྱི་བོར་ཡི་གེ་ཨོཾ་ལས་རྣམ་པར་སྣང་མཛད་དང་། ལྐོག་མར་ཡི་གེ་ཨཱཿལས་ སྣང་བ་མཐའ་ཡས་ཏེ། སྙིང་གར་ཡི་གེ་ཧཱུཾ་ལས་མི་བསྐྱོད་པའམ། དེ་རྣམས་ཀྱི་ཡི་གེ་བསྒོམས་ལ། རྐང་པ་དག་གི་འོག་ཏུ་ཡི་གེ་ཡ་གཉིས་ལས། རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་དང་། མཐའ་གཉིས་པོ་ལ་བ་དན་དང་ལྡན་པ་བསྒོམས་ལ། དེའི་སྟེང་དུ་ཡི་གེ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་བསམ་ཞིང་དེ་ལ་གནས་པའི་སློབ་མ་རྡོ་རྗེ་འབར་བས་གདུངས་པར་གྱུར་པ་དང་། སྐུལ་བྱེད་མའི་གཟུགས་ཀྱི་ངོ་བོར་བསྒོམ་ཞིང་རྡོ་རྗེ་དང་དྲིལ་བུ་བསྐྱོད་པས་ང་རྒྱལ་དང་ལྡན་པའི་སློབ་དཔོན་གྱིས་འཕགས་མ་སྐུལ་བྱེད་མའི་ཕྲེང་བའི་ སྔགས་བརྗོད་པར་བྱའོ། །ན་མཿསཔྟཱ་ནཱན། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། མ་ཧཱ་བིདྱཱ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནེ། མ་ཧཱ་བ་ལ་པ་ར་ཀྲ་མེ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་གྲ་ཧི་ཏ་ཧ་སྟེ། མ་ཧཱ་ཀྲོ་དྷ་ཀྲོ་དྷཱི་ཤྭ་རེ། ཨུ་གྲ་རཱུ་པི་ནི། ཨ་ནནྟ་མུ་ཁེ། ས་ཧ་སྲ་བྷུ་ཛེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏི། ཨ་མོ་གྷེ། དུར་ད་མེ། ས་ཧ་སྲ་ཨཀྵེ། སརྦྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ། སརྦ་དེ་བ་ཏཱ་ནཱཾ། བནྡི་ཏ་པཱུ་ཛི་ཏེ་པྲ་སཱ་དྷི་ཏེ། བཛྲ་གྷོ་ཎེ་བཛྲེ་བཛྲ་ཝ་ཏེ། བཛྲ་ཨ་ཡུ་དྷེ། བཛྲ་ཀཱ་ཡི་ནི། བཛྲོནྨི་ལི་ཏ་ཨཀྵེ། ཨཀྵ་ཡེ། ཨ་གྷོ་རེ། གྷོ་ར་རཱུ་པི་ཎི་ཝི་ཀྲཱི་ཏ་དརྴ་ནེ། བཛྲ་བིདྱ་ཨ་ལཾ་ཀྲྀ་ཏ་ཤ་རཱི་རེ། ཨོཾ་བྷ་ ག་བ་ཏི་ཙུནྡེ་དྲུཾ་དྲུཾ་ཀྲུཾ་ཀྲུཾ་མྲུཾ་མྲུཾ་སྲུཾ་སྲུཾ་རཱུཾ་རཱུཾ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། གྲྀ་ཧྞ་གྲྀ་ཧྞ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ། ཧ་ར་ཧ་ར། བྷཾ་ཛ་བྷཾ་ཛ། ས་ར་ས་ར། མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། པ་ཙ་པ་ཙ། ད་ཧ་ད་ཧ། གྲྀ་ཧྞ་གྲྀ་ཧྞ། ཨི་དཾ་དུཥྚཱཾ་གྲ་ཧཾ་ཛྭ་རཾ། ཨེ་ཀཱཧྣེ་ཀཾ། ཏྲྱ་ཧྣེ་ནེ་ཀཾ། ཙ་ཏུརྠི་ཀཾ། ས་མནྟ་ ཨ་ཧི་ཀཾ། ནི་ཏྱ་ཛྭ་རཾ། མཱ་ཧུ་ཏི་ཀཾ། གྲ་ཧཾ། བྷཱུ་ཏཾ། པྲེ་ཏཾ། པི་ཤཱ་ཙཾ། རཀྵ་སཾ། ཀུམྦྷཎྜཾ། ཡཾ་ནི་ཛ་ཀརྨ་ཛཾ་སྠ་ཝ་རཾ། ཛཾ་གྷ་མཾ། ཡེ་མཱཾ་ཧི་སནྟི་ཀེ་ཙིད། དུཥྚི་ཏཾ་སརྦཱན་སཱ་དྷ་ཡ་སཱ་དྷ་ཡ། མརྡ་ཡ་མརྡ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཏ་པ་ཡ་ཏ་པ་ཡ། ཨུཙྪ་ད་ཡ་ཨུཙྪ་ད་ཡ། ཧ་ན་ཧ་ན་བཛྲེ་ ཎ། ས་ར་ས་ར། དཎྜེ་ཎ། མཱ་ར་ཡ་མཱ་ར་ཡ་ཁཌྒེ་ཎ། ཧཱུཾ་ཧཱུཾ་ཧཱུཾ། ཙུཾ་ཙུཾ་ཙུཾ། དྲུཾ་དྲུཾ་དྲུཾ། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སརྦཱཾ་སཱ་དྷ་ཡ་སྭཱ་ཧཱ། ཞེས་བྱ་བ་འདི་བརྗོད་ན་ངེས་པར་འབབ་པར་འགྱུར་རོ། །སྣོད་ལ་དབབ་པ་ཆོ་ག་འདི་ཉིད་ཀྱིས་དཔལ་རྣམ་པར་སྣང་མཛད་ཆེན་པོའི་རྣལ་འབྱོར་རམ། འཇམ་དཔལ་ གྱི་རྣལ་འབྱོར་གྱིས་བྱའོ། །བབས་ན་མངོན་པར་ཤེས་པ་ལྔ་ལ་སོགས་པ་རྫོགས་པར་འགྱུར་རོ། །དེ་ནས་དེའི་ལྕེ་ལ་ཡི་གེ་ཨ་དམར་པོ་བསམས་ཏེ། བྷྲཱུཾ་ཏེ་བཛྲེ་ཞེས་བྱ་བ་བརྗོད་ན་དགེ་བ་དང་མི་དགེ་བ་ཐམས་ཅད་སྨྲ་བར་བྱེད་དོ། །དེའི་འོག་ཏུ་མངོན་པར་འདོད་པ་ཐམས་ཅད་དྲིས་ལ་བབས་ པ་བརྟན་པར་བྱེད་པ་སྔོན་དུ་འགྲོ་བ་མཆོད་པ་དང་བསྟོད་པ་བྱས་ན་སྣོད་ལ་ཕབ་པའི་ལྷ་གཤེགས་སུ་གསོལ་ལོ། །དེ་ནས་སྣོད་དེ་བསྲུང་བར་བྱ་བའི་ཕྱིར་བདུད་རྩི་འཁྱིལ་པའི་ཕྲེང་བའི་སྔགས་ཀྱིས་སྲུང་སྐུད་བྱིན་གྱིས་བརླབས་ལ་དཔུང་བ་གཡས་པ་ལ་བཅིང་བར་བྱ་སྟེ། ལས་ཀྱི་ རྒྱལ་བ་མཆོག་གོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པས་གཞན་ཡང་ལས་ཀྱི་ཚོགས་བཤད་པར་བྱ་སྟེ། རྡོ་རྗེ་ནི་ཕྱག་མཚན་རྣོན་པོ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །གདུག་པ་འདུལ་བས་ན་རྒྱལ་པོའོ། །དེ་བཞིན་གཤེགས་པ་ཀུན་ནི་ཞི་བ་ལ་སོགས་ པ་སྟེ། དེ་དེ་རྣམས་ཀྱི་བདག་པོ་ནི་བྱེད་པའོ། །སྐུ་གསུམ་གནས་ནི་གདུག་པ་རྣམས་ཏེ། དེ་དག་མངོན་སྤྱོད་ཀྱི་སྒོ་ནས་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ལ་བཞག་པས་ཡོངས་སུ་དག་པར་མཛད་པས་ན་སྐུ་གསུམ་གནས་ནི་ཡོངས་སུ་དག་པ་སྟེ། དེས་གསུང་ འདི་སྐད་ནི་ཀློག་པ་ཙམ་གྱིས་འགྲུབ་པའི་ལས་ཀྱི་ཚོགས་ཀྱི་གསུང་བཀའ་སྩལ་པའོ། །རྩེ་གཅིག་ཅེས་བྱ་བ་ལ་སོགས་པ་ལ། དུ་མ་ནི་གཉེན་དང་གཡོག་པོ་དང་འཁོར་གྱི་ནང་ན། རྩེ་གཅིག་གྱུར་པ་ནི་ཕུལ་དུ་བྱུང་བར་གནས་པ་དང་། བརྟུལ་ཞུགས་བརྟན་པ་ནི་མི་གཡོ་བའི་ཏིང་ངེ་ འཛིན་དང་ལྡན་པ་དང་། སྦྱོར་བ་ནི་ཏིང་ངེ་འཛིན་གཞན་མ་སྟེ། དེ་ཡོངས་སུ་སྤང་བས་འདི་བྱེད་ན་དེའི་ཚེ་གདུག་པ་ཐམས་ཅད་ནི་བླ་མ་སྨོད་པ་ལ་སོགས་པ་རྣམས་གཞིག་པ་ནི་གསོད་པ་གྲུབ་པོ། །དུར་ཁྲོད་སོལ་དང་ཞེས་བྱ་བ་ལ་སོགས་པ་ལ། དུར་ཁྲོད་ཀྱི་སོལ་བ་དང་ཕུབ་མ་ ལ་སོགས་པའི་མངོན་སྤྱོད་ཀྱི་རྗེས་རྣམས་ཀྱིས་དགྲ་བོའི་གཟུགས་བརྙན་བྱས་ཏེ། གཅེར་བུ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། ལྷོ་ཕྱོགས་སུ་ཁ་བལྟས་པས་དེའི་སྙིང་གར་རྐང་པ་གཡོན་པས་གནོན་ཅིང་ཁམས་གསུམ་ཡང་འཇིག་པར་བྱེད་དོ། །ཡང་དགྲ་བོའི་ གཟུགས་བརྙན་དུར་ཁྲོད་ཀྱི་ཐལ་བ་གཅིག་པུས་བྱས་ཏེ། སྙིང་གར་མིང་སྤེལ་ཏེ་སྟོང་ཕྲག་བརྒྱད་ཀྱི་བཟླས་པས་གསོད་པར་བྱེད་པའོ། །དཀྱིལ་འཁོར་གྲུ་གསུམ་བྱས་པ་ལ། །ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་ དང་། དོན་ཡོད་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་བ་ལང་དང་རྟ་དང་ཁྱི་ཤ་རྣམས་ཀྱིས་གཟུགས་བརྙན་བྱས་ལ། དཀྱིལ་འཁོར་གྲུ་གསུམ་ནི་གྲུ་གསུམ་པའི་མེ་ཐབ་ལ་ཚེར་མའི་མེ་ལ་སེམས་དྲག་པོས་བསྲེགས་ན་དགྲ་འཆི་བར་འགྱུར་རོ། །ཤ་ཆེན་ཞེས་བྱ་བ་ལ་སོགས་ པ་ལ། མི་བསྐྱོད་པའི་རྣལ་འབྱོར་པས་ཤ་ཆེན་གྱི་གཟུགས་བརྙན་བྱས་ཏེ་སྔ་མ་བཞིན་དུ་བསྲེག་པར་བྱའོ། །དགྲ་ཐམས་ཅད་ནི་གདུག་པ་ཐམས་ཅད་ཀྱི་ཤིན་ཏུ་མི་བཟད་པ་ནི་ཤིན་ཏུ་རྣོ་བའི་འཇིགས་པ་ནི་གསོད་པ་ཡིན་ནོ། །རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་རྟ་ཤ་ལས་གཟུག