Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 19

Văn bản gốc(Tây Tạng)

Trang 12 / 18 (50.000 ký tự/trang)
ས་བདུག་པ་དང་། དེའི་རོ་གང་དང་གང་དུ་བསྲེགས་པའི་ཐལ་བ་དང་།

སས་བཀང་བར་བཙུགས་ཏེ་གཏོར་མ་དང་སྲུང་བ་ལ་སོགས་པར་བཅས་པས་བསྐྱེད་པར་བྱའོ། །པ་ཐ་ནི་རྣ་མ་ཕུག་པའོ། །རྒྱལ་བ་དང་གཞན་གྱིས་མི་ཐུབ་པ་ནི་གྲགས་པར་ཟད་དོ། །ཙཀྲ་ཨངྒ་ནི་ལེགས་མཐོང་ངོ་། །རྨོངས་བྱེད་ནི་ད་དུ་རའོ། །མཚོན་ཆ་ཐམས་ཅད་ཟློག་པར་བྱེད། །ཅེས་བྱ་བ་ནི།
སྨན་ལྔ་པོ་དེས་མཚོན་ཆ་ལྔ་ཟློག་པར་བྱེད་པའི་ཕྱིར་རོ། །དེ་ཉིད་གསུངས་པ། ཙཀྲ་ཨངྒས་ལག་པས་འཕེན། །ཞེས་བྱ་བ་ལ་སོགས་པ་ལ། ཙཀྲ་ཨངྒ་ལ་སྐུད་པ་བཏགས་པས་འཁོར་ལོ་ལ་སོགས་པའི་མཚོན་ཆ་ལག་པས་འཕེན་པ་ཟློག་པར་བྱེད་དོ། །པ་ཐ་ནི་སྨན་ནོ། །འཁྲུལ་འཁོར་
གྱིས་འཕེན་པ་ནི་མདའ་ལ་སོགས་པ་སྟེ། ཟློག་པར་བྱེད་ཅེས་བྱ་བ་དང་འབྲེལ་ཏོ། །འཕངས་ནས་གཟུང་བ་ནི་ཞགས་པ་ལ་སོགས་པའོ། །མི་འཕེན་པ་ནི་རལ་གྲི་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །བརྡའི་ཚུལ་ཞེས་བྱ་བ་ནི་སོ་སོའི་ཐ་སྙད་ཇི་ལྟར་གྲགས་པ་ལྟར་རོ། །དེ་དག་ཇི་
ལྟར་གཟུང་བ་བསྟན་པར་བྱ་བའི་ཕྱིར། དེ་དག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨན་ལྔ་པོ་དེ་དག་ཐམས་ཅད་ཀྱི་རྩ་བ་སོ་སོར་གཡོན་དུ་བསྒྲིལ་བའི་སྐུད་པ་བྱས་ལ། མགྲིན་པའམ་སྤྱི་བོར་བཅིང་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་སྨན་དེ་དག་གི་རྩ་བའི་སྣལ་མ་ལས་
སྐུད་པ་བྱའོ་ཞེས་ཟེར་རོ། །གདོལ་པའི་བུ་མོ་མདོག་སྔོན་གྱི། །པདྨ་ལས་ནི་སྐྱེས་པ་དང་། །ཞེས་བྱ་བ་ནི། ཤན་པའི་བུ་མོ་མདོག་སྔོན་མོའི་པདྨ་ལས་བྱུང་བའི་ཟླ་མཚན་གྱི་ཁྲག་གིས་རྨོངས་བྱེད་ལ་སོགས་པའི་སྨན་ལྔ་ལ་བསྒོ་བའོ། །བདུད་རྩི་ལྔ་ཞེས་བྱ་བ་ནི། དེའི་འོག་ཏུ་ཡང་བདུད་
རྩི་ལྔ་བསྒོ་བའོ། །ཁྱི་ནག་པོའི་ཐོད་པ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དུར་ཁྲོད་ས་ཡིས་བཀང་བ་རུ། །ཞེས་བྱ་བ་ནི་རོ་བསྲེགས་པའི་སས་དགང་བ་སྟེ། གཉིས་པའི་དོན་གྱི་བདུན་པ་ཡིན་ནོ། །ཕ་མེས་ཀྱི་ནི་གནས་སུ་གཟུགས། །ཞེས་བྱ་བ་ནི། རོ་བསྲེགས་པའི་ཤུལ་དེ་ཉིད་
དུ་བསྐྱེད་པའོ། །དུར་ཁྲོད་དུ་ནི་བླ་མ་དང་། ཧེ་རུ་ཀ་དཔལ་མཆོད་བྱས་ལ། །ཞེས་བྱ་བ་ནི། ཤ་ཆེན་གྱི་བདུག་པ་ལ་སོགས་པས་ཚོགས་ཀྱི་མཆོད་པ་དང་གཏོར་མ་དག་བྱའོ། །དེ་ནས་ཞེས་བྱ་བ་ནི་སྨན་ཏེ་རྨོངས་བྱེད་དོ། །ཐོད་པ་རུ་ནི་བཞག་པ་ལ། །ཞེས་བྱ་བ་ནི་དེའི་འོག་ཏུ་ཡང་བྲམ་ཟེ་

མཆོག་གི་ཐོད་པར་བསྐྱེད་པར་བྱའོ། །གལ་ཏེ་བྲམ་ཟེ་མཆོག་གི་ཐོད་པ་མེད་ན། དེའི་ཚེ་གསུངས་པ། བྱ་རོག་ནག་པོའི་ཐོད་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ཆོ་ག་བཞིན་དུ་མངོན་བསྔགས་ཏེ། །ཞེས་བྱ་བ་ནི་གསེར་ཤིང་གི་ས་བོན་ལྕགས་གསུམ་
གྱིས་དཀྲིས་ལ་རྐང་པ་བརྒྱད་པའི་སྔགས་ལ་སོགས་པ་བཟླས་ནས་མགུལ་པ་བཅིངས་ན་སྦེད་པ་སྟེ་མི་སྣང་བར་འགྱུར་རོ། །མཉམ་པར་གཞག་ཏེ་བཅིངས་པ་དགྲོལ། །ཞེས་བྱ་བ་ནི་སླར་མཐོང་བར་འདོད་ན་སྐེ་ལས་དགྲོལ་བར་བྱའོ། །དེ་ཉིད་གསུངས་པ། བྱ་རོག་ཅེས་བྱ་བ་ལ་སོགས་པ་ལ། སྦྲུལ་
ནག་པོ་ཡི་ཞག་གིས་ནི། །ཞེས་བྱ་བ་ནི་སྔ་མའི་ས་བོན་དེ་ཉིད་ལན་གཉིས་པར་བསྐྱེད་པར་བྱ་བ་ལ། སྦྲུལ་གྱི་ཞག་གིས་ཡང་དང་ཡང་དུ་བསྒོ་བའོ། །ཁ་ཅིག་ནི་མི་སྣང་བར་འདོད་པ་ལ་བྱ་རོག་ནག་པོའི་ཁྲག་དང་། སྦྲུལ་ནག་པོའི་ཁྲག་གིས་བསྒོ་བར་བྱ་ལ། གཟུགས་བསྒྱུར་བར་འདོད་པ་ལ་ནི་
གང་གི་གཟུགས་སུ་བསྒྱུར་བ། དེའི་ཐོད་པར་གཟུགས་པ་དང་། དེའི་ཁྲག་གིས་གཏོར་བ་དང་། དེའི་ཞག་གིས་བྱུག་པ་དང་། དེ་དང་དེའི་ཤ་རུས་ཀྱིས་བདུག་པ་སྟེ། དེ་དག་ཉིད་མེ་ཏོག་ལ་སོགས་པའི་མཆོད་པ་ཡིན་ལ། མཆོད་པ་དེ་དག་གིས་མཉེས་པར་བྱའོ་ཞེས་ཟེར་རོ། །གྲོག་
མཁར་གྱི་ནི་ས་དག་དང་། །ཞེས་བྱ་བ་ལ་སོགས་པ་ནི་ཐུན་མོང་གི་ཆོ་ག་སྟེ། ཁྱད་པར་དུ་དུར་ཁྲོད་ཀྱི་སས་དགང་བར་བྱ་སྟེ། གཟུགས་བསྒྱུར་བ་ལ་ནི་གང་གི་གཟུགས་སུ་བསྒྱུར་བའི་རོ་བསྲེགས་པའི་ས་ལས་བསྐྱེད་པར་བྱ་ཞིང་། རོ་བསྲེགས་པའི་གནས་དེ་ཉིད་དུ་གཟུགས་པར་བྱའོ། །དགོངས་
མོ་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །དེ་ནི་ཞེས་བྱ་བ་ནི་ལྕགས་གསུམ་གྱིས་དཀྲིས་པ་གཟུང་བར་བྱའོ། །ཤིང་བསྐྱེད་ཆོ་ག་རྒྱས་པ་ལས། །འབྱུང་ཞིང་སྲུང་བ་ལ་སོགས་བྱ། །ཞེས་བྱ་བ་ནི། ཤིང་དང་སྡོང་བུ་ལ་སོགས་པ་བསྐྱེད་པའི་བསྟན་བཅོས་ལས་འབྱུང་བའི་སྲུང་བ་ལ་སོགས་པའི་ཆོ་ག་ཇི་བཞིན་
བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་ཆོ་ག་མཉམ་པའི་སྐྱོན་སྟོན་པ་ཡིན་ཏེ། དྲག་པོའི་གདོན་ཞེས་བྱ་བ་ནི་ཤ་ཟ་བ་དང་། ངར་སྣབས་ཟ་བ་ལ་སོགས་པའི་གདོན་ནོ། །དེ་དང་དེའི་གཟུགས་ཞེས་བྱ་བ་ནི་གཟུགས་བསྒྱུར་བར་འདོད་པ་ལ། རིལ་བུ་ཁར་བཅུག་སྟེ་གང་གི་གཟུགས་བྱ་བར་འདོད་པ་དེའི་

གཟུགས་སུ་སྣང་བར་འགྱུར་རོ། །ཁྱད་པར་དུ་མི་སྣང་བ་ནི་མགུལ་དུ་གདགས་པར་བྱའོ། །འུག་པ་ལ་སོགས་པ་ཞེས་བྱ་བ་ལ། སོགས་ཀྱིས་ནི་རིག་པ་གྲུབ་པ་ལ་སོགས་པ་གཟུང་ངོ་། །ཆ་ཙམ་ཞེས་བྱ་བ་ནི་རྣལ་འབྱོར་པའི་གྲིབ་མ་ཙམ་ཡང་ངོ་། །གང་གིས་ཤེ་ན། ས་བོན་མ་ཉམས་སྟོབས་ཀྱིས་སོ། །
ཞེས་བྱ་བ་ལ། མ་ཉམས་པ་ནི་རྨ་མེད་པ་དང་མ་ཚིག་པ་ལ་སོགས་པའོ། །ས་བོན་ནི་ཉེ་བར་མཚོན་པ་སྟེ། གཟུགས་པར་བྱ་བའི་ཐོད་པ་ལ་སོགས་པ་ཡང་དེ་ལྟར་བལྟ་བར་བྱའོ། །མཚོན་ཆ་བཟློག་པའི་རྣམ་པ་གཞན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཉི་མ་གཟས་ནི་ཟིན་དུས་སུ། །
ཞེས་བྱ་བ་ནི་ཤིང་རྣམས་ཀྱི་རྩ་བར་ཤར་ཕྱོགས་ཀྱི་ངོས་བརྐོ་བར་བྱའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །བྱང་ཕྱོགས་རྩ་བ་བརྐོས་ནས་ནི། །ཞེས་བྱ་བ་ནི་ཟླ་བ་གཟས་ཟིན་པའི་དུས་སུ་ཞེས་བྱ་བ་ལྷག་མ་ཡིན་ནོ། །སྔར་བཞིན་ཆོ་གའི་རིམ་པ་ཡིས། །ཞེས་བྱ་བ་ནི་གཟའ་ཉི་མ་དང་སྐར་མ་རྒྱལ་ལ་
གཟུགས་པ་ལ་སོགས་པ་ནས་བརྩམས་ནས་རྩ་བའི་སྐུད་པ་བསྒྲིལ་པ་མགུལ་པར་གདགས་པའི་བར་དུ་གཟུང་བར་བྱའོ། །དེའི་གེ་སར་ཞེས་བྱ་བ་ནི་པ་ཐ་ལ་སོགས་པའི་གེ་སར་རོ། །ཨད་ཀོ་ཏ་ཀའི་ཚ་བ་བླངས་ལ་ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་གཟས་ཟིན་པའི་ཚེ་འམ། གཟའ་ཉི་མའམ་སྐར་
མ་རྒྱལ་དུ་འཛོམ་པའི་དུས་སམ། འབྱུང་པོའི་ཉིན་ཞག་ལ་ཡང་རུང་དུས་དེ་དག་ཏུ་བླང་བར་བྱའོ། །པི་ཏི་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །ཡང་ན་ཞེས་བྱ་བ་ནི་འབྱུང་པོའི་ཉིན་ཞག་གཟུང་བའོ། །ལོ་གཅིག་ཅེས་བྱ་བ་ལ་སོགས་པས་ནི་སྨན་གྱི་ནུས་པའི་དུས་བསྟན་པ་ཡིན་ཏེ། སྒྲུབ་པ་པོའི་
སྦྱོར་བ་བརྩམས་ནས་ལོ་གཅིག་གིས་བར་དུ་ནུས་པ་དང་ལྡན་པར་གཟུང་ངོ་། །བྲཧྨ་དནྟྲ་ཞེས་བྱ་བ་ནི་སྨན་བྲཧྨའི་རྩ་བའོ། །པདྨའི་འདམ་ཞེས་བྱ་བ་ནི་པདྨའི་རྩ་བའི་ལྡེ་གུའོ། །ཨཱི་ཤྭ་ར་ཞེས་བྱ་བ་ནི་འདམ་གྱི་མིང་སྟེ། དབང་ཕྱུག་མའི་འདམ་ཞེས་བྱ་བའོ། །མཚན་མ་གཅིག་གིས་ཞེས་བྱ་བ་
ནི་ཁ་ནུབ་ཏུ་བལྟས་བའི་ལིངྒའི་ཉེ་འཁོར་གྱི་སའོ། །སྔར་བསྟན་ཆོ་གའི་རིམ་པ་ཡིས། །ཞེས་བྱ་བ་ནི། ཇི་སྲིད་ལུས་ལ་གནས་ཀྱི་བར། །ཞེས་བྱ་བ་སྔ་མ་དང་སྦྱར་ཏེ་ལུས་ལ་བསྐུ་བའོ། །ཀུ་མཱ་རཱི་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །གཞོན་ནུ་མ་ཡི་རྐང་རྗེས་རྡུལ། །ཞེས་བྱ་བ་ནི་བུ་མོ་གཞོན་ནུ་མའི་

རྐང་རྗེས་ཀྱི་རྡུལ་ལོ། །དེའི་ཞེས་བྱ་བ་ནི་བུ་མོ་དེའི་འོ། །མ་ཧེའི་རྭ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་ནོ། །སུམ་ཅུ་གསུམ་པས་མཆོད་ཅེས་བྱ་བ་ནི། འདམ་དེ་ལུས་ལ་བསྐུས་པའི་སྒྲུབ་པ་པོའོ། །བེ་སྣུ་བི་ཞེས་བྱ་བའི་སྨན། །ཞེས་བྱ་བ་ནི་བེ་སྣུ་བི་ཞེས་བྱ་བའི་མིང་ཅན་གྱི་འདམ་མོ། །ནགས་
ཀྱི་ཕྲེང་བ་ཞེས་བྱ་བ་ནི་སོ་མ་ལ་ཏ་ལའོ། །བཟློག་སྟེ་འཁོར་བའི་འཁོར་ལོ་ཡི། །འཇིམ་པ་འབད་དེ་བླངས་ནས་སུ། །ཞེས་བྱ་བ་ནི། ཙཀྲ་ཨངྒའི་ལྡེ་གུའོ། །ཕག་མོ་ཞེས་བྱ་བ་ནི་ཏ་ལ་མུ་ཤ་ལིའོ། །ཕག་གི་ལུས་ལས་བྱུང་བའི་འདམ། །ཞེས་བྱ་བ་ནི་ཕག་མོའི་ལྟོ་ལ་གོས་པའི་
འཇིམ་པའོ། །མ་ཧེའི་རྭ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དབང་པོའི་ཤིང་ཞེས་བྱ་བ་ནི་དེ་བ་ད་རུའོ། །སུམ་ཅུ་གསུམ་དབང་འདམ་ཞེས་བྱ་བ་ནི་སུམ་ཅུ་གསུམ་པས་མཆོད་པས་ན་སུམ་ཅུ་གསུམ་དབང་འདམ་སྟེ་འདམ་གྱི་མིང་ངོ་། །ཙཎྜ་ལཱི་ཞེས་བྱ་བ་ནི་སྐྱེ་ཚེ་སྟེ། དེའི་རྩ་བའི་འདམ་ནི་ཙ་མུཎྜའི་
འདམ་ཞེས་བྱ་བའམ། དེ་ཡི་ལྟག་པ་གཤགས་ནས་སུ། །ལྕེ་ནི་རྩ་བར་བཅས་ཏེ་བླང་། །ཞེས་བྱ་བ་ནི། སེང་ལྡེང་གི་ཕུར་བུས་ལྟག་པའི་ཕྱོགས་ནས་དྲལ་ཏེ་རྩ་བ་དང་བཅས་པར་དབྱུང་བའོ། །རིལ་བུ་ཞེས་བྱ་བ་ནི་ལྕགས་གསུམ་གྱིས་དཀྲིས་པའོ། །དེ་ཡི་ཤ་དང་ཞག་དང་ཁྲག །ཅེས་
བྱ་བ་ནི། ཟླ་བ་བརྒྱད་པ་མངལ་ནས་བྱུང་བའི་འོ། །ལྷག་མ་ནི་གོ་སླའོ། །བྱིས་པའི་རོ་ཡི་ལྟོ་བར་ནི། །ཞེས་བྱ་བ་ནི། ཟླ་བ་བརྒྱད་པའི་བྱིས་པ་གཉིས་ཀྱི་རོའོ། །སྔར་གྱི་ཆོ་ག་བཞིན་བླངས་ཏེ། །ཞེས་བྱ་བ་ནི་ཉི་མ་དང་གཟའ་བཟང་པོ་ལ་བླང་བ་ལ་སོགས་པའོ། །ཟླ་མཚན་ཞེས་བྱ་བ་ནི་དང་
པོར་རྐེད་པ་དབབ་པའི་ཁྲག་གོ། །སུམ་སྒྲིལ་ཡང་ནི་སུམ་སྒྲིལ་དུ། །ཞེས་བྱ་བ་ནི། སྣལ་མ་སུམ་སྒྲིལ་དུ་བྱས་ལ་དེ་ཉིད་སླར་ཡང་ཐི་གུ་སུམ་སྒྲིལ་དུ་བྱ་བའོ། །རྐང་པ་བརྒྱད་པའི་གསང་སྔགས་ནི། །བཟླས་ཤིང་མདུད་པ་དེ་ཙམ་བྱ། །ཞེས་བྱ་བ་ནི། ཆུ་སྲིན་གྱི་ཁ་ནས་བྱུང་བ་ལྟ་བུའི་
མདུད་པ་བརྒྱད་བྱ་བའོ། །ཁ་ཅིག་ན་རེ་མདུད་པ་བཞི་བྱའོ་ཞེས་ཟེར་རོ། །མ་མོ་བརྒྱད་ཅེས་བྱ་བ་ནི་ཁྭ་གདོང་མ་ལ་སོགས་པའོ། །བརྟག་ཅེས་བྱ་བ་ནི་མདུད་པ་བརྒྱད་རྣམས་དེ་དག་ཏུ་བསྒོམ་མོ། །བུ་མོ་ཡི་ནི་གཅི་བ་ཡིས། །ཞེས་བྱ་བ་ནི། གང་དུ་གཅི་བ་བྱས་པའི་ཤུལ་གྱི་སའོ། །བཏགས་

ཏེ་དེ་དད་བསྲེ་བར་བྱ། །ཞེས་བྱ་བ་ནི་ས་རློན་པས་སྦགས་པར་བྱ་བའོ། །སོ་སོའི་ཞིང་ནི་རེ་རེ་ལ། །སྔར་གྱི་རིམ་པའི་སྦྱོར་བ་ཡིས། །ཤིན་ཏུ་མཉམ་པར་གཞག་སྟེ་བསྒྲུབ། །ཅེས་བྱ་བ་ནི་མདུད་པ་རྣམས་མ་མོ་རྣམས་སུ་བསྒོམས་ལ། རྐང་པ་བརྒྱད་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་པའོ། །མྱོས་
བར་བྱེད་པའི་རིག་པ་ཆེ། །ཞེས་བྱ་བ་ནི་རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་སོ། །ཕན་ཚུན་དུ་ནི་དྲུད་གྱུར་ན། །ཞེས་བྱ་བ་ནི་ཇི་སྲིད་དུ་བ་མ་བྱུང་གི་བར་དུ་དྲུད་པར་བྱ་བའོ། །དེ་དག་གིས་ནི་འདི་སྐད་དུ། སེང་ལྡེང་ལ་སོགས་པའི་ཤིང་གཉིས་གཟུང་སྟེ། དགྲ་བོའི་གཡུལ་དང་ར་བའི་རླུང་
ཕྱོགས་སུ་སོང་ལ། དགྲ་བོའི་གཙོ་བོ་གཉིས་ཀྱི་མིང་ནས་བཟུང་སྟེ། རྐང་པ་བརྒྱད་པའི་སྔགས་དང་སྤེལ་ནས་ཟློས་ཤིང་གཡུལ་ལ་མངོན་པར་བལྟ་སྟེ། ཤིང་གཉིས་དུ་བ་འབྱུང་གི་བར་དུ་དྲུད་པར་བྱས་ན། དགྲ་བོ་ནང་ཕན་ཚུན་དུ་རྨོངས་ནས་འཐབ་པར་འགྱུར་རོ། །རྡོ་རྗེའི་ཆུ་ཞེས་བྱ་བ་
ནི་གཅི་བའོ། །ལྷག་མ་ནི་གོ་སླའོ། །སྟོབས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་སྟོབས་ནི་སྨན་རྣམས་ཀྱི་ནུས་པའོ། །ཆོ་ག་ནི་དེའི་དབང་དུ་བྱས་པའི་བྱ་བའོ། །རིམ་པར་ཕྱེ་བ་ནི་དེའི་གཞུང་སྟེ་སུམ་ཅུ་རྩ་དགུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་
ལས་ལེའུ་སུམ་ཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།འབྲས་བུ་བཅོས་མའི་ལས་རྒྱས་པ་བཤད་པར་བཞེད་ནས། གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་སྒྲུབ་པ་པོ་འགྲུབ་པར་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །དེ་ནས་ཞེས་བྱ་བ་ནི་ཧེ་རུ་ཀའི་རྣལ་འབྱོར་དང་
རྐང་པ་བརྒྱད་པའི་སྔགས་བཟླས་པ་བསྟན་གྱི་འོག་ཏུའོ། །སྣམ་སྟེར་ཞེས་བྱ་བ་ནི་རས་བལ་གྱི་ས་བོན་ནོ། །སྙི་མའི་རྩེར་གནས་བླང་བར་བྱ། །ཞེས་བྱ་བ་ལ། སྙི་མ་ཉིད་ནི་རྩེ་མོ་སྟེ། དེ་ལ་རས་བལ་གྱི་ས་བོན་བླང་བ་འདིས་ནི་ས་ལ་མ་ལྷུང་བར་བླང་བ་སྟོན་ཏོ། །དེ་བཞིན་དུ་སྙེ་མའི་རྩེར་གནས་
ཞེས་བྱ་བ་འདིས་ཐོད་པའི་ནང་ན་གནས་པ་སླང་བར་ཡང་བསྟན་ཏོ། །ཡི་དགས་ཀྱི་ཟླ་ཕྱེད་ཅེས་བྱ་བའི་བཤད་པ་ནི་འབྱུང་པོའི་ཉི་མ་ཞེས་བྱ་བ་ཡིན་ནོ། །གཽ་རཱི་ལ་སོགས་མཁའ་འགྲོ་མར། །བཅས་པའི་ཧེ་རུ་ཀ་བསྒོམ་མཆོད། །ཅེས་བྱ་བ་ནི། གཽ་རཱི་ལ་སོགས་པས་བསྐོར་བའི་

ཧེ་རུ་ཀར་བསྒོམ་པ་མཆོད་པ་དང་བཅས་པ་བྱས་ནས་ལས་ཐམས་ཅད་བརྩམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བུད་མེད་ཀྱི་ནི་མེ་ཏོག་གིས། །ཡང་དང་ཡང་དུ་བསྒོ་བར་བྱ། །ཞེས་བྱ་བ་ལ། རས་བལ་གྱི་ས་བོན་བུ་མོའི་ཐོད་པར་བཞག་སྟེ། མེ་ཏོག་ཅེས་བྱ་བ་ཟླ་མཚན་གྱི་ཁྲག་
གིས་ཡང་དང་ཡང་དུ་བསྒོ་བར་བྱའོ། །བསྒེགས་པའམ་ནི་མཚོན་གྱིས་བསད། །སྤྱང་ཀི་ལ་སོགས་མ་ཟོས་པའི། །བུད་མེད་ཐོད་པ་མཛེས་པ་རུ། །ཆོ་ག་བཞིན་དུ་བསྐྱེད་པར་བྱ། །ཞེས་བྱ་བ་ནི་མདོར་བསྡུས་ནས་བསྟན་པ་སྟེ། སྤྱང་ཀི་ལ་སོགས་མ་ཟོས་པ། །ཞེས་བྱ་བ་ནི་སྲོག་
ཆགས་ཀྱིས་མ་གཙེས་པའོ། །མཛེས་པ་ཞེས་བྱ་བ་ནི་གས་ཆག་ལ་སོགས་པའི་སྐྱོན་དང་བྲལ་བའོ། །དེ་ཉིད་བཤད་པའི་ཕྱིར་གསུངས་པ། དེ་ཡང་ཞེས་བྱ་བ་ལ་སོགས་པ་ལ། དེ་ཡང་རྔ་མོ་དག་གི་ནི། །འཁྲུལ་འཁོར་ལ་ནི་བསྐྱོན་ནས་སུ། །ཞེས་བྱ་བ་ནི། བསྒེགས་པའམ་ནི་མཚོན་
གྱིས་བསད། །ཅེས་བྱ་བ་དང་འབྲེལ་ཏོ། །དེ་ཡི་རྩེ་མོ་བླང་བར་བྱ། །ཞེས་བྱ་བ་ནི་བུད་མེད་དེའི་མགོ་བོའི་ཞག་གཟུང་བར་བྱ་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བུ་མོར་བསྒོམ་ཞིང་དེ་བསྐུལ་ཞིང་། །ཞེས་བྱ་བ་ནི་རས་བལ་གྱི་ས་བོན་བུད་མེད་དུ་བསྒོམ་པའོ། །དེ་བསྐོར་བ་ཞས་བྱ་བ་ནི། བུ་མོའི་
མགོ་བོའི་ཚིལ་ཞུ་བའི་ཞག་གོ། །ཆུ་ཞེས་བྱ་བ་ནི་པདྨའི་མེ་ཏོག་གོ། །གཏོར་བ་ནི་ཡང་དང་ཡང་དུ་བྱུག་པའོ། །དེ་ཞེས་བྱ་བ་ནི་ཐོད་པ་མཛེས་པའོ། །བགེགས་དགྲ་དང་ནི་གཤིན་གཤེད་ཀྱི། །སྔགས་ནི་མངོན་པར་བཟླས་པ་ཡིས། །ཞེས་བྱ་བ་ནི་ཐོད་པ་དེར་བསྐྱེད་པར་བྱ་ཞེས་བྱ་བའི་ཚིག་སྔ་
མ་དང་སྦྱར་རོ། །ཞི་བའི་ཚིགས་བཅད་སྔགས་ཀྱིས་ནི། །བརྒྱ་རྩ་བརྒྱད་དུ་བཟླས་པའི་ཆུས། །ཞེས་བྱ་བ་ཡང་། ཅི་རིགས་སུ་ནི་བསྲུང་བར་བྱ། །ཞེས་བྱ་བའི་ཚིག་སྔ་མ་དང་སྦྱར་ཏེ། ཞི་བའི་སྔགས་རུ་རུ་ཕུ་རུ་ལ་སོགས་པ་ཉིད་ཞི་བའི་ཚིགས་བཅད་དོ། །སྨིན་པ་ཞེས་བྱ་བ་ནི་ཡོངས་སུ་སྨིན་པའོ། །
གཞོན་ནུ་མའི་ཁྲག་ཅེས་བྱ་བ་ནི་དང་པོར་བྱུང་བའི་ཟླ་མཚན་ནོ། །སྔར་གྱི་བུ་མོ་ཞེས་བྱ་བ་ནི། བསྒེགས་པའམ་མཚོན་གྱིས་བསད་པའི་བུ་མོའོ། །སྐྲ་དང་བཅས་པ་ཞེས་བྱ་བ་ནི་སྐྲ་དང་རས་བལ་དུ་བསྲེས་པའོ། །བུ་མོས་བཀལ་ཞེས་བྱ་བ་ནི། སྐྱེས་པ་དང་མ་ཕྲད་པའི་བུ་མོས་བཀལ་བའོ། །

བཀལ་བ་ལ་སོགས་པ་ཐམས་ཅད་ཀྱང་བུད་མེད་ཀྱི་ཐོད་པར་བཞག་སྟེ་བྱ་བའོ་བསྒེགས་པའི་ཞེས་བྱ་བ་ལ་སོགས་པ་ལ། གསང་བ་ཡི་ནི་ཞིང་ས་རུ། །ཞེས་བྱ་བ་ནི་ལམ་གྱི་བཞི་མདོ་ལ་སོགས་པའི་གནས་ཏེ་འོག་ནས་བཤད་པར་བྱའོ། །ཚེས་བརྒྱད་ཅེས་བྱ་བ་ནི་མར་ངོའི་ཚེས་བརྒྱད་དོ། །
བསྟན་པ་འདི་ཉིད་བཤད་པའི་ཕྱིར། །ལམ་དང་རིགས་མཆོག་ཐོད་པ་ནི། །རོ་བསྲེགས་སས་བཀང་རོ་དང་བཅས། །ཉི་མ་ཤིས་པ་དག་ལ་གཟུགས། །ཞེས་བྱ་བ་སྟེ། ལམ་ཞེས་བྱ་བ་ནི་ལམ་གྱི་བཞི་མདོའོ། །རིགས་མཆོག་ཅེས་བྱ་བ་ནི་སྐྱེ་གཉིས་ཏེ་བྲམ་ཟེའོ། །རོ་བསྲེགས་ས་ཞེས་བྱ་བ་ནི་
རིགས་མཆོག་གི་ཞེས་བྱ་བའི་ལྷག་མ་ཡིན་ནོ། །རོ་དང་བཅས་ཞེས་བྱ་བ་ནི། དང་པོར་ཡུངས་ཀར་མི་རོའི་ཁར་བཅུག་སྟེ། ཉིན་ཞག་གཅིག་ཏུ་བཞག་ལ། དེ་ནས་ཕྱུང་སྟེ་དེ་ཉིད་ཀྱི་ཁྲག་དང་ཞག་གིས་ཡང་དང་ཡང་དུ་བསྒོ་བར་སྟོན་ཏོ། །ཉི་མ་བཟང་ལ་གཟུགས་པར་བྱ། །ཞེས་བྱ་བ་ནི།
མར་ངོའི་ཚེས་བརྒྱད་ལ་སོགས་པ་སྟེ་སྔར་བཤད་ཟིན་ཏོ། །ཁ་ཅིག་ནི་རོ་བསྲེགས་པའི་ཤུལ་ལམ་ལམ་གྱི་བཞི་མདོར་རོའི་སྟན་ལ་གནས་པའི་སྒྲུབ་པ་པོས་སྐྱེ་གཉིས་ཀྱི་ཐོད་པར་སྔ་མ་ལྟར་བསྒྲུབ་པར་བྱའོ་ཞེས་ཟེར་རོ། །ཅི་རིགས་འཁྲུལ་འཁོར་བཙིར་བའི་མར། །ཞེས་བྱ་བ་ལ་ཅི་རིགས་
ཞེས་བྱ་བ་ནི། དང་པོར་ཡུངས་ཀར་མེས་ཁ་བཙོས་བྱ་བའོ། །བློ་ལྡན་བསྒོས་ན་འདོད་བཞིན་བྱེད། །ཅེས་བྱ་བ་ནི་བསྒོ་བ་ནི་མར་ནག་གིས་བྱུག་པའོ། །འདོད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་རོ། །དེ་ཉིད་གསུངས་པ། ས་མཐའ་ཞེས་བྱ་བ་ལ་སོགས་པ་ལ། ས་མཐའ་ཞེས་བྱ་བ་ནི་ཧའོ། །
དེ་ཉིད་ཨུ་ལ་སོགས་པའི་ཡན་ལག་དང་ལྡན་པ་དེ་ནི་ལྔ་པ་སྟེ། ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར་རོ། །དེས་ན་ཆོས་ཀྱི་འཁོར་ལོ་ལ་གནས་པའི་ས་བོན་ཧཱུྃ་བསྟན་པར་འགྱུར་རོ། །རླུང་གི་ས་བོན་ལས་བྱུང་བ། །ཞེས་བྱ་བ་ལ་རླུང་གི་ས་བོན་ནི་རླུང་དང་མེའི་དཀྱིལ་འཁོར་རོ། །ལས་བྱུང་ནི་ཡི་གེ་ཨོཾ་
སྟེ། སྤྲུལ་པའི་འཁོར་ལོའི་ལྟེ་བ་ལ་གནས་པའོ། །དེ་དག་གིས་ནི་འདི་སྐད་དུ་སྟོན་ཏོ། །རླུང་གིས་བསྐྱོད་པའི་གཏུམ་མའི་འོད་ཀྱིས་ཧཱུྃ་བསྐུལ་ཏེ། དེའི་འོད་ཟེར་ཕྱི་རོལ་དུ་ཕྱུང་བའི་ལྕགས་ཀྱུས་བསྒྲུབ་པར་བྱ་བ་བཀུག་སྟེ། རླུང་གི་དཀྱིལ་འཁོར་ལ་གནས་པའི་མགྲིན་རིངས་ཀྱི་

རྒྱབ་ཏུ་བསྐྱོན་ལ། ཁ་ལྷོར་བལྟ་སྟེ་འགྲོ་བར་བསྒོམས་ན་བསྐྲད་པར་འགྱུར་རོ། །དེ་བཞིན་དུ་བསད་པ་ལ་ནི་མེའི་དཀྱིལ་འཁོར་ལ་བཞག་སྟེ། སྔ་མ་ལྟར་ཧཱུྃ་གི་འོད་ཟེར་མེ་འབར་བའི་གཟུགས་ཅན་ཕྱུང་ལ། དེས་བསྒྲུབ་པར་བྱ་བ་བསྐོར་ཅིང་བསྲེག་པར་བསྒོམ་མོ། །མནན་པ་ལ་ནི་
དབང་ཆེན་གྱི་དཀྱིལ་འཁོར་ལ་བཞག་སྟེ། ཧཱུྃ་གི་འོད་ཟེར་སེར་པོས་སྟེང་ནས་དགབ་པར་བསྒོམ་མོ། །ད་ནི་སྔར་བསྟན་པའི་མར་ནག་དེ་ཉིད་ཀྱི་བྱ་བ་གཞན་བསྟན་པའི་ཕྱིར། བསྒེགས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་གའི་རིམ་བཞིན་མཆོད་བྱས་ལ། །ཞེས་བྱ་བ་ནི་གཽ་རཱི་ལ་སོགས་
པ་དང་བཅས་པའི་ཧེ་རུ་ཀའི་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་ལ། མཆོད་པ་སྔོན་དུ་འགྲོ་བས་ཆོ་གའི་རིམ་བཞིན་ཞེས་བྱ་བ་རོ་ལྷག་པར་གནས་པར་བྱ་བའོ། །ཧེ་རུ་ཀའི་སྤྱོད་པ་ཡིས། །ཞེས་བྱ་བ་ནི། སྒྲུབ་པའི་གྲོགས་དང་བཅས་པར་བརྟུལ་ཞུགས་ཀྱི་སྤྱོད་པ་བླང་བའོ། །སྔགས་ནི་རྐང་
པ་བརྒྱད་པའོ། །སྔགས་པ་ཆེན་པོས་ཞེས་བྱ་བ་ནི། མཐོང་ནས་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ཚེ་ཕྱག་རྒྱ་བཅིང་བྱ་སྟེ། །ཞེས་བྱ་བ་ལ། ལག་པ་གཉིས་ཀྱི་སོར་མོ་རྡོ་རྗེར་བཅིངས་ལ། མཐེ་བོ་དང་མཛུབ་མོའི་རྩེ་མོ་སོ་སོར་སྤྲད་ལ་བཟློག་སྟེ་དཔྲལ་པའི་སྟེང་དུ་བཞག་པ་འདི་ནི་སྐྱེ་གནས་
ཀྱི་ཕྱག་རྒྱའོ། །དྲག་པོ་ཡི་ནི་གཟུགས་ཀྱིས་སུ། །དཔའ་བོ་དམ་ཚིག་ཅི་རིགས་བསྟན། །ཞེས་བྱ་བ་ནི་དེའི་ཚེ་སྔགས་པས་འཇིགས་པ་མི་བྱ་བར། དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་གྱིས་རྐང་པ་བརྒྱད་པའི་སྔགས་ཟློས་ཤིང་མཚོན་ཆ་འཕྱར་བ་ལ་སོགས་པ་དཔའ་བོའི་སྤྱོད་པ་གཞན་
དག་གིས་ཀྱང་བགེགས་བསལ་བར་བྱའོ། །དེའི་ལུས་ལས་འཛག་པའི་མར། །ཞེས་བྱ་བ་ནི། གང་གི་ཚེ་བགེགས་ཉེ་བར་ཞི་བ་དེའི་ཚེ། སྔར་ལུས་ལ་བྱུགས་པའི་མར་ལུས་ལ་མི་སྣང་ཞིང་འཐུང་བར་གྱུར་པ་དེ་སླར་ཡང་འཛག་པར་འགྱུར་བའོ། །བླངས་ཏེ་བསྐུ་བ་ལ་སོགས་
བླུགས། །ཞེས་བྱ་བ་ལ་སོགས་ཀྱིས་ནི་སྐྱེས་བུའི་ཉ་ཕྱིས་ལ་སོགས་པ་གཟུང་ངོ་། །ལྷག་མ་ནི་གོ་སླའོ། །གཞན་ཡང་རལ་གྲི་མིག་སྨན་དང་། །ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་མར་དང་བྲལ་བ་དེའི་ཚེ་རོ་དེས། དཔའ་བོ་མཆོག་ནི་ཅི་འདོད་སྨྲོས། ཞེས་བརྗོད་པར་

འགྱུར་ཞིང་། ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ། །སོགས་ཀྱིས་ནི་རྐང་མགྱོགས་ལ་སོགས་པ་གཟུང་ངོ་། །རྣམ་པ་གཞན་གསུངས་པ། ཁྲག་དང་ཞེས་བྱ་བ་ལ་སོགས་པ་ལ། མི་ཡི་རོ་ཡི་ཁར་བཅུག་ལ། །ཞེས་བྱ་བ་ནི། མིའི་རོའི་ཁར་ཞག་གསུམ་གཞག་པར་བྱའོ། །
ཁྲག་ཉིད་དང་ནི་ཞག་གིས་ནི། །ཞེས་བྱ་བ་ནི་རོ་དེ་ཉིད་ཀྱི་ཁྲག་དང་ཞག་གིས་བསྒོ་བའོ། །སྲུང་བ་ལ་སོགས་ཞེས་བྱ་བ་ནི་ཐུན་མོང་གི་ཆོ་གའོ། །སྔ་མ་བཞིན་བསྐྱེད་ཅེས་བྱ་བ་ནི། རོ་དེ་ཉིད་ཀྱི་ཐོད་པ་སྔར་བསྟན་པ་ལྟར་བསྐྱེད་པའོ། །དེ་ནས་དེ་ལས་བྱུང་བ་ཡོངས་སུ་སྨིན་པ་བཟུང་སྟེ། གང་
ལ་བསྣུན་པ་དེ་ཇི་སྐད་སྨོས་པ་བཞིན་དུ་འགྱུར་བའོ། །སོ་བྱ་ཡི་ནི་ཞེས་བྱ་བ་ལ་སོགས་པ་ལ། སོ་བྱ་ནི་ཆུའི་བྱ་རོག་གོ། །སྣུམ་སྟེར་ནི་ཡུངས་ཀར་རོ། །དེའི་ཐོད་པ་ཞེས་བྱ་བ་ནི་སོ་བྱའི་ཐོད་པའོ། །ལྷག་མ་ནི་གོ་སླའོ། །སྐྱེས་བུ་བྱ་ཡི་གཟུགས་སུ་བསྒྱུར། །ཞེས་བྱ་བ་ལ། བྱ་ནི་སོ་བྱ་སྟེ་
ཁྱད་པར་ལ་སྤྱིར་ཉེ་བར་བཏགས་པ་ཡིན་ནོ། །དེ་ལྟར་ས་བོན་གཞན་དག་ཀྱང་། །ཞེས་བྱ་བ་ནི། རྨོངས་བྱེད་ལ་སོགས་པའི་ས་བོན་ནོ། །དོག་པ་ལ་གནས་འབྲས་བུ་གཟུང་། །ཞེས་བྱ་བ་ནི། སྙེ་མ་ལ་གནས་པ་སྟེ་ས་ལ་མ་ལྷུང་བའོ། །དེ་དང་འདྲ་བའི་གཟུགས་སུ་བསྒྱུར། །ཞེས་བྱ་བ་ནི།
ས་བོན་དེ་དག་བྱ་གང་དང་གང་གི་ཁྲག་དང་ཞག་གིས་བྱུགས་ཤིང་གང་དང་གང་གི་ཐོད་པར་བསྐྱེད་པ་ལ་སོགས་པ་བྱ་སྟེ། ཡོངས་སུ་སྨིན་པ་ཁར་བཅུག་ན་བྱ་དེ་དང་དེའི་གཟུགས་སུ་འགྱུར་རོ། །བྱ་རྣམས་ཀྱི་ནི་ཚེ་དང་མཚུངས། །ཞེས་བྱ་བ་ནི། བྱ་རྣམས་ལྟར་ཚེ་དང་ནད་མེད་པ་འཕེལ་བ་
སྟེ། བྱའི་འབྲས་བུ་བཅོས་མའོ། །བྱོལ་སོང་གཞན་གྱི་ཡང་བསྟན་པའི་ཕྱིར། །གླང་པོའི་གཟུགས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོ་ག་ནི་སྔར་བསྟན་པ་བཞིན་དུ་བྱའོ། །སེམས་ཅན་མ་ཡིན་པ་གཞན་དག་གི་གཟུགས་སུ་བསྒྱུར་བ་ཡང་བསྟན་པའི་ཕྱིར། བི་ད་ར་ཡི་ས་
བོན་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བི་དའི་རའི་ས་བོན་ནི་གྲགས་པར་ཟད་དོ། །མར་ངོ་ནི་མར་ངོའི་ཚེས་བརྒྱད་དམ་བཅུ་བཞིའོ། །མ་དུ་ལུང་ག་ཡང་གྲགས་པར་ཟད་དོ། །ཡར་ངོ་ལ་ཞེས་བྱ་བ་ནི་ཡར་ངོའི་སྐར་མ་རྒྱལ་ལ་སོགས་པ་དང་སྦྱར་རོ། །མི་རོའི་ཞག་གིས་བྱུགས་ནས་སུ། །

ཞེས་བྱ་བ་ནི། དཔའ་བོ་མཚོན་གྱིས་བསད་པའི་ཁྲག་དང་བཅས་པའི་ཞག་གིས་བྱུག་པའོ། །དེའི་ཡན་ལག་མཆོག་ཏུ་གཟུགས། །ཞེས་བྱ་བ་ནི་ཐོད་པར་བསྐྱེད་པའོ། །དེས་ཅིར་འགྱུར་ཞེ་ན། ཟིན་པས་དེའི་གཟུགས་སུ་འགྱུར། །ཞེས་བྱ་བ་ནི། ཟིན་པ་ནི་ཁར་བཅུག་པའོ། །
དེ་ཉིད་བསྐྱེད་པའི་ཆོ་ག་གསུངས་པ། དེའི་ཞེས་བྱ་བ་ལ་སོགས་པ་ལ། དེ་ཡི་རུས་པ་རྐང་དག་ནི། །ཤ་ལ་སོགས་པ་བསྐྱེད་པར་བྱ། །ཞེས་བྱ་བ་ནི་བདུག་པ་བསྟན་པའོ། །དེ་ཡི་པགས་པ་རུས་པ་ཡིས། །ཕྱག་རྒྱ་ཡན་ལག་བརྒྱན་བྱས་ལ། །ཞེས་བྱ་བ་ནི། ཧེ་རུ་ཀའི་སྤྱོད་པ་བསྟན་པའོ། །
ཡང་ན་པགས་པ་ཞེས་བྱ་བ་ནི་བདུག་པར་སྦྱར་ལ། ཕྱག་རྒྱ་ཞེས་བྱ་བ་ནི་སྐྱེ་གནས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་དེ་བཅས་ལ་བསྐྱེད་པའོ། །ཐལ་བ་གཏོར་ཞེས་བྱ་བ་ནི་རོ་བསྲེགས་པའི་སས་དགང་བའོ། །ལྕུག་མ་གསུམ་གྱིས་དཀྲིས་ནས་སུ། །ཞེས་བྱ་བ་ནི། ལྕགས་གསུམ་གྱིས་དཀྲི་བའོ། །ཁར་
བཅུག་ན་ཞེས་བྱ་བ་ལ། བི་ད་རའི་ས་བོན་ནི་ཟླ་བ་མར་ངོ་ལ་ཁར་བཅུག་ལ། མ་དུ་ལུང་གའི་ས་བོན་ནི་ཡར་ངོ་ལ་ཁར་བཅུག་པར་བྱའོ། །སྦེད་པ་ནི་མི་སྣང་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཉི་མ་ཟླ་བ་ཞེས་བྱ་བ་ལ་སོགས་པའོ། །མ་དུ་ལུང་ག་གཅིག་པུ་ནི། །ཞེས་བྱ་བ་ནི་ལྕགས་
གསུམ་དང་བྲལ་བའི་མ་དུ་ལུང་གའི་འབྲས་བུ་འབའ་ཞིག་སྟེ། དེ་བཞིན་དུ་བི་ད་རི་ལ་ཡང་སྦྱར་བར་བྱའོ། །འབྲས་བསྐྱེད་ཐུན་མོང་ཆོ་གའོ། །ཞེས་བྱ་བ་ནི་འབྲས་བུ་བཅོས་པ་ཐུན་མོང་གི་ཆོ་ག་སྟེ། སྔགས་དང་བཅས་པའི་ཆུ་ཡིས་ནི། །ཞེས་བྱ་བ་ནི་སྔར་སྨོས་པ་དག་གོ། །ཡང་ན་འོག་ནས་
འབྱུང་བ་དང་སྦྱར་ཏེ། འོག་ནས་འབྱུང་བ་འདི་ནི་འབྲས་བུ་བཅོས་མ་ཐམས་ཅད་ཀྱི་ཐུན་མོང་གི་ཆོ་གའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་དག་ཅེས་བྱ་བ་སངས་རྒྱས་སྤྱན་ལ་སོགས་པ་བཞིའོ། །ས་ལ་སོགས་ཞེས་བྱ་བ་ནི་འབྱུང་བ་
བཞིའི་རང་བཞིན་ནོ། །ཐམས་ཅད་ཅེས་བྱ་བ་ནི་ཤིང་དང་རྩྭ་ལ་སོགས་པའོ། །དེ་འཛིན་པ་ནི་བསྐྱེད་པའོ། །གསོ་བ་ནི་སྐྱོང་བའོ། །ལྷག་མ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དགོངས་མོའི་དུས་སུ་ཞེས་བྱ་བ་ནི་ཡར་ངོའི་དགོངས་མོའི་དུས་སུའོ། །བཞི་མདོའི་ས་ཞེས་བྱ་བ་ནི་ས་

མདོག་དཀར་པོ་གཟུང་བར་བྱའོ། །མི་ཡི་ཞག་སོགས་ཀྱིས་བྱུགས་ལ། །ཞེས་བྱ་བ་ལ། སོགས་ཀྱིས་ནི་ནིམ་པའི་ཁུ་བ་ལ་སོགས་པ་གཟུང་བར་བྱའོ། །དེ་ཡིས་དཔྲལ་བར་ཐིག་ལེ་བྱ། །ཞེས་བྱ་བ་ནི། དེ་ཡོངས་སུ་སྨིན་པའི་འབྲས་བུ་བདར་བའི་ཐིག་ལེའོ། །བཟའ་དང་བཅའ་སོགས་རྣམ་
པ་ལྔ། །ཞེས་བྱ་བ་ལ། རྣམ་པ་ལྔ་ནི་འོ་མ་ལ་སོགས་པའི་བདུད་རྩི་ལྔའོ། །ལྷག་མ་ནི་གོ་སླ་བས་མ་ཕྱེ་བའོ། །འོལ་མ་སེ་ཡི་ས་བོན་ནི། །ཞེས་བྱ་བ་ལ་སོགས་པ་ལ། འོལ་མ་སེའི་ས་བོན་ནི་འོལ་མ་སེའི་ས་བོན་དཀར་པོར་གཟུང་ངོ་། །བྲམ་ཟེའི་ཐོད་པ་ནི་བྲམ་ཟེ་མཆོག་གི་ཐོད་པའོ། །
སྐར་མ་རྒྱལ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། གཟའ་ཉི་མ་དང་འབྱུང་པོའི་ཉིན་ཞག་ཀྱང་གཟུང་བར་བྱའོ། །དེ་ནས་ཕྱུང་སྟེ་སླར་ཡང་འདི། །ཞེས་བྱ་བ་ནི། སྐྱེས་པ་དང་བུད་མེད་དང་མ་ནིང་གི་གཟུགས་སུ་བྱ་བར་འདོད་པ་དེའི་ཐོད་པར་བསྐྱེད་དོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །ཐ་མལ་སྐྱེས་བུའི་
ཐོད་པར་བསྐྱེད། །ཅེས་བྱ་བ་ནི་དང་པོ་ཞེས་བྱ་བ་ལྷག་མ་སྟེ་ཐུན་མོང་བའོ། །དེས་ན་མན་ངག་ལས་དང་པོ་ཐ་མལ་པའི་སྐྱེས་བུའི་ཐོད་པར་བསྐྱེད་ལ། དེ་ནས་བྲམ་ཟེ་མཆོག་གི་ཐོད་པར་བསྐྱེད་དོ། །ཐ་མར་བུད་མེད་ལ་སོགས་པ་གང་དང་གང་གི་གཟུགས་སུ་བྱ་བར་འདོད་པའི་ཐོད་པར་
བྱའོ་ཞེས་བཤད་དོ། །བྱ་ཡི་ཆོ་ག་བཞིན་དུ་འགྱུར། །ཞེས་བྱ་བ་ནི་བྱའི་འབྲས་བུ་བཅོས་མའི་ཆོ་ག་ལྟ་བུ་སྟེ། ལྕགས་གསུམ་གྱིས་དཀྲིས་ན་ནི་མི་སྣང་བར་འགྱུར་ལ། རྐྱང་པར་བཅུག་ན་ནི་བུད་མེད་ལ་སོགས་པའི་གཟུགས་སུ་འགྱུར་བའོ། །སྔགས་པས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཡི་
རྩ་བ་བླངས་ནས་སུ། །ཞེས་བྱ་བ་ནི་བུང་བའི་རྒྱལ་པོའི་རྩ་བ་བླང་བ་སྟེ། སྤྱི་བོར་བཞག་ན་རྒྱལ་བར་འགྱུར། །ཞེས་བྱ་བ་དང་འབྲེལ་ཏོ། །སྲིན་ལག་གི་ནི་ཁྲག་དང་ནི། །ཞག་དང་བཅས་པར་བསྲེ་བར་བྱ། །ཞེས་བྱ་བ་ནི་བུང་བའི་རྒྱལ་པོའི་ཁུ་བ་དང་མི་རོའི་སྲིན་ལག་གི་ཁྲག་དང་
ཞག་ཏུ་བཅས་པས་ཐིག་ལེ་བྱས་ན། ལྷ་ལ་སོགས་པ་དབང་དུ་བྱེད། །ཅེས་བྱ་བ་དང་འབྲེལ་ཏོ། །བ་ལང་རྣ་བའི་ལྕུག་མ་ནི་གྲགས་པར་ཟད་དོ། །ལྕུག་མ་ཞེས་བྱ་བ་སྨོས་པས་ནི་ལྕུག་མ་གཟུགས་པར་བྱ་སྟེ། འབྲས་བུ་ལས་མི་སྐྱེ་བའི་ཕྱིར་རོ། །ཁར་བཅུག་ན་ཞེས་བྱ་

བ་ནི་སྔར་བཤད་པ་ལྟར་བསྐྱེད་པའི་འབྲས་བུ་སྨིན་པ་གཟུང་བར་བྱའོ། །ཤན་པའི་བུ་མོ་སྔོན་མོ་ཡི། །ཞེས་བྱ་བ་ནི་བུ་མོའི་མདོག་སྔོ་བའི་ཟླ་མཚན་དང་པོར་བྱུང་བ་གཟུང་བར་བྱའོ། །བ་ལང་རྣ་དང་རྣ་བའི་ལྡུམ། །ཞེས་བྱ་བ་ནི། བ་ལང་རྣ་བ་ནི་གྲགས་པར་ཟད་དོ། །ལྡུམ་བུ་ནི་
ལྕུག་མའོ། །རྣ་བ་ནི་བྱི་ལིའི་རྣ་བ་ཞེས་བྱ་བ་སྟེ། དེའི་ས་བོན་གཟུང་བར་བྱའོ། །འབྲས་བུ་ཆེན་པོ་སྟེར་བར་འགྱུར། །ཞེས་བྱ་བ་ནི། སྨན་དེ་རྣམས་ཀྱི་རྩ་བ་སྐར་མ་བཟང་པོ་ལ་སོགས་པ་ལ་བཏོན་ཏེ་ལུས་ལ་བཅངས་ན་འབྲས་བུ་ཆེན་པོ་སྟེ་འགྲོ་བ་དབང་དུ་བྱེད་པར་འགྱུར་རོ་
ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་ཧ་ས་དེ་བ་ལ་སོགས་པ་གཟུང་ངོ་། །བསྒྲུབ་པར་མི་བྱ་བ་དང་ནི། །ཞེས་བྱ་བ་ནི་རྩ་བ་དང་འབྲས་བུ་ལ་སོགས་པའི་སྨན་གྱི་ཚོགས་བསྒྲུབ་པར་མི་བྱ་བ་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་མན་ངག་མ་གཏོགས་པར་མི་
འགྲུབ་པར་བསྟན་པའི་ཕྱིར། མན་ངག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀ་ཀོན་ཏའི་འབྲས་བུ་ནི་པདྨའི་འབྲས་བུའོ། །སྣ་ཆེན་གྱི་ཐོད་པ་ནི་གླང་པོ་ཆེའི་ཐོད་པའོ། །ཁ་ཅིག་ནི་དུར་ཁྲོད་ཀྱི་ཐོད་པའོ་ཞེས་ཟེར་རོ། །དུར་ཁྲོད་དུ་སྐྱེས་པའི་བྷྲྀངྒ་ནི་དུར་ཁྲོད་ནས་སྐྱེས་པའི་བྷྲྀངྒ་ར་ཙའོ། །ཡར་ངོ་
མར་ངོ་ཞེས་བྱ་བ་ལ། པདྨ་དཀར་པོའི་འབྲས་བུའི་སྦྱོར་བ་ནི་ཡར་ངོ་ལ་བྱ་ལ། བྷྲྀངྒ་ར་ཙ་ནི་མར་ངོ་ལ་བྱའོ། །ལྷག་མ་ནི་གོ་སླའོ། །ཨམྦའི་ཞེས་བྱ་བ་ལ་སོགས་པ་ལ། ཨམྦའི་ཤིང་གི་རུས་པ་ཞག་དང་བའི་རྣམ་པ་ལྔས་བྱུགས་ཏེ། སྐྱེས་བུའི་ཐོད་པར་ཇི་ལྟ་བ་བཞིན་དུ་བསྐྱེད་ནས། སྨིན་པའི་
འབྲས་བུ་ལག་པ་གཡས་པ་ལ་ཁུ་བས་བྱུགས་ཏེ། ཟླ་བ་ཡར་ངོ་ལ་བྱིན་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །བལ་པོ་སེའུ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་བའི་རྣམ་པ་ལྔས་བྱུག་པ་སྦྱར་བར་བྱའོ། །ཁྲག་གིས་ཞེས་བྱ་བ་ནི། སྲིན་ལག་གི་ཁྲག་གིས་ལག་པ་གཡོན་པ་ལ་
བྱུགས་ཏེ་ཟླ་བ་མར་ངོ་ལ་སྦྱིན་པའོ། །རྒྱལ་ལ་ཞེས་བྱ་བ་ནི་རྟག་ཏུ་ཡང་སྦྱར་བར་བྱའོ། །ཀུ་བ་ཁན་དེ་ཞེས་བྱ་བ་ལ་སོགས་པ་ལ། །ཆགས་ཅན་གྱི་ནི་ཁམ་ཕོར་བསྐྱེད། །ཅེས་བྱ་བ་ནི་བུད་མེད་ཀྱི་ཐོད་པར་བསྐྱེད་པའོ། །ཉིན་ཕྱེད་ཅེས་བྱ་བ་ནི་ཆང་ངོ་། །དེ་ནི་ཞེས་བྱ་བ་ནི་ས་བོན་ནོ། །སོགས་ཀྱིས་

ནི་འོ་མ་ལ་སོགས་པ་གཟུང་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བུད་མེད་རོ་ཡི་ལྟོ་བར་གཞུག །ཅེས་བྱ་བ་ནི་བུད་མེད་ཀྱི་རོའི་དཀུ་འམ། ཆོས་འབྱུང་བའི་ནང་དུ་གཞུག་པའོ། །དེའི་ཞེས་བྱ་བ་ནི་བུད་མེད་ཀྱི་རོ་དེའི་འོ། །མཆིན་པ་ནི་ཁྲག་གོ། །བཅས་པ་ནི་ཞག་གོ། །བདུག་པ་ནི་
དེའི་ཤ་ལ་སོགས་པའི་བདུག་པའོ། །བུད་མེད་ཀྱི་ཁྲག་གིས་བྱུག་ཅེས་བྱ་བ་ནི་སྨིན་པའི་ས་བོན་ལ་སོགས་པ་ལ་ཡང་བྱུག་གོ། །ལྷག་མ་ནི་གོ་སླའོ། །འོལ་སེ་ནི་འོལ་མ་སེའི་ལྕུག་མའོ། །དམར་སེར་ནི་སྤྲེའུ་འོ། །སྒོ་ང་ནི་ཆང་གི་སྣོད་བཞག་པའི་སྒོ་ངའོ། །འདིར་མན་ངག་ནི་འདི་ཡིན་ཏེ།
སྤྲེའུའི་ཐོད་པར་འོལ་མ་སེའི་ལྕུག་མ་བསྐྱེད་པ་ས་ལ་མ་ལྷུང་བ་བཟུང་ལ། དེ་ལས་སྒོ་ངར་བྱས་ཏེ། དེར་ཆང་སྣོད་བཞག་ལ་དེར་ཆང་ཅུང་ཟད་བླུགས་ཏེ། དགུག་པར་བྱ་བའི་ཆང་གི་འཕྲོ་ལ་ཁ་བལྟས་ཏེ། རྐང་པ་བརྒྱད་པའི་སྔགས་བཟླས་ན་ཆང་གི་ལྷག་མ་ཇི་སྙེད་པ་ཐམས་ཅད་ལ་ལོངས་སྤྱོད་
པར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །ཆུ་འགྲམ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེད་པ་ཀུན་ལ་ཞེས་བྱ་བ་ནི། སྔར་བསྟན་པའི་ལྕུག་མ་ལ་སོགས་པ་ཀུན་ལའོ། །ལྷག་མ་ནི་གོ་སླའོ། །གཅི་བའི་ཤུལ་གྱི་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཀྱིས་མངོན་པར་བྱིན་གྱིས་བརླབ། །ཞེས་བྱ་བ་ནི་ཆང་
བླུགས་ཏེ་འཇིམ་པར་བརྫི་བའོ། །དེ་ཡི་ཡན་ལག་ལྔ་བཟུང་སྟེ། །ཞེས་བྱ་བ་ནི། ད་དུ་རའི་འབྲས་བུ་ལ་སོགས་པའི་ཡན་ལག་ལྔའོ། །རིལ་བུ་དག་ནི་མཛེས་པར་བྱ། །ཞེས་བྱ་བ་ནི། རིལ་བུ་བྱས་ལ་དེས་འཕྲལ་བར་ཐིག་ལེ་མཛེས་པར་བྱ་བའོ། །ལས་རྣམས་ཐམས་ཅད་བྱེད་འགྱུར་
ཏེ། །ཞེས་བྱ་བ་ནི་རྒྱལ་པོ་ལ་སོགས་པ་དབང་དུ་གྱུར་ནས་བསྒོ་བ་ཐམས་ཅད་བྱེད་པའོ། །ཡུངས་ཀར་ཞེས་བྱ་བ་ལ་སོགས་པས་ནི། སྔར་བསྟན་པའི་ཆོ་ག་གསལ་བར་མཛད་པ་ཡིན་ནོ། །ཁྲག་བཅས་བསྒོམས་ན་སྟག་སོགས་འགྱུར། །ཞེས་བྱ་བ་ནི། འབྲས་བུ་ཁར་བཅུག་ཅིང་གདོང་
ལ་སྟག་ལ་སོགས་པའི་ཁྲག་གིས་བྱུགས་ལ། སྟག་ལ་སོགས་པར་བསྒོམས་ན་སྟག་ལ་སོགས་པའི་གཟུགས་འཛིན་པར་འགྱུར་རོ། །སྦྱོར་བའི་ཆོ་གས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་མཁའ་འགྲོའི་བསམ་གཏན་དང་། རྐང་པ་བརྒྱད་པའི་སྔགས་བཟླས་པ་ལ་སོགས་

པ་ལ་འགྲུབ་པོ་ཞེས་བསྟན་པའི་ཕྱིར། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྲས་བུ་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་ནི་སྨྱོ་བྱེད་ལ་སོགས་པའི་འབྲས་བུའོ། །བཅོས་མ་ནི་བསྒྱུར་བའོ། །ཕྱག་རྒྱ་ནི་སྦྱོར་བའོ། །ཡེ་ཤེས་ནི་ཉམས་སུ་བླང་བའི་ཆོ་ག་ཤེས་པའོ། །
ཁ་ཅིག་ནི་ཕྱག་རྒྱ་ཞེས་བྱ་བ་ནི་ཁྲག་གིས་བསྒོས་པ་ལ་སོགས་པའོ་ཞེས་ཟེར་རོ། །རིམ་པར་ཕྱེ་བ་ནི་གཞུང་སྟེ་བཞི་བཅུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་པའི་རྣམ་པར་བཤད་པའོ།། །།ད་ནི་བསམ་གཏན་ལ་གནས་པ་རྣམས་
ཀྱི་ཨཱ་ལི་ཀཱ་ལིའི་ཏིང་ངེ་འཛིན་གྱིས་ལས་རྒྱས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྨན་རྣམས་ཀྱི་ལས་ཀྱི་ཚོགས་བསྟན་གྱི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་བསམ་གཏན་ལ་དགའ་བའི་རྣལ་འབྱོར་པ་རྣམས་ཀྱིས་འདིས་འབྲས་བུ་
བདེ་བླག་ཏུ་ཐོབ་པའི་ཕྱིར་ཏེ། ཨཱ་ལི་ཀཱ་ལི་གཉིས་ཀྱི་ཆོ་ག་འདི་དག་ཇི་བཞིན་ཉོན་ཞེས་བྱ་བ་དང་འབྲེལ་ཏོ། །ཨཱ་ལི་ཀཱ་ལི་དེ་ཅི་འདྲ་ཞེ་ན། དེ་ཉིད་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་བསྐྱེད་ཅིང་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་ས་བོན་དུ་གྱུར་པས་སོ། །སྤྲོ་ཞིང་སྡུད་པར་བྱེད་
པ་པོ། །ཞེས་བྱ་བ་ནི་སྔགས་ཐམས་ཅད་ཀྱི་རྩ་བར་གྱུར་པའོ། །ཐ་སྙད་ཅེས་བྱ་བ་ནི་སྒྲའི་ཐ་སྙད་ཀྱི་རང་བཞིན་ཡིན་པས་སོ། །ཆོ་ག་ཞེས་བྱ་བ་ནི་ཆོ་གར་བྱས་པས་ན་ཆོ་ག་སྟེ་དབང་དུ་བྱ་བ་ལ་སོགས་པའོ། །སྔགས་ཀྱི་མཚན་ཉིད་ནི་བྱ་བ་དེ་བསྒྲུབ་པའི་ཕྲེང་བའི་སྔགས་རྣམས་ཡིན་ལ།
ཐུན་མོང་པ་ཞེས་བྱ་བ་ནི་དེ་དང་འདྲ་བར་བྱ་བ་དེ་རྣམས་སྒྲུབ་པས་ཐུན་མོང་པ་སྟེ། ཨཱ་ལི་ཀཱ་ལིའོ། །ཆོ་ག་ནི་ཏིང་ངེ་འཛིན་གྱིས་དགོད་པའི་བདག་ཉིད་དོ། །ཨ་ཞེས་བྱ་བ་ལ་སོགས་པས་ནི་དང་པོ་དབྱངས་ཡིག་གི་ལས་སྟོན་པ་ཡིན་ཏེ། དབྱངས་ཡིག་གཉིས་གཉིས་ལས་ཐུན་མོང་དུ་
བསྟན་པ་ཡིན་ནོ། །ཀུ་སུ་མ་ཞེས་བྱ་བ་ནི་ཛྷ་བ་ཀུ་སུ་མའོ། །དེ་ཡི་ལུས་ནི་རང་ཉིད་ཀྱི། །ས་བོན་གྱིས་དཀྲུགས་རྨོངས་བསྒོམས་ན། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་རང་གི་ལུས་ལ་བཀོད་པའི་ས་བོན་གྱི་འོད་ཀྱིས་ཀུན་དུ་ཁྱབ་ཅིང་གཡེང་བར་བསྒོམ་པའོ། །སྐས་ལྟ་བུ་ཞེས་བྱ་བ་ནི་ལྟེ་

བ་དང་སྙིང་ག་ལ་སོགས་པར་རིམ་གྱིས་འཛེག་ཅིང་བསྒོམ་པའོ། །མཆོག་ཅེས་བྱ་བ་ནི་གཞན་གྱི་ལུས་ལ་འཇུག་པའི་ཕྱིར་རོ། །དབང་པོའི་མཚོན་ཆ་ཞེས་བྱ་བ་ནི་འཇའ་ཚོན་ཏེ། དེའི་ཁ་དོག་ལྟར་དབུས་ནི་སྨུག་ལ་མཐའ་མ་དམར་ཞིང་སེར་བའི་དོན་ཏོ། །ཞགས་པ་ལྟ་བུ་ཞེས་བྱ་བ་ནི་ཞགས་པ་ལྟར་
འཆིང་བའི་ཕྱིར་རོ། །ཁ་ཅིག་ནི་ཞགས་པའི་དབྱིབས་ལྟ་བུའོ་ཞེས་ཟེར་རོ། །དབྱངས་ཡིག་མཆོག་ཅེས་བྱ་བ་ལ། དབྱངས་ཡིག་ཀྱང་ཡིན་ལ་མཆོག་ཀྱང་ཡིན་པས་ན། དབྱངས་ཡིག་མཆོག་སྟེ་ཕྱུགས་ལྟར་རྨོངས་པར་བྱེད་པ་དང་། གཞན་གྱི་ལུས་ལ་འཇུག་པར་བྱེད་པའི་ཕྱིར་རོ། །
འོང་བར་འགྱུར་ཞེས་བྱ་བ་ནི་ཡི་གེ་དེ་གཉིས་ཀྱིས་དགུག་པའི་ལས་བྱེད་པར་ཡང་སྟོན་ཏོ། །བདག་ཉིད་དང་ནི་ནོར་དང་བཅས། །དབང་དུ་ཡང་ནི་འགྱུར་བ་ཡིན། །ཞེས་བྱ་བ་ནི་དབང་གི་ལས་ཀྱི་འབྲས་བུ་སྟེ། བདག་དང་ནོར་ལ་སོགས་པའོ། །སྒྲུབ་པ་པོ་ལ་སྟེར་བར་བྱེད་དོ་ཞེས་
བྱ་བའི་དོན་ཏོ། །ལི་ཞེས་བྱ་བ་ནི་སྲིད་པ་སྡོམ་ཞེས་བྱ་བ་ལ། སྲིད་པ་ལུས་སོ། །སྡོམ་པ་ནི་འཆིང་བའོ། །བྱ་རོག་གི་ནི་གཤོག་པ་འདྲ། །ཞེས་བྱ་བ་ནི་དབྱིབས་ཏེ། ཕྱོགས་གཉིས་བྱ་རོག་གི་གཤོག་པ་ལྟར་ཟླུམ་པའོ། །མར་ཁུ་ཕྱུང་བའི་འབའ་ཆ་བཞིན། །ཞེས་བྱ་བ་ནི། ཇི་ལྟར་
འབའ་ཆ་སྣུམ་དང་བྲལ་བ་ལྟར་སྐྱེ་བོ་ཀུན་གྱིས་བྱམས་པའི་སྣུམ་གྱི་གནས་མ་ཡིན་པར་སྟོན་ཏོ། །མཐེ་བོའི་ཁྱོན་ཙམ་དུ་ནི་མཐོང་། །ཞེས་བྱ་བ་ནི། ཁམས་གསུམ་པོ་མཐེ་བོ་གཅིག་གིས་གནོན་ཅིང་དབང་དུ་སྡུད་པའོ། །ཁ་ནས་ཁར་ནི་མངོན་ཕྱོགས་ཏེ། །ཞེས་བྱ་བ་ནི། བསྒྲུབ་བྱའི་ཁ་ན་གནས་
པའི་ཡི་གེ་བདག་གི་ཁ་ན་གནས་པའི་ཡི་གེ་ལ་བསྡུ་བའོ། །དེ་བཞིན་དུ་གནས་དྲུག་པོ་གཞན་དག་གི་ཡང་སྦྱར་བར་བྱའོ། །ཡང་ན་སྒོ་དང་སྒོ་ཞེས་བྱ་བར་སྦྱར་ཏེ་བདག་གི་སྣ་སྒོ་གཡས་ནས་བྱུང་བའི་དབུགས་ཀྱི་རི་མོས་བསྒྲུབ་བྱའི་སྣ་སྒོ་གཡོན་པར་ཞུགས་ཏེ། ཡི་གེ་རྣམས་བཀུག་ནས་སླར་
དེ་ལས་བཟློག་པའི་ལམ་ནས་ཞུགས་ཏེ་རང་གི་ལུས་ཀྱི་ནང་དུ་དགང་བའོ། །ཡི་གེའི་ཆ་ཤས་ཞེས་བྱ་བ་ནི་ཨེ་དང་ཨཻ་སྟེ། དེ་ཉིད་ཡིད་དུ་འོང་བའི་ཕྱིར་ན་ལྕུག་མའོ། །དམ་ཚིག་དབང་ཞེས་བྱ་བ་ནི་སྙིང་གི་མིང་གི་རྣམ་གྲངས་སོ། །ཨཾ་ཞེས་བྱ་བ་ལ་སོགས་པས་ནི་དབྱངས་ཡིག་བཅོ་ལྔའི་

ལས་བསྟན་པ་ཡིན་ནོ། །ཟླ་བ་གཉིས་ནི་ཚེག་དྲག་བཅས། །ཞེས་བྱ་བ་ལ། ཟླ་བ་གཉིས་ནི་ཐིག་ལེ་གཉིས་ཏེ་དེ་ཉིད་ཚེག་དྲག་གོ། །འདིས་ནི་དབྱངས་ཡིག་བཅུ་དྲུག་པ་བསྟན་ཏེ། འདིའི་ལས་ནི་འོག་ནས་བཤད་པར་བྱའོ། །འདི་ནི་ཞེས་བྱ་བ་ནི་དབྱངས་ཡིག་བཅོ་ལྔ་པ་སྟེ། ཡི་
གེའི་མཆོག་ཅེས་བྱ་བ་དང་སྦྱར་རོ། །ཅི་འདྲ་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱ་ལ་ཡང་དག་གནས་ཞེས་བྱ་བར་སྦྱར་ཏེ། སངས་རྒྱས་ཀུན་གྱི་ཕྱག་རྒྱ་ནི་བདུད་རྩི་འབབ་པའི་རྩ་ཨ་བ་དྷཱུ་ཏཱི་ཞེས་བྱའོ། །སངས་རྒྱས་རི་མོ་ཞེས་བྱ་
བ་ལ་རི་མོ་ནི་མེ་འབར་བའི་ཚུལ་གྱིས་སྟེང་དུ་འགྲོ་བ་སྟེ་ཨཾ་ངོ་། །སངས་རྒྱས་ནི་བདུད་རྩིའི་ཚུལ་གྱིས་འོག་ཏུ་འབར་བ་སྟེ་ཧཾ་ངོ་། །དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་ལྟར་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་ལ། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོར་གནས་པའི་ཡི་གེ་ཨཾ་གི་གཡས་
གཡོན་གྱི་རྩ་སྟེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་ནོ། །བཅུད་ལེན་ཞེས་བྱ་བ་ལ་བཅུད་ནི་ཁྲག་ལ་སོགས་པའོ། །ལེན་པ་ནི་སྒོའོ། །གཙོ་བོ་ཞེས་བྱ་བ་ནི་ཨ་བ་དྷཱུ་ཏཱིའོ། །ཐིམ་པ་ནི་ཞུགས་པའོ། །ཅི་ཞིག་ཅེ་ན། རྡོ་རྗེ་སེམས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་སེམས་
སོགས་ནི་ཡི་གེ་ཧཾ་ངོ་། །འོག་ཏུ་ནི་ཁ་ཐུར་དུ་བལྟས་པའོ། །ཡི་གེ་ཐམས་ཅད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་ནོ། །ཡང་ན་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་ཡི་གེ་རྣམས་ཏེ། དེ་ཉིད་བཅུད་ཀྱི་གནས་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་ནོ། །གཙོ་བོ་ནི་སྒོ་ཞེས་བྱ་བར་སྦྱར་ཏེ།
ཨཾ་ག་ཐིག་ལེའི་རི་མོའི་མེ་ལྕེའི་སྒོར་རོ། །སྦྱར་ཞེས་བྱ་བ་ནི་འོད་ཟེར་གྱི་འགྲོ་འོང་མཉམ་པར་སྦྱར་བའོ། །ཟླ་བ་གཉིས་དང་ཡང་དག་ལྡན། །ཞེས་བྱ་བ་ནི་ཟླ་ཚེས་དང་ཐིག་ལེ་གཉིས་དང་མཉམ་པར་སྦྱར་བའོ། །དབང་དུ་བྱེད་ཅེས་བྱ་བ་ནི། ཁམས་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དབང་
དུ་བྱེད་པའོ། །ཁྱབ་པ་ཉིད་དུ་བསྒོམ་པར་བྱ། །ཞེས་བྱ་བ་ནི། བསྒྲུབ་བྱའི་ལུས་ལ་བཀུག་ནས་བསྐོར་བའོ། །ད་ནི་དབྱངས་ཡིག་བཅུ་དྲུག་པའི་ལས་བསྟན་པའི་ཕྱིར། ཨ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་ཞེས་བྱ་བ་ནི་ཟླ་ཚེས་དང་ཐིག་ལེ་དང་བཅས་པའི་དབྱངས་ཡིག་བཅོ་

ལྔ་པ་གཟུང་ངོ་། །ཐམས་ཅད་སྡུད་པ་ཞེས་བྱ་བ་ནི་ཡི་གེ་ཐམས་ཅད་སྡུད་པ་སྟེ་བཤད་ཟིན་ཏོ། །འཚེ་བ་ཟློག་པར་བྱེད་པ་ཡིན། །ཞེས་བྱ་བ་ནི་ངན་འགྲོ་དང་སྲིད་པའི་འཚེ་བ་ཟློག་པར་བྱེད་པའོ། །བཅུ་དྲུག་པའི་ལས་ནི་གོ་སླ་བས་མ་ཕྱེའོ། །དཀར་པོ་དམར་པོའི་ཏིང་འཛིན་བྱ། །ཞེས་བྱ་
བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ལྷའི་ཏིང་ངེ་འཛིན་བྱའོ། །དེས་ཅིར་འགྱུར་ཞེ་ན། ཨ་ལ་སོགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འོག་ཏུ་ཨཱ་ལི་ཀཱ་ལིའི་ཡི་གེ་རྣམས་སྔར་བསྟན་པ་དང་། འོག་ནས་འབྱུང་བ་ལྟར་བདག་དང་གཞན་གྱི་ལུས་ལ་བཀོད་ལ། ཚེགས་མེད་
པར་ལས་རྣམས་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །འདི་ནི་མདོར་བསྡུས་པའི་ཆོ་གའོ། །ད་ནི་ལས་དེ་དག་ཐམས་ཅད་ལ་ཡི་གེ་དེ་དག་ཉིད་ཀྱིས་སྔོན་དུ་རང་གི་ལུས་བསྲུང་བའི་ཆོ་ག་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་སྔར་བསྟན་པའི་ལས་
རྣམས་སོ། །ལྷག་མ་ནི་གོ་སླའོ། །བདག་གི་དེ་ཉིད་གསལ་བ་ཡིན། །ཞེས་བྱ་བ་ནི་བདག་གི་ཁམས་བཅུ་དྲུག་བསྲུང་བའི་དེ་ཁོ་ན་ཉིད་དོ། །དེ་ལྟར་དབྱངས་ཀྱི་ལས་རྣམས་བཤད་ནས། གསལ་བྱེད་ཀྱི་ལས་རྣམས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་པ་
དེ་ཉིད་འབྱུང་ཞེས་བྱ་བ་ནི། །ཤེས་རབ་དང་མཉམ་པར་སྦྱོར་བའི་ལྷའི་ཏིང་ངེ་འཛིན་ལས་འབྱུང་བའོ། །ཡི་གེ་དང་པོ་ཞེས་བྱ་བ་ནི་ཡི་གེ་ཀའོ། །ཇི་སྲིད་ལུས་ལ་གནས་ཀྱི་བར། །ཞེས་བྱ་བ་ནི། བསྒྲུབ་པར་བྱ་བ་དེའི་ལུས་ལ་ཡི་གེ་བསམ་པ་དེ་སྲིད་དོ། །རང་གི་ལྷ་ཡི་སྡོམ་པ་
སྟེ། །ཞེས་བྱ་བ་ནི། དཔལ་ཧེ་རུ་ཀའི་ན་བཟའི་ངོ་བོ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཁྱིམ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་ལུས་སོ། །ཐམས་ཅད་དུ་ནི་འབིགས་པར་འགྱུར། །ཞེས་བྱ་བ་ནི། དེའི་འོད་ཟེར་དམར་པོས་ཡན་ལག་གི་ཚིགས་ཐམས་ཅད་དུ་ཁྱབ་པའོ། །དེ་ལ་ཞེས་བྱ་བ་ནི་སྒྲུབ་
པ་པོ་ལའོ། །ད་ནི་ཡི་གེ་ལྔ་པོ་དེའི་ལས་ཀྱི་སྔོན་དུ་འགྲོ་བའི་ཆོ་ག་བསྟན་པའི་ཕྱིར། ཡི་གེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོ་གར་བྱ་ཞེས་བྱ་བ་ནི་ཕྲག་པ་གཉིས་སུ་བཀོད་པའོ། །ཆོ་ག་དེ་ལྟར་བྱས་ནས་ནི། །དཔྱད་མི་དགོས་པར་དངོས་གྲུབ་འགྱུར། །ཞེས་བྱ་བའི་ཆོ་གའི་འབྲས་བུ་

བསྟན་པ་ཡིན་ཏེ། སྡེ་ཚན་དྲུག་པོ་གཞན་དག་ལ་ཡང་སྦྱར་བར་བྱའོ། །སྡེ་ཚན་དྲུག་གི་ལས་གསུངས་པ། ཙ་ཞེས་བྱ་བ་ལ་སོགས་པ། །རླུང་གི་གནས་ཀྱི་ཡི་གེ་སྟེ། །ཞེས་བྱ་བ་ནི། སྐྱོད་པར་བྱེད་པའི་ས་བོན་ཡིན་པའི་ཕྱིར་རོ། །ཡང་ན་རླུང་ལ་གནས་པ་སྟེ་རླུང་གི་
དཀྱིལ་འཁོར་ལ་གནས་པར་བྱ་བའོ། །དེའི་ཚེ་བདུན་པའི་དོན་གྱི་དྲུག་པ་ཡིན་ནོ། །ཆ་གཉིས་པ་དང་ཡང་དག་ལྡན། །ཞེས་བྱ་བ་ནི་ཡི་གེ་ཚ་སྟེ་ཚེག་གཉིས་དང་ལྡན་པའི་ཕྱིར་རོ། །བཅུད་དང་ཕྲལ་བར་བསམ་ཞེས་བྱ་བ་ལ། བཅུད་དང་འདྲ་བས་ན་བཅུད་དེ་སེམས་སོ། །ཕྲལ་བ་ནི་མེད་པའོ། །
བསམ་པ་ནི་བསྒོམ་པའོ། །དབོ་བ་ནི་བླུགས་པའོ། །དབང་པོའི་མཚོན་ཆ་ལྟ་བུའི་མདོག །ཅེས་བྱ་བ་ནི། འཇའ་ཚོན་ལྟ་བུའི་མདོག་གོ། །བདུད་རྩིའི་སྒོ་ཞེས་བྱ་བ་ནི་ཟླ་ཚེས་སོ། །ཐིག་ལེ་ནི་གྲགས་པར་ཟད་དོ། །དེས་ནི་ཊཾ་ཞེས་བྱ་བར་འགྱུར་ཏེ། སྤྱི་བོའི་སྟེང་དུ་བསམ་ཞེས་བྱ་བ་ནི་ཁ་
ཐུར་དུ་བལྟས་པར་བསྒོམ་པའོ། །ཡི་གེ་གཉིས་པ་ཞེས་བྱ་བ་ནི། ཊ་ལ་ལྟོས་པ་གཉིས་པ་སྟེ་ཐ་མའོ། །དབང་ཆེན་དང་ནི་འདྲ་བར་འདོད། །ཅེས་བྱ་བ་ནི་ཁ་དོག་སེར་པོའོ། །ཡི་གེ་རྒྱལ་པོ་གསུམ་པ་སྟེ། ཞེས་བྱ་བ་ལ། འདིར་གསུམ་པའི་གསུམ་པ་ཞེས་བྱ་བར་སྦྱར་ཏེ། སྡེ་ཚན་གསུམ་
པའི་གསུམ་པ་ཡི་གེ་ཌའོ། །རྡོ་རྗེ་ལྟ་བུའི་དབྱིབས་ཅན་ཏེ། །ཞེས་བྱ་བ་ནི། རྡོ་རྗེ་རྩེ་གཅིག་པའི་དབྱིབས་ལྟ་བུའོ། །བཟི་ཞེས་བྱ་བ་ནི་ཆང་གིས་མྱོས་པ་ལྟ་བུར་ཆགས་པས་མྱོས་པའི་ཕྱིར་བཟི་བའོ། །དེའི་དྲུག་ན་གནས་པའི་ཞེས་བྱ་བ་ནི། ཏའི་འོག་ན་གནས་པ་སྟེ་གཉིས་པ་ཞེས་བྱ་བའི་དོན་
ཏོ། །སྟོང་པའི་ལས་ཞེས་བྱ་བ་ནི་དྲན་པས་སྟོང་པའི་ལས་སོ། །སྡོང་གོག་དང་ནི་མཚུངས་པར་འགྱུར། །ཞེས་བྱ་བ་ནི། བཅུད་དང་བྲལ་བའི་ཤིང་ལྟར་རྣམ་པར་ཤེས་པ་རྒྱུ་བ་མེད་པའོ། །དེ་ཉིད་ཀྱིས་ན་ཕྱུགས་ཞེས་བྱ་བ་གསུངས་ཏེ། དེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །ཉི་མ་བརྒྱད་པའི་ཆ་ལ་ནི། །
ཞེས་བྱ་བ་ནི། ཉི་མ་བདུན་པ་འདས་ཀྱི་འོག་ཏུའོ། །རླུང་གི་གནས་ཞེས་བྱ་བ་ནི་རླུང་གི་གནས་ཏེ། ས་བ་ན་ཞེས་ཟེར་བའི་ཕྱིར་རོ། །ཡང་ན་འདིས་བསྐྱོད་པར་བྱེད་པས་ན་རླུང་གནས་སོ། །གྲུ་བཞི་པ་ཞེས་བྱ་བ་ནི་ཟླུམ་པོའོ། །ཟླ་བའི་འོད་ཅན་བསྒྲུབ་བྱ་ནི། །དབུས་སུ་སྒྲུབ་པོས་ཐིམ་པར་བསམ། །

ཞེས་བྱ་བ་ནི། བའི་སྟེང་དུ་བསྒྲུབ་པར་བྱ་བ་བཞག་པའོ། །འདི་ནི་རྟག་ཏུ་བསྒོམ་གྱུར་ན། །ཞེས་བྱ་བ་ནི་བདུད་རྩི་འཛག་པའི་སྤྱི་བོའི་སྟེང་དུ་ཟླ་བ་དྲུག་གམ་ལོ་གཅིག་གི་བར་དུ་བསྒོམས་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །ཟླ་བ་དམར་དང་བཅས་པ་རུ། །ཞེས་བྱ་བ་ལ། དམར་ཞེས་བྱ་བ་ནི་ལོངས་
སྤྱོད་རྫོགས་པའི་འཁོར་ལོར་གནས་པའི་ཡི་གེ་ཨོཾ་མོ། །ཟླ་བ་ནི་བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་ཡི་གེ་ཧཾ་ངོ་། །ལྷན་ཅིག་ཏུ་ནི་བཟླས་གྱུར་ནི། །ཞེས་བྱ་བ་ནི། ཨོཾ་གྱི་འོད་ཟེར་མགོ་བོར་སོང་བས་མི་ཤིགས་པའི་ཐིག་ལེ་བཞུ་བའོ། །རྟག་ཏུ་བདུད་རྩིའི་རྒྱུན་འདྲར་འགྱུར། །ཞེས་བྱ་བ་
ནི་དེ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་གང་བར་བསྒོམ་པའོ། །ཡང་ན་ཨ་རུ་ན་ཞེས་བྱ་བ་ནི་སྐྱ་རེངས་ཏེ་སྤྲུལ་པའི་འཁོར་ལོར་གནས་པའི་ཨའོ། །ཟླ་བཅས་ཞེས་བྱ་བ་ནི་ཟླ་ཚེས་དང་ཐིག་ལེས་བརྒྱན་པའོ། །ལྷན་ཅིག་སྐྱེས་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའི་ཡི་གེ་
ཧཱུཾ་ངོ་། །བཟླས་ཞེས་བྱ་བ་ནི་ཕན་ཚུན་གྱི་འོད་ཀྱིས་བསྐུལ་བའོ། །ཡང་ན་སྤྲུལ་པ་དང་ཆོས་ཀྱི་འཁོར་ལོ་ཁ་སྦྱོར་གཅིག་ཏུ་བསྒོམ་པའོ། །བདུད་རྩིའི་རྒྱུན་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དབང་པོའི་མཚོན་ཆ་ལྟ་བུ་ཞེས་བྱ་བ་ནི་རྡོ་རྗེའི་དབྱིབས་ལྟ་བུའོ། །རླུང་བདུན་གྱི་ནི་གཙོ་བོ་དང་། །ཞེས་བྱ་བ་ནི། རླུང་
བདུན་ནི་སྲོག་འཛིན་པ་དང་། གྱེན་དུ་རྒྱུ་བ་དང་། ཐུར་དུ་སེལ་བ་དང་། མེ་དང་མཉམ་དུ་གནས་པ་དང་། ཁྱད་པར་གནས་པ་དང་། ལྷ་སྦྱིན་དང་། གཞུ་ལས་རྒྱལ་ལོ། །གནས་ཞེས་བྱ་བ་ནི་ས་བོན་ནོ། །རྣམ་པ་བཞིར་ནི་བརྟེན་པ་སྟེ། །ཞེས་བྱ་བ་ནི་ཁ་དང་སྣ་དང་རྣ་བ་དང་མིག་དག་ཏུའོ། །རླུང་
གིས་ཀུན་དུ་བསྐོར་བ་ནི། །ཞེས་བྱ་བ་ནི་རླུང་གིས་བཏེག་པའོ། །ཡི་གེ་གཉིས་ཞེས་བྱ་བ་ནི་ཡཾ་དང་རཾ་མོ། །ལཾ་ཞེས་བྱ་བ་ས་ཡིན་ཏེ། །ཞེས་བྱ་བ་ནི་སའི་ས་བོན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འཛིན་པ་ཞེས་བྱ་བ་སྟེ་སྐྱེད་པར་བྱེད་པའོ། །དབང་པོ་རྡོ་རྗེས་མཚན་པ་ཞེས་བྱ་བ་ནི།
དབང་ཆེན་གྱི་དཀྱིལ་འཁོར་ལ་གྲྭ་ན་རྡོ་རྗེས་མཚན་པའོ། །བཞི་པ་ཞེས་བྱ་བ་ནི་ཡ་ནས་བརྩིས་པའི་བཞི་པ་སྟེ་ཝའོ། །དེའི་ཡི་གེ་དེ་གཉིས་ཀྱིས་དུག་བསལ་བའི་ལས་གསུངས་པ། གདེངས་ཀ་ཞེས་བྱ་བ་ལ་སོགས་པ་ལ་ལྷག་མ་ཅན་ཞེས་བྱ་བ་ནི། ཀླུའི་རྒྱལ་པོ་ལྷག་མ་ཅན་གྱི་

གཟུགས་ཏེ། དེར་བདག་ཉིད་བསྒོམ་པའོ། །དེའི་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་དེ་ལྟར་བསྒོམས་པའི་མིག་གཉིས་སུ་ཡི་གེ་ཨི་དཀར་པོ་བདུད་རྩིའི་རྒྱུན་འབེབས་པ་འོད་ཟེར་སྣ་ལྔར་འབར་བར་བསྒོམས་ལ། བསྒྲུབ་པར་བྱ་བ་ཡང་དེ་ལྟར་བསྒོམས་ཏེ། སྟེང་ནས་
བའི་ཆུ་རྒྱུན་དབབ་ཅིང་ཨིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་དགང་བར་བྱའོ། །དེ་ལྟར་བསྟན་པའི་ཕྱིར། དབང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀྱིལ་འཁོར་ཉིས་འགྱུར་ཞེས་བྱ་བ་ནི་དབང་ཆེན་དང་ཆུའི་དཀྱིལ་འཁོར་རོ། །དེ་ལྟར་ཞེས་བྱ་བ་ནི་སྔར་བཤད་པ་ལྟར་རོ། །བུད་མེད་དབང་ཕྱུག་
ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་ནི་གཡོན་པའོ། །བསྐོར་བ་ནི་དེ་དང་ལྷན་ཅིག་ཏུ་འཇུག་པའི་ལྷའི་སྐུའོ། །ཡང་ཡང་ནི་ཡང་དང་ཡང་དུ་བསྒོམས་པའོ། །གཙོ་མོ་བཞི་ནི་རྣམ་པ་བཞིའི། །ཞེས་བྱ་བ་ལ། གཙོ་མོ་བཞི་ནི་གཤིན་རྗེ་བརྟན་མ་ལ་སོགས་པ་རྣལ་
འབྱོར་མ་བཞིའོ། །རྣམ་པ་བཞི་ཞེས་བྱ་བ་ནི། དེ་རྣམས་ཀྱི་ས་བོན་ཤ་ཥ་ས་ཧ་རྣམས་སོ། །དེ་ཉིད་གསུངས་པ། རླུང་དང་ཞེས་བྱ་བ་ལ་སོགས་པ་ལ་རླུང་ཞེས་བྱ་བ་ནི་ཤའོ། །མེ་ཞེས་བྱ་བ་ནི་ཥའོ། །བདུད་རྩི་ཞེས་བྱ་བ་ནི་སའོ། །བཅུད་ཅེས་བྱ་བ་ནི་ཧའོ། །ལུས་ནི་མེ་ལས་བྱུང་
བ་རུ། །ཞེས་བྱ་བ་ནི་ཤ་ལས་བསྐྱེད་པའོ། །འོག་དང་སྟེང་དུ་ཝ་ཡིས་བརྒྱན། །ཞེས་བྱ་བ་ནི། ཤའི་མགོ་བོ་དང་མཇུག་མ་ཝ་འདྲ་བའི་ཕྱིར་རོ། །བརྟན་མ་ཡི་ནི་འཁྲུལ་འཁོར་གྱིས། །ཞེས་བྱ་བ་ལ་བརྟན་མ་ནི་གཤིན་རྗེ་བརྟན་མའོ། །འཁྲུལ་འཁོར་ནི་དེའི་སྙིང་གའི་ཡི་གེ་ཤ་
སྦྱར་བའོ། །དེ་ལྟར་ཤའི་ལས་བཤད་ནས། ཥའི་ལས་བསྟན་པའི་ཕྱིར། གཤིན་རྗེ་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དྲོད་ཀྱི་སྡེ་པའི་ཡི་གེ་གསུམ་པའི་ལས་གསུངས་པ། གཤིན་རྗེ་མཆེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དེ་དག་ཀྱང་གོ་སླའོ། །བཞི་པའི་གསུངས་
པ་ཐིག་ལེར་བཅས་ཤིང་ཞེས་བྱ་བ་ལ་སོགས་པ་ལ། ཧ་དང་བཅས་ཞེས་བྱ་བ་ནི་ཟླ་བ་ཕྱེད་པའོ། །དེས་ནི་ཧཾ་ཞེས་བྱ་བར་འགྱུར་རོ། །གང་གི་ལྕེ་ཡི་སྟེང་དུ་ནི། །ཞེས་བྱ་བ་ནི། ལྕེ་རྡོ་རྗེར་བྱས་པའི་ནང་དུའོ། །བསམས་ན་ཕུར་བུ་ལྟ་བུར་འགྱུར། །ཞེས་བྱ་བ་ནི་གཟའ་ཕུར་བུ་ལྟར་སྙན་

དངགས་མཁན་པོར་འགྱུར་རོ། །དེ་ལྟར་ས་དང་ས་མཐའ་ཡི། །ཞེས་བྱ་བ་ལས་ནི་ཟླ་ཚེས་སོ། །མཐའ་ནི་ཧ་སྟེ། ཐིག་ལེ་དང་ཟླ་ཚེས་སུ་བཅས་པའི་ཧའི་ལས་བསྟན་པའོ། །ཅུང་ཟད་སྔོ་བ་འཇིགས་ཆེན་མོ། །ཞེས་བྱ་བ་ནི་གཤིན་རྗེ་འཇོམས་མའོ། །མ་ཧེ་དང་ནི་རྟ་དག་གི། །འཁྲུལ་འཁོར་སྦྱོར་
བ་ཀུན་ལ་བསམ། །ཞེས་བྱ་བ་ལ། ཀུན་ནི་དབྱེ་བའི་ལས་ལ་སྟེ། །དེར་མ་ཧེ་དང་རྟ་ལ་གནས་པའི་ཧཾ་གི་འཁྲུལ་འཁོར་སྦྱར་བར་བྱའོ། །ཡི་གེ་ལྔ་ཞེས་བྱ་བ་ནི་ཧ་སྟེ། དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་ན་ཝ་ནས་ཧའི་མཐར་ཐུག་པ་ལྔའོ། །མགོ་དང་
བྲལ་ཞིང་ཐིག་ལེས་བརྒྱན། །ཞེས་བྱ་བ་ནི། མགོ་མེད་པའི་ཧཾ་ཁ་ཐུར་དུ་བལྟ་བ་སྟེ། བདེ་བ་ཆེན་པོའི་འཁོར་ལོ་ལ་གནས་པའོ། །ཁྱབ་བྱ་ཁྱབ་བྱེད་ཅེས་བྱ་བ་ནི། རྩ་ཐམས་ཅད་དང་ཁམས་ཐམས་ཅད་དུ་འགྲོ་བའོ། །སྟོང་དང་ཤིན་ཏུ་སྟོང་པ་དང་། །སྟོང་པ་ཆེན་པོ་ཞེས་བྱ་
བ་ནི་ཁམས་གསུམ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བྱེད་པའི་ཕྱིར་རོ། །ཡང་ན་འཁོར་ལོ་གསུམ་གྱི་གནས་སུ་དགའ་བའི་ཡེ་ཤེས་འབེབས་པའི་ཕྱིར་རོ། །ཡི་གེ་ཀྵ་ཡི་ལས་གསུངས་པ། །མགོ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ལ། མགོ་དང་བྲལ་བའི་ཡི་གེ་ཀྵཾ་ཞེས་བྱ་བ་ནི།
རྐན་གྱི་ལམ་དུ་བསམ་པར་བྱ་བ་དང་འབྲེལ་ཏོ། རྐན་གྱི་ལམ་ནི་སྤྱི་གཙུག་གི་སྒོའོ། །ཐིག་ལེར་ལྡན་པའི་སྦྱོར་བ་ཞེས་བྱ་བ་ནི། ཡི་གེ་ཀྵ་སྟེ་མེ་འབར་བའི་གཟུགས་ཅན་དུ་སྣ་སྒོའི་ལམ་སྟེ། སྣའི་བུ་ག་གཉིས་སུ་བསྒོམ་པར་བྱའོ། །དེ་ཉིད་གསུངས་པ། རི་མོ་དག་ནི་ཞུགས་པར་
བསམ། །ཞེས་བྱ་བ་སྟེ། རི་མོ་དེ་ཡང་ཅི་འདྲ་ཞེ་ན། རི་མོ་མར་མེའི་རྩེ་ལྟ་བུ་སྟེ། ཀྵཾ་གི་ཐིག་ལེ་ལས་མེ་འབར་བའོ། །དཀྱིལ་འཁོར་བཞི་ཡི་གཟི་ཅན་བསམ། །ཞེས་བྱ་བ་ནི་དབང་ཆེན་ལ་སོགས་པའི་སྦྱོར་བ་བཞིའི་འོད་འཕྲོ་བའོ། །རྟག་ཏུ་རྐན་ནི་ཕུག་སྟེ་གནས། །ཞེས་བྱ་བ་ནི། འོད་
འབར་བ་དང་བཅས་པར་ཚངས་པའི་སྒོའི་བར་དུ་འབར་བའོ། །རྩེ་མོ་རྒྱས་པ་མཐོང་འགྱུར་ཏེ། །ཞེས་བྱ་བ་ནི་རྩེ་མོ་ནི་འདས་པ་ལ་སོགས་པའི་ཆའོ། །རྒྱས་པ་ནི་མ་ལུས་པའོ། །མཐོང་བ་ནི་མངོན་པར་ཤེས་པ་ཆེན་པོ་དང་ལྡན་པའོ། །གཞན་གྱི་གྲོང་སོགས་འདོད་བཞིན་འགྲོ། །ཞེས་བྱ་བ་ལ། གཞན་གྱི་གྲོང་དུ་འགྲོ་བ་ནི། །

གཞན་གྱི་ལུས་ལ་འཇུག་པའོ། །འདོད་པ་ནི་རང་གི་བྱ་བ་ཤེས་པ་ཞེས་བྱའོ། །ཇི་ལྟར་ཡི་གེ་ཀྵ་སྦྱོར་བ་བཞི་དང་ལྡན་པས་ལས་ཐམས་ཅད་པ་ཉིད་དུ་བསྟན་པ་ལྟར། སྡེ་ཚན་གྱི་ཡི་གེ་ཐམས་ཅད་ལས་ཐམས་ཅད་པ་ཉིད་དུ་བསྟན་པའི་ཕྱིར། རེ་རེ་ཡི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་སྡེ་ཚན་སོ་སོ་ཡི། །
ཡི་གེ་དག་ནི་སོ་སོ་ཞིང་། །རེ་རེའང་སྦྱོར་བ་བཞི་བཞི་སྟེ། །ཞེས་བྱ་བ་ནི། སྡེ་ཚན་བརྒྱད་པོ་ཐམས་ཅད་ལས་རྣམ་པ་བཞི་བཞི་དང་ལྡན་པར་བསྟན་པ་ཡིན་ནོ། །གཅིག་དང་བཞི་རུ་སྦྱར་བ་བཞིན། །ཞེས་བྱ་བ་ནི། ཡི་གེ་ཀྵ་གཅིག་ཏུ་སྦྱོར་བ་བཞིན་བཤད་པ་བཞིན་དུའོ། །ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་
སོགས་པ་ལ། ཨཱ་ལི་ཀཱ་ལིའི་སྔགས་ནི་ཁ་དོག་དང་། དབྱིབས་ཀྱི་བདག་ཉིད་ཅན་གྱི་གཟུགས་སོ། །ཆོ་ག་ནི་བྱ་བ་སྟེ། དབང་དུ་བྱ་བ་ལ་སོགས་པའི་ལས་སོ། །སྒྲུབ་ཐབས་འབྱུང་བ་ནི་ཏིང་ངེ་འཛིན་གྱིས་ལུས་ལ་དགོད་པའོ། །དོན་དེ་སྟོན་པར་བྱེད་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ། བཞི་
བཅུ་རྩ་གཅིག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།ད་ནི་ཙཀྲ་སམྦ་ར་དང་། འདི་ལས་ཀྱང་གསང་བ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་དེ་བཤད་པར་བཞེད་ནས། དེ་སྟོན་
པར་བྱེད་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཁྱོད་ཀྱིས་བཤད་པ་གསང་བ་དང་། །ཐམས་ཅད་བདག་ཉིད་བརྟག་ཏུ་བཞུགས། །ཞེས་བྱ་བ་ནི། གསུངས་པ་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལ་གསང་བ་ཞེས་བྱ་བ་ནི་བདུན་པའི་དོན་གྱིས་དང་པོ་ཡིན་ནོ། །
དེ་ཡང་གསང་བ་ཞེས་བྱ་བ་དང་པོ་དང་། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བའི་ཚིག་ཐ་མ་འདི་གཉིས་ཀྱི་བར་ན་གནས་པའི་མཆོག་གི་དགྱེས་པ་ཞེས་བྱ་བ་འང་གཟུང་བར་བྱ་སྟེ། དེ་ལྟར་ན་སྔར་བསྟན་པའི་ཡི་གེ་བཅུ་དྲུག་པོ་མ་ལུས་པ་གཟུང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཡི་
གེ་བཅུ་དྲུག་རིག་པ་ཆེ། །ཞེས་བྱ་བ་གསུངས་ཏེ། ཚིག་རྐང་པ་གཉིས་པའི་ཚིགས་སུ་བཅད་པ་ཡིན་ནོ། །དེ་ལ་ར་ལ་སོགས་པའི་ཡི་གེ་འདི་དག་ནི། ཡི་གེ་བཅུ་དྲུག་ཀྱང་ཡིན་ལ། བཅུད་ཀྱིས་ལེན་གྱི་རྫས་བཅུ་དྲུག་རྗོད་པར་བྱེད་པ་ཡིན་པས་རིག་པ་ཆེན་པོ་ཡང་ཡིན་ཏེ། དེས་ན་ཡི་གེ་བཅུ་དྲུག་

རིག་པ་ཆེའོ་བཤད་པ་ནི་གསུངས་པའོ། །ཅི་ཞིག་ཅེ་ན། ཁམས་རྣམས་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། ལུས་འཚོ་བར་བྱེད་ཅིང་འཛིན་པར་བྱེད་པས་ཁམས་རྣམས་ཏེ་རྫས་བཅུ་དྲུག་པོ་ཉིད་དོ། །འདི་ནི་ཉེ་བར་མཚོན་པ་སྟེ། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞེས་བྱ་བ་ལ་སོགས་པ་ལ། གང་
ཁྱོད་ཀྱིས་སྔར་བསྟན་པའི་དོན་ནི་ཇི་ལྟ་བུ་ཞིག་ལགས་ཞེས་བྱ་བར་ཡང་སྦྱར་བར་བྱའོ། །དེ་བཞིན་རྩ་ཞེས་བྱ་བ་ལ་སོགས་པ་ལ་དང་ཞེས་བྱ་བ་ནི་བདེ་མཆོག་ཏུ་གསུངས་པའི་རྣམ་པ་གཞན་བསྡུ་བ་ཡིན་ནོ། །ཇི་ལྟར་ནང་དུ་ཡང་དག་གནས། །ཞེས་བྱ་བ་ནི་རྩ་ལ་སོགས་པ་ཐམས་ཅད་སྦྱར་རོ། །ཉོན་
ཅིག་ཅེས་བྱ་བ་ལ་སོགས་པ་ལ། མ་མོ་ཞེས་བྱ་བ་ནི་ཁམས་བཅུ་དྲུག་པོ་འདི་དག་ཡིན་ཏེ། དེ་དག་གི་ལུས་བསྐྱེད་ཅིང་བརྟན་པར་བྱེད་པས་མ་ལྟར་གསོ་ཕྱིར་མ་མོའོ། །དེ་དག་གི་མ་མོ་ཡང་ཡིན་ལ་ནང་གི་དཀྱིལ་འཁོར་ཡང་ཡིན་ཏེ། སྙིང་པོ་ལེན་པའི་ཕྱིར་རོ། །ཁ་ཅིག་ནི་ནང་གི་རྫས་རྣམས་ལྷའི་
དཀྱིལ་འཁོར་གྱི་རྣམ་པར་དག་པ་ཡིན་ནོ་ཞེས་ཟེར་རོ། །རྣལ་འབྱོར་པ་ཡི་བདུད་རྩི་སྦྱོར། །ཞེས་བྱ་བ་ནི། སྒྲུབ་པ་པོ་རྣམས་ཀྱི་བཅུད་ཀྱིས་ལེན་གྱི་སྦྱོར་བ་སྟེ། སྦྱོར་བ་ཉིད་བདུད་རྩི་སྦྱོར་བའོ། །ཆ་ནི་སྒྱུར་བ་སྟེ་སྦྱོར་བ་གཞན་གྱི་ནང་གི་རྫས་ཀྱི་སྦྱོར་བ་བཅུ་དྲུག་དུ་བསྒྲེང་ཞིང་བསྒྱུར་བའི་ཆར་ཡང་མི་ཕོད་དོ་
ཞེས་བྱ་བའི་དོན་ཏོ། །རྫས་རྣམས་ཡི་གེ་རེ་རེ་ཞིང་སོ་སོའི་བརྡས་བསྟན་པའི་ཕྱིར། སླར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སི་ར་ཞེས་བྱ་བ་ནི་སྐྲ་ལས་བྱུང་བའི་མར་ནག་དང་སྐྲ་ལས་བྱུང་བའི་ལན་ཚྭ་གཉིས་སོ། །སོ་དང་ལག་སྐྱེས་ཞེས་བྱ་བ་ནི་སོ་དང་སེན་མོའི་རྡུལ་སྟོན་པ་སྟེ། དེ་ལྟར་ན་
རྫས་བཅོ་བརྒྱད་སྡེ་ཚན་བཅུ་དྲུག་ཏུ་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །ཞེས་བྱ་བ་ལ་སོགས་པས་ནི། བདེ་བ་མཆོག་ཅེས་བྱ་བ་འཆད་པར་བྱེད་པ་ཡིན་ཏེ། སྐབས་མ་ཡིན་མོད་ཀྱི་བདེ་བླག་ཏུ་རྟོགས་པར་ཡང་བྱ་བའི་ཕྱིར་རོ། །གཞན་དུ་ན་འདི་ཐམས་ཅད་བརྗོད་པས་
ཚེགས་ཆེ་བར་འགྱུར་རོ། །དེ་ལ་བྱང་ཆུབ་ནི་ལྷའོ། །སེམས་ནི་དེ་བཞིན་ཉིད་དོ། །དེ་དག་ལས་བྱུང་བ་ནི་ཀུན་དུ་བཟང་པོའི་རང་བཞིན་ནོ། །དེ་ཉིད་གསུངས་པ། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའོ། །དམ་པ་ནི་གཉིས་སུ་མེད་པའོ། །མཆོག་ནི་གཙོ་བོ་སྟེ་

བདེ་བའི་མཆོག་ཅེས་བྱ་བའི་དོན་ཏོ། །རྩ་རྣམས་ཐམས་ཅད་ཡང་དག་འདུས། །ཞེས་བྱ་བ་ནི་རྩ་ཐམས་ཅད་མཉམ་པར་སྦྱོར་བ་ལས་སྐྱེས་པའོ། །ཡང་སྔར་ཐལ་བའི་འཕྲོ་གསང་བ་ཞེས་བྱ་བ་ལ་སོགས་པ་རྣམ་པ་གཞན་བསྟན་པའི་ཕྱིར། གསང་བ་ལ་སོགས་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། ལྔ་ཞེས་བྱ་བ་ནི་བདུད་རྩི་ལྔ་ཉིད་དོ། །ཁམས་ཀྱི་སྡེ་ཚན་ཞེས་བྱ་བ་ནི། སྡེ་ཚན་གྱིས་བསྟན་པའི་ཁམས་བཅུ་དྲུག་གོ། །བདུད་པ་ཞེས་བྱ་བ་ནི་བདུད་རྩི་ལྔའོ། །དེ་ལྟར་གསང་བ་ལ་སོགས་པ་བཤད་ནས། མཁའ་འགྲོ་ཀུན་དངོས་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར། མཁའ་
འགྲོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་སེམས་ཅན་རྣམས་འཚོད་ཅིང་བཙོས་པས་ན་ཆགས་པ་སྟེ། མཁའ་འགྲོ་ཀུན་དངོས་སོ། །ཅི་ཞིག་ཅེ་ན་སེམས་དཔའ་འོ། །དེ་ཉིད་ཀྱང་མི་ཤེས་སོ་ཞེ་ན། རྡོ་རྗེ་ལས་བྱུང་བ་ཞེས་བྱ་བ་སྨོས་སོ། །དེ་ལ་རྡོ་རྗེ་ནི་མི་ཕྱེད་པ་སྟེ་སྙོམས་པར་འཇུག་པའོ། །བྱུང་
བ་ནི་སྐྱེས་པ་སྟེ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །འདིས་ནི། མཁའ་འགྲོ་ཀུན་དངོས་སེམས་དཔའ་ཡི། །ཞེས་བྱ་བའི་ཚིག་བཤད་པ་ཡིན་ནོ། །སེམས་དཔའི་སྒྲུབ་པ་ནི་འོག་ནས་བཤད་པར་བྱའོ། །བྱང་ཆུབ་ཀྱི་སེམས་ཉིད་ཀུན་ཞེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ལོས་
སྒྱུར་བ་དྲུག་ཏུ་ཕྱེ་སྟེ་བསྟན་པའི་ཕྱིར་པདྨ་ཞེས་བྱ་བ་སྨོས་སོ། །སྟེང་དུ་འཕྲོ་ཞེས་བྱ་བ་ནི་ཕྱིས་འཕྲོ་བའོ། །རླུང་ནི་སྣ་ཚོགས་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པ་རླུང་ནི་རྟ་མཆོག་ཡིན་ཞེས་བྱ་བར་སྦྱར་ཏེ། རྟ་མཆོག་ནི་དོན་ཡོད་པར་གྲུབ་པའོ། །འདི་ནི་ཉེ་བར་མཚོན་པ་སྟེ། མེ་ལ་སོགས་པ་སྣང་
བ་མཐའ་ཡས་སུ་ཡང་སྦྱར་བར་བྱའོ། །སྣ་ཚོགས་ཞེས་བྱ་བ་ནི་བྱུང་བ་ལ་སོགས་པ་ཐམས་ཅད་དོ། །ལས་བྱུང་ཞེས་བྱ་བ་ནི་གཉིས་སུ་མེད་པ་སྟེ། འདིས་ནི་དྲུག་པ་རྡོ་རྗེ་སེམས་དཔའ་སྟོན་ཏོ། །ཁྱད་པར་སྤྱོད་པ་རྟ་མཆོག་ཡིན། །ཞེས་བྱ་བ་ལ། ཁྱད་པར་ནི་ཁྱད་པར་གྱི་དགའ་བའོ། །སྤྱོད་པ་ཞེས་
བྱ་བའི་སྒྲས་ནི་དེ་དང་ལྷན་ཅིག་ཏུ་རྒྱུ་བ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བ་གཟུང་ངོ་། །ཡང་ན་ཨར་ཏ་ཞེས་བྱ་བ་ནི་འཆིང་བར་སྟོན་ཏོ། །དེས་བཅིངས་པའི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དགའ་བ་གཉིས་ནི་དོན་གྱིས་ཤེས་པར་བྱའོ། །དེ་ལྟར་ན་ཀུན་དུ་དགའ་བ་ནི་པདྨ་གར་གྱི་དབང་ཕྱུག་གོ། །མཆོག་

ཏུ་དགའ་བ་ནི་རྡོ་རྗེ་ཉི་མའོ། །རྣམ་པར་སྣང་མཛད་ནི་གཉིས་ཀ་ལས་སྐྱེས་པའོ། །ཁྱད་པར་གྱི་དགའ་བ་ནི་དོན་ཡོད་གྲུབ་པའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ནི་མི་བསྐྱོད་པ་སྟེ། རྡོ་རྗེ་སེམས་དཔའ་ནི་དགའ་བ་ཀུན་གྱི་རང་བཞིན་ནོ། །རྣམ་ཤེས་ནི་བྱང་ཆུབ་ཀྱི་སེམས་སོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་
པའོ། །ཅིའི་ཕྱིར་བྱང་ཆུབ་ཀྱི་སེམས་མི་བསྐྱོད་པ་ཡིན་ཞེ་ན། སྒྲ་བསྒྲུབ་པ་གསུངས་པ། ཕན་ཚུན་གཉིས་མེད་རང་བཞིན་ནོ། །ཞེས་བྱ་བ་སྨོས་ཏེ། དངོས་པོ་རྣམས་ཕན་ཚུན་ཡེ་ཤེས་ཀྱི་རང་བཞིན་དུ་མི་ཕྱེད་ཅིང་མི་དཀྲུགས་པའི་ཕྱིར་རོ། །དེ་ལྟར་ན་པདྨ་གར་གྱི་དབང་ཕྱུག་དང་རྡོ་རྗེ་ཉི་མ་ནི་མེའོ། །རྣམ་
པར་སྣང་མཛད་ནི་སའོ། །དོན་ཡོད་གྲུབ་པ་ནི་རླུང་ངོ་། །མི་བསྐྱོད་པ་ནི་ཆུའོ། །ཐམས་ཅད་ཀྱི་བདག་ཉིད་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་དག་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་གཞག་པའོ། །ཡང་གསུངས་པ། གནས་དེར་ཞེས་བྱ་བ་ལ་སོགས་པ་ལ། དེར་ཞེས་བྱ་བ་ནི་ཆོས་འབྱུང་བ་
དང་རྡོ་རྗེའི་ཕྱག་རྒྱར་རོ། །ནུབ་པས་ཞེས་བྱ་བ་ནི་བཅུག་པས་སྟེ། རྡོ་རྗེ་དང་ཆོས་འབྱུང་བའི་ཕྱག་རྒྱ་དང་མཉམ་པར་སྦྱོར་བས་ཞུགས་པའོ། །ཉི་མ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཇི་སྐད་དུ། གསལ་བར་བྱང་ཆུབ་སེམས་ལ་ནི། །རྡོ་རྗེ་ཉི་མ་ཞེས་བྱར་བརྗོད། །ཅེས་ཟེར་བའི་ཕྱིར་རོ། །སྤྲུལ་པའི་སྐུ་ཞེས་
བྱ་བ་ནི། དེ་ཉིད་ལྷ་ལ་སོགས་པའི་ལུས་ཀྱི་རྣམ་པར་བྱུང་བའོ། །བདེ་བ་བསྡུས་ཞེས་བྱ་བ་ནི། དེར་ཐམས་ཅད་རོ་གཅིག་པའི་ཕྱིར་རོ། །རྙོག་པ་མེད་པ་ནི་ཟག་པ་མེད་པའི་ཕྱིར་རོ། །འཁོར་བའི་ལམ་ནི་གཅོད་པ་པོ། །ཞེས་བྱ་བ་ནི། གཟུང་བ་ལ་སོགས་པའི་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །སྤྲོས་
པ་ཐམས་ཅད་ཉེ་བར་ཞི་བ་ཞེས་བྱ་བ་ལ་སོགས་པའི་སྤྲོས་པ་ནི་ཐ་དད་པར་གྱུར་པའོ། །དེ་འདི་ལ་མེད་པས་སྤྲོས་པ་ཉེ་བར་ཞི་བའོ། །དེ་ཉིད་ཐམས་ཅད་ཀྱི་རང་བཞིན་བསྟན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་ཚུལ་གཞན་བཤད་པ་
ཡིན་ཏེ་གོ་སླའོ། །ད་ནི། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །ཅེས་བྱ་བ་ནི་རྡོ་རྗེ་ཞེས་བྱ་བའི་ཚིག་གི་དོན་བཤད་པར་འདོད་ནས། མི་ཤེས་རི་བོ་འཇོམས་པས་ན། །ཡེ་ཤེས་ཉིད་ནི་རྡོ་རྗེའོ། །ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། དེའི་རང་བཞིན་ཉིད་རྡོ་རྗེའོ། །

མཁའ་འགྲོའི་སྒྲ་ནི་འོག་ནས་སྟོན་པར་འགྱུར་རོ། །བདེ་བའི་མཆོག་ནི་བཤད་ཟིན་ཏོ། །ད་ནི་གོང་དུ་ཐལ་བའི་སེམས་དཔའི་སྒྲ་བསྒྲུབ་པར་འདོད་ནས། སེམས་དཔའ་རྣམ་པ་གཉིས་གསུངས་པ་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་བདེ་མཆོག་ལ་སོགས་པ་ལས།
རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་ཟེར་བས། འདིར་སེམས་དཔའ་བཤད་པ་ཡིན་ནོ། །སྣོད་དང་བཅུད་ཀྱི་འཇིག་རྟེན་ནོ། །ཞེས་བྱ་བ་ལ་སོགས་པ་ནི། གཟུགས་ནི་རྣམ་པ་བཞི་རུ་གནས། །ཞེས་བྱ་བ་དང་འབྲེལ་ཏོ། །གང་ཞེ་ན། ས་དང་མེ་དང་ཆུ་དང་རླུང་གི་ཞེས་བྱ་བ་སྨོས་ཏེ། འདི་ས་ནི་
འདིའི་རང་བྱུང་ཞེས་བྱ་བ་ལ་སོགས་པའི་འབྲེལ་པ་བསྟན་པ་ཡིན་ཏེ། འདི་ནི་ཞེས་བྱ་བ་ནི་མངོན་སུམ་གྱི་ཚིག་སྟེ། བཅོམ་ལྡན་འདས་བདེ་བ་ཆེན་པོ་རང་རིག་པའི་ཡེ་ཤེས་སོ། །རང་བྱུང་ཞེས་བྱ་བ་ནི་འབྱུང་བ་ཆེན་པོའི་རྗེས་སུ་དཔག་པའི་རང་བཞིན་གྱི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་གྱུར་པའི་བདེ་བ་
ཆེན་པོ་ཡེ་ཤེས་སུ་འབྱུང་བ་རྣམས་ཇི་ལྟར་འདུས་པར་འཚལ་བར་བགྱི་ཞེས་བྱ་བའི་འདྲི་བ་ཐུགས་ལ་བཞག་ནས་ལན་སྟོན་པ་ཡིན་ནོ། །གལ་ཏེ་འབྱུང་བ་རྣམས་རང་རིག་པའི་ངོ་བོ་ཉིད་མ་ཡིན་ནོ། །ཇི་ལྟར་ཉམས་སུ་མྱོང་བར་འགྱུར་ཏེ། ནམ་མཁའ་ལྟ་བུའི་ཡེ་ཤེས་ལས། །ཇི་ལྟར་སྐྱོ་བ་
སྣང་བར་འགྱུར། །ཞེས་བྱ་བའི་དོན་འདི་ནི་རྗེས་སུ་དཔག་པ་ཡིན་ནོ། །ཉོན་མོངས་པ་ལ་སོགས་པའི་བདུད་འཇོམས་པ་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པའི་བདུད་ཀྱི་དྲི་མ་རྣམས་གློ་བུར་བ་ཡིན་ཞིང་། གཞན་གྱི་དབང་དུ་གྱུར་པས་རང་གི་དེ་ཁོ་ན་ཉིད་གོམས་པས་འོད་གསལ་བའི་རྣམ་པར་ཡོངས་
སུ་གྱུར་པས་སོ། །དེ་ཉིད་ཀྱི་ཕྱིར་རང་འབྱུང་ངོ་། །ལྷ་ཉིད་ཡིན་ཞིང་ཞེས་བྱ་བ་ལ་སོགས་པ་ལ་ལྷ་ཉིད་ཅེས་བྱ་བ་ནི། ལུས་ལ་གནས་པའི་ཕྱིར་རོ། །ལྷག་མ་ཉིད་ཅེས་བྱ་བ་དོན་ལྷག་པར་འཛིན་པ་སྟེ། ཁམས་ཐམས་ཅད་སྡུད་ཅིང་འཛིན་པའམ་གསལ་བར་བྱེད་པས་ན་དོན་ལྷག་མ་འཛིན་པའོ། །ལྷག་
མ་ཅི་ཞིག་ཡིན་ཞེ་ན། གང་སྔར་བསྟན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁམས་རྣམས་ཞེས་བྱ་བ་ནི་ཁྲག་ལ་སོགས་པའོ། །གཙོ་བོ་ཞེས་བྱ་བ་བསྟན་པའི་ཕྱིར། ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁམས་ཞེས་བྱ་བ་ནི་ས་ལ་སོགས་པའོ། །ཡང་དག་པར་སྐྱེད་པར་བྱེད་པ་ཞེས་

བྱ་བ་ནི། ད་དག་སྐྱེད་པར་བྱེད་པའི་ས་བོན་ཡིན་ཏེ། ཁུ་བ་དང་ཁྲག་ཅེས་བྱ་བ་ནི། རྩ་ལས་བྱུང་བ་ཞེས་བྱ་བར་སྦྱར་རོ། །དེ་ལས་ཞེས་བྱ་བ་ནི་རྩ་རྣམས་སོ། །ཡང་ན་དེ་ལས་ཞེས་བྱ་བ་ནི། ཡང་དག་པར་བྱུང་བའི་སེམས་སྐྱེ་བ་ལས་སོ། །ཁུ་བ་དང་ཁྲག་ཅེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཇི་ལྟ་བ་བཞིན་དུ་
རང་རང་གི་རྩ་ལས་བྱུང་བའི་ཁམས་རྣམས་བདེ་བ་ལས་འབྱུང་བའམ། དེ་དག་ལས་ཀྱང་བདེ་བ་འབྱུང་བའོ། །བཞེད་གཞུང་གསུངས་པ་ཞེས་བྱ་བ་ནི་རྒྱུད་འདིར་གསུངས་པ་ཉིད་དུ་གཞན་དུ་ཡང་བཞེད་པའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དོན་དམ་པར་དབྱེ་བ་མེད་པས་ཉེ་བར་བརྟགས་ནས་
ཞེས་བྱ་བ་ལ། དོན་དམ་པར་དབྱེ་བ་མེད་པ་ཞེས་བྱ་བ་ནི། ཡུལ་དང་ཡུལ་ཅན་ཙམ་གྱིས་འབྲེལ་པ་སྟེ། དབང་པོ་རྣམས་ཀྱི་དོན་རྣམས་ཉེ་བར་ལོངས་སྤྱོད་པས་ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་པའོ། །དེ་རྣམས་ཀྱི་ཉེ་བར་རྒྱུ་བ་ཞེས་བྱ་བ་ལ། དེ་རྣམས་ནི་དབང་པོ་རྣམས་སོ། །ཉེ་བར་རྒྱུ་བ་ནི་ཡུལ་
རྣམས་ལ་ཉེ་བར་ལོངས་སྤྱོད་པའོ། །བྱང་ཆུབ་ཀྱི་སེམས་ཐོབ་པ་ཞེས་བྱ་བ་ནི། ཡུལ་དང་ཡུལ་ཅན་འདྲེས་ནས་ལྷན་ཅིག་སྐྱེས་པ་རོ་གཅིག་པའི་གནས་སྐབས་ཐོབ་པ་སྟེ། དེ་དག་གིས་ནི་དམ་ཚིག་སྤྱོད་ཡུལ་ཡིན་ཞེས་བསྙད་དོ། །དེ་ཉིད་ཀྱི་ཁྱད་པར་གསུངས་པ། འཇིག་རྟེན་གསུམ་དུ་ཞེས་
བྱ་བ་ལ་སོགས་པ་ལ། ཟག་པ་དང་བཅས་པའི་དངོས་པོ་གསུམ་ལས་ཞེས་བྱ་བའི་ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་སྟེ། གཟུང་བ་དང་འཛིན་པ་དང་འཛིན་པ་པོ་གསུམ་གྱི་དམིགས་པ་དེ་ནི་ཟག་པ་དང་བཅས་པའི་དངོས་པོ་གསུམ་མོ། །རྙེད་པར་མི་འགྱུར་ཞེས་བྱ་བ་ནི་རྙེད་དཀའ་བའི་
བཤད་པའོ། །བྱང་ཆུབ་སེམས་ཀྱི་ཁུ་བ་དང་བདེ་བའི་ཤེས་རབ་ཀྱི་རྣམ་པ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་གསང་བ་ལ་སོགས་པའི་ཚུལ་གྱིས་གཞན་དུ་བསྟན་པའི་ཕྱིར་ཐོག་མ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །རྙེད་པ་བདེ་བ་ཀུན་མྱོས་པས། །ངན་པར་སྤྱོད་པ་འགྲུབ་
པར་འགྱུར། །ཞེས་བྱ་བའི་ཚིག་གི་དོན་བཤད་པའི་ཕྱིར་བཅོམ་ལྡན་འདས་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྷ་ག་དང་ལྡན་པའི་ཕྱིར། བཅོམ་ལྡན་འདས་མ་སྟེ་བུ་མོའོ། །ལོ་བརྒྱད་པ་ཞེས་བྱ་བ་ནི་ངན་པར་སྤྱོད་པ་ཞེས་བྱ་བའི་རྣམ་པར་དབྱེ་བའོ། །བཅས་པ་ཞེས་བྱ་བ་ནི་བྱང་ཆུབ་

ཀྱི་སེམས་སོ། །ལྷ་དང་མིའི་བདེ་བ་ཞེས་བྱ་བ་ནི། ལྷ་དང་མི་དག་གི་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །བསྡུ་བའི་ཞེས་བྱ་བ་ནི་ཁམས་ཐམས་ཀྱི་བསྡུ་བ་སྟེ། ནང་གི་ཁམས་བཅོ་བརྒྱད་ཀྱིས་ར་ས་ཡཱ་ན་སྦྱར་བའོ། །ཡང་ན་བསྡུ་བ་ནི་རྡུལ་ཆུ་གཟགས་པ་སྟེ། དེ་ལ་ལོ་བརྒྱད་པའི་ཁྲག་དང་བཅས་
པའི་ཁུ་བ་ཤིས་པ་ཡིན་ནོ། །རྡོ་རྗེའི་རྡུལ་གྱི་ནི་ཞེས་བྱང་ཆུབ་ཀྱི་སེམས་འཕྲོས་པའི་རྡུལ་གྱི་ཆ་ཤས་སོ། །དེ་དང་ཁམས་རྣམས་ལྷན་ཅིག་ཏུ་སྦྱར་བ་ནི་མཐོ་རིས་ཀྱི་ལྷ་དང་མིའི་བདེ་བ་ཐོབ་པའི་རྒྱུ་ཉིད་ཡིན་པར་སྦྱར་བར་བྱའོ། །གང་ལས་ཤེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུ་མོ་ཞེས་བྱ་བ་ནི་
ལོ་བརྒྱད་པའོ། །སྐུད་པ་ཞེས་བྱ་བ་ནི་རྩ་བཅུ་དྲུག་གོ། །བསྒྲིལ་བ་ཞེས་བྱ་བ་ནི་སྒྱུར་བ་སྟེ། དེ་དག་གོང་ནས་གོང་དུ་སྤེལ་བའོ། །ཡང་ན་སུམ་འགྱུར་དུ་བྱ་བ་སྟེ། ཁྲག་རྡུལ་ཆུའི་སུམ་འགྱུར་དུ་བྱ་བའོ། །ཆགས་པ་ཆེན་པོ་ཞེས་བྱ་བ་ལ། འདིས་མཆོད་པར་བྱེད་པ་དང་། ཐུན་མོང་
མ་ཡིན་པས་ན་ཆགས་པ་ཆེན་པོ་སྟེ། ལོ་བརྒྱད་པ་ལས་བྱུང་བའི་ཁྲག་གོ། །འདིས་ནི་གཙོ་བོར་བརྗོད་པ་སྟེ། །གཞན་ལས་སྐྱེས་པའི་རྫས་རྣམས་ཀྱང་གཟུང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་བདུད་རྩི་ལྔའི་སྙིང་པོའི་གོང་བུ་བྱས་ལ་ཞེས་བྱ་བ་གསུངས་སོ། །དང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ་ཞེས་
བྱ་བ་ནི་དོན་དེ་ཉིད་གསལ་བར་བྱེད་པའོ། །ཡང་ན་བདུད་རྩི་ལྔའི་སྙིང་པོ་ཞེས་བྱ་བ་ནི་ཁྲག་དང་ཁུ་བའོ། །དང་ཞེས་བྱ་བ་ནི་སྡེ་ཚན་གྱིས་རྫས་གཞན་བསྡུ་བའོ། །ཁམས་རྣམས་བསྡུས་ཤིང་ཞེས་བྱ་བ་ནི་སྦྱོར་བ་སྟོན་པ་ཡིན་ཏེ། ཁྲག་དང་ཁུ་བ་ལ་སོགས་པར་སྦྱར་བའོ། །དེ་ཉིད་གསུངས་པ། གང་
དང་གང་ཞེས་བྱ་བ་ལ་སོགས་པ་སྟེ། རླན་ཞེས་བྱ་བ་ནི་ལོ་བརྒྱད་པའི་མེ་ཏོག་གོ། །ས་བོན་ཞེས་བྱ་བ་ནི་ཁུ་བའོ། །བསྒྲིལ་ཏེ་ཞེས་བྱ་བ་ནི་ཁྲག་ཁུ་བའི་སུམ་འགྱུར་དུ་བྱའོ། །བརྟག་པ་ཞེས་བྱ་བ་ནི་བཅུད་ཀྱིས་ལེན་དུ་སྦྱར་བའོ། །ཡོངས་སུ་སྨིན་པ་ཞེས་བྱ་བ་ནི། ལྷ་རྣམས་ཀྱི་བདུད་རྩི་འཐུངས་
པ་ལྟར་སྒྲུབ་པ་པོས་ལོངས་སྤྱོད་པ་ཡོངས་སུ་ཞུ་ཞིང་སྨིན་པའི་སྐད་ཅིག་ལ་ལྷ་དང་མིའི་བདེ་བ་ཐོབ་པར་འགྱུར་རོ། །བདེ་བའི་གསལ་བས་མཚན་མ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་དང་བཅས་པའི་ལོ་བརྒྱད་པའི་ཁྲག་གི་སྦྱོར་བ་ཉིད་བསྡུས་ཏེ་སྟོན་པ་ཡིན་ནོ། །དེས་ནི་ཁྲག་དང་ཁུ་བ་སོ་སོར་

གཟུང་ལ་ཕྱིས་གཅིག་ཏུ་སྦྱོར་བར་བྱའོ། །ཞེས་སྟོན་ཏོ། །ལོ་བརྒྱད་པ་ཇི་ལྟ་བ་བཞིན་དུ་ལོ་དགུ་ནས་བཅུ་དྲུག་གི་བར་གྱི་བུ་མོ་རྣམས་ཀྱི་ཁྲག་སུམ་འགྱུར་དང་། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཆུ་ཆ་རེ་རེ་སྦྱོར་བ་དག་ཀྱང་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་སྐུད་པ་བཅུ་དྲུག་ཅེས་བྱ་བ་གསུངས་ཏེ། ཇི་སྐད་
དུ་སྐུད་པ་བཅུ་དྲུག་ཅེས་བྱ་བ་ལ། བཅུ་དྲུག་ལོན་པའི་བུ་མོར་བཤད། །ཅེས་གསང་བའི་མཛོད་ལས་གསུངས་པའི་ཕྱིར་རོ། །ད་ནི་ལོ་བཅུ་དྲུག་མ་དང་དམ་ཚིག་ལ་ཉེ་བར་སྤྱོད་པ་བསྟན་པའི་ཕྱིར། ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་བའི། །སེམས་ཀྱི་རྡོ་རྗེ་མངོན་དུ་བྱའོ། །ཞེས་བྱ་བ་གསུངས་ཏེ།
སེམས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའོ། །ལྷན་ཅིག་སྐྱེས་པའི་བདེ་བ་དེ་ལས་བྱུང་བའི་ཕྱིར་རོ། །ཁུ་བ་ཉིད་བཅུད་ཀྱིས་ལེན་ལ་སྦྱར་བས་ལྷ་དང་མིའི་བདེ་བ་སྟེར་བར་བསྟན་པའི་ཕྱིར། བདེ་བ་བསྟན་པ་ལས་ཞེས་བྱ་བ་སྨོས་ཏེ། དེ་དག་ནི་གོ་སླའོ། །དེ་ཉིད་ཀྱི་བསྔགས་པ་བསྟན་པའི་ཕྱིར། དེ་
དང་མཉམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་ཕག་མོའི་རང་བཞིན་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་བདེ་བའི་བདག་ཉིད་སྤྲོས་པའོ་ཞེས་བྱ་བས་བསྟན་ཏེ། དེ་དག་ནི་སྔར་བཤད་ཟིན་ཏོ། །མཐུ་དང་ངོ་བོ་ཉིད་དག་དང་། །རང་བཞིན་གྱིས་ནི་གྲུབ་པ་སྟེ། །ཞེས་བྱ་བ་ལ། མཐུ་ནི་སྟོབས་
སོ། །ངོ་བོ་ཉིད་ནི་རྫས་རྣམས་ཏེ། རྫས་རྣམས་ཀྱི་མཐུ་རང་བཞིན་གྱིས་གྲུབ་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཟབ་ཅིང་བརྗོད་པར་མི་ནུས་པ་ཞེས་བྱ་བའི་བར་དུའོ། །གང་ཞིག་ཕྱི་རོལ་ལ་དགའ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཁམས་ཀྱི་བཅུད་ཀྱིས་ལེན་སྦྱོར་བའོ། །བཅུ་དྲུག་ཆ་ཞེས་
བྱ་བ་ནི་བཤད་ཟིན་ཏོ། །མི་ཕོད་དོ་ཞེས་བྱ་བ་ནི། ནང་གི་བཅུ་དྲུག་གི་ཆའི་སྦྱོར་བ་དེ་ལ་བསྒྲིན་པ་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ལ་སོགས་པས་ནི། བརྡའི་ཚུལ་གྱིས་གནས་གསུངས་པ་ཡིན་ཏེ། གསང་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆུང་ངུ་དང་བར་མ་དང་ཆེན་པོ་
དང་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམས་མེ་ལོང་ལྟ་བུའི་ཡེ་ཤེས་ལྔའི་རྣམ་པར་དག་པ་བསྟན་པའི་ཕྱིར་མེ་ལོང་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་ལྔའི་རྣམ་པར་དག་པས་ཀུན་རྫོབ་ཀྱི་བྱ་བ་རྣམས་གནས་ལྔ་ལ་སོ་སོར་གནས་པར་བསྟན་པའི་ཕྱིར་དང་། ཤེས་

རབ་ཀྱི་གནས་ལྔའི་དབྱེ་བ་བསྟན་པའི་ཕྱིར། དབུགས་དབྱུང་མཆོག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུགས་དབྱུང་ཞེས་བྱ་བ་ནི་ཆུང་ངུའོ། །མཆོག་ཅེས་བྱ་བ་ནི་ཆེན་པོ་དང་ཆེན་པོའི་ཆེན་པོ་ལ་སོགས་པའོ། །བར་མ་ནི་བར་མ་ཉིད་དོ། །དྲི་ཡི་ཆུ་དང་བཅས་པས་
མཆོད། །ཅེས་བྱ་བ་ལ། དྲི་ནི་རྣམ་པར་སྣང་མཛད་དོ། །ཆུ་ནི་མི་བསྐྱོད་པ་སྟེ། བཅས་པའི་སྒྲས་རིན་ཆེན་འབྱུང་ལྡན་ལ་སོགས་པ་གཟུང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བཅས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁུ་བ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ནི་རིན་ཆེན་འབྱུང་
ལྡན་ལ་སོགས་པའོ། །དེ་དག་གིས་ནི་བདུད་རྩི་ལྔའི་སྦྱོར་བ་བསྟན་ཏོ། །གཉིས་པར་ན་བཅས་ཞེས་བྱ་བ་ནི་རྔུལ་ཆུ་གཟུང་བ་ཡིན་ནོ། །དེའི་ཚེ་སྔ་དྲོའི་དུས་སུ་སྣ་ལ་སོགས་པ་ནས་ལོངས་སྤྱོད་པར་བྱའོ་ཞེས་སྟོན་ཏོ། །གཞན་ཡང་ཞེས་བྱ་བ་ནི་རིགས་ཀྱི་བུ་མོ་ལས་གཞན་པ་སྟེ་གཞན་གྱིའོ། །
ཡང་ན་སྔགས་ལ་སོགས་པ་ཕོ་ཉ་དང་བྲལ་བའི་ཕོ་ཉ་དག་གིས་མེ་ཏོག་ཀྱང་གཟུང་བར་བྱ་སྟེ། དེ་ཉིད་ཀྱིས་ནི་ལྷན་ཅིག་སྐྱེས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་མ་ལ་སོགས་པ་ལས་གཞན་པའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཉིད་
ཀྱིས་དགོན་པ་ཆེན་པོ་ལ་སོགས་པའི་གནས་ཀྱི་ཕྱོགས་གཞན་སྟོན་པར་མཛད་པ་ཡིན་ནོ། །སྣ་ཚོགས་པདྨ་རས་ཀྱིས་གཡོགས། །ཞེས་བྱ་བ་ལ་སོགས་པ་ལ། སྣ་ཚོགས་ནི་རྣམ་པ་དུ་མ་སྟེ་ཞེས་བྱ་བ་ནི་བརྟན་པ་ལ་སོགས་པའི་འཇིག་རྟེན་གསུམ་གྱི་རང་བཞིན་སྣ་ཚོགས་སོ། །དེ་ཉིད་
བདེ་བ་ཆེན་པོ་ཡིན་པའི་ཕྱིར་པདྨའོ། །དེ་ཉིད་ཡོན་ཏན་སྣ་ཚོགས་དང་ལྡན་པས་གཟུང་བར་བྱ་བས་གཟུངས་སོ། །རས་ཞེས་བྱ་བ་ལ་སོགས་པ་ལ་གསལ་བར་མི་ཕྱེད་པ་ཞེས་བྱ་བ་ནི་སྒྲིབ་པའི་ངོ་བོ་ཉིད་དེ་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་མི་ཤེས་པའོ། །དེ་བས་ན་རས་ནི་གསུམ་པའི་སྒྲར་བལྟ་
བར་བྱ་སྟེ། རས་ཀྱི་ཞེས་བྱ་བ་དང་སྦྱར་རོ། །མི་མངོན་པར་བྱས་པ་ནི་བཀབ་པ་སྟེ། བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་དེ་ལ་བསྒྲིབ་པའོ། །ཡང་ན་པདྨ་ནི་ཐབས་སོ། །གཟུགས་ནི་ཤེས་རབ་སྟེ། དེ་གཉིས་སྦྱོར་བ་ལས་སྐྱེས་པའི་གཉིས་སུ་མེད་པ་གང་ཡིན་