Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 29
Văn bản gốc(Tây Tạng)
Trang 13 / 21 (50.000 ký tự/trang)
དུ་ བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །ད་ནི་རིམ་པ་གཞན་གྱི་ཞི་བ་ལ་སོགས་པ་བཤད་པའི་ཕྱིར། ཞི་བའི་དཀྱིལ་འཁོར་དམ་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་ནི་ལུས་ངག་ཡིད་ཀྱི་རང་བཞིན་རྩ་བདུན་ཁྲི་ཉིས་སྟོང་དང་ལྡན་པའི་ལུས་ཏེ། དེའི་དབྱིངས་ ནི་སྨིན་མའི་བར་དུ་ཞི་བའི་དཀྱིལ་འཁོར་ནི། ཨཱ་ལིའི་སྡེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཡི་གེ་ཨོཾ་ལས་བྱུང་བའི་རྣམ་པར་སྣང་མཛད་བསྒོམ་ཞིང་། རང་གི་ཐུགས་ཀར་ནི་རྣམ་པར་སྣང་མཛད་དེ་ཉིད་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀར་འདོད་པ་ནི་ བསྒྲུབ་བྱ་བཀོད་ལ། ནམ་མཁའི་དབྱིངས་ཀྱང་སྤྱན་ལ་སོགས་པའི་མཆོག་ནི། རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་ཀྱིས་གདབ་པར་བསམས་ཤིང་བསྡུས་ནས། འོད་ཀྱི་གོང་བུ་ནི་འོད་ཀྱི་ངོ་བོས་ནད་པ་དེའི་སྤྱི་བོ་ལ་དབབ་པར་བྱའོ། །དེའི་རྗེས་ལ་སྨིན་མའི་བར་ནས་ནད་པ་ སྤྲོས་ལ། བ་སྤུའི་བུ་ག་ནས་སངས་རྒྱས་ནི། སྔར་ཉེ་བར་བསྡུས་པའི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་དེ་རྣམས་སྤྲོས་ཏེ། དེ་རྣམས་ཀྱང་བདུད་རྩིས་གང་བའི་བུམ་པ་རྣམས་ཀྱིས་ནད་པ་དེ་ལ་དབང་བསྐུར་བ་སྟེར་བར་བསྒོམ་པར་བྱའོ། །དེའི་འོག་ཏུ་ནད་པ་དེ་ཉིད་རྡོ་རྗེ་འདྲ་བ་ནི་ བརྟན་པའི་ལུས་དང་འདྲ་བ་དང་། དཔལ་ལྡན་ནི་སྐད་ཅིག་མ་གཅིག་གིས་ནད་མེད་པར་འགྱུར་རོ། །སངས་རྒྱས་དམ་ཚིག་ནི་རྣམ་པར་སྣང་མཛད་དེ། དེའི་བཀོད་པ་ནི་དེའི་འཁོར་གྱིས་དབང་བསྐུར་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ཟླ་བའི་དཀྱིལ་འཁོར་ དབུས་སུ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཟླ་བ་དང་ཟླ་བ་ནི་ཟླ་བ་སྟེ་གསང་བའི་གནས་དང་ལྐོག་མ་དག་གོ། །དེ་དག་གི་དབུས་སུ་གནས་པའི་གསང་ཆེན་ནི་ཡི་གེ་ལཾ་ལས་བྱུང་བ་གྲུ་བཞི་པ་དང་། དཀྱིལ་འཁོར་དམ་པ་ནི་འོད་འབར་བའི་མེའི་དཀྱིལ་འཁོར་གྲུ་ གསུམ་པ་བསྒོམས་ལ། དེ་དག་གི་དཀྱིལ་དུ་རིན་ཆེན་འབྱུང་ལྡན་དང་། ཆོས་འཛིན་པ་ནི་སྣང་བ་མཐའ་ཡས་བསྒོམ་ཞིང་དེ་དག་གི་སྙིང་ག་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་འདོད་པ་ནི་བསྒྲུབ་བྱ་སྟེ་དེ་བཞག་ལ། སྔ་མ་བཞིན་དུ་ནམ་མཁའི་དབྱིངས་ཀྱང་ཉམས་དགའ་བ་ ནི་མཱ་མ་ཀཱི་གཙོ་བོར་གྱུར་པའི་རིན་ཆེན་རིགས་ཅན་དང་། དཀར་མོ་ནི་པདྨའི་རིགས་ཅན་རྣམས་ཀྱིས་བསམས་ཤིང་བསྡུས་ལ། རིན་ཆེན་འོད་དང་ཡིད་བཞིན་ནོར་བུ་ནི་པདྨ་རཱ་ག་སྟེ། དེ་དང་འདྲ་བའི་དེ་རྣམས་ཀྱིས་འདོད་པ་ནི་བསྒྲུབ་བྱའི་ལུས་ངག་ཡིད་ཚིམ་པར་བྱས་ལ་སླར་ ཡང་ཕྱི་རོལ་དུ་སྤྲོས་ཏེ། རིན་ཆེན་ནི་རིན་པོ་ཆེའི་རིགས་དང་། སྤྲིན་ནི་པདྨའི་རིགས་ཏེ་དེ་རྣམས། བརྟུལ་ཞུགས་ཅན་ནི་རྣལ་འབྱོར་པས་ཕྱི་རོལ་དུ་སྤྲོས་ཏེ། ཆོས་ནི་པདྨའི་རིགས་ཅན་དང་། སྤྲིན་ནི་རིན་ཆེན་གྱི་རིགས་རྣམས་ཀྱིས་སྔ་མ་བཞིན་དུ་དབང་བསྐུར་ན་རྒྱས་པ་དང་ དབང་གི་ལས་འགྲུབ་པར་འགྱུར་རོ། །རྡོ་རྗེ་བསམ་གཏན་འདི་ཡིས་ནི། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསམ་གཏན་ནི་འདས་མ་ཐག་ཏུ་བཤད་པ་བསྟན་པའི་ཏིང་ངེ་འཛིན་གྱིས། དགང་དཀའ་ནི་སྐྱེས་བུ་དབུལ་པོ་ཁེངས་པ་ནི་རྒྱས་པར་བྱའོ། །དེ་བཞིན་དུ་པདྨའི་རིགས་ ཀྱི་ཏིང་ངེ་འཛིན་གྱིས་ཀྱང་བསྒྲུབ་བྱ་ཡིད་བཞིན་ནོར་བུས་ནི་སྒྲུབ་པ་པོ་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་པ་དང་། དཔལ་ནི་ཕུན་སུམ་ཚོགས་པ་སྟེ། དེ་བཏང་པས་ན་དཔལ་ལྡན་ནོ། །དེ་བཞིན་དུ་སྦྱིན་པའི་རྡོ་རྗེ་ནི་རྒྱུན་མ་ཆད་པར་གཏོང་བས་སྒྲུབ་པ་པོ་སྒྲུབ་པ་ནི་དགའ་བར་བྱེད་ པས་ན་སྦྱིན་པའི་རྡོ་རྗེ་སྒྲུབ་པའོ། །ཆོས་ནི་སྣང་བ་མཐའ་ཡས་དང་། དམ་ཚིག་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་དག་གི་སྤྲིན་ནི་རིགས་ཅན་རྣམས་ཏེ། དེ་དག་གིས་བྱས་པའི་བཀོད་པ་སྟེ་དབང་བསྐུར་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ནམ་མཁའི་དབྱིངས་ ཀྱི་དབུས་སུ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་དང་ནམ་མཁའ་དབྱིངས་ནི། ནམ་མཁའི་དབྱིངས་ཏེ་སྙིང་ག་དང་ལྟེ་བ་དག་གོ། །དེ་དག་ནི་དབུས་སུ་གནས་པའི་རྡོ་རྗེ་དཀྱིལ་འཁོར་ནི་ཡི་གེ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ཟླུམ་པོ་དང་ཟླ་གམ་ནི་ཡི་གེ་ཡཾ་ ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་བསམས་ཏེ། དེ་དག་གི་སྟེང་དུ་ཡི་གེ་སུཾ་ལས་བྱུང་བའི་རྡོ་རྗེ་ནམ་མཁའ་ནི་མི་བསྐྱོད་པ་དང་། ཆོས་མཆོག་ནི་དོན་ཡོད་གྲུབ་པ་སྟེ། དེ་དག་གི་གཟུགས་ནི་སྐུ་གཉིས་བསམས་ལ། དེ་དག་གི་སྙིང་ག་ནི་ཡེ་ཤེས་སེམས་དཔའི་ སྙིང་གར་འདོད་པ་ནི་བསྒྲུབ་བྱ་བཞག་ལ། དེའི་རྗེས་ལ་ཐུགས་དང་དམ་ཚིག་གི་རིགས་ཅན་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནམ་མཁའ་གང་བར་བསྒོམས་ཤིང་འོད་ཟེར་རྣམ་པ་ལྔ་སྤྲོས་པ་དེ་རྣམས་བཀུག་ལ་བསྒྲུབ་བྱ་དེ་ལ་རིགས་དང་མཐུན་པའི་གཟི་བརྗིད་ ཀྱི་ཚོགས་འབབ་ཅིང་སླར་ཡང་བསྒྲུབ་བྱ་དེ་དང་དེ་རྣམས་སྤྲོས་ཏེ་དེ་རྣམས་ཀྱིས་དབང་བསྐུར་ན། རང་དང་མཐུན་པའི་ལས་དག་འགྲུབ་པར་འགྱུར་རོ། །དེ་ནི་ཞེས་པ་གང་ཞིག་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་གྱིས་རྒྱས་བཏབ་པ་དེ་ནི་དེ་མ་ཐག་ཏུ་སངས་རྒྱས་ཀུན་ནི་མི་བསྐྱོད་པའི་ སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་འཇམ་དཔལ་ནི་ཐུགས་རྡོ་རྗེ་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་སྟེ། དེ་དང་འདྲ་བར་གྱུར་པ་དང་ལས་གནས་ནི་བསྟན་བཅོས་རྣམས་དང་སྡེབ་སྦྱོར་ཏེ། དེ་དག་བྱེད་པས་ན་ལས་གནས་བྱེད་པ་སྟེ་ངག་གི་དབང་ཕྱུག་ཉིད་ དུ་འགྱུར་རོ། །དགྱེས་པའི་བདག་ཉིད་ནི་རྟག་ཏུ་དགྱེས་པའི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གིས་དེ་ལ་དབང་བསྐུར་བར་མཛད་པའོ། །དེ་བཞིན་གཤེགས་པ་ཇི་ལྟ་བུ་ཞེ་ན། དགའ་སྟོན་ཆེ་ནི་སངས་རྒྱས་ཀྱི་འབྲས་བུ་གསོལ་བ་ལ་ཤིན་ཏུ་དགྱེས་པའོ་ཞེས་སྟོན་ཏོ། ། དེ་བཞིན་དུ་གང་ཞིག་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་གྱིས་འགུགས་པ་དེ་ཡང་དབང་དུ་གྱུར་པར་འགྲོ་བ་ཐམས་ཅད་ནི་རང་གི་ལུས། དབང་དུ་གྱུར་པ་ནི་དེའི་མདུན་དུ་གནས་པར་འགྱུར་རོ། །དེ་བཞིན་དུ་བལྟས་ཙམ་ཞེས་པ་ནི་ལུས་སྣང་བ་ཙམ་གྱིས་བསྐུལ་བ་ནི་འཇིགས་ པར་འགྱུར་ཞིང་རྣལ་འབྱོར་པའི་བཀའ་ཡང་བྱེད་དོ་ཞེས་སྟོན་ཏོ། །རིན་པོ་ཆེ་ནི་ཐུགས་ཀྱི་རིན་པོ་ཆེའི་རང་བཞིན་གྱིས་མི་བསྐྱོད་པ་དང་། དམ་ཚིག་གི་རིགས་ཡིན་པའི་ཕྱིར། དམ་ཚིག་ནི་དོན་ཡོད་གྲུབ་པ་སྟེ། དེ་དག་གི་བཀོད་པ་ནི་དེའི་རིགས་ཅན་ གྱི་ལྷའི་འཁོར་ལོ་སྤྲོ་བས་དབང་བསྐུར་བ་སྟེ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །ད་ནི་དབྱེ་བ་གཞན་གྱི་མངོན་སྤྱོད་བཤད་པའི་ཕྱིར། ནམ་མཁའ་རྡོ་རྗེ་སྲིན་པོ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རེ་ཞིག་དང་པོར་ རྣལ་འབྱོར་པས་ཁྲོ་བོའི་རྒྱལ་པོ་བཅུ་ལས་གང་ཡང་རུང་བའི་ཏིང་ངེ་འཛིན་མངོན་དུ་བྱས་ལ་ནམ་མཁའི་དབྱིངས་ཀྱང་ཡི་གེ་ཧཱུཾ་ལས་བྱུང་བའི་སྲིན་པོ་དང་། ཅེ་སྤྱང་དང་། བྱ་རོག་དང་ཁྱི་ལ་སོགས་པས་གང་བར་བསམས་ལ། སྲིན་པོ་ལ་སོགས་པ་དེ་རྣམས་ཀྱང་སྣ་ཚོགས་ནི་ སྣ་ཚོགས་པའི་གཟུགས་དང་ལྡན་པ་དང་། དྲག་ནི་ལུས་དང་། ཁྲོ་བ་ནི་ངག་དང་། རབ་གཏུམ་ནི་ཡིད་ཀྱིས་ཏེ། དེ་ལྟ་བུ་བསམས་ལ། ཡི་གེ་རཾ་ལས་བྱུང་བ་གྲུ་གསུམ་པ་མེའི་དཀྱིལ་འཁོར་ལ་གནས་པ། དགྲ་བོ་ནི་བསྒྲུབ་བྱ་སྐྲ་གྲོལ་བ་དང་གཅེར་བུ་སྟེ། འོག་དང་ སྟེང་དུ་རྡོ་རྗེའི་རྩེ་ཞུགས་པས་ཁྲག་གི་རྒྱུན་སྐྱུག་པ་དང་། ཧ་ཧའི་སྒྲ་སྒྲོག་པ་དང་མིག་བཟློག་པར་བསྒྲུབ་བྱ་བསམས་ལ། སངས་རྒྱས་ནི་དཀོན་མཆོག་གསུམ་ལ་སོགས་པ་གནོད་པ་འདི་ཡིན་ནོ་ཞེས་ཤེས་ནས་ལས་དེ་ནི་དྲག་པོའི་ལས་ཏེ་སྦྱར་བ་ནི་བྱའོ། །དེའི་རྗེས་ལ་ཡི་གེ་ཧཱུཾ་གི་ སྒྲས་སྲིན་པོ་ལ་སོགས་པ་འགུགས་ཤིང་ཆེ་གེ་མོ་འདི་ཞེས་བྱ་བ་གདུག་པ་ཁྱེད་རྣམས་ཀྱིས་ཟོ་ཤིག་ཅེས་ཀྱང་བསྐུལ་ན་དེ་རྣམས་འོང་ཞིང་བསྒྲུབ་བྱ་དེ་ཉིད་ཀྱི་རྒྱུ་མ་དང་། རྐང་དང་ཁྲག་ལ་སོགས་པའི་ཁམས་ཉི་ཤུ་རྩ་བཞི་ནི་རང་བཞིན་གྱི་གོང་བུ་ཀུན་དེ་རྣམས་ཀྱིས་ཟ་བར་བསམ་པར་བྱའོ། ། དེ་བཞིན་རྣམ་པ་སྣ་ཚོགས་པའི་མཚོན་ཆ་ཐོགས་པའི་གཞན་མ་མོ་དང་སྲིན་མོ་ལ་སོགས་པས་ཀྱང་དུམ་བུར་གྱུར་པ་ཟ་བར་བསམས་ཏེ། དེའི་ཚེ་དགྲ་རྣམས་འཆི་བ་ནི་ཟད་པར་འགྱུར་རོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་དང་། རྡོ་རྗེ་འཛིན་པ་མི་ བསྐྱོད་པའི་རྣལ་འབྱོར་པ་དང་། ཡང་གི་སྒྲས་ནི་རིན་ཆེན་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་གལ་ཏེ་སྦྱོར་བ་འདི་བསྒོམས་ན་དེའི་ཚེ་ཟླ་བ་ཕྱེད་ཀྱི་བར་རམ་ཟླ་བ་ཕྱེད་རྫོགས་ནས་དགྲ་བོ་འཆི་བར་འགྱུར་རོ། །རྡོ་རྗེ་དམ་ཚིག་ནི་ཁྲོ་བོ། །དམ་ཚིག་ནི་སྲིན་པོ་ལ་སོགས་པའོ། །དེ་རྣམས་ ཀྱིས་བྱས་པ་དགོད་པ་ནི་དགྲ་བསད་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་དེ་བཞིན་ནོ། །ད་ནི་སྔར་བཤད་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་ཞལ་དང་ཕྱག་ལ་སོགས་པའི་དབྱེ་བ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པས་བཤད་པར་བྱ་སྟེ། སྟོན་ཀར་སྨིན་པ་ཡིན་པས་ན་ འདམ་བུ་ནི་དཀར་བ་ཡིན་ནོ། །རལ་པས་བཅིངས་པའི་དབུ་རྒྱན་ནི་རལ་པའི་ཚོགས་དབུ་རྒྱན་ཏེ། དེ་འཛིན་པས་ན་རལ་པའི་ཐོར་ཚུགས་འཛིན་པའོ། །དེ་དག་ཐམས་ཅད་ཞལ་གསུམ་དང་ཕྱག་དྲུག་པར་བསྒོམ་པར་བྱའོ། །རྡོ་རྗེས་མཚན་པའི་ཨུཏྤལ་ནི་རྡོ་རྗེ་ཨུཏྤལ་ལོ། ། འདི་ནས་བརྩམས་ཏེ་བསམ་གཏན་གྱི་དཀྱིལ་འཁོར་ཞེས་བྱ་བའི་བར་དུ་ཞལ་དང་ཕྱག་དང་སྐུ་མདོག་གི་དབྱེ་བ་ནི་གོ་སླ་བའོ། །འོན་ཀྱང་ཀུན་གྱི། གཡོན་པའི་ཞལ་ནི་སྔོན་པོ་མིན། །གཡས་ཞལ་དམར་པོ་མ་ཡིན་ཏེ། །དཔལ་ལྡན་གསང་བ་འདུས་པ་འདིར། །བསྒོམ་ པར་མཁས་པ་ཤེས་པར་བྱ། །གཙོ་བོའི་ཕྱག་ནི་གཡས་པ་ལ། །འཁོར་ལོ་རྡོ་རྗེ་མཚོ་སྐྱེས་དང་། །རིན་ཆེན་དང་ནི་རལ་གྲི་དག །གཡོན་གྱི་གཙོ་བོར་དྲིལ་བུ་དང་། །དེ་ལས་གཞན་ཡང་ཀུན་གྱི་ཡིན། །ཁྲོ་བོ་རྣམས་ཀྱི་ཕྱག་གཡོན་ལ། །དྲིལ་བུ་གཞན་ནི་བདག་པོ་ འདྲ། །ཕྱོགས་ལ་གཡས་བརྐྱང་མཚམས་ན་གནས། །སྟེང་དང་འོག་གནས་གཡོན་བརྐྱང་བ། །དེ་བཞིན་གཤེགས་པའི་ཅོད་པན་དུ། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །ལྷ་མོ་བྱང་ཆུབ་སེམས་དཔའ་དང་། །ཁྲོ་བོ་རྣམས་ཀྱིས་རང་བདག་འདོད། །མགོན་པོ་ རྡོ་རྗེ་སྐྱིལ་ཀྲུང་ཅན། །ལྷ་མོ་སངས་རྒྱས་སྲས་དེ་བཞིན། །སྐུ་ནི་སངས་རྒྱས་ཀུན་གྱིས་བརྒྱན། །སྐུ་མདོག་ལྔ་དང་ལྡན་པར་གྲགས། །ཞེས་བསྡུ་བའི་ཚིགས་སུ་བཅད་པ་རྣམས་སོ། །འདིར་ཡི་གེ་ཧཱུཾ་ཁྲོ་བོ་རྣམས་ཀྱིས་བསྐྱེད་པའི་ས་བོན་དུ་ཤེས་པར་བྱ་སྟེ། གལ་ ཏེ་ཡ་མཱནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པ་ལ་སྔར་བཤད་པ། དེ་བཞིན་དུ་ཡང་ཡི་གེ་ཧཱུཾ་དང་དེ་དག་སྤེལ་བར་བྱའོ་ཞེས་པ་མན་ངག་གོ། །སེང་གེའི་ལྟ་བའི་རིག་པས་རྗེས་སུ་འཇུག་པར་བྱའོ། །གཟི་བརྗིད་ཕུང་པོ་ནི་གཤིན་རྗེ་གཤེད་དོ། །གཙུག་ཏོར་རྒྱལ་པོ་ ནི་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །གང་གཞན་ནི་བའི་རྣ་བ་ཅན་དང་གླང་བོའི་རྣ་བ་ཅན་ལ་སོགས་པ་དང་། རྡོ་རྗེ་རོ་ལངས་མ་ལ་སོགས་པ་ཁྲོ་བོའི་ལྷ་མོ་རྣམས་སོ། །སྔགས་ཀྱི་འཁོར་ལོ་ཅན་ནི་རྫུ་འཕྲུལ་ལ་སོགས་པའི་རྒྱུད་ལ་སོགས་པ་ལས་གཙུག་ཏོར་བཅུའོ། །དེ་དག་ ཐམས་ཅད་དམ་ཚིག་ནི་ས་བོན་རྣམས་དང་། ལོངས་སྤྱོད་ནི་དེའི་རིགས་རྣམས་ཀྱིས་སོ་སོ་ཞེས་པ་ནི་དབྱེ་བས་གནས་པར་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །ཅིའི་ཕྱིར་ཞེ་ན། དཔག་ཏུ་མེད་པ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྣམས་སེམས་ཅན་གདུལ་བར་བྱ་བའི་ཕྱིར་ བཅོམ་ལྡན་འདས་ཀྱིས་གསུངས་པའོ། །སྔགས་རྣམས་ནི་དཔག་ཏུ་མེད་པ་ནི་ཞི་བ་དང་དྲག་པོ་ལ་སོགས་པའི་དབྱེ་བས་དེ་བཞིན་དུ་གསུངས་པའོ། །དེ་བཞིན་དུ། ཁྲོ་བོ་དག་ནི་རེ་རེ་ཡང་། །ཞེས་པ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པའི་འཁོར་ལོ་ཡང་ནམ་མཁའི་དབྱིངས་ ལས་ཀྱང་ལྷག་པ་ཡིན་ཏེ། སྤྲུལ་པའི་བདག་ཉིད་ཀྱི་ཆེ་བ་བསྟན་ཏོ། །ད་ནི་རྣམ་པར་སྣང་མཛད་ལ་སོགས་པ་རིམ་པ་གཉིས་ཀྱིས་བསྐྱེད་པ་བཤད་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ ནི་དེ་བཞིན་ཉིད་དོ། །དེའི་དབུས་སུ་གནས་པའི་གསལ་བའི་དཀྱིལ་འཁོར་ནི་ཡི་གེ་གསུམ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དེ་བཞིན་དུ་འབྱུང་བའི་རྣམ་པར་སྣང་མཛད་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། གསལ་ཞིང་ཞེས་བྱ་བ་ལ་སོགས་པས་སྐུ་ མདོག་དང་རྒྱན་དང་ལྡན་པའོ། །མེ་ལོང་ལྟ་བུ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དུ་བསམས་ན། ཚེ་འདི་ཉིད་དུ་སངས་རྒྱས་ཆེ་བའི་བདག་ཉིད་ནི། རྣམ་པར་སྣང་མཛད་ཀྱི་རྫུ་འཕྲུལ་ཐོབ་པར་འགྱུར་རོ་ཞེས་པ་སྟེ། ལྷག་མ་ནི་གོ་སླའོ། །རྣམ་པར་སྣང་མཛད་ འབྱུང་བ་ནི་བསྐྱེད་པ་སྟེ། དེ་ཉིད་ཕྱིར་མི་ལྡོག་པའི་ཕྱིར་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་བཤད་པ་སྟེ། བསྐྱེད་པའི་རིམ་པའོ། །ཡང་ན་ནམ་མཁའི་དབྱིངས་ནི་འོད་གསལ་བ་སྟེ། དེའི་དབུས་སུ་གནས་པ་ནི་དེ་ལས་ཅིག་ཅར་དུ་གསལ་བའི་དཀྱིལ་འཁོར་ལ་ སོགས་པ་བསམ་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ཏེ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རྡོ་རྗེ་དཀྱིལ་འཁོར་དམ་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་ཆོས་འབྱུང་གི་གནས་སུ་རྡོ་རྗེ་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་ སྟེང་དུ་སངས་རྒྱས་གཟུགས་ནི་རྡོ་རྗེ་འཆང་ཆེན་པོ་དང་གཅིག་ཏུ་གྱུར་པ། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་བསྒོམ་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཡེ་ཤེས་གནས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །རྡོ་རྗེ་བདག་ཉིད་ཆེ་བ་ནི་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་ཚེ་ འདི་ཉིད་དུ་ཐོབ་པར་འགྱུར་རོ་ཞེས་ཕན་ཡོན་བསྟན་པ་སྟེ། བསྐྱེད་པའི་རིམ་པའོ། །ཡང་ནམ་མཁའི་དབྱིངས་ནི་སྣང་བ་ལ་སོགས་པ་རྣམ་པར་དག་པ་སྟེ། དེ་ལས་བྱུང་བའི་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དམ་ཚིག་ཐམས་ཅད་ནི་དེ་བཞིན་གཤེགས་ པ་ལྔ་སྟེ། དེ་རྣམས་འབྱུང་བ་ནི་གང་ལས་བསྐྱེད་པ་དང་། མཛེས་པ་ནི་ནམ་མཁའ་དང་འདྲ་བ་རྡོ་རྗེ་ནི་སྐུ་གང་ལ་ཡོད་པ་དེ་ནི་མི་བསྐྱོད་པ་སྟེ། དེ་སྐྱེད་པར་བྱེད་པའི་ཏིང་ངེ་འཛིན་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་ པ་ལ། ནམ་མཁའི་རྡོ་རྗེ་ནི་དེ་བཞིན་ཉིད་དོ། །ཆོས་ཀྱི་དཀྱིལ་འཁོར་ནི་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །ཆོས་ཀྱི་སེམས་དཔའ་ནི་སྣང་བ་མཐའ་ཡས་སོ། །ཆོས་ཀྱི་བདག་ཉིད་ཆེ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། བསྐྱེད་པའི་རིམ་པའོ། །ཡང་ན་ནམ་མཁའི་རྡོ་རྗེ་ནི་ ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པའོ། །དེ་ལས་བྱུང་བའི་ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཆོས་ཀྱི་དེ་བཞིན་ཉིད་ནི་སྣང་བ་མཐའ་ཡས་ཏེ། དེ་ཉིད་ཀྱི་དམ་ཚིག་ནི་རིམ་པ་གཉིས་ཏེ། དེ་ལས་བྱུང་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་དེ་བཞིན་དུ་བཤད་ པ་སྟེ། བདག་ལ་བྱིན་གྱིས་བརླབ་པའོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་དེ་བཞིན་ཉིད་དོ། །ཟླ་བའི་དཀྱིལ་འཁོར་ནི་རབ་ཏུ་གྲགས་པའོ། །བུད་མེད་སྒྱུ་མ་ནི་བུད་མེད་ཉིད་དུ་ཡིན་ཏེ། གང་གི་ཕྱིར་དེ་ཁོ་ན་ཉིད་ ལ་བུད་མེད་དང་སྐྱེས་པའི་དབྱེ་བ་མི་དམིགས་པ་སྟེ། འདུས་བྱས་པའི་ཕྱིར་རམ་བུད་མེད་དང་སྐྱེས་བུ་བཞིན་དུ་དེ་ཁོ་ན་ཉིད་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་ཉོན་མོངས་པ་གདུལ་བྱའི་སེམས་ཅན་རྣམས་ཀྱི་ཕྱིར། །བུད་མེད་སྒྱུ་མ་བཅོམ་ལྡན་འདས་ཀྱི་སྤྲུལ་པའོ། ། རིན་ཆེན་འཁོར་ལོ་སྟེ་བསྐྱེད་པའི་རིམ་པའོ། །ཡང་ནམ་མཁའ་རྡོ་རྗེ་ནི་སྟོང་པ་གསུམ་མོ། །གཞན་ནི་སྔ་མ་བཞིན་ནོ། །སྤྱན་གྱི་དམ་ཚིག་ནི་ལྷ་མོ་སྤྱན་གྱི་དམ་ཚིག །ལྷ་མོ་སྤྱན་བསྐྱེད་པ་ནི། དེ་ཉིད་ཀྱི་ཕྱག་གི་མཆོག་ནི་ཕྱག་མཚན་དང་པོ་འཁོར་ལོའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་ དེ་བཞིན་དུ་བཤད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་དེ་བཞིན་ཉིད་དོ། །ཁམས་གསུམ་དག་གིས་ཕྱག་བྱས་པ་ནི་འགུགས་པའི་རང་བཞིན་གྱི་ཕྱིར་རོ། །ནམ་མཁའི་དབྱིངས་ནི་རང་ བཞིན་རྣམ་པར་དག་པའོ། །ཡུལ་ནི་མི་བསྐྱོད་པ་སྟེ། དེ་ལས་འོད་ཟེར་གྱི་སྤྲིན་སྤྲོ་བ་སྟེ། དེ་ཉིད་ཀྱིས་རྡོ་རྗེ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དག །ཚིམ་པར་བྱེད་པ་ནི་དགྱེས་པར་བྱེད་པའི་མཱ་མ་ཀཱིའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པ་དང་ བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་དེ་བཞིན་ཉིད་དམ་ཡེ་ཤེས་གསུམ་མོ། །རྡོ་རྗེ་ཆོས་མ་ནི་གོས་དཀར་མོའོ། །ཆོས་ཀྱི་ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཆོས་ཀྱི་དམ་ཚིག་ནི་སྣང་བ་མཐའ་ ཡས་པ་སྟེ། དེ་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་པར་བྱང་ཆུབ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་ཀུན་དུ་སྟོན་པ་ན་མཚོན་པར་བྱས་པའི་ཕྱིར་རྡོ་རྗེ་ནི་གོས་དཀར་མོའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པ་དང་བདག་ལ་བྱིན་གྱིས་བརླབ་པའི་ རིམ་པའོ། །དངོས་གྲུབ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་དེ་བཞིན་ཉིད་དམ་དུས་མཚམས་ལ་སོགས་པ་རྣམ་པར་དག་པའོ། །དངོས་གྲུབ་དཀྱིལ་འཁོར་ནི་དོན་ཡོད་གྲུབ་པའི་གཞིར་གྱུར་པ་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་ཏིང་ངེ་འཛིན་ནི་བྱ་བ་ནན་ ཏན་གྲུབ་པའི་ཡེ་ཤེས་སོ། །དམ་ཚིག་སྒྲོལ་མ་ནི་དབང་དང་འགུགས་པ་གཙོ་བོར་གྱུར་པ་ལྷ་མོ་སྒྲོལ་མ་སྟེ། དེ་ཉིད་ལས་ཐམས་ཅད་མཛད་པའི་མཆོག་དང་ལྡན་པ་སྟེ། དེ་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པ་དང་། བདག་ལ་བྱིན་གྱིས་ བརླབ་པའི་རིམ་པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་དེ་བཞིན་ཉིད་དམ་བཞི་པའོ། །སྣང་མཛད་དབུ་རྒྱན་དེའི་རིགས་ཡིན་པའི་ཕྱིར་རོ། །གཤིན་རྗེ་གཤེད་ཀྱི་སྤྲོས་པ་ནི་གཤིན་རྗེ་གཤེད་དེ། དེ་ཉིད་སྣང་བ་བཀོད་པ་ནི་འོད་ གསལ་བའི་རྣམ་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་དེ་བཞིན་ཉིད་དམ། ཡང་དག་པའི་མཐའོ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །ཞེས་པ་ནི་དེའི་རིགས་ཡིན་པའི་ཕྱིར། གཞན་གྱིས་མི་ཐུབ་པའི་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་ལས་བཀོད་པ་ནི་ཤེས་རབ་མཐར་བྱེད་སྤྲོ་བའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་སྟོང་པ་ཉིད་དམ་ཐམས་ཅད་སྟོང་པ་ཉིད་དོ། །དཔག་མེད་ དབུ་རྒྱན་ལ་ཞེས་པ་ནི་དེའི་རིགས་ཡིན་པའི་ཕྱིར་རོ། །རྟ་བསྐྱེད་པ་ནི་སྣང་བ་མཐའ་ཡས་ཏེ། དེའི་བཀོད་པ་ནི་རྟ་མགྲིན་ཏེ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་རྡོ་རྗེ་ནི་དང་པོ་སྦྱོར་བའམ་འོད་གསལ་བའོ། ། མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །ཞེས་པ་ནི་དེའི་རིགས་ཡིན་པའི་ཕྱིར་རོ། །མི་འཆི་བའི་དམ་ཚིག་ནི་མི་བསྐྱོད་པ་སྟེ། དེ་ལས་བྱུང་བའི་དམ་ཚིག་ནི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་རྡོ་རྗེ་ནི་སྤྲོས་ པ་མེད་པའམ། ཐམས་ཅད་སྟོང་པའོ། །མི་བསྐྱོད་དབུ་རྒྱན་ལ་ནི་དེའི་རིགས་ཡིན་པའི་ཕྱིར་རོ། །བསམ་གཏན་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་ལས་མངོན་པར་བྱང་ཆུབ་པའི་དགའ་བ་ནི་སྐྱེད་པའི་དགའ་བ་གང་ལ་ཡོད་པ་དེ་ནི་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་ པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་དེ་བཞིན་ཉིད་དམ་འོད་གསལ་བ་དག་གོ། །རྡོ་རྗེ་གསུམ་ནི་མི་བསྐྱོད་པ་སྟེ། དེ་ཉིད་ཀྱིས་གཟིགས་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་ མཁའི་རྡོ་རྗེ་ནི་དེ་ཉིད་དམ་ཟླ་བ་ལ་སོགས་པའི་སྣང་བའོ། །རྡོ་རྗེ་དབྱིག་པ་ནི་རྡོ་རྗེས་མཚན་པའི་དབྱིག་པ་སྟེ། དེ་ཉིད་དམ་ཚིག་མཆོག་ནི་ཕྱག་མཚན་གང་ལ་ཡོད་པ་དེ་ནི་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ནམ་ མཁའི་རྡོ་རྗེ་ནི་དེ་བཞིན་ཉིད་དམ་སྤྲོས་པ་དང་བྲལ་བའོ། །རྡོ་རྗེ་ནམ་མཁའི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་དམ་ཚིག་ནི་མི་བསྐྱོད་པ་སྟེ། དེ་ཉིད་ཀྱི་ཞབས་ཀྱིས་མནན་པ་ནི་སྤྲོས་པ་གང་ཡིན་པ་དེའི་ཏིང་ངེ་འཛིན་ཡང་དེ་བཞིན་དུ་བཤད་པའོ། །ཉི་མའི་དཀྱིལ་འཁོར་ ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་རྡོ་རྗེ་ནི་སྟོང་པ་ཉིད་དམ་སྤྲོས་པ་མེད་པའོ། །གཙུག་ཏོར་དམ་ཚིག་ནི་མི་བསྐྱོད་པ་སྟེ། དེ་ཉིད་རིགས་གང་ལ་ཡོད་པ་དེ་ནི་གཙུག་ཏོར་དམ་ཚིག་རིགས་ཏེ། འཁོར་ལོ་འཛིན་པའི་ཕྱིར་འཁོར་ལོ་གང་ལ་ཡོད་པ་དེ་ནི་ཏིང་ངེ་འཛིན་ཡང་དེ་ བཞིན་དུ་བཤད་པའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། །ནམ་མཁའི་རྡོ་རྗེ་ནི་ཏིང་ངེ་འཛིན་ནམ་འོད་གསལ་བའོ། །རྡོ་རྗེ་དམ་ཚིག་ནི་ས་འོག་ལ་གནས་པ་རྣམས་ཏེ། དེ་རྣམས་སུཾ་བྷ་ནི་གནོན་ལ། འབྱུང་བ་ནི་བསྐྱེད་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ ཡང་དེ་བཞིན་དུ་བཤད་པ་སྟེ། བསྐྱེད་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ། །འགོག་པ་ཁྲོ་བོའི་འཁོར་ལོ་ནི། །ཞེས་བྱ་བ་ལ་སོགས་པ་ལ། འགོག་པ་སྟོང་པ་ཉིད་དམ། འོད་གསལ་བ་སྟེ། དེ་དག་ལས་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་པའམ་ ཅིག་ཅར་དུ་སངས་རྒྱས་འཁོར་ལོ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་ཁྲོ་བོའི་དཀྱིལ་འཁོར་བསྟེན་པ་ནི་བསྒོམ་པར་བྱའོ། །དེ་བཞིན་དུ་ཏིང་ངེ་འཛིན་ལྷ་མོ་རྣམས་དང་། རྡོ་རྗེ་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་རྣལ་འབྱོར་པས་བསྒོམས་ན་དེའི་ཚེ་རྡོ་རྗེ་དཀྱིལ་ འཁོར་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་ལ་འགྲུབ་པར་འགྱུར་བ་ནི་རྫོགས་པར་འགྱུར་རོ། །རྡོ་རྗེ་དམ་ཚིག་ནི་བསད་པ་ལ་སོགས་པ་དང་། བཀོད་པ་ནི་དེ་བཞིན་གཤེགས་པའི་རྣམ་པ་བསྒོམ་པ་དང་། དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་ནི་བདག་ལ་བྱིན་གྱིས་བརླབ་ པའི་རིམ་པ་བསྒོམ་པ་སྟེ། དེ་རྣམས་ཀྱིས་ཐོབ་པར་འགྱུར་བ་ནི་མངོན་པར་བྱང་ཆུབ་པའི་ལེའུ་གང་ལ་ཡོད་པ་དེའི་དོན་སྟོན་པར་བྱེད་པའི་གཞུང་གི་ཚོགས་ཀྱང་དེ་བཞིན་དུ་བཤད་པའོ། །རྒྱུད་འགྲེལ་ལས་ལེའུ་བཅུ་གསུམ་པ་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་ གསུམ་པའི་ཚིགས་སུ་བཅད་པའི་གྲངས་སུམ་བརྒྱ་དགུ་བཅུའོ།། །།སྔར་བཤད་པའི་ཞི་བ་ལ་སོགས་པའི་ལས་སྔགས་ཀྱི་སྒོ་ནས་བྱེད་པར་འདོད་པ་ལ་ལེའུ་བཅུ་བཞི་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་ཞི་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་བདག་པོ་ནི་སྤྲུལ་པར་མཛད་པའོ། །རྡོ་རྗེ་ཆེན་པོ་ནི་བསྒྲུབ་པར་དཀའ་བའི་འཆི་བ་སློང་བ་ལ་སོགས་པ་སྟེ། དེ་རྣམས་འཛིན་པ་ནི་རྫོགས་པར་མཛད་པས་ན་རྡོ་རྗེ་འཛིན་ཆེན་པོའོ། །ཞི་བའི་དམ་ཚིག་ ནི་ཞི་བ། དེའི་མཆོག་ནི་དེ་བྱེད་པ་སྟེ། དུས་མ་ཡིན་པའི་འཆི་བ་སླུ་བའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཐུགས་རྩེ་གཅིག་པར་གྱུར་པ་ལ་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དེ། དེའི་བཙུན་མོ་ ནི་ལྷ་མོ་གཙོ་མོ་སྟེ་དེ་ཉེ་བར་བརྟགས་པས་རིག་སྔགས་ཀྱང་དེ་བཞིན་དུ་བཤད་པ་སྟེ། དེ་ཉིད་ཉིད་ཀྱི་སྐུ་ལ་སོགས་པ་ལ་སོགས་པ་ལས་བྱུང་ངོ་། །དེ་ལ་ཨོཾ་ནི་རྣམ་པར་སྣང་མཛད་དོ། །ཡི་གེ་རཾ་ནི་མེའི་ས་བོན་ནོ། །དེའི་རང་བཞིན་གྱི་སྲེག་པར་བྱེད་པ་གང་ཞིག་ཨོཾ་རུ་རུ་ནི་ཡུན་དུ་གནས་པའི་ རིགས་ལ་སོགས་པ་སྟེ། དེ་རྣམས་སྤུ་རུ་ནི་བསྐྱོད་པར་མཛད་དེ་ཞེས་སྟོན་ཏོ། །དེ་བཞིན་དུ་འཆི་བ་སླང་བས་རབ་ཏུ་སྣང་བའི་ཕྱིར་ཛྭ་ལའོ། །དེ་ཉིད་བརྟན་པར་མཛད་པའི་ཕྱིར་ཏིཥྛ་ནི་འགྲོ་བ་ལྡོག་པའོ། །སརྦཱརྠ་ནི་དོན་ཐམས་ཅད་དེ་ཞི་བ་ལ་སོགས་པ་སྒྲུབ་པར་མཛད་པས་ ནི་སརྦཱརྠ་སཱ་དྷ་ནེ་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །སྭཱ་ཧཱའི་སྒྲ་ནི་ཞི་བ་གསལ་བར་བྱེད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རིག་སྔགས་འདི་གསུངས་པ་ཙམ་གྱིས་ནི་བཅོམ་ལྡན་འདས་ཀྱིས་བཟླས་པ་ཙམ་གྱིས། ཀུན་ནི་རིམས་ལ་སོགས་པའི་ནད་རྣམས་ཞི་བས་གང་ཞིག་ཐོབ་པ། འབྱོར་བ་ནི་ནད་མེད་པ་སྟེ་དེ་ཉིད་ཡིད་ཀྱིས་ཅིག་ཅར་དུ་གང་གིས་འདོད་པ་དེ་ནི། འབྱོར་བ་ཀུན་ལ་དགྱེས་པ་སྟེ། ཞི་བ་ལ་སོགས་པ་འདོད་པའི་སྒྲུབ་པ་པོ་རྣམས་སོ། །ཇི་ལྟ་བུ་ཞེ་ན། མཉེས་པ་ནི་སྔགས་ཐོས་པས་སོ། །རབ་ཏུ་དགྱེས་གྱུར་པ་ནི་རིམས་ལ་སོགས་པ་ཞི་བ་མངོན་དུ་བྱེད་ པས་སོ། །སངས་རྒྱས་རྡོ་རྗེ་ནི་རྣམ་པར་སྣང་མཛད་དང་ཐ་མི་དད་པའི་ལྷ་མོ་སྤྱན་ཏེ། དེ་ཉིད་རྗེས་སུ་དྲན་པ་ནི་དེ་རྣམས་ཀྱིས་བསྒོམས་སོ། །ཕན་ཡོན་བཤད་པར་བྱ་སྟེ། སངས་རྒྱས་རྣམས་ཀྱི་ཞི་བྱུང་བ། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་རྣམས་ནི་བསྒྲུབ་བྱ་རྣམས་ཀྱི་ རིམས་ལ་སོགས་པ་བཟློག་པས། ཞི་བ་འབྱུང་བ་ནི་ནད་མེད་པའི་ལུས་རྫོགས་པར་མཛད་པའོ། །དེ་བཞིན་དུ་ཤི་བ་ནི་སྲོག་དང་བྲལ་བའི་སེམས་ཅན་རྣམས། སོས་པར་བྱེད་པ་ནི་སློང་བར་མཛད་པའོ། །དེ་བཞིན་དུ་གཞན་རྣམས་ཀྱང་མོས་པ་མཐུན་པའི་དབང་གིས་ལས་རྣམས་ ཐམས་ཅད་སྒྲུབ་པར་བྱེད་པའོ། །རྡོ་རྗེ་བཞིན་དུ་མི་ཕྱེད་པའི་དམ་ཚིག་སྟེ་ནད་རྣམས། བསྐུལ་བ་ནི་མེད་པར་མཛད་པའོ། །འདིར་སྦྱོར་བ་འདི་ཡིན་ཏེ་ཅིག་ཅར་དུ་རྣམ་པར་སྣང་མཛད་ཀྱི་སྐུ་དཀར་པོ། དེ་དང་འདྲ་བའི་ལྷ་མོ་སྤྱན་གྱིས་འཁྱུད་པར་བསྒོམས་ལ། དེའི་པདྨའི་ལྟེ་བའི་དབུས་སུ་ ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་བསྒྲུབ་བྱ་བཀུག་ཅིང་བཞག་ལ་སྙིང་གའི་པདྨར་ཁ་དོག་དཀར་པོའི་རིག་སྔགས་འདི་བཀོད་ལ་རྩ་དབུས་མའི་ལམ་ནས་བདུད་རྩིར་ཞུ་བའི་ངོ་བོས་རྡོ་རྗེ་དང་པདྨའི་རྩེ་མོར་ཕྱིན་ལ། ཆེ་གེ་མོ་འདི་ལ་ཤཱནྟིཾ་ཀུ་རུ་ཧྲཱིཿཞེས་བྱ་བ་བརྗོད་ཅིང་ཡབ་ ཡུམ་གཉིས་ཀས་ཀྱང་དེའི་སྤྱི་བོར། བྱང་ཆུབ་ཀྱི་སེམས་དཀར་པོས་དབང་བསྐུར་བར་བྱའོ། །དེའི་རྗེས་དེ་ཉིད་ལས་ཕྱི་རོལ་དུ་སྤྲོས་ཏེ་སྔགས་དེ་ཉིད་ཀྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ན་སོས་པར་འགྱུར་རོ། །དེ་ནས་ཙནྡན་དཀར་པོས་རི་མོ་མེད་པའི་གྲོག་ལ་རྩིབས་བཅུ་པའི་འཁོར་ ལོ་བྲིས་ཏེ། དབུས་སུ་ཨོཾ་དང་རྩིབས་གཞན་རྣམས་ལ་ཡི་གེ་གཉིས་བཀོད་ལ། སྒྱུ་མའི་ས་བོན་གྱིས་འཁོར་ལོའི་མཐར་བསྐོར་ཞིང་ལྕགས་གསུམ་གྱིས་བསྐོར་བར་བྱས་ཏེ། སྐུད་པ་དཀར་པོས་བཅིངས་ཤིང་ནད་པ་དེའི་གཡས་པའི་དཔུང་པ་ལ་བཅིང་བར་བྱའོ། །དེ་ནས་རིམས་ ལ་སོགས་པ་སླར་མི་འབྱུང་ངོ་། །དེ་བཞིན་དུ་དེ་མ་ཐག་ཏུ་ཤི་བའི་སྐྱེས་པ་རྙེད་ལ། རང་གི་བདག་ཉིད་སྔ་མ་བཞིན་དུ་བསྒོམས་ཤིང་ཤི་བ་དེ་ཙནྡན་དཀར་པོ་འདྲེས་པའི་ཆུས་བཀྲུས་ལ། དེ་སྲིད་པ་བར་མ་དོར་ཡང་ཡི་གེ་གསུམ་གྱི་རང་བཞིན་ནམ་མཁའ་ལས་བཀུག་ཅིང་ལྷ་མོའི་པདྨའི་ལྟེ་བའི་ ནང་དུ་ཞུགས་ལ། སྔ་མ་བཞིན་དུ་སྔགས་ཀྱི་ཡི་གེ་ཡོངས་སུ་གྱུར་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བས་ཐིམ་པར་བྱས་ཤིང་ཕྱི་རོལ་དུ་སྤྲོས་ཏེ། རོའི་ལུས་ཀྱི་སྙིང་གར་ཞུགས་ཤིང་མདོག་སེར་པོ་རྡོ་རྗེས་མཚན་པའི་དབང་ཆེན་གྱི་དཀྱིལ་འཁོར་གྱིས་བསྐོར་ཞིང་ སྔགས་དེ་ཉིད་ཀྱིས་སྤྱི་བོ་ལ་སོགས་པ་བྱིན་གྱིས་བརླབས་ན་ཤི་བ་དེ་སློང་བར་འགྱུར་རོ། །དེ་ནས་སྔ་མ་བཞིན་དུ་སྲུང་བའི་འཁོར་ལོ་ཡང་བཅིང་བར་བྱའོ། །ལས་གཞན་རྣམས་བྱེད་པར་འདོད་ན་དེའི་ཚེ་སྔགས་ཀྱི་ཡི་གེ་དང་མཆོད་པའི་རྫས་རྣམས་དམར་པོ་ལ་སོགས་པའི་ཁ་དོག་ཏུ་བསྒོམ་ པར་བྱའོ། །ཕྲེང་བའི་དབྱེ་བ་ནི་ལས་ཚོགས་ཀྱི་དབྱེ་བས་སོ། །ཇི་སྐད་དུ། ཤེལ་དང་དུང་དང་མུ་ཏིག་དང་། །དེ་བཞིན་དཀར་པོའི་ཁམས་རང་བཞིན། །ཞི་བའི་ལས་ལ་བློ་ལྡན་པས། །བྱ་བ་གྲུབ་ཕྱིར་བླང་བར་བྱ། །དངུལ་དང་གསེར་དང་ཟངས་མ་ནི། །རྒྱས་པ་ལ་ནི་རྒྱལ་བས་གསུངས། ། གུར་ཀུམ་གླ་རྩི་བཞི་མཉམ་མོ། །དབང་གི་ལས་ལ་ཤེས་པར་བྱ། །དགུག་པ་ལ་ནི་རུ་དྭཱཀྵ། །སྡང་བ་ལ་སོགས་གླང་པོ་ཡིན། །རྩ་བའི་སྔགས་རྣམས་བཟླས་པ་ལ། །མི་རུས་རང་བཞིན་བརྗོད་པ་ཡིན། །ཕྲིན་ལས་ཐམས་ཅད་རབ་གྲུབ་ཕྱིར། །བོ་དེ་ཙེ་ནི་འདོད་པ་ཡིན། །ཞེས་ གསུངས་སོ། །ལག་པ་ལ་དགོད་པ་ནི་ཟ་བའི་དུས་བཞིན་དུ་རྗེས་སུ་དྲན་པར་བྱ་སྟེ། དེ་ཡང་སྔར་བཤད་པའོ། །དེ་ནི་བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུམ་གྱི་དམ་ཚིག་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་ཁྲོ་བོ་ཉེ་བར་ བསྡུ་བ་སྟེ། དེ་ཉིད་གཙོ་བོར་གྱུར་པའི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དངོས་པོ་དང་དངོས་པོ་མེད་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཏེ། དེ་དག་གི་དམ་ཚིག་ནི་གཅིག་ཏུ་གྱུར་པ་སྟེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེའི་རང་བཞིན་གྱི་མི་བསྐྱོད་པ་སྟེ། དེ་ཉིད་ཀྱི་རྡོ་རྗེ་ནི་མཱ་མ་ཀཱི་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་འཛིན་ཐམས་ཅད་ནི་མི་བསྐྱོད་པ་སྟེ། དེ་ཉིད་བཙུན་མོའི་མཆོག་ནི་མཱ་མ་ཀཱི་སྟེ། དེ་ཉེ་བར་བསྟན་པས་རིག་སྔགས་ཀྱི་དེ་བཞིན་དུ་བཤད་པ་སྟེ། དེ་ཉིད་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཨོཾ་ནི་རྡོ་རྗེ་འཆང་ཆེན་ པོའོ། །ཤཾ་ནི་དགེ་ལེགས་ཏེ་དེ་བྱེད་པས་ན་ཤཾ་ཀ་རིའོ། །ཤཱནྟིཾ་ནི་འཇིགས་པ་ཞི་བ་སྟེ་དེ་བྱེད་པས་ན་ཤཱནྟིཾ་ཀ་རིའོ། །གྷུ་ཊི་ནི་ཞེས་པ་ནི་གདུག་པ་འདུལ་བར་མཛད་པའོ། །གདུལ་བས་ཀྱང་གལ་ཏེ་དབང་དུ་མ་གྱུར་ན་དེའི་ཚེ་གྷུ་ཊ་ཡཾ་ཞེས་པ་ནི་གདུག་པ་རྣམས་གསོད་པར་མཛད་པའོ། ། ཚིག་གཉིས་ནི་ཟློས་པའོ། །སྭཱ་ཧཱའི་སྒྲས་ནི་གདུལ་བ་དང་གསོད་པ་རྣམས་སླར་ཡང་སློང་བའི་ཕྱིར་ཞི་བའི་དོན་དུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྔགས་འདི་ཉིད་གསུངས་པ་ཙམ་གྱིས་སྐུ་གསུམ་དབྱེར་མེད་རྡོ་རྗེ་ཅན་ནི་ལུས་ངག་ཡིད་ལ་འཇིགས་པར་བྱེད་པའི་དགྲ་བོ་རྣམས་དང་། རྡོ་རྗེ་བཞིན་དུ་ཤིན་ཏུ་རྣོ་བའི་སྲིན་པོ་ལ་སོགས་པའོ། །མཉེས་པའི་སྤྱན་ནི་གདངས་ནས་སུ། །ཞེས་པ་ནི་དེའི་འཇིགས་པ་ལྡོག་པས་དགའ་བའི་ཡིད་དང་ལྡན་པའི་སྒྲུབ་པ་པོ་རྣམས་ཀྱི། རྡོ་རྗེ་ཐུགས་ནི་མཱ་མ་ཀཱི་དང་སྙོམས་པར་ཞུགས་པའི་ཐུགས་རྡོ་རྗེ་དང་། རིན་ཆེན་འབྱུང་ལྡན་ རྗེས་སུ་དྲན་པ་ནི་སྒོམ་པས་སོ། །རིག་སྔགས་འདི་རོ་ལངས་ལ་སོགས་པའི་འཇིགས་པས་ནོན་པ་རྣམས་ཀྱི། རྡོ་རྗེ་བསྲུང་བའི་སྦྱོར་བ་ལ་ཞེས་པ་ནི་དེ་རྣམས་ཀྱིས་དཔུང་པ་ལ་བསྲུང་བའི་འཁོར་ལོ་བྲིས་ནས་རྟག་ཏུ་ཞེས་པ་ནི་དུས་ཐམས་ཅད་དུ་ལས་རྣམས་ནི་བགེགས་འཇིག་པའི་ལས་ རྣམས་སྒྲུབ་པར་བྱེད་དོ། །རྡོ་རྗེ་ཆེན་པོ་ནི་ཐོག་བཞིན་དུ་རྣམ་པར་འཇོམས་པར་བྱེད་པའི་ཤ་ཟ་ལ་སོགས་པ་སྟེ། དེ་རྣམས་ཀྱི་འཇིགས་པས་ཉེན་པ་ལ་སྟོབས་བྱེད་པ་དེ་ལྡོག་པས་རང་གི་ནུས་པ་སྐྱེད་པར་བྱེད་པའོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ། མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་གྱི་རྣལ་ འབྱོར་པ་དག་གི་རང་གི་རིག་མའི་པདྨའི་ནང་དུ་སྲིན་པོ་སོགས་པས་ནོན་པའི་སྐྱེས་བུ་ལ་སོགས་པ་ཞུགས་ཏེ། སྔ་མ་བཞིན་དུ་སྔགས་ཀྱང་སྙིང་གར་བཞག་ལ་དེ་ཉིད་ཀྱང་རྩ་དབུ་མའི་ལམ་ནས་ཞུ་སྟེ། གཉིས་ཀས་ཀྱང་འོད་ཟེར་ནག་པོ་ལྕགས་ཀྱུ་དང་འདྲ་སྟེ་དེ་ཉིད་བསྒྲུབ་བྱའི་སྤྱི་བོར་ཕབ་ལ་དེ་ཉིད་ སྙིང་གར་གནས་པའི་ཁ་དོག་ནག་པོ་ཤ་ཟ་ལ་སོགས་པ་དེའི་ཁའི་སྒོ་ནས་བྱུང་བར་བྱས་ལ་ཕྱི་རོལ་དུ་སྤྲོས་ཏེ་སྔ་མ་བཞིན་དུ་བྱིན་གྱིས་བརླབས་ན་ནད་པ་དེ་སྐྱོན་དང་བྲལ་བའོ། །དེ་ནས་བསྲུང་བའི་འཁོར་ལོ་བཅིངས་ན་སོས་པར་འགྱུར་ཏེ་བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་ པ་ལ་འདོད་ཆགས་ཆེན་པོ་ནི་སྣང་བ་མཐའ་ཡས་ཏེ། དེ་ཉིད་ཀྱི་དམ་ཚིག་ནི་སྙོམས་པར་ཞུགས་པའི་ཕྱིར། གཟིགས་པ་གོས་དཀར་མོའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས་ཆོས་ཀྱི་སྐུ་ནི་སྣང་བ་མཐའ་ཡས་ཏེ། དེ་ཉིད་ཀྱི་བཙུན་མོའི་མཆོག་ནི་གོས་དཀར་ མོ་སྟེ། དེ་དང་ཐ་མི་དད་པའི་རིག་སྔགས་ཀྱང་དེ་བཞིན་དུ་བཤད་པ་སྟེ། དེ་ཉིད་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཨོཾ་ནི་བཀྲ་ཤིས་པའི་དོན་དུའོ། །ཀ་ཊེ་ཞེས་པ་ནི་འཚོ་བར་དཀའ་བ་ལའོ། །ནི་ཀ་ཊེ་ཞེས་པ་ནི་དབུལ་པོ་རྣམས་ལ་མངོན་པར་ཕྱོགས་པའོ། །ཀ་ནི་བདེ་ བ་སྟེ་དེ་ཉིད་དང་ཀ་སྦྱར་བས་ཀ་ཊ་ཀ་སྟེ་ཨ་དྷ་ནི་ནོར་ཐོབ་ཏུ་འཛུད་པའོ། །ཀ་ཊ་དང་ནི་ཀ་ཡང་ཡིན་པས་ཀ་ཊ་ཀ་སྟེ་ཕྱི་མའི་ཨ་མི་མངོན་པར་འགྱུར་རོ། །ཝི་ཀ་ཊེ་ཞེས་པ་ནི་ཁྱད་པར་དུ་སྡུག་བསྔལ་དང་ལྡན་པ་རྣམས་ལ། ཀ་རོ་ཊ་ནི་མགོ་བོ་བཞིན་དུ་གཙོ་བོ་སྦྱིན་པར་བྱ་བའི་ཕྱིར། བཱིརྱ་ནི་བརྩོན་ འགྲུས་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །སྭཱ་ཧཱའི་སྒྲ་ནི་མངོན་དུ་བྱ་བའི་ཕྱིར་རོ། །སྔགས་འདི་གསུངས་པ་ཙམ་གྱིས་རྡོ་རྗེ་འཛིན་ནི་སྣང་བ་མཐའ་ཡས་ཏེ། དེའི་མཆོག་གི་རིགས་འཛིན་པས་ན་རྡོ་རྗེ་ཆོས་མཆོག་འཛིན་པ་སྟེ། པདྨའི་རིགས་ཅན་རྣམས་མཉེས་པ་ནི་དགའ་ཞིང་། བསམ་གཏན་ ནི་གོས་དཀར་མོའི་གཟུགས་བསྒོམ་པ་ཐོབ་པར་འགྱུར་རོ། །རྡོ་རྗེ་ཆོས་ནི་གོས་དཀར་མོ་དང་སྙོམས་པར་ཞུགས་པའི་སྣང་བ་མཐའ་ཡས་རྗེས་སུ་དྲན་པ་ནི་བསྒོམས་སོ། །རིག་སྔགས་འདིས་ཆོས་ནི་བ་ལང་དང་མ་ཧེ་དང་གསེར་ལ་སོགས་པ་ལ། རྒྱས་པ་ནི་སྐལ་བ་དང་བཅས་པ་ དང་། སྟོབས་ནི་ཡན་ལག་བཞི་པའི་དཔུང་སྟེ། དེ་དག་ཐམས་ཅད་དང་ཐམས་ཅད་དུ་མཛོད་ཆེན་པོ་ནི་མི་ཟད་པའི་མཛོད་དང་མཛད་པ་སྟེ། བཟླས་པ་ཙམ་གྱིས་གསུང་རྡོ་རྗེའི་གསུང་བཞིན་ནོ་ཞེས་ཐེ་ཚོམ་མེད་པའོ་ཞེས་བྱ་བའི་དོན་ཏོ། །འདི་སྦྱོར་བ་ནི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས། གོས་དམར་མོའི་པདྨའི་ནང་དུ་དབུལ་པོ་ཞུགས་ཏེ། སྔ་མ་བཞིན་དུ་ཞུ་ནས་ཁ་དོག་སེར་པོའི་འོད་ཟེར་སྤྲོ་བའི་དབང་བསྐུར་གྱིས་ཚིམ་པར་བྱས་ལ། ཡང་སྤྲོས་ཏེ་དེ་ཉིད་ལྕགས་གསུམ་གྱིས་བསྐོར་བའི་སྲུང་བའི་འཁོར་ལོ་དེའི་དཔུང་པ་ལ་བཏགས་ན་ཕྱུག་པོར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་ ཀུན་ནི་ལས་ཐམས་ཅད་ལ། འབྱུང་བ་ནི་དབང་གང་ལ་ཡོད་པ་དེ་ཀུན་ནས་འབྱུང་བ་ནི་དོན་ཡོད་དོ། །དེའི་རྡོ་རྗེ་ནི་རྡོ་རྗེའི་རྩེ་མོར་བཞུགས་པའི་སྒྲོན་མ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་བཞིན་ནོ། །དེ་ཐོབ་ཅིང་དམ་ཚིག་སེམས་དཔའ་ནི་དོན་ཡོད་དེ། དེའི་བཙུན་མོ་མཆོག་ནི་སྒྲོལ་མའི་རང་བཞིན་རིག་ སྔགས་ཏེ། ཉིད་ཀྱི་སྐུ་ལ་སོགས་པ་ལས་ཞེས་སྔ་མ་བཞིན་ནོ། །ཨོཾ་ནི་རྡོ་རྗེ་འཆང་ཆེན་པོ་འཁོར་བ་ལས་སྒྲོལ་བར་བྱེད་པས་ཏཱ་རེའོ། །ཏུ་ཏ་ནི་འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་ཞིང་སྲུང་བས་ན་ཏུཏྟཱ་རེའོ། །མྱུར་དུ་དོན་གྲུབ་པས་ཏུ་རེའོ། །སྭཱ་ཧཱ་ནི་བོད་པའོ། །འདི་གསུངས་པ་ཙམ་གྱིས་སངས་ རྒྱས་ཀུན་ནི་དམ་ཚིག་གི་རིགས་ཅན་ནོ། །བདག་ཆེ་ལས་སྐྱེས་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །མཉེས་ཤིང་ནི་དགུ་པའོ། །ཡེ་ཤེས་ནི་བྱ་བ་ནན་ཏན་སྒྲུབ་པ་ཐོབ་ནས། རྡོ་རྗེ་སྐུ་ནི་དོན་ཡོད་གྲུབ་པའི་སྐུ་ལ་དབྱེར་མེད་པའི་སྒྲོལ་མ། རྗེས་སུ་དྲན་ཞིང་བསྒོམས་སོ། །སངས་རྒྱས་རྡོ་རྗེ་ནི་ཤེས་ རབ་དང་ལྡན་ཞིང་བསྟན་པའི་རྒྱལ་པོ་རྣམས་ཏེ། དེ་དག་གི་སྡེ་ཆེན་ནི་ཡན་ལག་བཞི་པའི་དཔུང་ངམ་བཙུན་མོའི་འཁོར། སེམས་ཀྱི་ཁམས་མ་ལུས་པ་ནི་ཕྱོགས་བཅུ་ལ་གནས་པ། དྲན་བཞིན་གཡོ་བ་མེད་ཅིང་ནི་སྐྱབས་གཞན་མེད་པར་བཟླས་པ་ཙམ་གྱིས་དབང་དུ་བྱེད་དོ། །འདིར་ནི་སྦྱོར་བ་འདི་ ཡིན་ཏེ་དོན་ཡོད་གྲུབ་པའི་རྣལ་འབྱོར་པས་སྒྲོལ་མའི་པདྨའི་ནང་དུ་བསྒྲུབ་བྱ་ཞུགས་ཤིང་སྙིང་གར་དགོད་པའི་ཡི་གེ་བཅུ་པའི་རིག་སྔགས་དབུས་ཀྱི་ལམ་ནས་ཁ་དོག་དམར་པོར་ཞུ་ཞིང་འོད་ཟེར་དམར་པོའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་སྤྱི་བོར་དབང་བསྐུར་ཞིང་སྤྲོས་ན་དེ་དབང་དུ་འགྱུར་ རོ། འཇིགས་པ་ཆེན་པོ་བཟློག་པ་ལ་གི་ཝང་དང་གུར་གུམ་དག་གིས་བསྲུང་བའི་འཁོར་ལོ་བྲིས་ལ་བཅིངས་ན་འཇིགས་པ་མེད་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དྲི་མ་མེད་པའི་འོད་ཟེར་ནི་རྟགས་ཏེ། དེ་གཉིས་དང་འདྲ་བའི་རྡོ་རྗེ་ནི་ཁྲོ་བོ་སྟེ་གཤིན་རྗེ་གཤེད་དོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་ནས། རྡོ་རྗེ་གཤིན་རྗེ་གཤེད་ནི་ཁྲོ་བོའི་སྔགས་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ན་མཿཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་བ་སྟེ། དེ་བཞིན་དུ་ཐམས་ཅད་ཤེས་པར་བྱའོ། །ཨོཾ་ནི་རྣམ་པར་སྣང་མཛད་དོ། །ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ པ་ནི་ཁྲོས་པས་ཚིག་གཉིས་སོ། །ཇི་སྐད་དུ། འཇིགས་པ་དང་ནི་རྩོད་པ་དང་། །ཁྲོ་དང་དམན་པ་ངེས་དཔྱད་ལ། །བཟོད་པ་གསོལ་བ་དག་ལ་ནི། །ཚིག་གཅིག་གཉིས་སུ་བརྗོད་པའོ། །ཞེས་འབྱུང་ངོ་། །དེ་བས་ན་ཟོ་ཤིག་ཅེས་སྟོན་ཏོ། །ཨ་སི་མུ་ས་ཞེས་བྱ་བ་ལ་སོགས་པ་ལ་རལ་གྲི་ལ་ སོགས་པའི་ཕྱག་མཚན་གྱིས་ཉེ་བར་མཚོན་པའོ། །ཙ་ཏུརྦྷུ་ཛ་ཙ་ཏུརྨུ་ཁ་ཥ་ཊ་ཙ་ར་ཎ་ཞེས་བྱ་བ་ལ། ཕྱག་བཞི་དང་ཞལ་བཞི་དང་ཞབས་དྲུག་གི་གཟུགས་ཀྱི་བདག་ཉིད་ཆེ་བས་སྣ་ཚོགས་པ་ཉིད་བསྟན་པ་སྟེ། འདིར་ནི་ཞལ་གསུམ་ཕྱག་དྲུག་པ་ཞབས་གཉིས་པ་ཁོ་ནའོ། །མ་ཧཱ་ བིགྷྣཱནྟ་ཀ་ཞེས་བྱ་བ་ལ་སོགས་པ་ནི་འདོད་པའི་ཚིག་གོ། །ཀུ་རུ་ཀུ་རུ་སརྦ་ཀརྨྨ་ནི་ཞེས་བྱ་བ་ལ་སོགས་པ་ནི་ལས་ལ་བསྐུལ་བའོ། །བཻ་ཝ་སྭ་ཏ་ཞེས་པ་ནི་བཻ་བ་སྭ་ནི་ཉི་མ་སྟེ། དེའི་བུ་ནི་བཻ་ཝ་སྭ་ཏཱ་གཤིན་རྗེའོ། །མཱ་བི་ལཾ་པ་ཞེས་པ་ནི་མྱུར་དུ་གྱིས་ཤིག་ཅེས་སྟོན་ཏོ། །ཀིཾ་ཙ་ར་མ་ཞེས་པ་ནི་ ཁྲོས་པ་ལའོ། །དེ་བས་ན་འཇིགས་པར་བྱ་བའི་ཕྱིར་མིག་གཉིས་སོ། །ཕཊ་ཀྱི་སྒྲས་ནི་གལ་ཏེ་ཁྱོད་ཀྱིས་དེ་ལྟར་མི་བྱེད་ན་དེའི་ཚེ་ཁྱོད་གཅོད་པའོ། །སྭཱ་ཧཱའི་སྒྲས་ནི་ཞི་བའི་དོན་དུའོ། །སྔགས་འདི་གསུངས་པ་ཙམ་གྱིས། སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས། འཇིགས་པ་ནི་འཇིགས་པ་མེད་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། གྲགས་པ་ཆེན་པོ་ནི་འགྲོ་བའི་དོན་བྱེད་པ་ལ་སོགས་པ་དང་ལྡན་པའོ། །ཀུན་དུ་སྐྲག་འགྱུར་ནི་དད་པས་སེམས་འཁྲུག་པའོ། །རྡོ་རྗེ་སེམས་དཔའ་རྣམ་པར་སྣང་མཛད་དང་ཐ་མི་དད་པའི་འཕགས་པ་གཤིན་རྗེ་ མཐར་བྱེད་རྗེས་སུ་དྲན་པ་ནི་དེ་རྣམས་ཀྱིས་བསྒོམས་སོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ། །ཐོད་པ་མ་ཆག་མ་གས་པ། །ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོའི་བུ་མོའི་ཐོད་པ་མ་ཆག་པ་རྙེད་ཅིང་དེའི་ནང་དུ་མངོན་པར་འདོད་པའི་བུད་མེད་ཀྱི་མིང་སྨྱོ་བའི་ཁུ་བས་བྲིས་ལ། གཤིན་རྗེ་གཤེད་ཀྱི་ རྣལ་འབྱོར་གྱིས་རིག་སྔགས་བཟླས་ཤིང་རྐང་པ་གཡོན་པས་ལྕགས་ཀྱུའི་ཚུལ་གྱིས་དེ་ཉིད་མནན་ཞིང་ཉི་མའི་ཕྱེད་པ་ཇི་སྲིད་དུ་བཟླས་པར་བྱའོ། །ཇི་སྲིད་དུ་འགུགས་པ་འགྲུབ་པར་འགྱུར་རོ། །བསྒྲུབ་པར་བྱ་བའི་དབྱེ་བ་བཤད་པར་བྱ་སྟེ། མཱ་མ་ཀཱི་འམ་སྤྱན་ཡང་རུང་བ་ཞེས་བྱ་བ་ལ་ སོགས་པ་ལ། སྤྱན་ནི་དུང་ཅན་མའོ། །མཱ་མ་ཀཱི་ནི་ཨུཏྤ་ལའོ། །རྡོ་རྗེ་ཆེན་པོ་ནི་པདྨ་ཆེན་པོ་སྟེ་དེའི་རིགས་ལས་བྱུང་བ་པདྨའོ། །དེ་དག་ཐམས་ཅད་དམ་གང་ཡང་རུང་བ་འདོད་པས་འགུགས་པར་ཤེས་པར་བྱའོ། །ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་པ་དང་ སྦྱོར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ཁྱད་པར་དུ་སྣང་བས་ན་རྣམ་པར་སྣང་མཛད་དེ། རྡོ་རྗེ་སེམས་དཔའོ། །དམ་ཚིག་ནི་ལས་ཀྱི་རྡོ་རྗེ། དེ་ཉིད་ཀྱི་འོད་ཟེར་ནི་སྤྲོ་བ་སྟེ་དེ་ཉིད་ཀྱིས་ནམ་མཁའི་མཆོག་ནི་ནམ་མཁའ་བཞིན་དུ་ལྗང་གུ་བདུད་རྩི་འཁྱིལ་པ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ ངེ་འཛིན་ལ་སྙོམས་པར་ཞུགས་ནས། མི་འཆི་བའི་དམ་ཚིག་ནི་བདུད་རྩི་འཁྱིལ་པ་སྟེ། དེ་ཉིད་ཀྱི་ཁྲོ་བོ་ནི་དེ་ཉིད་ཀྱི་ཁྲོ་བོའི་རིག་སྔགས་ཏེ། དེ་ཉིད་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་ནོ། །ན་མཿཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །བཛྲ་ཀྲོ་དྷཱ་ཡ་ཞེས་བྱ་བ་ ལ་སོགས་པ་ནི་བོད་པའོ། །ཨ་སི་མུ་ས་ལ་ཞེས་བྱ་བ་ལ་སོགས་པ་ལ་ནི་མཚོན་ཆ་དང་ལྡན་པས་བརྩོན་འགྲུས་འཕེལ་བའོ། །ཨོཾ་མྲྀ་ཏ་ཀུཎྜ་ལི་ཞེས་པ་ནི་རང་གི་མིང་བརྗོད་པས་མྱུར་དུ་ལས་ལ་འཇུག་པའོ། །ཁ་ཁ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་དུ་བྱ་བ་སྒྲུབ་པའོ། །སྭཱ་ཧཱའི་ སྒྲ་ནི་ཞི་བའི་དོན་དུའོ། །སྔགས་འདི་གསུངས་མ་ཐག་ཏུ་སངས་རྒྱས་ཀུན་ནི་དགའ་བར་བྱེད་པ་དྲག་པོ་ལ་སོགས་པར་ཏེ། གྲགས་པ་ཆེན་པོ་ནི་བྱེད་པས་གྲགས་པ་ཐོབ་པ་ཡང་། བརྒྱལ་བ་ནི་ངོ་མཚར་བར་གྱུར་པ་དང་། འཇིག་པར་གྱུར་ཅིང་། རྡོ་རྗེ་སྐུ་ནི་དོན་ཡོད་གྲུབ་པ་དང་ཐ་མི་ དད་པའི་བདུད་རྩི་འཁྱིལ་པ། རྗེས་སུ་དྲན་པ་དེ་ཉིད་ལ་སྐྱབས་སུ་འགྲོ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བགེགས་ཀྱི་བདག་པོ་རྣམ་པར་འདྲེན་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་བརྟེན་པ་ཡིན་ནོ། །འདིར་སྦྱོར་བ་ནི་འདི་ཡིན་ཏེ། སྔགས་རྣམས་ཀུན་གྱི་སྦྱོར་བ་དང་། །ཞེས་བྱ་བ་ ལ་སོགས་པ་ལ། སྔགས་རྣམས་ཀུན་ནི་བསྒྲུབ་པར་དཀའ་བའི་དགྲ་བོ་རྣམས་ཏེ། དེ་རྣམས་ཀྱི་སྦྱོར་བ་ནི་ཁང་པ་ལ་སོགས་པ་ལ། རྡོ་རྗེ་བསྐྲད་པ་ནི་བསྐྲད་པ་བསྟན་པ་སྟེ། དེའི་ལས་བྱ་བ་ཡིན་པས་རིག་སྔགས་འདིས་བསྐྲད་པའོ། །ཇི་ལྟར་ཞེ་ན། ཚུལ་བཞིན་ཞེས་པ་ནི་རྒྱུད་ལས་ གསུངས་པའི་ཏིང་ངེ་འཛིན་གྱིས་སོ། །སངས་རྒྱས་དཔུང་ཞེས་པ་ནི་ཕུལ་དུ་བྱུང་བའི་ཚིག་གོ། །བདུད་རྩི་འཁྱིལ་པའི་རྣལ་འབྱོར་པས་ཁྲོས་པའི་སེམས་ཀྱིས་གཅེར་བུ་དང་། སྐྲ་གྲོལ་བར་བྱས་ཤིང་དུར་ཁྲོད་ཀྱི་རས་ལ་རང་བྱུང་གི་མེ་ཏོག་དང་བསྲེས་པའི་སྨྱོ་བྱེད་ཀྱི་ཁུ་བས་བསྒྲུབ་བྱའི་ མིང་བྲིས་ཏེ། མིའི་རྐང་གི་ནང་དུ་བཅུག་ལ་བྱ་རོག་དང་འུག་པའི་གཤོག་པ་དག་གིས་ཕྱོགས་གཉིས་སུ་བཀབ་ཅིང་རྐང་པས་མནན་ཏེ། རིག་སྔགས་དེ་ཉིད་བརྒྱ་རྩ་བརྒྱད་བཟླས་ཤིང་། གང་གི་སྒོ་ལ་སྐོར་བར་བྱེད་པ་དེ་ནི་ཞག་བདུན་གྱིས་སྐྲོད་པར་བྱེད་པའོ། །དེ་ནས་ཞེས་བྱ་བ་ལ་ སོགས་པ་ལ། སངས་རྒྱས་འོད་ཟེར་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་ཉིད་ཀྱི་རྡོ་རྗེའི་སྤྲུལ་པ་ནི་ཤེས་རབ་མཐར་བྱེད་དོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་རིན་ཆེན་ནི་རྡོ་རྗེ་སྟེ། དེ་ཉིད་ཀྱི་གཞན་གྱིས་མི་ཐུབ་པ་ནི་ཤེས་རབ་མཐར་བྱེད་དེ། དེའི་ཁྲོ་བོ་ནི་ཁྲོ་ བོའི་རིག་སྔགས་ཏེ། དེ་ཉིད་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ན་མཿཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཛི་ན་ཞེས་པ་ནི་གདུག་པ་རྣམས་ལས་རྒྱལ་བའོ། །དེ་རྣམས་བསྲེགས་པས་རི་ཊི་ཏ་ཞེས་པ་ནི་ཛ་ཊ་ཛ་ཊའི་སྒྲ་ དང་ལྡན་པའོ། །ཧཱུཾ་ནི་བསྐུལ་བ་ལའོ། །ཕཊ་ནི་ཁྲོས་པ་ལའོ། །སྭཱ་ཧཱའི་སྒྲ་ནི་མངོན་དུ་བྱེད་པ་ལའོ། །སྔགས་དེ་ཉིད་གསུངས་པ་ཙམ་གྱིས་ཐམས་ཅད་ཤེས་པས་ན་སངས་རྒྱས་ཀུན་ཏེ་གཞན་གྱི་སེམས་ཤེས་པའི་ཤ་ཟ་ལ་སོགས་པའོ། །ཇི་ལྟ་བུ་ཞེ་ན་ཆེ་བ་ནི་དྲག་པོ་ལ་སོགས་ པ་སྟེ། དེ་རྣམས་ལས་སྐྱེས་པ་ནི་སྤྲུལ་པའོ། །དེ་རྣམས་འཇིགས་པ་ནི་འཇིགས་པར་འགྱུར་བ་དང་། སྐྲག་པར་འགྱུར་བ་ནི་སྐྱབས་མེད་པ་སྟེ། བྱང་ཆུབ་སེམས་ནི་རིན་ཆེན་གྱི་རིགས་ཅན་གྱིས་མི་ཐུབ་པ་ལ་སྐྱབས་སུ་འགྲོའོ། །སྲིན་པོ་མ་རུངས་པ་ཞེས་བྱ་བ་ལ་སོགས་པ་ལ། སྲིན་པོ་མ་རུངས་ པ་ནི་སྲིན་པོའི་གཙོ་བོ་སྟེ། རྣམ་པར་འཇིགས་པ་ལ་སོགས་པའོ། །གཏུམ་པོ་ནི་གནོད་སྦྱིན་གྱི་བདག་པོ་རྣམས་སོ། །འཇིགས་པ་ཆེན་པོ་ནི་རོ་ལངས་དང་ཡི་དགས་དང་མཁའ་འགྲོ་མ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་འཁྲུག་པ་ནི་གནོན་པའི་བསྒྲུབ་བྱ་ལ། རིག་སྔགས་འདི་ཆོ་ག་བཞིན་ནི་ རིམ་པར་རབ་ཏུ་སྦྱར་ན་ཐམས་ཅད་འགྲུབ་པར་བྱེད་དོ། །གང་གིས་ཤེ་ན་རྡོ་རྗེ་སེམས་ནི་སེམས་རྩེ་གཅིག་པའི་སྒྲུབ་པ་པོས་སོ། འདིར་ནི་སྦྱོར་བ་འདི་ཡིན་ཏེ། རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་ཤེས་རབ་མཐར་བྱེད་ཀྱི་གཟུགས་བླངས་ལ་རང་གི་སྙིང་གར་མེའི་དཀྱིལ་འཁོར་གྲུ་ གསུམ་པ་བསྒོམ་ཞིང་དེའི་འོད་ཟེར་རྣམས་ཀྱིས་བསྒྲུབ་བྱའི་སྙིང་ག་ལས། ཁ་དོག་ནག་པོ་དང་ཁྱི་ལ་སོགས་པའི་རྣམ་པ་ཅན་གྱིས། ཤ་ལ་སོགས་པ་འགུགས་ཤིང་དེ་ཉིད་དུ་ཞུགས་ལ་ཐལ་བར་གྱུར་པར་བྱས་ཏེ་དེའི་རྗེས་ལ་ཁ་ལས་བྱུང་བའི་ཡི་གེ་ཧཱུཾ་གི་དབུགས་ཀྱིས་ཕྱོགས་བཅུ་ལ་ཐལ་བ་འཐོར་ ཞིང་རིགས་ཀྱིས་བསྒྲུབ་བྱ་བྱིན་གྱིས་བརླབས་ལ། དེ་ཉིད་སྲུང་བའི་འཁོར་ལོར་བཅིངས་ན་བསྒྲུབ་བྱ་དེ་སོས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཔག་ཏུ་མེད་པ་འབྱུང་བ་ནི་འོད་དཔག་ཏུ་མེད་པ་སྟེ། དེ་ཉིད་ཀྱི་རྡོ་རྗེ་ནི་དེའི་རིགས་ཅན་གྱི་རྟ་མགྲིན་ཏེ། དེ་ཞེས་བྱ་བའི་ཏིང་ ངེ་འཛིན་དེ་ཡང་དེ་བཞིན་དུ་བཤད་པ་སྟེ། དེ་ལ་སྙོམས་པར་ཞུགས་ནས་པདྨོ་འབྱུང་བ་ནི་སྣང་བ་མཐའ་ཡས་ཏེ། དེ་ཉིད་ཀྱི་རྡོ་རྗེ་ནི་རྟ་མགྲིན་ཏེ། དེའི་ཁྲོ་བོ་ནི་ཁྲོ་བོའི་སྔགས་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ན་མཿཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །ཡི་གེ་ཧཱུཾ་ གསུམ་ལ་གནས་པ་དུག་འགུགས་པ་ལ་བསྐུལ་བར་བྱ་བའི་ཕྱིར་རོ། །ཏ་རུ་ནི་འཁྲུགས་པར་བྱེད་པའི་དུག་སྟེ། དེ་ཉིད་ཅེས་པ་གཟུང་བར་བྱེད་པས་ན་ཏ་རུ་ལའོ། །བི་ཞེས་པ་ནི་མི་མཉམ་པ་སྟེ་དེ་ཉིད་ཀྱང་རུ་ཞེས་པ་ནི་ཞལ་གྱི་སྒྲས། ལ་ཞེས་པ་ནི་ཀླུའི་རྒྱལ་པོ་ལ་སོགས་པ་ གཟུང་བར་བྱེད་པས་ནི་བི་རུ་ལའོ། །སརྦྦ་བ་ཤ་གྷཱ་ཏ་ཀ་ཞེས་བྱ་བ་ལ་སོགས་པ་ནི་དོན་དང་མཚུངས་པའི་སྤྱོད་པ་དང་གཟུགས་ལ་སོགས་པ་གཙོ་བོར་གྱུར་པས་བོད་པའོ། །ཨཱརྱ་ག་ཎ་ནི་དགེ་བསྙེན་ལ་སོགས་པ་སྟེ། དེ་རྣམས་བྷི་ཏ་ནི་འཇིགས་པར་བྱེད་པའི་གང་ཞིག་བྷཱུ་ཏ་ནི་ འབྱུང་པོ་དང་གཞན་གྱི་མཁའ་འགྲོ་མ་ལ་སོགས་པ་ལ་སྟེ། དེ་རྣམས་ཀྱི་གནས་ཀྱི་ག་ཎ་ནི་ཚོགས་ཏེ། བུ་དྷྱ་ནི་ཁུག་ཅིང་། །ཁཱ་ཧི་ཞེས་པ་ནི་ཟོ་ཤིག་ཅེས་སྟོན་ཏོ། །ཧ་ཡ་གྲཱི་བཱ་ཡ་ཕཊ་ཅེས་བྱ་བ་ལ་སོགས་པ་མཐར་ཕཊ་ཀྱི་སྒྲ་བཅུ་གཅིག་ནི། ཁྲོ་བོ་བཅུས་ཡོངས་སུ་བསྐོར་བ་དེ་ཉིད་བོད་ པའི་ཕྱིར་རོ། །ཧཱུཾ་གསུམ་པོ་ནི་ལུས་ལ་སོགས་པ་བསྐུལ་བ་ལའོ། །ཕཊ་གསུམ་པོ་ནི་དེ་ཉིད་ཀྱི་ལུས་ལ་སོགས་པ་སྐྲག་པའི་ཕྱིར་རོ། །སྭཱ་ཧཱའི་སྒྲ་ནི་ཞི་བའི་དོན་དུའོ། །སྔགས་འདི་ཉིད་གསུངས་པ་ཙམ་གྱིས་ཆོས་ཀྱི་རྡོ་རྗེ་ནི་རིགས་ཀྱི་ཀླུ་བརྒྱད་དེ། དེ་རྣམས་ཀྱི་མཆེ་བ་ ནི་གདེངས་ཀ་རྣམས་ཏེ། དེ་དག་གི་མཆོག་སྐྱེས་ནི་དུག་སྟེ་དེ་ཉིད་བརྒྱལ་བར་གྱུར་པ་དང་། འཇིགས་པ་ནི་འཇིགས་པར་འགྱུར་རོ། །དེ་ནས་ཡེ་ཤེས་རྒྱལ་པོ་ནི་སྣང་བ་མཐའ་ཡས་ཏེ། དེ་ཉིད་རྗེས་སུ་དྲན་པ་ནི་སྐྱབས་སུ་འགྲོ་བར་བྱའོ། །ནམ་མཁའ་དབྱིངས་ནི་ནམ་ མཁའི་དབྱིངས་ཏེ། དེ་ཉིད་རྡོ་རྗེ་ཧ་ལ་ཧ་ལ་ནི་ལྷ་ཆེན་པོའི་མགྲིན་པར་གནས་པའི་ནག་བརྩེགས་ཀྱིས་གལ་ཏེ་གང་བ་ཡིན་ན། དེའི་ཚེ་རིག་སྔགས་འདི་བསྐུལ་བ་ནི་སྤྱིར་ན། དུག་ཐམས་ཅད་སེལ་བར་འགྱུར་རོ། །འདིའི་སྦྱོར་བ་འདི་ཡིན་ཏེ། རྟ་མགྲིན་གྱི་རྣལ་འབྱོར་དང་ལྡན་ པའི་རྣལ་འབྱོར་པས་བསྒྲུབ་བྱའི་སྙིང་གར་དུག་ནག་པོ་བལྟས་ལ། ལྟེ་བའི་འོག་ཏུ་ཡི་གེ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་ལ། ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱིས་འབུད་པར་བསམས་ལ། མེའི་དཀྱིལ་འཁོར་དེས་དུག་དེ་ཉིད་བསྲེགས་པར་བསྒོམས་ ཞིང་རླུང་གིས་བུད་པའི་ཐལ་བ་བ་སྤུའི་བུ་ག་ཐམས་ཅད་ལས་བྱུང་བར་བསྒོམ་པར་བྱའོ། །དེའི་རྗེས་ལ་ལག་པ་གཡོན་པ་ལ་དབྱངས་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཐིག་ལེས་མཚན་པའི་དབྱངས་དྲུག་པ་དགོད་ཅིང་ལྷག་མ་ལ་དགོད་པ་སྔ་མ་བཞིན་ དུ་བྱས་ཤིང་ཆབ་བླངས་ལ་རིག་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང་བསྒྲུབ་བྱའི་ཁར་ཧུབ་གསུམ་བླུད་པར་བྱས་ན་བསྒྲུབ་བྱ་དེའི་དུག་སེལ་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གདོན་མི་ཟ་བའི་དམ་ཚིག་ནི་དོན་ཡོད་གྲུབ་པ་སྟེ། དེ་ཉིད་འབྱུང་བ་ནི་བསྐྱེད་པ་ལ་དཔལ་ གང་ལ་ཡོད་པ་དབྱིག་སྔོན་ཅན་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དབྱིག་སྔོན་ཅན་གྱི་རྒྱལ་པོ་ནི་སྔགས་ཀྱི་རྒྱལ་པོ་ཉིད་ཀྱི་སྐུ་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ན་མཿཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཨོཾ་ནི་རྡོ་རྗེ་འཆང་ངོ་། །ཨེ་ཧྱེ་ཧི་ཞེས་པ་ནི་ བོད་པའོ། །བྷ་ག་བཱན་ནཱི་ལ་དཎྜ་ཞེས་པ་མིང་གི་སྒོ་ནས་བརྩོན་འགྲུས་བསྐྱེད་པའོ། །ཏུ་རུ་ཏུ་རུ་ཞེས་པ་ནི་ན་རུ་འཛུད་པ་དང་སྒྲ་སྒྲོགས་པའོ། །ཏུ་ནི་ན་བ་ལའོ། །རུ་ནི་སྒྲ་ལའོ། །ཧུ་ལུ་ཧུ་ལུ་ཞེས་པ་ནི་འབྱུང་པོ་རྣམས་ཚིག་པ་དང་གཅོད་པར་གྱིས་ཤིག་ཅེས་སྟོན་ཏོ། །གུ་ལ་པ་ཡ་ཞེས་པ་ནི་ གནོད་དུ་གཞུག་པའོ། །བྷ་ག་བཱ་ན་ཞེས་པ་ནི་བོད་པའོ། །ད་ཧ་ད་ཧ་ཞེས་བྱ་བ་ལ་སོགས་པ་ནི་སྲེག་པ་ལ་སོགས་པའི་བྱ་བ་ངེས་པར་འཇུག་པའོ། །སརྦ་བིདྱཱ་ཞེས་པ་ཕ་རོལ་པ་རྣམས་ཀྱི་ཕྲེང་བའི་སྔགས་རྣམས་སོ། །སརྦ་མནྟྲ་ནི་སྙིང་པོ་ལ་སོགས་པའོ། །མཱུ་ལ་ཀརྨཱ་ནི་ཞེས་པ་ནི་ཕ་ རོལ་པོའི་འཁྲུལ་འཁོར་རྣམས་སོ། །སརྦ་གྲ་ཧ་ནི་ས་དགུའོ། །དེ་རྣམས་ཐམས་ཅད་ཧ་ན་ཧ་ན་ཞེས་བྱ་བ་ལ་སོགས་པ་ནི་བྱ་བ་ལ་འཇུག་པའོ། །ཧཱུཾ་གསུམ་པོ་ནི་ལུས་ལ་སོགས་པ་ལ་བསྐུལ་བའོ། །བཛྲ་དཎྜེ་ན་ཞེས་པ་ནི་རྡོ་རྗེ་དབྱིག་པ་སྟེ། དེ་རྣམས་སོད་ཅིག་སོད་ཅིག་ཅེས་སྟོན་ཏོ། ། སྭཱ་ཧཱ་ནི་ཞི་བའི་དོན་དུའོ། །སྔགས་འདི་གསུངས་པ་ཙམ་གྱིས་གདུག་པ་ཀུན་ནི་གཟའ་དགུ་སྟེ། དེ་རྣམས་ལས་མཆོག་ཏུ་བྱུང་བ་ནི་གདོན་ཆེན་པོ་ཉི་ཤུ་རྩ་གཉིས་སོ། །དེ་རྣམས་ཐམས་ཅད་འཇིགས་ཤིང་སྐྲག་པ་ནི་དྲན་པ་མེད་པས་སེམས་དཔའི་རྡོ་རྗེ་ནི་དོན་ཡོད་གྲུབ་པ་རྗེས་སུ་དྲན་ པ་ནི་སྐྱབས་སུ་འགྲོ་བའོ། །ཁྲོ་བོའི་རྒྱལ་པོའི་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་པ། དེའི་ཚེ་སྒྲུབ་པ་པོས་ནི་གདུག་པ་ཐམས་ཅད་གསོད་པར་འགྱུར་བ་དང་། གྲགས་པ་ཆེན་པོ་ཐོབ་པར་འགྱུར་རོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང་འདྲེས་པའི་སྤྲ་ཚིལ་གྱིས་ ངོ་བོའི་གཟུགས་བརྙན་བྱས་ལ། དེའི་ནང་དུ་བཅུག་ལ་བསྒྲུབ་བྱའི་མིང་བྲིས་ཏེ་ཚེར་མ་རྣམས་ཀྱིས་སྒོ་དགུ་ཕུག་ཅིང་ཚེར་མའི་མེའམ། དུར་ཁྲོད་ཀྱི་མེ་ལ། དབྱིག་སྔོན་ཅན་གྱི་ཏིང་ངེ་འཛིན་གྱིས་གཅེར་བུ་དང་སྐྲ་བཀྲོལ་བར་བྱས་ཏེ། ཇི་སྲིད་དུ་གདུང་བར་བྱས་པ་དེ་སྲིད་དུ་ཞུ་བར་འགྱུར་ རོ། །ཞུ་བའི་མཐར་དགྲ་བོ་དེ་འཇིག་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ནས་སྤྲིན་ནི་མི་བསྐྱོད་པ་སྟེ། སྤྲིན་ལྟ་བུའི་མདོག་ཡིན་པའི་ཕྱིར་རོ། །དེའི་དཔལ་ནི་སྤྲོ་བ་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་བཤད་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ནས། སྟོབས་པོ་ཆེ་རྡོ་རྗེའི་སྔགས་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་ནོ། །ན་མཿཞེས་བྱ་བ་ལ་སོགས་པ་ནི་རྟོགས་པའོ། །ཨུ་ཀྲ་ཤཱུ་ལ་བ་ནི་ཞེས་པ་ནི་མཚོན་ཆ་འཛིན་པས་སྤྲོ་བ་བསྐྱེད་པའོ། །ཧཱུཾ་གསུམ་པོ་ནི་སྔ་མ་བཞིན་དུའོ། །ཕཊ་གསུམ་པོ་ནི་ཁྲོས་པའོ། ། ཛྱོ་ཏི་ནི་སྣང་བའོ། །ནིར་ནཱ་ད་ནི་སྤྲིན་གྱི་སྒྲ་སྒྲོགས་པའོ། །ཧཱུཾ་དང་ཕཊ་གཞན་གསུམ་པོ་ནི་ཟློས་པ་ལའོ། །མ་ཧཱ་བ་ལ་ཞེས་པ་ནི་མིང་གིས་བསྐུལ་བ་ལའོ། །སྭཱ་ཧཱའི་སྒྲ་ནི་ཞི་བའི་དོན་དུའོ། །སྔགས་འདི་གསུངས་པ་ཙམ་གྱིས་སྟོབས་པོ་ཆེ་ནི་འཇོག་པོ་ལ་སོགས་པའི་ཀླུ་རྣམས་འཇིགས་ པ་ནི་མི་བསྐྱོད་པའི་གཟི་བརྗིད་དང་། སྐྲག་པ་ནི་དྲན་པ་མེད་པར་གྱུར་པས། སྐུ་གསུམ་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་ཉིད་རྗེས་སུ་དྲན་པ་ནི་སྐྱབས་སུ་འགྲོ་བའོ། །ཐན་པ་བྱུང་བའི་འཇིགས་པ་ལ་གལ་ཏེ་སྔགས་འདི་ཉིད་བཟླས་ཚེ་ཀླུ་རྣམས་ཀྱིས་ཆུའི་དཀྱིལ་འཁོར་ཏེ་ཆར་གྱི་རྒྱུན་ རྣམས་འབེབས་པར་བྱེད་དོ། །ཇི་སྲིད་བསམ་པའི་དབྱེ་བ་ལས་ཐམས་ཅད་ནི་ཞི་བ་ལ་སོགས་པ་ཡང་བྱེད་པ་སྟེ། སྔགས་ཀྱི་མཐུ་བསྟན་པའོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ། དུར་ཁྲོད་ཀྱི་ཐལ་བས་ཀླུའི་ཆུ་མིག་གི་ངོས་སུ་གདེངས་ཀ་དང་མཇུག་མ་ལུ་གུ་རྒྱུད་ལྟར་བཅིངས་ པའི་ཀླུ་བརྒྱད་པོ་བྲིས་ལ། ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ཡང་དེའི་བདག་པོ་རྒྱལ་བཟངས་ལ་སོགས་པ་བཀོད་ལ། དེ་རྣམས་ཀྱི་ཡང་སྟན་དུ་འབྲུག་སྒྲ་ལ་སོགས་པའི་སྤྲིན་བརྒྱད་པོ་བྲིས་ལ། དབུས་སུ་ཡང་བཅོམ་ལྡན་འདས་རྡོ་རྗེ་དྲིལ་ བུ་འཛིན་པ་སྦྲུལ་གྱིས་བརྒྱན་ཅིང་དེའི་གདན་མཛད་པ་སྒེག་པའི་རོ་དང་ལྡན་པའི་རྡོ་རྗེ་སེམས་དཔའ་བཀོད་ལ། དེའི་འོག་ཏུ་འོ་མས་བཀང་བའི་སྣོད་བརྒྱད་དུ་ལྷ་བཤོས་ཕུལ་ཞིང་མེ་ཏོག་ལ་སོགས་པས་མཆོད་པར་བྱས་ལ་རང་གི་བདག་ཉིད་དང་སེམས་དཔའི་བཀའ་བྱེད་པ་སྟོབས་ པོ་ཆེར་བསམས་ཏེ། ཨོཾ་བྷུར་བྷུ་ཝ་སྭཱ་ཧཱ་ཞེས་བྱ་བ་བརྗོད་ཅིང་། དེའི་རྗེས་ལ། ཨོཾ་བཱ་སུ་ཀི་ཧཱུཾ་སྭཱ་ཧཱ། ཨོཾ་ཏཀྵ་ཀ་ཧཱུཾ་སྭཱ་ཧཱ། ཨོཾ་ཀརྐོ་ཊ་ཧཱུཾ་སྭཱ་ཧཱ། ཨོཾ་པདྨ་ཧཱུཾ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨ་ཧཱུཾ་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལ་ཧཱུཾ་སྭཱ་ཧཱ། ཨོཾ་ཀུ་ལི་ཀ་ཧཱུཾ་སྭཱ་ཧཱ། ཨོཾ་ཧུ་ལུཾ་ཊ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་ ཀླུའི་རྒྱལ་པོ་བརྒྱད་རྣམས་ཀྱི་སྔགས་རྣམས་བརྗོད་ལ། ཨོཾ་ཁ་ལི་ཁ་ལི་ཝཪྵཱ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཌ་ཌ་ཌ་སྭཱ་ཧཱ། ཞེས་བྱ་བའི་སྤྲིན་གྱི་རྒྱལ་པོའི་སྔགས་བརྗོད་ཅིང་། ཕྱོགས་བརྒྱད་པོ་ལ་པདྨ་བསྐོར་ཞིང་བསྟན་ལ་གཡོན་པའི་ཁུ་ཚུར་གྱི་མཐེ་བོང་དང་། མཐེའུ་ཆུང་བརྐྱང་ལ། གདེངས་ཀའི་རྣམ་པར་བྱས་པའི་ཕྱག་རྒྱ་བཅིངས་ཤིང་། ཨོཾ་བཛྲ་དྷྲྀཀ་ཨཱཿཧཱུཾ་ཝཪྵ་བྷུ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བརྗོད་ལ་ཆར་དབབ་པར་བྱའོ། །གལ་ཏེ་མ་བབ་ན་དེའི་ཚེ་རྡོ་རྗེ་སེམས་དཔའི་བཀས་སྟོབས་པོ་ཆེ་ལ་བཀའ་སྩལ་ཏེ། རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པའི་ རྐང་པ་གཡོན་པས་ཀླུའི་དཀྱིལ་འཁོར་མནན་ཅིང་རིག་སྔགས་བརྗོད་ན་དེའི་ཚེ་ཀླུ་རྣམས་ཀྱིས་ཆར་འབེབས་པར་བྱེད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་དུ་འཇོམས་པ་སྟེ་སྡིག་པ་རྣམས་འཇིག་པ་ལ། རྡོ་རྗེ་ནི་བརྟན་པའམ་ནུས་པ་དང་ལྡན་པ་སྟེ་འདོད་པའི་རྒྱལ་པོའོ། །དེ་ཞེས་བྱ་ བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཊཀྐི་རྒྱལ་པོ་ཁྲོ་བོ་ཆེན་པོ་ནི་དེ་ཉིད་ཀྱི་རིག་སྔགས་འདི་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཊཀྐི་ནི་འདོད་པ་སྟེ་འདོད་པ་དེ་ཉིད་ཀྱིས་ཧཱུཾ་ཞེས་པ་ནི་གདུག་པ་པ་རྣམས་ལ་སྡིགས་མཛུབ་བྱེད་པའོ། །ཛཿཞེས་བྱ་བ་ནི་ དགུག་པའི་ས་བོན་ནོ། །སྔགས་འདི་གསུངས་པ་ཙམ་གྱིས་སངས་རྒྱས་ཀུན་ནི་ལྷ་མ་ཡིན་ཀྱི་བུ་མོ་ལ་སོགས་པ་དང་། བདག་ཉིད་ཆེན་པོ་ནི་གསེར་མིག་ལ་སོགས་པའི་ལྷ་མ་ཡིན་གྱི་བདག་པོའི་བུ་མོ་རྣམས་ཏེ། དེ་དག་འཇིགས་པ་ནི་ཁྲོ་བོའི་སྔགས་ཐོས་པས་སོ། །དེ་ནས་དམ་ ཚིག་ནི་དེའི་བཀའ་ཐོབ་ནས་རྡོ་རྗེ་སྐུ་གསུམ་ནི་དེའི་བདག་པོ་སྟེ་ཐུགས་རྡོ་རྗེ་ལ་རྗེས་སུ་དྲན་པ་ནི་སྐྱབས་སུ་འགྲོ་བའོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། ལིངྒ་ནི་རྟགས་ཏེ་བསྒྲུབ་པར་བྱ་བའི་གཟུགས་བརྙན་ནོ། །དེ་ཉིད་རྐང་པ་གཡས་པས་སྔ་ མ་བཞིན་དུ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པས་སྔགས་འདི་ཉིད་བརྗོད་ཅིང་མནན་ན། སྔགས་རྣམས་ཐམས་ཅད་ནི་ལྷ་མ་ཡིན་གྱི་བུ་མོ་རྣམས་འགུགས་པར་འགྱུར་རོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ། ཆུ་བོའི་འགྲམ་གཉིས་ཀྱི་གྲོག་མོའི་སས་ལྷ་མ་ཡིན་གྱི་བུ་ མོ་ལ་སོགས་པ་གང་ཡང་རུང་བའི་གཟུགས་བརྙན་བྱས་ལ། དེའི་སྐྱེ་གནས་སུ་ད་རུ་རའི་ཁུ་བ་བཞག་ཅིང་སྙིང་གར་ཡང་མ་མ་ཨ་སུ་ར་ཀ་ནྱ་སཱ་མི་པ་མཱ་གཙྪ་ཏུ་ཧྲཱི་ཞེས་བྱ་བའི་སྔགས་གྲོ་ག་ལ་བྲིས་ལ་བཞག་ཅིང་དེ་གཉིས་ཀྱི་མིག་གཉིས་ཀྱང་སྔགས་ཀྱིས་བརླབས་པའི་རྒྱ་ སྐྱེགས་ཀྱི་ཁུ་བས་མིག་སྨན་བྱས་ལ། ཊཀྐི་རྒྱལ་པོའི་སྔགས་དང་དེའི་རྣལ་འབྱོར་གྱིས་བརླབས་ཤིང་གཟུགས་བརྙན་དེ། ལྕགས་ཀྱུས་བྱིན་གྱིས་བརླབས་པའི་རྐང་པ་གཡས་པས་མནན་ཅིང་། ཇི་སྲིད་དུ་གནས་པར་བྱ་བ་དེ་སྲིད་དུ་ལྷ་མ་ཡིན་གྱི་བུ་མོ་ས་འོག་གི་བུ་ག་ལས་ འབྱུང་བར་འགྱུར་རོ། །དེ་མཐོང་སྟེ་ཅི་འདོད་པར་མཉེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཀྱི་ཕྲེང་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་རང་བཞིན་དང་ཆུ་ནི་ཆུའི་ཁམས་ཏེ། དེའི་རང་བཞིན་གྱི་མི་བསྐྱོད་པ་སྟེ། དེ་ཉིད་རང་བཞིན་མི་གཡོ་བ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མི་གཡོ་བའི་རྡོ་རྗེ་གཏུམ་པོའི་དམ་ཚིག་ནི། ལྷ་ལ་སོགས་པ་འདུལ་བར་བྱེད་པའི་རིག་སྔགས་ཏེ། དེ་ཉིད་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཨ་ཙ་ལ་ཞེས་བྱ་བ་ལ་སོགས་པ་ནི་བོད་པའོ། ། ཀ་ན་ནི་ཀུན་རྫོབ་དང་དོན་དམ་པ་དག་གཅིག་ཏུ་མཐོང་བའི་ཕྱིར་རོ། །ད་ན་ཊ་ཞེས་བྱ་བ་ལ་སོགས་པ་ནི་བྱ་བ་ལ་འཇུག་པའོ། །དེའི་དོན་ནི་འཇིགས་པར་གྱིས་ཤིག་ཅེས་བྱའོ། །ཏྲཊ་ཀྱི་སྒྲ་ནི་ཁྲོས་པའོ། །སྭཱ་ཧཱའི་སྒྲ་ནི་ཞི་བ་ལའོ། །སྔགས་འདི་གསུངས་ པ་ཙམ་གྱིས་འཁོར་དང་བཅས་པའི་ལྷ་རྣམས་བརྒྱལ་བ་ནི་ཐོས་པ་དང་ངོ་། །སྐྲག་པ་ནི་སྔགས་ཀྱི་དོན་དྲན་པ་སྟེ། རྡོ་རྗེ་སྐུ་ནི་མི་བསྐྱོད་པ་ལ་རྗེས་སུ་དྲན་པ་ནི་སྐྱབས་སུ་འགྲོ་བའོ། །སྔགས་འདི་ཉིད་བཀླགས་པ་ཙམ་གྱིས་ལྷ་ཆེན་པོ་ལ་སོགས་པའི་ལྷ་རྣམས། མཐུ་ཆེན་ ནི་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཡང་འགུགས་པར་འགྱུར་རོ། །ཇི་ལྟར་ཞེ་ན། ཁ་སྦྱར་ལུས་ནི་འཁྲུལ་འཁོར་གྱི་སྦྱོར་བས་སོ་ཞེས་སྟོན་ཏོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ། སོ་མ་བཏང་བའི་རྫ་མ་གཉིས་བླངས་ཏེ། གཅིག་ལ་གི་ཝང་དང་གུར་གུམ་དག་གིས་ཟླ་བའི་ དཀྱིལ་འཁོར་བྲི་བ་དང་། གཉིས་པ་ལ་ཉི་མའི་དཀྱིལ་འཁོར་བྲི་བ་སྟེ། དེ་ལ་གཅིག་ལ་བུད་མེད་ཀྱི་གཟུགས་བརྙན་དང་། གཉིས་པ་ལ་སྐྱེས་པའི་གཟུགས་བརྙན་བྲིས་ལ། དེའི་རྗེས་ལ་སྟེང་དུ་རྡོ་རྗེས་མཚན་པའི་སའི་དཀྱིལ་འཁོར་བྲིས་ཏེ། སྔ་མ་བཞིན་དུ་ཁྲོས་པའི་ སེམས་ཀྱིས་སྔགས་བརྗོད་ཅིང་། འཁྲུལ་འཁོར་རྐང་པས་མནན་ཏེ། ཇི་སྲིད་དུ་གནས་པར་བྱ་བ་དེ་སྲིད་དུ་ལྷ་ལ་སོགས་པ་འགུགས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་རྣམ་པར་འཕྲུལ་པ་ནི་མི་བསྐྱོད་པ་སྟེ། དེ་ཉིད་ཀྱི་རྡོ་རྗེ་ནི་གནོད་ མཛེས་ཀྱི་རྒྱལ་པོ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་འཛིན་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་གི་དམ་ཚིག་ནི་མི་བསྐྱོད་པ་སྟེ། ད་ལས་བྱུང་བའི་གང་ཞིག་གནོད་མཛེས་ནི་ས་འོག་སྤྱོད་པ་སྟེ། དེ་ཉིད་ཀྱི་ཁྲོ་བོ་ ཆེན་པོ་ནི། ཁྲོ་བོ་ཆེན་པོའི་སྔགས་ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཨོཾ་ནི་རྡོ་རྗེ་འཆང་ངོ་། །སུཾ་བྷ་ཞེས་པ་ནི་བོད་པའོ། །ནི་སུཾ་བྷ་ཞེས་པ་ནི་བགེགས་རྣམས་ནོན་ཅིག་ཅེས་སྟོན་ཏོ། །ཡི་གེ་ཧཱུཾ་ནི་སྙིང་པོ་བསྐུལ་བའོ། །གྲྀཧྞ་ཞེས་པ་ནི་འབྲོས་པར་ འགྱུར་བའི་བགེགས་རྣམས་བཅིངས་ཤིང་། གྲྀཧྞཱ་པ་ཡ་ཞེས་པ་ནི་འཁོར་གྱིས་ཀྱང་ཆིངས་ཤིག་པའོ། །དེ་བཞིན་དུ་ཨཱ་ན་ཡ་ཞེས་པ་ནི་དེ་རྣམས་མདུན་དུ་ཁུག་ཅིག་པའོ། །བིདྱཱ་རཱ་ཛ་ཞེས་པ་ནི་སྔགས་ཀྱི་དབང་ཕྱུག་སྟེ། སྤྲོ་བར་བྱེད་པའོ། །ཧཱུཾ་གཉིས་པ་ནི་བསྐུལ་བའོ། ། གལ་ཏེ་དེ་ལྟར་མི་བྱེད་ན། དེའི་ཚེ་ཕཊ་ཅེས་པ་ནི་ཁྲོས་པ་སྟེ། ཁྱོད་གཅོད་པའོ་ཞེས་སྟོན་ཏོ། །སྔགས་འདི་གསུངས་པ་ཙམ་གྱིས་བུ་མོ་ཐམས་ཅད་དེ། ཀླུའི་བུ་མོ་རྣམས་འགུགས་པར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །འདིར་སྦྱོར་བ་ནི་གནོད་མཛེས་རྒྱལ་པོའི་རྣལ་འབྱོར་པས། རླུང་གི་ དཀྱིལ་འཁོར་གྱི་སྦྱོར་བས་འོད་ཟེར་གྱི་ལྕགས་ཀྱུས་ཀླུའི་བུ་མོ་རྣམས་དགུག་པར་བྱའོ། །བུ་མོ་ཇི་ལྟ་བུ་ཞེ་ན། རྡོ་རྗེ་སེམས་དཔའ་བཞིན་ནུས་པ་དང་ལྡན་པའི་བདག་པོས་གཟུང་བ་སྟེ། བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྫོགས་པའི་རིམ་པས་ཀྱང་དགུག་ པ་བཤད་པར་བྱ་སྟེ། དམ་ཚིག་ཆེན་པོ་ནི་རྣམ་པར་ཤེས་པ་གསུམ་སྟེ། དེ་ཉིད་སེམས་ཅན་བསྐྱེད་པའི་རྒྱུ་ཡིན་པས། དེ་ཉིད་འབྱུང་བ་ནི་རང་བཞིན་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་ནི་ཐམས་ཅད་སྟོང་པའི་གོ་འཕང་ཐོབ་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དམ་ ཚིག་ཆེན་པོའི་ཡེ་ཤེས་རྣམས་དང་། རྡོ་རྗེ་གསུམ་ནི་ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པའི་ངོ་བོའི་རང་བཞིན་རྣམས་སོ། །གསང་བ་ནི་འོད་གསལ་བས་དགུག་པའོ། །གསུང་དང་དམ་ཚིག་དག་ནི་ལུས་དང་ངག་དང་སེམས་ཏེ། དེ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་གནས་ནི་ འོད་གསལ་བར་བྱེད་པའི་ཚིག །ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྟོགས་པར་བྱ་བས་ན་སངས་རྒྱས་དང་། ཕྱེ་བ་དཀའ་བས་ན་རྡོ་རྗེ་དང་། སྐུ་གསུམ་ནི་རིགས་ཀྱི་དབྱེ་བ་གང་ལ་ཡོད་པ་དེ་ནི་སངས་རྒྱས་རྡོ་རྗེ་སྐུ་གསུམ་སྟེ་སྣང་བ་ལ་སོགས་པའོ། །དེ་ རྣམས་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ་པ་ནི་འོད་གསལ་བར་ཞུགས་པའོ། །ཞགས་པ་ནི་ཟླ་བའི་སྣང་བ་དང་། ཀྱོ་བ་ནི་ཉི་མའི་སྣང་བ་དང་། འཛིན་པ་ནི་གཉིས་ཀའི་སྣང་བ་དང་བྲལ་བའི་སྣང་བ་སྟེ། དེ་རྣམས་ཀྱིས་སངས་རྒྱས་དགུག་པ་དང་དམ་པ་ནི་ཡེ་ཤེས་རྣམས་དགུག་པ་ མཆོག་ཏུ་བྱ་བའོ། །སངས་རྒྱས་ནི་ཡེ་ཤེས་དང་སྐུ་གསུམ་ནི་རང་བཞིན་རྣམས་ཏེ། དེ་དག་ཐམས་ཅད་འཁོར་ལོ་ཆེན་པོ་ནི་འོད་གསལ་བར་སྦྱོར་བ་ནི་བསྡུ་བར་བྱའོ། །རྡོ་རྗེ་སེམས་དཔའ་ནི་བརྟན་པ་ཀུན་གཞིའི་རྣམ་པར་ཤེས་པ་དང་། རྒྱལ་ཆེན་ནི་སེམས་ཅན་དང་སྣོད་ ཀྱི་འཇིག་རྟེན་གཉིས་ཏེ། ངེས་པར་དགུག་པ་ནི་སླར་ཡང་མི་ལྡོག་པ་ཉིད་དུ་མེད་པར་བྱ་བ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །འཁོར་ལོ་པདྨོ་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པ་ལ། འཁོར་ལོ་པདྨོ་ཆེ་ནི་རིགས་ཀྱི་དབྱེ་བས། མི་ཕྱེད་རྡོ་རྗེ་འཆང་ཆེན་པོ་བསྒོམ་པ་ནི་སྤྲོ་བས། རྡོ་རྗེ་ཀྱོ་བ་ནི་ དེ་དང་འདྲ་བའི་ཤིན་ཏུ་རྣོ་བའི་འོད་གསལ་བ་སྟེ། དེ་ཉིད་རྒྱུར་གྱུར་པས་སྔགས་རྣམས་ཐམས་ཅད་ནི་རིགས་ཐམས་ཅད་དེ། ལྷ་རྣམས་དགུག་པ་ནི་སྤྲོ་བར་བྱའོ། །ཇི་ལྟ་བུ་ཞེ་ན། མཆོག་ནི་ཟླ་བ་དང་རྡོ་རྗེ་ལ་སོགས་པ་ལ་མི་ལྟོས་པའོ། །དེ་ཉིད་རྒྱས་པར་བཤད་པར་བྱ་སྟེ། ཐམས་ཅད་རྡོ་རྗེའི་ དངོས་ཞི་བ། །ཞེས་བྱ་བ་ལ་སོགས་པ་ལ། རང་ཞེས་པ་ནི་བདག་ལ་བྱིན་གྱིས་བརླབས་པས་འབྱུང་བ་སྟེ། རང་སྔགས་སྐྱེས་བུ་ནི་སྒྱུ་མའི་ངོ་བོའི་སྐུ་རང་བཞིན་དང་། ཐམས་ཅད་རྡོ་རྗེ་དངོས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དང་། ཞི་བ་ནི་ཡེ་ཤེས་ཀྱི་སྐུ་སྒོམ་པ་ནི་སྤྲོས་ཏེ། བུ་མོ་ ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་སྟེ། མཆོག་ནི་ཕུལ་དུ་བྱུང་བ་དང་། སྙིང་ག་ནི་སྙིང་ག་ལས་བྱུང་བ་དང་ཤེས་རབ་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཏེ། དེ་ལ་རྡོ་རྗེ་ཀྱོ་བ་སྦྱར་བའི་རྡོ་རྗེ་བསྐུལ་བས་རླུང་གི་དཀྱིལ་འཁོར་ནི་རླུང་བཅུ་སྟེ། དེ་རྣམས་སྦྱོར་བ་ནི་འགོག་པ་སྟེ་ལྷན་ཅིག་སྐྱེས་པའི་དུས་ཀྱི་སྦྱོར་བས། སངས་རྒྱས་ནི་རྩ་བའི་རྣམ་པར་ཤེས་པ་དགུག་ཅིང་འོད་གསལ་བ་ལ་ཐིམ་པར་བྱ་སྟེ། བདག་ལ་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པའི་རིམ་པ་དག་གོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ནི་ཡི་གེ་ཨོཾ་སྟེ། དེ་ཡོངས་སུ་གྱུར་པ་ལས་སྐྱེས་ པའི་གཟུགས་ཆེན་ནི་རྣམ་པར་སྣང་མཛད་ཆེན་པོར་བདག་ཉིད་བསམས་ལ། དེའི་རྗེས་ལ་ལན་གྲངས་ལྔ་བཅུ་ནི་ཨ་ལ་སོགས་པ་ནས་ཀྵའི་བར་དུ་ཡི་གེའི་ཕྱི་མོ་སྟེ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་སྤྱི་བོར་བསམས་ཏེ། དེའི་འོག་ཏུ་ཤ་ཙི་ནི་ལྕེ་སྟེ། དེ་ནི་གནས་པ་ནི་ཟླ་ བའི་དཀྱིལ་འཁོར་གྱི་བདུད་རྩི་མྱང་བར་འདོད་པ་དང་། རྐན་གྱི་བུ་གར་གནས་པར་བསྒོམ་ཞིང་འབར་བ་རྡོ་རྗེ་ནི་མེའི་ས་བོན་ཡི་གེར་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་གྱིས་བདུད་རྩི་བཞུ་ལ། མེ་འཆི་སྦྱོར་བ་ནི་བདུད་རྩི་དགུག་པར་བྱ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ། །རྡོ་རྗེ་ཀྱོ་བ་ གཟུགས་པོ་ཆེ། །ཞེས་བྱ་བ་ལ་སོགས་པ་ལ། འདིར་ནི་མཁའ་སྤྱོད་དང་ས་འོག་སྤྱོད་རྣམས་གཙུག་ཏོར་རྒྱལ་པོ་དང་གནོད་མཛེས་རྒྱལ་པོ་དག་གིས་འགུགས་པ་བཤད་པ་ཡིན་ཏེ། དེ་ལ་རྡོ་རྗེ་དང་ལྕགས་ཀྱུ་རྣམ་པའི་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསམ་པར་བྱའོ། །ཇི་ལྟ་ བུ་ཞེ་ན། འབར་བའི་རྡོ་རྗེ་ནི་མེ་སྟེ། དེ་དང་འདྲ་བའི་འོད་ནི་དེའི་མདངས་དང་ལྡན་པའོ། །དེའི་རྗེས་ལ་རྡོ་རྗེ་དཀྱིལ་འཁོར་ནི་རླུང་གི་དཀྱིལ་འཁོར་བསམས་ཏེ། ནམ་མཁའི་བུ་མོ་ནི་ལྷའི་བུ་མོའི་རིགས་དེའི་སྟེང་དུ་བསམས་ཏེ་འོད་ཟེར་གྱི་འཁོར་ལོ་ལྕགས་ཀྱུ་དང་འདྲ་བས་དགུག་པར་ བྱའོ། །ཇི་ལྟ་བུ་ཞེ་ན། མཆོག་ནི་མྱུར་བ་དང་སྒོམ་པའི་བདེ་བས་སོ། །དེ་བཞིན་དུ་ཁྲོ་བོ་རྡོ་རྗེ་དམ་ཚིག་ནི་ས་འོག་ལ་གནས་པའི་ཁྲོ་བོ་གནོད་མཛེས་རྒྱལ་པོར་རང་གི་བདག་ཉིད་བསམས་ཏེ། ཏྲི་ཤཱུ་ལ་ནི་རྩེ་གསུམ་སྟེ། དེ་དང་འདྲ་བའི་རྡོ་རྗེ་ཀྱོ་བ་སྟེ། དེའི་གནས་ནི་བསྐུལ་བས་སྔ་མ་ བཞིན་དུ་རླུང་གི་དཀྱིལ་འཁོར་གྱི་སྦྱོར་བས་ལྷ་མ་ཡིན་གྱི་བུ་མོ་དགུག་པར་བྱའོ། །བསྐྱེད་པའི་རིམ་པའོ། །ད་ནི་འཁྲུལ་འཁོར་གྱི་སྦྱོར་བས་འགུགས་པ་བཤད་པར་བྱ་བའི་ཕྱིར། བཙག་གམ་རྡོ་རྒྱུས་དག་ཀྱང་རུང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཙག་ནི་ཁམས་ཀྱི་རྫས་སོ། །རྡོ་ རྒྱུས་དང་དེའི་ཁྱད་པར་ཏེ་དེ་ཉིད་དང་པོ་དཔའ་བོའི་ཚོང་གིས་བླངས་ཏེ། རྡོ་རྗེ་ལྕགས་ཀྱུ་དང་འདྲ་བར་བྱས་པའམ་བསྒོམས་ཏེ། ཟླ་བ་གཟས་ནི་འཛིན་པའི་ཚེ། །ཞེས་པའི་ཟླ་བ་གཟས་ཟིན་པའི་དུས་སུ་ཁ་ནི་རྡོ་རྗེ་དང་པདྨའི་ནང་དུ་བཅུག་ལ། བསྒྲུབ་པར་བྱ་བ་ནི་འཛིན་པར་བྱའོ། །དེ་ནས་བཏང་བའི་ དུས་སུ་དྲག་པོ་ལ་སོགས་པའི་མིང་དེ་ལ་བྲིས་ཏེ། དེ་རྣམས་འགྱུར་ཞིང་འགུགས་པར་འགྱུར་རོ། །རྡོ་རྗེ་གསུམ་གྱི་བཀའ་བཞིན་དུ། །ཞེས་པ་ནི་རྡོ་རྗེ་འཆང་གི་གསུང་བཞིན་དུ་ངེས་པར་འགྱུར་རོ་ཞེས་སྟོན་ཏེ། བསྐྱེད་པའི་རིམ་པའོ། །ཡང་ན་རྡོ་བཙག་ནི་སྲོག་གི་རླུང་ངོ་། །རྡོ་རྒྱུས་ ནི་རྩོལ་བའི་རླུང་ངོ་། །དེ་དག་གཉིས་རྡོ་རྗེ་ཀྱོ་བའི་སྦྱོར་བ་ནི། མེ་དང་མཉམ་པའི་རླུང་གི་སྦྱོར་བས་སྐམ་པ་དང་བྱ་རོག་གི་མཆུ་བཞིན་དུ་འཛིན་པར་འགྱུར་རོ། །ཟླ་བ་ནི་བྱང་ཆུབ་ཀྱི་སེམས་དང་། གཟའི་ཁྲག་སྟེ། དེ་དག་གི་ཚེ་ནི་རྩ་དབུས་མ་སྟེ། དེ་ཉིད་ཁ་ནི་རྩེ་མོར་ སྲོག་དང་རྩོལ་བ་དང་ཤུ་ཀྲ་དང་རཀྟ་དེ་རྣམས་བཅུག་ནས་བསྒྲུབ་པ་ནི་འཛིན་པར་བྱའོ། །དེ་ནས་དྲག་པོ་ལ་སོགས་པ་ནི་སྲོག་ལ་སོགས་པའི་རླུང་བཅུའི་ནང་ན། རླུང་གང་ལ་མིང་ནི་རང་གི་ངོ་བོ་བྲིས་པ་ནི་དེ་ལ་ཞུགས་པ་སྟེ། རླུང་དེ་ཡང་འཇིགས་ཤིང་སྐྲག་པ་ནི་དབང་དུ་གྱུར་པས་འོང་བར་ གྱུར་པ་ནི། དེ་ཉིད་དུ་རོ་གཅིག་པར་འགྱུར་རོ། །རྡོ་རྗེ་གསུམ་གྱི་བཀའ་ཞེས་པ་ནི་སྔ་མ་བཞིན་ཏེ། འབྲས་བུའོ། །རྣམ་པ་གཞན་གྱིས་འགུགས་པ་བཤད་པར་བྱ་བའི་ཕྱིར། རྣམ་པའི་མཆོག་རྣམས་ཀུན་ལྡན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་མཾ་ལས་བྱུང་བའི་ བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་མཚན་ལ་སོགས་པས་བརྒྱན་པ་བསྒོམས་ཏེ། དེའི་བཀའ་བྱེད་པ་གཤིན་རྗེ་གཤེད་དང་པོ་ཡིན་པའི་ཕྱིར། འཛིན་པ་ནི་རྡོ་རྗེ་དང་ཀྱོ་བ་བསྣམས་པ། བསྐལ་པ་སྲེག་པ་ནི་བསྐལ་པའི་མེ་འབར་བ་བཞིན་དུ་བསམས་ཏེ། གྷ་ཚ་ཏྲཾ་ཡ་ཀེ་ཎི་ཨཱ་ཀཱཪྵ་ཡ་ ཧྲཱིཿཞེས་བྱ་བ་བརྗོད་ཅིང་དེ་ཉིད་བྱེད་དུ་འཛུད་ལ། དེས་ཀྱང་འཁོར་ལོ་ཆེན་པོ་ནི་རླུང་གི་དཀྱིལ་འཁོར་ལ་གནས་པའི་གནོད་སྦྱིན་མོ་བཀུག་ཅིང་མདུན་དུ་བཞག་པར་བསམས་ལ། གནོད་སྦྱིན་མོ་དེ་མཉེས་པར་བྱ་ནི། བདག་པོའི་སྒོ་ནས་འགུགས་པ་སྟེ་བསྐྱེད་པའི་རིམ་པའོ། །དགུག་ པའི་ཡུལ་བཤད་པར་བྱ་སྟེ། ཀུན་གྱི་ཕྱག་རྒྱའི་ཁྱད་པར་དང་། །ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱའི་ཁྱད་པར་ནི་རྣམ་པའི་དབྱེ་བ་དང་། སྔགས་ཀྱི་ཁྱད་པར་ནི་རིགས་ཀྱི་དབྱེ་བ་སྟེ། དེ་དག་གིས་དགུག་པར་བྱ་བ་སྟེ། གཞན་དུ་རྣལ་འབྱོར་པ་དེ་འཇིགས་པར་འགྱུར་བའོ། རྣམ་པ་གཞན་ལ་སྔགས་གཞན་སྦྱོར་ན་སྐྱོན་ཡིན་ནོ། །དེ་བས་ན་ཅི་དང་འདྲ་བའི་རྣམ་པ་དང་འདྲ་བའི་སྔགས་ཏེ། ཚིག་གི་དོན་དེ་ཁོ་ན་བཞིན་དུ་དཔེ་བསྟན་པའོ། །ཡང་ན་གལ་ཏེ་རྣམ་པ་དང་སྔགས་འདྲེས་པར་གྱུར་ན། དེའི་ཚེ་སྐྱོན་དེ་སེལ་བར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ རྒྱལ་པོ་ཆེ་ནི་རྡོ་རྗེ་འཆང་ཆེན་པོ། ཡང་དང་ཡང་དུ་བསྐུལ་བར་བྱ་བ་ནི་དེ་ཉིད་ཀྱི་རྣམ་པ་སྐད་ཅིག་མ་རེ་རེ་བསྒོམ་པར་བྱའོ། །དེ་ལྟར་བྱས་ན་སྔགས་དང་ཕྱག་རྒྱ་འདྲེས་པའི་སྐྱོན་མི་འབྱུང་བ་སྟེ། དམ་ཚིག་ཉམས་པའི་དུས་སུ་ལས་རྡོ་རྗེའི་རྣམ་པ་སྒོམ་པ་བཞིན་དུའོ། །འདིར་ནི་བཅོམ་ལྡན་འདས་ རྡོ་རྗེ་འཆང་ཆེན་པོ། དེ་ཉིད་སྔགས་རྣམས་ཐམས་ཅད་ནི། རྣམ་པ་དང་། རིག་སྔགས་དང་། ཕྱག་རྒྱ་རྣམས་ཀྱི་རྒྱལ་པོ་ནི་གཙོ་བོ་སྟེ་སྤྲོ་བ་དང་བསྡུ་བར་མཛད་པའོ། །གཞན་ཡང་མཆོག་ཏུ་རྟག་པར་ནི་མི་འཇིག་པའི་རང་བཞིན་ཏེ། དེ་བས་ན་དེའི་རྣམ་པར་ཐོབ་པས་སྔགས་ཐམས་ ཅད་ཀྱི་སྐུ་ཡིན་ལ། འདྲེས་པ་དང་མ་འདྲེས་པ་གང་ཡང་རུང་བར་བྱེད་པ་དེ་ནི་གནོད་པར་མི་འགྱུར་རོ། །རབ་ཏུ་བྱེད་པ་ལས་ཀྱང་། གླང་པོ་རྙེད་ནས་འཕྲལ་དུ་ནི། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་དུ་ནི་ཐམས་ཅད་རྣམ་པར་འཁྲུལ་པ་ལས་ ཐམས་ཅད་པ་ཉིད་དུ། ཡེ་ཤེས་རྡོ་རྗེ་ནི་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་གང་ལ་ཡོད་པ་དེ་ནི་དེ་བཞིན་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་ཞེས་པ་ནི་འོག་ནས་འཆད་པར་འགྱུར་བའི་རྡོ་རྗེ་ནི་བདུད་རྩི་འཁྱིལ་པའི་བཙུན་མོ་ཐོར་ཚུགས་གཅིག་མ་ནི་རལ་པ་ གཅིག་མ་སྟེ། དམ་ཚིག་ཆེན་པོའི་རྒྱལ་པོ་ནི་དོན་ཡོད་གྲུབ་པ་སྟེ། དེ་ཉིད་ཀྱི་གཞན་གྱིས་མི་ཐུབ་པའི་གསུང་རྡོ་རྗེ་ནི་སྔགས་ཏེ། དེ་ཉིད་རྡོ་རྗེ་མཆོག་ནི། རིག་སྔགས་གཙོ་བོ་ཉིད་ཀྱི་སྐུ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཤུ་ལི་ནི་ཞེས་པ་ནི་ གདུག་པ་རྣམས་ལ་ནད་སྐྱེད་པའི་ཕྱིར། དེ་ཉིད་ཀྱི་བོད་པ་ནི་ཤུ་ལི་ནིའོ། །སྭཱ་ཧཱ་ནི་ཞི་བའི་ཕྱིར་རོ། །སྔགས་འདི་གསུངས་པ་ཙམ་གྱིས་ཀླུའི་བུ་མོ་ནི། འཇོག་པོ་ལ་སོགས་པ་ཀླུའི་བུ་མོ་རྣམས་ཏེ། དེ་དག་གི་ཚིག་པར་གྱུར་པ་ནི་འདོད་ཆགས་ཀྱི་མེས་གདུངས་པར་གྱུར་པ་དང་། གོས་དང་ བྲལ་བ་ནི་རང་གི་མིང་རྣམས་ཀྱིས་གཟུང་བའི