Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 19

Văn bản gốc(Tây Tạng)

Trang 11 / 18 (50.000 ký tự/trang)
གྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།ད་ནི་འཆི་བའི་དུས་ཀྱི་བློའི་ཁྱད་པར་བཞིན་དུ་སྐྱེ་བ་ལེན་པར་བསྟན་པའི་ཕྱིར་ཡེ་ཤེས་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཞེས་བྱ་བ་ནི་རྣམ་པར་ཤེས་པའོ། །ཁྱད་པར་ནི་བློའི་ཁྱད་པར་གང་དང་གང་གིས་འགྲོ་བ་ཁྱད་པར་ཅན་ཐོབ་པར་བྱེད་པའི་ཁྱད་པར་རོ། །དེ་ཡང་ཅི་འདྲ་ཞེ་ན། ཡེ་ཤེས་ཐུན་མོང་བྱིན་བརླབས་པ། །ཞེས་བྱ་བ་སྟེ། ཐུན་མོང་ནི་ལྷན་ཅིག་སྐྱེས་
པའོ། །བྱིན་བརླབས་པ་ནི་ཐོག་མ་མེད་པའི་དུས་ནས་ཁྱད་པར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའོ། །ཁ་ཅིག་ན་རེ་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་ཐ་མལ་པའི་རྣམ་པར་ཤེས་པ་ནི་ཐུན་མོང་མ་ཡིན་ལ། བྱིན་གྱིས་བརླབས་པ་ནི་རང་གྲུབ་པའོ་ཞེས་ཟེར་རོ། །བྱེ་བྲག་གཞན་ནི་ཇི་ལྟ་བུ་
ཞེས་བྱ་བ་ནི་བྱེ་བྲག་མ་རྟོགས་པར་རྣམ་པར་ཤེས་པ་བསྟན་པར་མི་ནུས་པས་བྱེ་བྲག་གི་ཁྱད་པར་ཉིད་གསོལ་བ་བཏབ་པ་ཡིན་ནོ། །སྔར་བསྟན་པ་བཞིན་དུ་ཡང་ཅིའི་ཕྱིར་གསོལ་བར་བྱེད་ཅེ་ན། འདི་ལ་སྔར་ནི་ཐོས་པ་ཙམ་དུ་ཟད་ཀྱི། ཁྱད་པར་ངེས་པར་མ་གཟུང་ངོ་ཞེས་བྱ་བར་དགོངས་སོ། །ཡེ་
ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་བྱེ་བྲག་གསུངས་པ། ལྕི་བར་གྱུར་པ་སུམ་ཅུ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྕི་བར་གྱུར་པ་ནི་དུས་ཀྱི་ཁྱད་པར་གྱི་མིང་ངོ་། །ཇི་སྙེད་ཅིག་ཅེ་ན། སུམ་ཅུ་ཡིས་ཏེ་དབུགས་རྒྱུ་བའི་གྲངས་སུམ་ཅུ་རྒྱུ་བའོ། །དགེ་དང་སྡིག་པའི་འབྲས་འབྱུང་བ། །ཞེས་

བྱ་བ་ནི་མཐོ་རིས་དང་ངན་འགྲོའི་ལུས་སོ། །གང་གིས་ཤེ་ན། ང་རྒྱལ་གྱིས་ནི་བྱིན་བརླབས་པའི། །སེམས་ཀྱིས་བྱས་པའི་ལས་ཚོགས་ཀྱིས། །ཞེས་བྱ་བ་སྟེ། དགེ་བ་དང་སྡིག་པའི་བདག་ཉིད་ཀྱི་ལས་ཀྱི་ཚོགས་སེམས་ཀྱིས་བྱས་པ་ནི་དམིགས་པའི་ཁྱད་པར་རོ། །དེ་ཅི་འདྲ་ཞེ་ན། ང་རྒྱལ་
གྱིས་ནི་བྱིན་བརླབས་པ། །ཞེས་བྱ་བ་སྟེ། བློའི་བདག་ཉིད་ཀྱིས་ཞེས་བྱ་བའི་བར་དུའོ། །དེ་དག་གིས་ནི་འདི་སྐད་དུ་གང་གི་ཚེ་འཆི་བའི་དུས་ལ་བབ་པ་ན། ལྕི་བའི་དུས་སུ་དབུགས་རྒྱུ་བ་སུམ་ཅུ་སྙེད་ཙམ་དུ་འོག་ནས་འབྱུང་བའི་བློར་ཁྱད་པར་རྩེ་གཅིག་ཏུ་དམིགས་པར་འགྱུར་ན། བློའི་ཁྱད་པར་བཞིན་དུ་
ལྷ་ལ་སོགས་པའི་འགྲོ་བ་དེ་དང་དེར་སྐྱེ་བར་འགྱུར་རོ་ཞེས་བྱ་བར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བསྒོམས་པར་གྱུར་པའི་རང་རིག་པའི། །སེམས་ནི་འགྲོ་བ་དེ་རུ་འགྲོ། །ཞེས་བྱ་བ་ལ་བསྒོམས་པར་གྱུར་པ་ཞེས་པ་ནི། ཉོན་མོངས་པའི་རྐྱེན་ཅན་གྱི་དམིགས་པའི་ཁྱད་པར་གྱི་ལས་ཀྱིས་བསྒོས་
པའོ། །རང་རིག་ཅེས་བྱ་བ་ནི་རང་གི་བསམ་པས་འགྲོ་བའོ། །འགྲོ་བ་དེ་རུ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་འགྲོ་བ་ཁྱད་པར་ཅན་དུའོ། །གལ་ཏེ་རང་རིག་པའི་རང་དགས་འགྲོ་བ་ཡིན་ན། ངན་འགྲོའི་འགྲོ་བ་མེད་པ་ལ་སོགས་པ་ཤིན་ཏུ་ཐལ་ཆེས་པར་འགྱུར་རོ་ཞེ་ན། སྲིད་པའི་ཞགས་པས་རྟག་འཇིག་
པས། །དེ་ཡི་འགྲོ་བ་མི་མཐོང་ངོ་། །ཞེས་བྱ་བ་གསུངས་ཏེ། སྲིད་པའི་ཞགས་པ་ཞེས་བྱ་བ་ནི་ལྕགས་སྒྲོག་ལྟ་བུའི་རྣམ་པ་ལྕི་བའི་དུས་ཀྱི་འོག་ཏུ་ནམ་མཁའ་ལས་འཕྱང་བར་སྣང་བར་འགྱུར་རོ་ཞེས་མན་ངག་ལས་ཤེས་པར་བྱའོ། །རྟག་འཇིག་པ་ཞེས་བྱ་བ་ནི་དེས་བློ་དམན་པ་རྣམས་ཀྱི་རྣམ་ཤེས་
དཀྲུགས་ཤིང་བརྒྱལ་བར་གྱུར་པས་སོ། །དེ་ཡི་འགྲོ་བ་མི་མཐོང་ངོ་། །ཞེས་བྱ་བ་ནི་བདེ་འགྲོ་ལ་སོགས་པའི་དམིགས་པ་མི་དྲན་ཅིང་མཚམས་སྦྱོར་བར་མི་ནུས་པའོ། །ཡང་ན་མན་ངག་དང་བྲལ་བ་ནི་མི་མཐོང་བའོ། །དེ་དག་གི་དོན་ནི་འདི་ཡིན་ཏེ། ཉེ་བའི་སྐྱེ་བའི་ལས་ཀྱི་བག་ཆགས་ཀྱིས་མཚམས་སྦྱོར་བ་
ནི་འཆི་ཀ་མའི་སེམས་ཀྱི་ཁྱད་པར་ཡིན་ལ། དེ་ཡང་སྲིད་པའི་ཞགས་པ་མཐོང་བས་སེམས་དཀྲུགས་ཤིང་མྱོས་ན། རང་དགའ་བ་དེ་བློ་དམན་པ་ཁ་ཅིག་ལ་ཇི་ལྟར་སྐྱེ་བར་འགྱུར། རང་བཞིན་གྱིས་བློ་བརྟན་པ་ཁ་ཅིག་ལ་སྐྱེ་རུ་རུང་ཡང་བླ་མའི་གདམས་ངག་དང་བྲལ་བ་ཡིན་ནོ། །འདུ་ཤེས་རྣམ་པ་ལྔ་ཞེས་

བྱ་བ་ནི་ལྷའི་ལུས་ལ་སོགས་པར་དམིགས་པའོ། །ལྟ་བ་ལྔ་ཡིས་ཕ་རོལ་འགྲོ། །ཞེས་བྱ་བ་ལ་ལྟ་བ་ནི་བསོད་ནམས་ལ་སོགས་པའི་བློའི་ཁྱད་པར་ཏེ་ང་རྒྱལ་ལོ། །དེ་ཉིད་གསུངས་པ། ལྷའི་ཡེ་ཤེས་གསང་བར་སྟོན། །ཞེས་བྱ་བ་ལ་སོགས་པ་སྟེ། གསང་བ་ནི་བསོད་ནམས་ཀྱི་བློའོ། །སྟོན་པ་ནི་ལྟ་བའོ། །
ལྷ་ནི་དེས་ལྷར་སྐྱེ་བ་སྟེ། གང་གི་འཆི་ཀའི་སེམས་བསོད་ནམས་ཀྱི་རང་བཞིན་གྱི་བློའི་ང་རྒྱལ་གྱིས་གནས་པ་དེ་ལྟར་སྐྱེ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཡང་དེ་ལྟར་བལྟ་བར་བྱའོ། །ཁྲོ་བ་ཞེས་བྱ་བ་ནི་ཁྲོ་བའི་ང་རྒྱལ་ལོ། །གཞན་པ་ཞེས་བྱ་བ་ནི་ཞུམ་ཞིང་སེར་སྣའི་ང་རྒྱལ་ལོ། །འཇིགས་པས་
གནོན་ཞེས་བྱ་བ་ནི་ཁྲོ་བ་དང་སྐྲག་པའི་ང་རྒྱལ་ལོ། །བླུན་པ་ཞེས་བྱ་བ་ནི་རྨོངས་ཤིང་དམན་པའི་ང་རྒྱལ་ལོ། །སེམས་མེད་པ་ཞེས་བྱ་བ་ནི་ཤིན་ཏུ་ཡང་བླུན་པའོ། །བརྟན་པ་ཞེས་བྱ་བ་ནི་མི་གཡོ་བ་སྟེ། ཆུ་དང་མེ་ལ་སོགས་པའི་སྲོག་ཆགས་ཤིན་ཏུ་ཕྲ་ཞིང་གཟུང་དུ་མེད་པས་སྐྱེ་བའོ། །རྒྱུའི་ཡེ་ཤེས་
རྣམ་པ་ལྔ། །ཞེས་བྱ་བ་ནི། བརྟན་པ་མ་གཏོགས་པ་སྔར་བཤད་པ་རྣམ་པ་ལྔའོ། །ད་ནི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར། གླེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླེན་པ་ཞེས་བྱ་བ་ནི་བློ་དམན་པའོ། །བསྒྲིབས་པས་ཞེས་བྱ་བ་ནི་སྨན་ལ་སོགས་པས་ཤེས་པ་ཉམས་པའོ། །ལྐུགས་པ་ནི་སྨྲ་
བར་མི་ནུས་པའོ། །བྱིས་པ་ནི་ཤེད་མ་ཕྱེད་པའོ། །ཤེས་འདོད་ཤེས་པ་ཅན་ཞེས་བྱ་བ་ནི་ལོག་པའི་ང་རྒྱལ་ཅན་རྣམས་སོ། །སེམས་ཅན་ཡོངས་སུ་མ་སྨིན་དང་། །ཞེས་བྱ་བ་ནི་བསོད་ནམས་དང་སྡིག་པའི་རང་བཞིན་མི་ཤེས་པའོ། །བླ་མའི་ལམ་ནི་སུན་འབྱིན་པ། །ཞེས་བྱ་བ་ནི་བདེ་བར་
གཤེགས་པའི་གསུང་རབ་ལ་ཞེ་སྡང་བའོ། །ཡང་ན་ཐབས་དང་ཤེས་རབ་ཀྱི་ལམ་ལ་སྨོད་པའོ། །དེ་དག་ཀུན་གྱིས་མི་ཤེས་ཏེ། །ཞེས་བྱ་བ་ནི། དེ་དག་ནི་རྨོངས་པ་སྟེ་བསྟན་པ་ལྟར་ཡང་དག་པའི་སེམས་མེད་པའི་ཕྱིར་རོ། །ཅི་ཞིག་མི་ཤེས་ཤེ་ན། གསང་ཆེན་སངས་རྒྱས་སྤྱོད་ཡུལ་ཏེ།
ཉན་ཐོས་ལ་སོགས་པའི་ཡུལ་ལས་ཤིན་ཏུ་རིང་བར་སོང་བའི་ཕྱིར་རོ། །དེ་ཉིད་མི་ཤེས་ནས་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་ཞུས་པ་ཡིན་ནོ། །ཡེ་ཤེས་དེ་ཉིད་བྱེ་བྲག་དག །ཅེས་བྱ་བ་ནི་ལན་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ཉིད་ནི་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ། །འོ་ན་ཅིའི་ཕྱིར་

འཁོར་ཞེ་ན། ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པ་ཡིན་ཡང་རྨོངས་པ་ཟིལ་གྱིས་མནན་ནས་གཉིས་སུ་མངོན་པར་ཞེན་པར་བྱས་པའི་ལས་ཀྱིས་སྤྲུལ་ཞིང་བསྐྱེད་པའི་ཕྱིར་རོ། །གང་ལས་ཤེ་ན། ཡེ་ཤེས་བྱེ་བྲག་ལས་ཏེ་ལྷན་ཅིག་སྐྱེས་པ་ལས་སོ། །དམན་དང་རབ་
དམན་དམན་པ་ཅན། །ཞེས་བྱ་བ་ལ་སོགས་པས་ནི། ལས་ཀྱི་སྤྲུལ་པའི་ཁྱད་པར་ཏེ། དམན་པ་ནི་ཡི་དགས་བཀྲེན་པའོ། །རབ་ཏུ་དམན་པ་ནི་འདྲེ་རྣམས་སོ། །དམན་པ་ཅན་ནི་ན་ངར་སྣབས་ཟ་བ་ལ་སོགས་པའོ། །གྲུབ་པ་པོ་ཞེས་བྱ་བ་ནི་ལྷ་རྣམས་སོ། །གསང་བ་ཞེས་བྱ་བ་ནི་མི་སྣང་བར་རྒྱུ་བའི་
གནོད་སྦྱིན་གྱི་ཁྱད་པར་རོ། །ཡི་དགས་ཞེས་བྱ་བ་ནི་ཡི་དགས་ཁྱད་པར་ཅན་ནོ། །གསལ་བའི་གཟུགས་སུ་མངོན་བརྗོད་པ། །ཞེས་བྱ་བ་ནི་གཟུགས་ན་སྤྱོད་པ་ལ་སོགས་པའོ། །ཕྲ་མོ་ཞེས་བྱ་བ་ནི་ཆུ་ལ་སོགས་པའི་སྐྱེ་བོ་ཕྲ་མོ་རྣམས་སོ། །སྒོ་ང་ལས་བྱུང་བ་ནི་སྒོ་ང་ལས་སྐྱེས་པའོ། །ཆུ་དང་ཞེས་བྱ་བ་
ནས་བྲག་ལ་སོགས་པ་ཞེས་བྱ་བའི་བར་དུ་བརྟན་པ་རྣམས་ནི་ཆུ་ལ་སོགས་པའི་རང་བཞིན་གྱི་སྐྱེ་བོ་ཕྲ་མོ་གཟུང་བར་མི་ནུས་པ་རྣམས་སོ། །ཐམས་ཅད་ཡེ་ཤེས་བྱིན་གྱིས་བརླབས། །ཞེས་བྱ་བ་ནི་གཉིས་སུ་མངོན་པར་ཞེན་པའི་ལས་ཀྱི་དབང་གིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལས་སྐྱེས་ཤིང་སྤྲུལ་
པའོ། །སྣང་བ་ཐམས་ཅད་དེ་ཉིད་ཀྱི། །ཡེ་ཤེས་མེད་ན་སྐྱེ་མི་འགྱུར། །ཞེས་བྱ་བ་ནི་སྐྱེ་བ་གནས་བཞིས་བསྡུས་པའི་སྐྱེ་བོ་ཐམས་ཅད་རང་རང་གི་རང་རིག་པའི་ཡེ་ཤེས་མྱོང་བ་ལ་སྐྱེས་པའོ། །ཡང་ན་བརྟན་པ་དང་གཡོ་བའི་འགྲོ་བ་ཐམས་ཅད་རང་གི་ཡེ་ཤེས་ཙམ་གྱི་སྣང་བ་ཡིན་ཏེ། གཞན་དུ་ན་སྣང་
བར་མི་འགྱུར་སྙམ་དུ་དགོངས་པ་ཡིན་ནོ། །དེས་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་གསལ་བར་མཛད་པ་ཡིན་ནོ། །དེ་ལྟར་འཁོར་བ་ལས་འདྲེན་པར་བྱེད་པ་ནི་གསང་སྔགས་ཀྱི་ཐེག་པ་ཉིད་ཡིན་པར་བསྟན་པའི་ཕྱིར། སྐྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་
བ་ནི་གསང་སྔགས་ཀྱི་ཐེག་པའི་ལམ་མོ། །ཡང་ན་གསང་སྔགས་ཀྱི་ཐེག་པ་ལ་དད་པ་ནི་སྐྱེ་བ་མང་པོར་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཤིང་དགེ་བའི་རྩ་བ་སྨིན་པ་ལ་སྐྱེའི་གཞན་དུ་ནི་མ་ཡིན་ནོ་ཞེས་རྙེད་པར་དཀའ་བ་སྟོན་ཏོ། །རྣལ་འབྱོར་བསྟན་བཅོས་མཚན་མ་ཡིས། །ཞེས་བྱ་བ་ནི་

གསང་སྔགས་ཀྱི་ཚུལ་ལ་མོས་པས་སོ། །ཕྱི་རོལ་བསྟན་བཅོས་སྒྲ་སུན་དབྱུང་། །ཞེས་བྱ་བ་ནི་སྒྲ་ལ་སོགས་པ་ལ་ལྟོས་པའི་ཕྱི་རོལ་གྱི་བསྟན་བཅོས་སྤངས་པའོ། །ལྷག་མ་ནི་གོ་སླའོ། །རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ནི་མི་ཕྱེད་པའི་ཤེས་པའོ། །རྣམ་
པར་འཕྲུལ་པ་ནི་དེ་ལས་འགྲོ་བ་སྣ་ཚོགས་སུ་སྣང་བའོ། །འབྱུང་བ་ནི་བསྟན་པའོ། །རིམ་པར་ཕྱེ་བ་ནི་དོན་དེའི་གཞུང་གི་ཚོགས་ཏེ་སུམ་ཅུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔའ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་པའི་རྣམ་པར་བཤད་པའོ།། །།ད་ནི་གཉིས་སུ་མེད་
པའི་ཡེ་ཤེས་ཀྱི་རང་བཞིན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་རང་བཞིན་རྣམ་པར་དག་པའི་རྡོ་རྗེ་དང་དྲིལ་བུ་རྣལ་འབྱོར་པས་གཟུང་བར་བྱ་བའི་ཕྱིར་དེའི་ཚད་དང་མཚན་ཉིད་སྟོན་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་
བསྟན་པའི་འོག་ཏུའོ། །རྡོ་རྗེ་སེམས་སོགས་ལྷ་རྣམས་སུ། །ཞེས་བྱ་བ་ནི། རྩེ་མོ་ལ་སོགས་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷའི་རྣམ་པར་དག་པ་སོ་སོའི་ངེས་པའོ། །རྡོ་རྗེ་དག་ནི་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་རྣམས་དང་འབྲེལ་བའི་རྡོ་རྗེའི་ཁྱད་པར་རྣམས་སོ། །
ལེགས་པར་བརྡུང་ཞེས་བྱ་བ་ནི་མཚན་ཉིད་དང་ལྡན་པར་རོ། །ཀུན་གྱིས་ཤིན་ཏུ་བརྒྱན་པ་ཞེས་བྱ་བ་ནི་ཆུ་སྲིན་གྱི་ཁ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཡང་ན་ཤིང་ལ་སོགས་པ་ལས་བྱས་པ་ཡིན་ན། ཚོན་རྩིས་ཁ་བསྒྱུར་བའོ། །ཆ་གསུམ་དུ་ནི་བཟུང་ནས་སུ། །ཞེས་བྱ་བ་ནི་ར་
གཉིས་དང་ལྟེ་བའི་སྲིད་ཀྱི་ཆ་གསུམ་མཉམ་པོར་བྱ་བའོ། །ཆ་བརྒྱད་སྐེ་རགས་ཀྱིས་ནི་བརྒྱན། །ཞེས་བྱ་བ་ལ་ཆ་བརྒྱད་ནི་ཡན་ལག་འབྱེས་པའོ། །སྐ་རགས་ཞེས་བྱ་བ་ནི་རྩེ་མོའི་འོག་ན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྐ་རགས་ཀྱིས་བསྐོར་བར་བྱ་སྟེ། ཁ་ཁྱེར་ཞེས་བྱ་བར་གྲགས་པའོ། །ཡང་ན་
ཆ་གསུམ་ཞེས་བྱ་བ་ཆ་གསུམ་པ་སྟེ་དབུས་ཀྱི་ལྟེ་བའོ། །སྐ་རགས་ནི་དེ་ལ་རི་མོ་གཉིས་ཀྱིས་བསྐོར་བ་སྟེ། འདིར་གསུམ་པའི་སྒྲ་མི་མངོན་པ་ཡིན་ནོ། །ཕྱོགས་ལ་སོགས་པ་ཇི་བཞིན་དུ། །ཞེས་བྱ་བ་ལ་ཤར་ལ་སོགས་པའི་ཕྱོགས་ན་གནས་པའི་ལྷ་རྣམས་ཀྱི་རང་རང་གི་ཕྱོགས་ཇི་བཞིན་དུའོ། །

དབུ་མ་ཉིད་དང་སངས་རྒྱས་དགུ། །ཞེས་བྱ་བ་ནི། དབུས་ཀྱི་རྡོ་རྗེ་འཛིན་པ་དང་ལྷ་དགུ་སྟེ། དེ་རྣམས་ཀྱི་སོ་སོར་རྩེ་མོ་དགུ་པ་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ། སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་།
འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོ་དང་། འཇམ་དཔལ་དང་། བྱམས་པ་རྣམས་བལྟ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྩེ་མོ་དགུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩེ་མོ་དགུ་ལ་ལྷ་དགུས་སོ་སོར་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་དོན་
ཏོ། །ཆུ་སྲིན་ལས་ནི་འབྱུང་བ་ཡི། །རྩེ་མོ་པདྨ་ཟླ་བར་གནས། །ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལས་བྱུང་བའི་རྩེ་མོ་རྣམས་ཆུ་སྲིན་ཁ་ནས་དབྱུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྩེ་དགུ་ཞེས་བྱ་བ་ནི་ངོས་རེ་རེ་ཞིང་ངོ་། །དབུ་མ་རིང་པོ་ཉིད་ཀྱིས་སུ། །ཆ་གསུམ་གྱི་
ནི་ཚད་དག་བྱ། །ཞེས་བྱ་བ་ནི། སྔར། ཆ་གསུམ་དུ་ནི་གཟུང་བར་བྱ། །ཞེས་བྱ་བའི་བཤད་པ་ཡིན་ཏེ། རྡོ་རྗེའི་ར་དབུ་མ་ར་གཞན་ལས་ཅུང་ཟད་རིང་བ་དེའི་ཚད་ཀྱི་ཆ་གསུམ་ཡིན་གྱི། ར་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཐུན་མོང་ཚད་ཡིན་ནོ། །ཞེས་བྱ་བ་ནི་ཆ་མཉམ་པོ་གསུམ་
དུ་བགོ་བ་འདི་ནི་རྡོ་རྗེ་ཐམས་ཅད་ཀྱི་ཚད་ཡིན་གྱི། རྩེ་དགུ་པ་འབའ་ཞིག་གི་མ་ཡིན་པའོ། །ཡང་རྡོ་རྗེ་ཐམས་ཅད་ཀྱི་ཐུན་མོང་གི་མཚན་ཉིད་གསུངས་པ། ཀུན་གྱི་རྩེ་མོ་དབུ་མ་ཟླུམ། །ཞེས་བྱ་བ་ལ་སོགས་པ་ལ། རྩེ་དགུ་པ་ལ་སོགས་པ་ཀུན་གྱི་རྩེ་མོ་སྟེ་ར་དབུ་མ་ཟླུམ་པོར་བྱའོ། །ཐ་མའི་ར་
རྣམས་ནི་མན་ངག་ལས་གྲུ་བཞི་པར་ཤེས་པར་བྱའོ། །ཕྱོགས་སོགས་རྩེ་མོ་འདུད་པས་གནས། །ཞེས་བྱ་བ་ཕྱོགས་ལ་སོགས་པའི་ར་རྣམས་ཀྱི་རྩེ་མོ་བཀུག་ནས་ར་དབུ་མ་ལ་འདུད་པར་བྱའོ། །དབུས་ནི་ཟུར་བརྒྱད་དག་ཏུ་བྱ། །ཞེས་བྱ་བ་ནི་རྡོ་རྗེ་དབུ་མའི་ཆ་ལྟེ་བ་གང་ཡིན་པ་དེ་ནི་ཆ་བརྒྱད་པར་
བྱ་བའོ། །ཆ་བརྒྱད་པ་དེ་ཅི་འདྲ་ཞེ་ན། རིན་ཆེན་མ་ར་ཀ་ཏ་ལྟར། །དེ་ནི་ཅུང་ཟད་ཟུར་བརྒྱད་བྱ། །ཞེས་བྱ་བ་སྨོས་ཏེ་གོ་སླའོ། །ཁ་ཅིག་ནི་ཚིག་རྐང་ཐ་མ་དེ་གཉིས། ཀུན་གྱི་རྩེ་མོ་དབུས་མ་ཟླུམ། །ཞེས་བྱ་བའི་བཤད་པ་ཡིན་པར་འདོད་དོ། །སྟེང་དང་འོག་དང་དབུས་དག་ནི། །སོ་སོར་ཆ་ནི་གསུམ་

གསུམ་འདོད། །ཅེས་བྱ་བ་ལ། སྟེང་དང་འོག་དང་དབུས་ཞེས་བྱ་བ་ནི་སྔར་ཆ་གསུམ་དུ་གཟུང་ཞིང་བཤད་པའོ། །སོ་སོར་ཆ་ནི་གསུམ་གསུམ་འདོད། །ཅེས་བྱ་བ་ནི་དེ་རེ་རེ་ཞིང་ཡང་ཆ་གསུམ་གསུམ་དུ་བགོས་ལ། དབུ་མའི་དབུ་མ་ཟུར་བརྒྱད་པར་བྱ་བའི་ཆ་གཉིས་པོ་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ན། དབུས་
ཀྱི་ཆ་ཡི་ཚད་ལྡན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་ར་གཉིས་ཀྱི་ཡང་སོ་སོར་དབུ་མ་ཅུང་ཟད་སྦོམ་པར་བྱས་ལ། ཐ་མ་ཆ་གཉིས་གཉིས་ནི་ཕྲ་བར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །ཡང་ནི་སོ་སོར་ཞེས་བྱ་བ་ནི་ཆུང་ངུ་ལ་སོགས་པའི་དབྱེ་བ་ཀུན་ལ་སོ་སོར་རོ། །ལྷག་མ་ནི་སྔར་
བཤད་པ་བཞིན་སྦྱར་བར་བྱའོ། །སྟེང་གི་པདྨ་ཟླ་བ་ནི། །དྲུག་ཆ་ཀུན་ནས་ཟླུམ་པོར་བྱ། །ཞེས་བྱ་བ་དྲུག་ཆ་ཞེས་བྱ་བ་ནི་འོག་ནས་བཤད་པར་བྱའོ། །ཀུན་ནས་ཟླུམ་པོར་བྱ་ཞེས་བྱ་བ་ནི། །ཟླ་བའི་སྟེང་གི་ཁ་ཁྱེར་ཏེ་དེའི་ཚད་དྲུག་ཆར་བྱ་བའོ། །དེ་དག་ལ་ནི་སེང་གེའི་སྣ། །ནས་ཕྱེད་ཙམ་དུ་
མཐོ་བར་བྱ། །ཞེས་བྱ་བ་ལ་དེ་དག་ལ་ཞེས་བྱ་བ་ནི་ཟླ་བ་ལས་བྱུང་སྐྱེས་པའོ། །སེང་གེའི་སྣ་ཞེས་བྱ་བ་ནི་ཆུ་སྲིན་གྱི་སྣའོ། །དེ་ནས་ཕྱེད་ཙམ་ཞེས་བྱ་བ་ནི་རྡོ་རྗེའི་ར་ལས་ཕྱིར་འཕགས་པའི་ཚད་དོ། །ད་ནི་སྔར་ཐལ་བའི་དྲུག་ཆ་བསྟན་པའི་ཕྱིར། མཆེ་བ་ཡི་ནི་མཐར་གནས་པ། །དེ་ཡི་དྲུག་
ཆ་ཞེས་བྱར་གྲགས། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་རའི་ཆ་གང་ཆུ་སྲིན་གྱི་ཁ་ནས་བྱུང་བའི་མཐའ་ནང་དུ་ཞུམ་པ་དེའི་དྲུག་ཆར་ཤེས་པར་བྱའོ། །དེ་དག་ནི་ཐུན་མོང་གི་ཚད་དང་མཚན་ཉིད་དོ། །ད་ནི་རྩེ་དགུ་པའི་ཚད་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། ཆ་ནི་ཉི་ཤུ་རྩ་བདུན་ལ། །སོ་སོ་རུ་ནི་དགུ་དགུར་
འདོད། །ཅེས་བྱ་བ་གསུངས་ཏེ་དེ་ལ། ཆ་ནི་ཉི་ཤུ་རྩ་བདུན་ལ། །ཞེས་བྱ་བ་ནི། སྔར་ཆ་དགུ་དགུར་བགོས་པ་དེ་རེ་རེ་ཞིང་ཡང་གསུམ་གསུམ་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །དེས་ཅི་ཞིག་བྱ་ཞེ་ན། ར་སོ་སོའི་ཆ་དྲུག་དྲུག་བོར་བ་རྩེ་མོའི་ཆ་གསུམ་གསུམ་པོ་རིམ་གྱིས་ཕྲ་བར་བྱའོ་ཞེས་བྱ་བ་ནི་མན་ངག་
གོ། །སོ་སོ་རུ་ནི་དགུ་དགུར་འདོད། །ཅེས་བྱ་བ་ནི། ངོས་གཉི་ཀའི་རྩེ་མོ་དགུ་དགུ་བཅོ་བརྒྱད་དུ་བྱ་བའོ། །ཆ་གསུམ་བླ་མའི་ཐ་མ་ནི། །ཞེས་བྱ་བ་འདི་ནི་ཡང་ཐུན་མོང་གི་མཚན་ཉིད་སྟོན་པ་ཡིན་ཏེ། རྩེ་མོ་རེ་རེ་ཞིང་ཡང་ཆ་དགུ་དགུར་བགོས་པའི་རྩེ་མོའི་ངོས་ཀྱི་ཆ་གསུམ་ནི་བླ་མའི་མཐའ་མ་སྟེ།

རིམ་གྱིས་ཕྲ་བར་བྱའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། སྟེང་གི་ཆ་གཉིས་སྤངས་ནས་ནི། །ཞེས་བྱ་བ་གསུངས་ཏེ། སྟེང་གི་ར་རྣམས་སོ། །ཆ་གཉིས་ནི་ལྟེ་བ་དང་འབྲེལ་བའི་ཆ་དྲུག་དྲུག་གོ། །དབུས་ཀྱི་མཐའ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ནི། ར་དབུ་མ་ཟླུམ་པའི་རྩེ་མོ་
ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །འདབ་མ་ལ་ནི་གང་གནས་པའི། །ཆུ་སྲིན་ཆ་གཅིག་ཉིད་ཡིན་ཏེ། །ཞེས་བྱ་བ་ལ། འདབ་མ་ལ་ནི་གང་གནས་པ། །ཞེས་བྱ་བ་ནི། པདྨའི་སྟེང་གི་ཟླ་བ་ལས་བྱུང་བའི་ཕྱི་རོལ་གྱི་ར་རྣམས་ཏེ་འདབ་མའི་ཆ་ལ་གནས་པའི་ཕྱིར་རོ། །ཆུ་སྲིན་ཆ་གཅིག་ཉིད་
ཡིན་ཏེ། །ཞེས་བྱ་བ་ནི། ཆུ་སྲིན་གྱི་དཔངས་ར་དེའི་རྩ་བའི་བཞི་ཆར་བྱའོ། །དེ་ཡི་ཕྱེད་དུ་སྐ་རགས་འདོད། །ཅེས་བྱ་བ་ནི་ལྟེ་བའི་སྐ་རགས་སོ། །རྡོ་རྗེ་ཀུན་ལ་བློ་ལྡན་པས། །ཆུ་དང་ཞེང་ནི་མཉམ་པོར་བྱ། །ཞེས་བྱ་བ་ལ་རྡོ་རྗེ་ཀུན་ནི་རྡོ་རྗེ་ཐམས་ཅད་ཀྱི་ཐུན་མོང་དུ་བྱའོ། །ཞེང་ཞེས་བྱ་བ་ནི་ར་
གཉིས་ཀྱི་ཆ་ཀུན་ནས་བསྐོར་བ་སྟེ། དེ་དང་ཆུར་མཉམ་པོར་བྱ་བའོ། །བློ་ལྡན་ནི་ཤེས་རབ་དང་ལྡན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆ་ལ་སོགས་པ་སྔོན་དུ་ནི། །ཇི་ལྟར་བསྟན་བཞིན་ལྡན་པར་བྱ། །ཞེས་བྱ་བ་ནི་རྒྱུད་འདི་ཉིད་ཀྱི་སྔར་བསྟན་པ་དང་གཞན་དག་ཏུ་བསྟན་པ་ཡང་བསྡུ་བར་བྱའོ། །དེ་
ལ་རྡོ་རྗེ་ཀུན་གྱི་ཚད་ནི་འདིར་གསལ་པོར་མ་གསུངས་ཏེ། འོག་ནས་དྲིལ་བུའི་ཚད་སོར་དྲུག་ནས་སོར་ཉི་ཤུའི་བར་དུ་བསྟན་པ་ཉིད་ཀྱིས་རྡོ་རྗེའི་ཚད་ཀྱང་ཤེས་པར་བྱའོ། །ཁ་ཅིག་ནི་ཇི་ལྟར་འདོད་པ་བཞིན་དུ་བྱའོ་ཞེས་ཟེར་རོ། །དམ་ཚིག་རྡོ་རྗེ་ཞེས་བྱ་བ་ལ་དམ་ཚིག་ནི་དེ་བཞིན་གཤེགས་པ་ལྔའོ། །དེ་
དང་གྲངས་མཉམ་པའི་ར་རྡོ་རྗེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཀུན་གྱི་དབུས་སུ་རྣམ་སྣང་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། སྟེང་གི་ཆའི་ར་རྣམ་པ་ལྔ་དེ་བཞིན་གཤེགས་པ་ལྔས་སྦྱང་བ་བསྟན་པ་ཡིན་ཏེ་གོ་སླའོ། །འོག་གི་ཆའི་ར་ལྔ་ནི་འོག་ནས་བཤད་པར་
བྱའོ། །ར་དགུ་པ་ལ་ཡང་ཡེ་ཤེས་ལྔ་རྣམ་པར་དག་པའི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་དོན་གྱིས་ཤེས་པར་བྱའོ། །པདྨ་ཞེས་བྱ་བ་ལ་སོགས་པ་ལ། ས་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བརྒྱད་དོ། །གནོད་སྦྱིན་བདག་ཅེས་བྱ་བ་ནི་ཕྱག་ན་རྡོ་རྗེའོ། །ལྷག་མ་ནི་གོ་སླའོ། །

དབུས་སུ་ཞེས་བྱ་བ་ནི་ལྟེ་བ་ལའོ། །ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་འོ། །བཅུ་གསུམ་ཞེས་བྱ་བ་ནི་སུམ་ཅུ་པའི་ལྷ་རྣམས་ཏེ། དེ་དག་ཀྱང་འདིར་ཐིམ་པར་བསྒོམ་པར་བྱའོ། །གཞན་ཡང་འདབ་བརྒྱད་ཅེས་བྱ་བ་ལ་སོགས་པས་ནི། འོག་གི་ཆའི་པདྨའི་འདབ་མ་དང་རྡོ་རྗེའི་རྩེ་མོ་
རྣམས་སྦྱང་བ་སྟོན་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །རྩེ་མོ་རྣམས་ཀྱི་གསུངས་པ། རྩེ་མོ་དག་ནི་རྣམ་པ་ལྔ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་གི་དོན་ཡང་གསལ་ལོ། །དབུས་སུ་ཡེ་ཤེས་མཁའ་འགྲོ་མ། །ཞེས་བྱ་བ་
ནི། ར་དབུས་མ་ཡེ་ཤེས་མཁའ་འགྲོ་མས་བྱིན་གྱིས་བརླབས་པའོ། །རྩེ་དགུ་པའི་ཕྱོགས་ལ་ཡང་འོག་གི་ར་རྣམས་ཕུང་པོ་ལྔ་དག་པའི་རང་བཞིན་དུ་སྦྱར་བར་བྱའོ། །དམ་ཚིག་རྡོ་རྗེ་བསྒོམ་པར་བྱ། །ཞེས་བྱ་བ་ལ། མི་འདའ་བའི་དོན་གྱིས་ན་དམ་ཚིག་སྟེ། ཅི་ཞིག་ཅེ་ན། རྡོ་རྗེ་
སྟེ་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དོ། །བསྒོམ་པ་ནི་དེར་ལྷག་པར་མོས་པར་བྱའོ། །རྣམ་པ་གཞན་དུ་གསུངས་པ། འདུག་པ་རྡོ་རྗེ་རྩེ་གསུམ་སྟེ། །ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ལྷག་མ་ངེས་པར་འདུལ་བྱེད་པ། །ཞེས་བྱ་བ་ལྷག་མ་ཞེས་བྱ་བ་ནི་ཡང་རྩེ་གསུམ་པའི་རྡོ་རྗེའོ། །
ངེས་པར་འདུལ་བ་ཞེས་བྱ་བ་ནི་ལྷ་མ་ཡིན་འཇོམས་པ་སྟེ་དེ་ནི་དེའི་ཕྱིར་བྱ་བའོ། །ཞི་ལ་ཞི་བའི་ལྷ་ཉིད་དེ། །ཞེས་བྱ་བ་ལ་ཞི་བ་ནི་དྲག་པོའི་རྡོ་རྗེ་གདེངས་པོ་ལ་ལྟོས་ནས་ཁ་ཟུམ་པའི་རྡོ་རྗེའོ། །ཞི་བའི་ལྷ་ཉིད་ཅེས་བྱ་བ་ནི་ཞི་བའི་ལྷའི་བསྒྲུབ་པའོ། །རིགས་ཀྱི་རིམ་པའི་ཆོ་གས་དབྱེ། །ཞེས་
བྱ་བ་ནི། ཞི་བ་དང་ཁྲོ་བོ་ལ་སོགས་པའི་ལྷའི་དབྱེ་བས་རྡོ་རྗེའི་ཁྱད་པར་གྱིས་སོ་སོར་བསྒྲུབས་ན། བྱ་བ་ཐམས་ཅད་ཅེས་བྱ་བ་ཞི་བ་ལ་སོགས་པའི་ལས་བྱེད་པ་སྟེ། འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ད་ནི་རྒྱན་གྱི་མཚན་ཉིད་ཀྱི་རྡོ་རྗེ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆ་ཞེས་
བྱ་བ་ནི་སོར་མོའོ། །ལྷག་མ་ནི་གོ་སླ་བས་མ་ཕྱེའོ། །དེ་ལྟར་རྡོ་རྗེའི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་དྲིལ་བུའི་མཚན་ཉིད་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དབུས་ཀྱི་ཁོག་པ་ཞེས་བྱ་བ་ནི་ནང་གི་བུ་ག་སྟེ་ཡངས་པར་བྱ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །དེས་ཅིར་འགྱུར་ཞེ་ན། ཟབ་

པ་ཞེས་བྱ་བ་གསུངས་ཏེ། སྒྲ་སྙན་ཅིང་ཟབ་ལ་རིང་བར་འགྱུར་བའོ། །ཐམས་ཅད་དགའ་བྱེད་བཅུད་ཀྱིས་གནས། །ཞེས་བྱ་བ་ནི། ཐམས་ཅད་དུ་དགའ་བ་བསྐྱེད་པར་བྱ་བའོ། །གཞུང་ཁ་ཅིག་ལས། ཐམས་ཅད་དུ་ནི་དགའ་བའི་མཆོག །ཅེས་འབྱུང་སྟེ། དེའི་དོན་ཡང་འདི་ཉིད་ཡིན་པར་
བལྟ་བར་བྱའོ། །པདྨ་ཞེས་བྱ་བ་ལ་སོགས་པས་ནི་རྩེ་མོ་དགུ་པའི་དྲིལ་བུའི་མཚན་ཉིད་བསྟན་པ་ཡིན་ཏེ། དྲིལ་བུའི་ཁོག་པའི་སྟེང་ན་ཤེས་རབ་ཀྱི་ཞལ་གནས་པའི་འོག་གི་ཉེ་འཁོར་དུ་པདྨ་འདབ་མ་བརྒྱད་པ་བྱས་ལ། དེར་ལྷ་མོ་བརྒྱད་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་སྟེང་དུ་ཞེས་བྱ་བ་ནི་
པདྨ་འདབ་མ་བརྒྱད་པའི་སྟེང་དུའོ། །ལྷ་མོ་ཞེས་བྱ་བ་ནི་བསམ་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཅི་ལས་ཤེ་ན། ས་བོན་བརྒྱད་ལས་ཏེ་ཏཾ་ལ་སོགས་པའི་ས་བོན་བརྒྱད་བཀོད་པ་ལས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཤར་ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། མདོག་མཛེས་ཞེས་བྱ་བ་ནི་ལྷ་
མོ་ནོར་རྒྱུན་མའོ། །སྦྲང་རྩི་ཞེས་བྱ་བ་ནི་སྐུལ་བྱེད་མའོ། །ཡིད་འོང་མ་ཞེས་བྱ་བ་ནི་ཁྲོ་གཉེར་མའོ། །རིན་ཆེན་འཁྱིལ་མ་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་གྱི་མིང་ངོ་། །ནམ་མཁའི་ཕྱོགས་ཞེས་བྱ་བ་ནི་སྙིང་པོ་ལ་བྱའི་ནམ་མཁའ་ཉིད་ནི་མ་ཡིན་ནོ། །གཟུགས་རྫོགས་བསྐོར་བས་ཡང་དག་
གནས། །ཞེས་བྱ་བ་ནི་ཡེ་ཤེས་བདུད་རྩིའི་བུམ་པའི་རྩ་བར་རི་མོ་གསུམ་གྱིས་བསྐོར་བའོ། །པདྨ་རྒྱས་པ་ལྟ་བུའི་དབྱིབས། །ཞེས་བྱ་བ་ནི་ཁོག་པའི་དབྱིབས་སོ། །གཟུགས་མེད་སྲིད་པའི་ཕྱོགས་སུ་ནི། །ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་དང་རི་མོ་གསུམ་གྱི་སྟེང་གི་དབྱིག་པའི་རྩ་བའི་
ཆའོ། །དེ་ཅི་འདྲ་ཞེ་ན། ཡེ་ཤེས་བདུད་རྩིའི་བུམ་པ་འདྲ། །ཞེས་བྱ་བ་སྟེ། བདུད་རྩིའི་བུམ་པའི་དབྱིབས་ལྟ་བུའོ། །ཤེས་རབ་བདུད་རྩིའི་གནས་ཡིན་ཏེ། །ཞེས་བྱ་བ་ལ་ཤེས་རབ་དང་ཡེ་ཤེས་ཉིད་བདུད་རྩི་སྟེ་དེའི་གནས་དང་རྟེན་དུ་གྱུར་པའོ། །དེས་ན་བུམ་པའི་སྟེང་དུ་ཤེས་རབ་ཀྱི་ཞལ་
དབྱུང་ངོ་ཞེས་བྱ་བར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེའི་དབུས་ཀྱི་སྟན་ལ་ནི། །ཞེས་བྱ་བ་གསུངས་ཏེ། ཤེས་རབ་ཀྱི་ཞལ་བྲིའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ནི་འོག་ནས་སྟོན་མོད་ཀྱི་འདིར་སྨོས་པ་ནི་ཚེགས་མེད་པར་བྱ་བའི་ཕྱིར་རོ། །དབུས་ཀྱི་དབྱུག་པ་ཞེས་བྱ་བ་ནི་དྲིལ་བུའི་ལྕེ་དང་

སྟེང་གི་དབྱུག་པ་གཉི་ག་བཟུང་བར་བྱ་བའོ། །ཡེ་ཤེས་ཏེ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྲགས་པའོ། །ཨོཾ་ལྟར་མཆོག་ནི་སྩོལ་བར་གྲུབ། །ཞེས་བྱ་བ་ནི། དེ་ལྟ་བུའི་དྲིལ་བུ་དེ་ཨོཾ་ལྟར་བཀྲ་ཤིས་པར་བྱེད་པའི་ཕྱིར་རོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །
དེ་བཞིན་ནོ་ཞེས་བྱ་བ་ནི་རྩེ་མོ་དགུ་པའི་དྲིལ་བུ་ནི་རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་འཛིན་མ་ཞེས་བྱ་བའི་བར་དུའོ། །བདུད་རྩིའི་གནས་ཀྱི་དབུས་སུ་ནི། །ལྷ་མོ་ཡི་ནི་ཞལ་གཅིག་བྲི། །ཤེས་རབ་ཕ་རོལ་ཕྱིན་མའོ། །ཞེས་བྱ་བ་ལ། བདུད་རྩེའི་གནས་ནི་བུམ་པའོ། །གཅིག་ནི་གཉིས་སུ་མེད་པ་སྟེ། འདིས་ནི་
ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ལས་བྱུང་ཞེས་བྱ་བར་སྟོན་ཏོ། །གཟུགས་མཛེས་བསྐོར་བས་ཡང་དག་གནས། །ཞེས་བྱ་བ་ནི། སྔ་མ་ལྟར་ཤེས་རབ་ཀྱི་སྟེང་དུ་སྐ་རགས་ཀྱིས་བསྐོར་བས་མཛེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྟེང་གི་པདྨ་རྡོ་རྗེ་ནི། །ཞེས་བྱ་བ་ནི་དེའི་སྟེང་དུ་པདྨ་
དང་ཟླ་བ་དང་རྡོ་རྗེ་རྩེ་མོ་རྣམས་སྔ་མ་ལྟར་བྱ་བའོ། །སྔ་མ་བཞིན་དུ་བསམ་པར་བྱ། །ཞེས་བྱ་བ་ནི་དེ་དག་ལྷ་རྣམས་ཀྱིས་སྦྱང་བ་སྔར་བསྟན་པ་བཞིན་དུ་བྱ་བའོ། །དབུས་ཀྱི་ཡེ་ཤེས་དབྱུག་པ་སྟེ། །ཆ་བརྒྱད་ཀྱིས་ནི་མཛེས་པར་བྱ། །ཞེས་བྱ་བ་ནི། རྩེ་མོ་དགུ་པར་བྱ་བའོ། །ཡང་ན་དབུས་ཀྱི་རྩེ་
མོ་ཟླུམ་པོ་ཆ་བརྒྱད་དུ་བྱ་བའོ། །ད་ནི་རྡོ་རྗེ་མཁའ་འགྲོའི་དྲིལ་བུ་གསུངས་ཏེ། དེ་ནས་དཔའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ད་ནི་དེ་བཞིན་གཤེགས་པའི་དྲིལ་བུའི་མཚན་ཉིད་བཤད་པར་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའི་བདག་ཉིད་ཅན་གྱི་དྲིལ་བུའོ། །འཁོར་
བ་ལས་བྱུང་ཞེས་བྱ་བ་ནི་ཐུན་མོང་དུ་བལྟ་བར་བྱའོ། །དེ་ཉིད་ཀྱིས། ཀུན་ལ་འཁར་བའམ་ཡང་ན། །ལྕགས་གསུམ་ལས་བྱུང་དྲིལ་བུ་སྟེ། །ཞེས་བྱ་བ་སྨོས་སོ། །ད་ནི་དྲིལ་བུའི་ཚད་གསུངས་པ་སོར་བརྒྱད་ཅེས་བྱ་བ་ལ་སོགས་པ་སྟེ། སོར་ལྔ་མན་ཆད་སྤང་བར་བྱ། །ཞེས་བྱ་བ་ནི་སོར་དྲུག་ལས་
ཆུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་ཡང་ཆོ་གའི་རིམ་པ་བཞིན། །ཞེས་བྱ་བ་ནི་དཀྱུས་དང་ཞེང་གི་ཚད་རྗེས་སུ་མཐུན་པར་བྱ་བའོ། །དེ་ཉིད་ཀྱིས་ནི་རྡོ་རྗེའི་ཚད་དག་ཀྱང་ཤེས་པར་བྱའོ། །ལྷག་མ་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །རྡོ་རྗེ་དང་དྲིལ་བུའི་མཚན་ཉིད་དང་ཞེས་བྱ་བ་ལ་སོགས་པ་ལ་

མཚན་ཉིད་ནི་པདྨ་དང་ཟླ་བ་ལ་སོགས་པ་དང་ལྡན་པའོ། །ཚད་ནི་ཆ་གསུམ་དང་སོར་ཉི་ཤུ་ལ་སོགས་པ་དང་ལྡན་པའོ། །ཆོ་ག་ནི་གསལ་བར་བྱས་པའོ། །རིམ་པར་ཕྱེ་བ་ནི་གཞུང་གི་ཚོགས་ཏེ་སུམ་ཅུ་རྩ་གཅིག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་
བཤད་པ་ལས། ལེའུ་སུམ་ཅུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ལྟ་བུའི་རྡོ་རྗེ་དང་དྲིལ་བུ་རྡོ་རྗེ་སློབ་དཔོན་གྱིས་གཟུང་བར་བྱ་བ་ཡིན་པས་དེའི་མཚན་ཉིད་སྟོན་པར་བྱེད་པའི་ལེའུ་གསུངས་པ། རྡོ་རྗེ་སློབ་དཔོན་མཚན་ཉིད་ནི། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཞེས་བྱ་བ་ནི་
གཉིས་སུ་མེད་པའི་ཡེ་ཤེས་ཏེ་མི་ཕྱེད་པའི་ཕྱིར་རོ། །དེར་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པར་དག་པའི་རྡོ་རྗེ་དང་དྲིལ་བུས་སྤྱོད་པས་ནི་སློབ་དཔོན་ནོ། །མཚན་ཉིད་ནི་སློབ་དཔོན་དུ་འོས་པའི་རང་བཞིན་ནོ། །དེ་གང་ཞེ་ན། དུལ་ཞིང་ཞེས་བྱ་བ་ལ་སོགས་པ་ལ་དུལ་བ་ཞེས་བྱ་བ་ནི་དབང་པོ་
དུལ་བའོ། །ཆ་ལུགས་མཛེས་པ་ཞེས་བྱ་བ་ནི་རྗེས་སུ་འཚམ་པའི་སྤྱོད་པ་དང་ལྡན་པ་སྟེ། གནས་སྐབས་གང་དུ་གང་གིས་འདུལ་བར་འགྱུར་བའི་སྤྱོད་པ་རྗེས་སུ་འཇུག་པའོ། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །ཞེས་བྱ་བ་ནི་བྱམས་པ་སྒོམ་པར་བྱེད་པའོ། །སྔགས་དང་རྒྱུད་ཀྱི་སྦྱོར་བ་
ཤེས། །ཞེས་བྱ་བ་ལ་སྔགས་ནི་རྐང་པ་བརྒྱད་པ་ལ་སོགས་པའོ། །རྒྱུད་ནི་སྨན་རྣམས་སོ། །སྦྱོར་བ་ནི་བྱ་བའོ། །ཤེས་པ་ནི་མཁས་པའོ། །རྣལ་འབྱོར་བཟོ་ཡི་ཆ་ལ་མཁས། །ཞེས་བྱ་བ་ནི་དཀྱིལ་འཁོར་བྲི་བ་ལ་སོགས་པའི་བྱ་བ་ལ་བཟོ་བའོ། །ཐམས་ཅད་དུ་ནི་འཇམ་པོར་སྨྲ། །
ཞེས་བྱ་བ་ནི། དགྲ་དང་ཟིན་དང་བར་མ་རྣམས་ལ་འཇམ་པ་སྟེ་སྙན་པར་སྨྲ་བའོ། །སེམས་ཅན་ཀུན་ལ་བུ་བཞིན་བལྟ། །ཞེས་བྱ་བ་ནི། ཇི་ལྟར་བུ་རྣམས་ལ་ཕ་རིམ་གྲོ་བྱེད་པ་ལྟར་སེམས་ཅན་ཐམས་ཅད་ལ་རིམ་གྲོ་བྱེད་པའམ། ཡང་ན་སེམས་ཅན་ཐམས་ཅད་ལ་བུ་ལྟར་སྡུག་པར་བལྟ་
བའོ། །བསམ་གཏན་སྦྱོར་ལ་མངོན་པར་བརྩོན། །ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཉེ་བར་སྦྱོར་བའི་ཏིང་ངེ་འཛིན་ལ་ཡང་དང་ཡང་དུ་ནན་ཏན་བྱེད་པའོ། །རྟག་ཏུ་མཉམ་པའི་སེམས་བསྐྱེད་པ། །ཞེས་བྱ་བ་ནི་བཏང་སྙོམས་ཚད་མེད་པ་དང་ལྡན་པར་སྟོན་པའོ། །སེམས་ཅན་རྣམས་

ཀྱི་མགོན་སྐྱབས་ཏེ། །ཞེས་བྱ་བ་ནི་སྡུག་བསྔལ་ལས་འདྲེན་པའི་ལམ་སྟོན་པའི་ཕྱིར་རོ། །སེམས་ཅན་བསམ་པའི་བྱེ་བྲག་མཁས། །ཞེས་བྱ་བ་ནི་བྱ་བ་ཅུང་ཟད་ཙམ་གྱིས་སོ་སོའི་བསམ་པའི་ཁྱད་པར་རྟོགས་པར་ནུས་པ་སྟེ་བག་རྣོ་བའོ། །མགོན་མེད་རྣམས་ལ་གཉེན་ལྟར་བརྩེ། །ཞེས་བྱ་བ་ནི་
སེམས་ཅན་དམན་ཞིང་སྡུག་བསྔལ་གྱིས་གཙེས་པ་རྣམས་ལ་ལྷག་པར་ཡང་བརྩེ་བའོ། །དེ་ལྟར་ཡང་གསུངས་པ། བུ་ནི་ནད་པ་གང་ཡིན་ལ། །མ་ནི་ལྷག་པར་གདུང་བར་འགྱུར། །དེ་བཞིན་སེམས་ཅན་དམན་པ་ལ། །བྱང་ཆུབ་སེམས་དཔའ་ལྷག་པར་བརྩེ། །ཞེས་སོ། །མཛའ་སྡུག་
གིས་ནི་ལེགས་པར་བལྟ། །ཞེས་བྱ་བ་ལ། སེམས་ཅན་རྣམས་ལ་ཕན་འདོགས་པའི་བསམ་པས་མཐུན་ཞིང་འཇམ་པར་བལྟ་བ་དེ་ནི་མཛའ་སྡུག་གིས་བལྟ་བ་སྟེ། དེ་ཉིད་ལེགས་པ་སྟེ་དགེ་བ་ཡིན་ནོ། །སྔགས་ཀྱི་ཚུལ་ལ་ཤིན་ཏུ་གོམས། །ཞེས་བྱ་བ་ནི་གསང་སྔགས་ཀྱི་ལམ་གྱི་མན་
ངག་རྣམས་ལ་ཐོགས་པ་མེད་པའོ། །དམ་ཚིག་སྤྱོད་ལ་རབ་ཏུ་གུས། །ཞེས་བྱ་བ་ནི་སྦ་བར་བྱ་བ་རྣམས་སྦེད་པའོ། །ཕྱག་རྒྱ་ནི་མཚན་མའི་ཕྱག་རྒྱའོ། །མི་ཕྱེད་གནས་ཞེས་བྱ་བ་ནི། ཕྱེད་པ་ནི་དམན་པའོ། །དེ་ལས་བཟློག་པ་ནི་མི་ཕྱེད་གནས་ཏེ་དགེ་བའི་ལམ་ལ་མངོན་པར་སྤྲོ་བའོ། །
གཉིས་མེད་ཅེས་བྱ་བ་ནི་ཐེ་ཚོམ་དང་བྲལ་བའོ། །སྔགས་ཀྱི་འཁོར་ལོ་སྤྱོད་ལ་གུས། །ཞེས་བྱ་བ་ལ། སྔགས་ཀྱི་འཁོར་ལོ་ནི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོའོ། །སྤྱོད་པ་ནི་སྤྲུལ་པའོ། །གུས་པ་ནི་གོ་རིམས་ལ་མཁས་པའོ། །དབང་བསྐུར་དོན་གྱིས་ཡོན་ཏན་འབྱུང་། །ཞེས་བྱ་བ་ལ།
དབང་བསྐུར་བ་ཉིད་གོམས་པར་བྱས་ན་ཡོན་ཏན་ཏེ། དོན་ནི་དེའི་དོན་དུ་གཉེར་ཞིང་ལེན་པའོ། །འབྱུང་བ་ནི་གནས་ཏེ་བླ་མ་བརྒྱུད་པའི་རིམ་གྱིས་དབང་བསྐུར་བའོ། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །ཞེས་བྱ་བ་ལ། དེ་ཉིད་བཅུ་ནི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་དང་། ཕྱག་རྒྱ་དང་། ཀ་ར་
ན་དང་། འདུག་སྟངས་དང་། བཟླས་པ་དང་། སྦྱིན་སྲེག་དང་། མཆོད་པ་དང་། ལས་ཀྱི་སྦྱོར་བ་དང་། ཉེ་བར་བསྡུ་བ་སྟེ་བྱ་བ་དེ་དག་ལ་མཁས་པའོ། །དེ་ལྟར་གྱུར་པའི་སློབ་དཔོན་གྱི་སྐུ་ལ་སོགས་པ་ལ་ཇི་ལྟར་བལྟ་བར་བྱ་བ་དེ་བསྟན་པའི་ཕྱིར་གསོལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ་སངས་རྒྱས་ཀུན་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའོ། །ཡན་ལག་བྱང་ཆུབ་སེམས་དཔའ་སྟེ། །ཞེས་བྱ་བ་ནི་མིག་དང་ལག་པ་ལ་སོགས་པའི་ཡན་ལག་རྣམས་སྙིང་པོ་ལ་སོགས་པར་བལྟའོ། །དགྲ་བཅོམ་ཞེས་བྱ་བ་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་རྣམས་སོ། །རིགས་ལྔ་ནི་
རྣམ་པར་སྣང་མཛད་ལ་སོགས་པའོ། །འཇིག་རྟེན་པ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པའོ། །སློབ་དཔོན་གྱི་ལུས་ལ་དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་གྱི་སྐུར་བལྟ་བར་བྱ་བའི་ཕྱིར། དེ་ལྟར་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་མཚན་ཉིད་ཤེས་པར་བྱས་ལ། ཡེ་ཤེས་
དོན་དུ་གཉེར་བའི་རྣལ་འབྱོར་པས་རྟག་ཏུ་བསྟེན་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་ལྟའི་མཚན་ཉིད་དང་ལྡན་པར། །ཡེ་ཤེས་ཅན་གྱིས་མཚན་ཤེས་ནས། །དེ་ལྟའི་བླ་མ་འབད་དེ་བསྟེན། །ཞེས་གསུངས་སོ། །བླ་མར་མི་རུང་བའི་མཚན་ཉིད་གསུངས་པ། གང་ཡང་ཞེས་བྱ་བ་ལ་
སོགས་པ་ལ་ཁྲོ་བ་ཞེས་བྱ་བ་ནི་འཕྲལ་དུ་གནོད་པ་བྱེད་པ་ལ་གནས་ཏེ་སེམས་ཀྱིས་ཀུན་ནས་མནར་སེམས་པའོ། །སྒྱུ་ཞེས་བྱ་བ་ནི་སྡིག་པ་མཁྱུད་པའོ། །ངག་ནི་ཤིན་ཏུ་རྩུབ་པ་དང་། །ཞེས་བྱ་བ་ནི་གཞན་ལ་གནོད་པར་འགྱུར་བའི་ཚིག་དང་ལྡན་པའོ། །ཡོན་ཏན་དག་གིས་ཆོག་ཤེས་
པ། །ཞེས་བྱ་བ་ནི་རིགས་དང་ནོར་ལ་སོགས་པས་དྲེགས་ནས་དམན་པའི་གནས་ལས་ཡོན་ཏན་མཐོང་ཡང་མི་ལེན་པའོ། །ད་ནི་སློབ་མའི་མཚན་ཉིད་གསུངས་པ་ལ། གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་དང་བཅས་ཞེས་བྱ་བ་ནི་སྤྲོ་ཐུང་བ་དང་གནོད་པར་སེམས་པ་སྟེ་བྱས་པ་དྲིན་
དུ་མི་གཟོ་བའོ། །རྟོག་གེར་གུས་ཞེས་བྱ་བ་ནི་ཚད་མའི་བསྟན་བཅོས་ལ་གུས་པའམ། འཇིག་རྟེན་པའི་བསྟན་བཅོས་དོན་དུ་གཉེར་བའོ། །ན་སོ་དག་ནི་ཡོལ་བ་དང་། །ཞེས་བྱ་བ་ནི་ལུས་རྙིང་པ་སྟེ་ཁུ་བ་འབྱིན་མི་ནུས་པའོ། །ཞེན་དང་ཆགས་པས་བཅིངས་པ་ལ། །ཞེས་བྱ་བ་ནི་
ཞེན་པ་ནི་སེར་སྣ་ཆེ་བའོ། །ཆགས་པས་བཅིངས་པ་ནི་མ་ནིང་སྟེ་དེ་དག་ལ་བསྟན་པར་མི་བྱ་བའོ། །ཅི་ཞིག་ཅེ་ན། རིན་ཐང་མེད་པའི་རིན་ཆེན་ཏེ། དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་གང་ལ་རིན་གྱི་ཚད་གཟུང་དུ་མེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གསང་བའི་དབང་བསྐུར་བ་ལ་སོགས་པ་མི་སྦྱིན་ནོ་ཞེས་

བྱ་བའི་དོན་ཏོ། །འོ་ན་སུ་ལ་སྦྱིན་པར་བྱ་ཞེ་ན། སྣོད་གསུངས་པ། གང་ཡང་ཞེས་བྱ་བ་ལ་སོགས་པ་ལ། ང་རྒྱལ་ཞེས་བྱ་བ་ནི་དྲེགས་པ་སྟེ། དེ་གང་ལ་མེད་པ་དེ་ནི་ང་རྒྱལ་མེད་པའོ། །སྒྱུ་མེད་པ་ནི་སྒྱུ་སྤངས་པའོ། །བདག་ཏུ་འཛིན་པ་ནི་བདག་དང་བདག་གིས་སེམས་རློམ་པའོ། །གང་ལ་དེ་
མེད་པ་དེ་ནི་བདག་ཏུ་མི་འཛིན་པའོ། །དེ་བཞིན་ཆོས་ལ་མངོན་པར་དད། །ཅེས་བྱ་བ་ལ། ཆོས་ནི་དངོས་པོ་རྣམས་ཀྱི་ཆོས་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དད་པ་ནི་མངོན་པར་དགའ་བའོ། །ཡང་ན་ཆོས་ནི་བདེ་བར་གཤེགས་པའི་གསུང་རབ་བོ། །དེ་ལ་མན་ངག་སྦྱིན་པར་བྱ། །ཞེས་བྱ་
བ་ནི་ཁྲོ་བ་ལ་སོགས་པ་ལས་བཟློག་ཅིང་། ང་རྒྱལ་ལ་སོགས་པ་མེད་པའི་ཡོན་ཏན་ཅན་དེ་དག་ལ་གསང་བའི་དབང་བསྐུར་བ་ལ་སོགས་པའི་མན་ངག་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་ནི་ལྟུང་བར་འགྱུར། །ཞེས་བྱ་བ་ནི་ཁྲོ་བ་ལ་སོགས་པ་ལས་བཟློག་ཅིང་། ང་རྒྱལ་
མེད་པ་ལ་སོགས་པའི་ཡོན་ཏན་ཅན་ལ་ཡང་སེར་སྣས་དཔེ་མཁྱུད་བྱས་ན་ལྟུང་བའི་སྡིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་སྨོད་པ་ལ་སོགས་པ་ཉེས་པ་ཆེན་པོར་བསྟན་པའི་ཕྱིར། སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་དཔོན་གྱི་གསང་བ་ཞེས་བྱ་བ་ནི་སྐུ་ལ་
སོགས་པ་ཐམས་ཅད་དོ། །དམ་ཚིག་སྤྱོད་པ་ཞེས་པ་ནི་ཇི་ལྟར་འདོད་པའི་དམ་ཚིག་ཉམས་སུ་ལེན་པའོ། །ལྷག་མ་ནི་གོ་སླའོ། །བླ་མའི་མལ་སྟན་བརྫིས་པ་ལ་སོགས་པའི་སྐྱོན་བསྟན་པའི་ཕྱིར། སློབ་དཔོན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མལ་སྟན་ཞེས་བྱ་བ་ལ་མལ་
དང་སྟན་ནི་མལ་སྟན་ཏེ། སྟན་ནི་ཁྲིའུ་ལ་སོགས་པ་འདུག་པ་གནས་སོ། །གྲིབ་མ་ལ་འགོང་བ་ནི་གྲིབ་མ་ལ་རྐང་པས་བརྫི་བའོ། །ཅོ་འདྲི་བ་ནི་བཞད་གད་ལ་སོགས་པས་སློང་བའོ། །དེ་ནི་ཀུན་དུ་གཟིར་འགྱུར་ཞིང་། །ཞེས་བྱ་བའི་བཤད་པ་ནི། དོན་ཉམས་པ་ལས་རིང་དུ་འགྱུར། །
ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དོན་ཉམས་པ་ལས་རིང་དུ་འགྱུར། །ཞེས་བྱ་བ་ནི་བདེ་བ་ཐོབ་པ་དང་བྲལ་བ་དང་། འདོད་པ་དང་མི་ཕྲད་པའོ། །གྲིབ་མ་ཞེས་བྱ་བ་ནི་བླ་མའི་གྲིབ་མའོ། །ལྷག་མ་ནི་གོ་སླའོ། །དངོས་པོ་རང་བཞིན་མེད་པར་ནི། །མཐོང་བར་བྱང་ཆུབ་རིམ་པ་སྟེ། །

ཞེས་བྱ་བ་ལ། དངོས་པོ་ནི་ཕུང་པོ་ལ་སོགས་པའོ། །རང་བཞིན་མེད་པ་ནི་ངོ་བོ་ཉིད་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་རིམ་པ་ནི་བྱང་ཆུབ་པར་བྱེད་པའི་ལམ་མོ། །རང་བཞིན་དག་པའི་ཆོས་རྣམས་ནི། །ངོ་བོ་མེད་ལས་དངོས་མཐོང་བས། །ཞེས་བྱ་བ་
ནི་རང་གི་སེམས་ཀྱི་སྣང་བ་ཙམ་ལ་གཟུང་བ་དང་འཛིན་པར་མངོན་པར་ཞེན་པའི་བློས་བསླད་པ་སྟེ། དེས་ཅིར་འགྱུར་ཞེ་ན། དེའི་ཚེ། དཀར་པོ་ཡིས་ནི་དཀར་འགྱུར་ལ། །ནག་པོས་དེ་བཞིན་འབྲས་ནག་འབྱིན། །ཞེས་བྱ་བ་དང་འབྲེལ་ཏོ། །གཞུང་ཁ་ཅིག་ལས། རང་བཞིན་མེད་པའི་རང་
བཞིན་ཅན། །ཞེས་བྱ་བ་འབྱུང་སྟེ། དངོས་པོ་རང་བཞིན་དང་བྲལ་ཞིང་འོད་གསལ་བ་ཉིད་དངོས་པོ་རྣམས་ཀྱི་ཡང་དག་པའི་རང་བཞིན་ཡིན་ཞིང་། དཀར་པོའི་ལས་ཀྱི་ལམ་གྱི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །དཀར་པོའི་ཞེས་བྱ་བ་ནི་དགེ་བའི་ལས་ཀྱི་ལམ་མོ། །དཀར་འགྱུར་ལ་ཞེས་བྱ་བ་ནི་བདེ་
འགྲོ་དང་བྱང་གྲོལ་གྱི་གནས་སོ། །ནག་པོས་དེ་བཞིན་འབྲས་ནག་འབྱིན། །ཞེས་བྱ་བ་ནི་དེ་ལས་བཟློག་པའོ། །དེས་ན་དེ་དག་སྤང་བར་བྱ་སྟེ། ནག་པོའི་ལས་སྤང་བའོ། །ཡང་ན་ལས་དང་འབྲས་བུའི་རྣམ་པར་རྟོག་པ་སྤང་བའོ། །ལྷག་མ་ནི་གོ་སླའོ། །བཟའ་བ་ལ་སོགས་པའི་དམ་ཚིག་ལ་
སྤྱོད་པ་དང་། གཏོར་མ་ལ་སོགས་པ་བྱ་བའི་དུས་སུ་ལེགས་པར་བསྡམས་པ་བསྟན་པའི་ཕྱིར། དགའ་བ་དག་ལ་སྤྱོད་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོད་ཟིན་ཞེས་བྱ་བ་ནི་གསང་བ་བསྲུང་ཞིང་ཁ་ན་མ་ཐོ་བ་མེད་པས་ལེགས་པར་བསྡམས་པའོ། །དེ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་
དངོས་གྲུབ་འདོད་པ་རྣམས། །སེམས་ཅན་མགུ་ལས་དངོས་གྲུབ་འབྱུང་། །ཞེས་གསུངས་ཏེ། འདིས་ནི་སྐྱེ་བོ་ཁ་ན་མ་ཐོ་བ་དང་བཅས་པས་དངོས་གྲུབ་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བར་སྟོན་ཏོ། །སྔར་བསྟན་པའི་མཚན་ཉིད་ཅན་གྱི་སློབ་དཔོན་གྱིས་སློབ་མ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་
པས་གཟུང་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དང་པོ་བླ་མའི་དམ་ཚིག་ནི། །འཐོབ་པ་རྒྱུ་དང་འབྲས་བུ་འབྱུང་། །ཞེས་བྱ་བ་ལ། བླ་མ་ལས་དམ་ཚིག་ཐོབ་པ་ནི་བླ་མའི་དམ་ཚིག་ཐོབ་པ་སྟེ། འདིར་ལྔ་པ་མི་མངོན་པ་ཡིན་ནོ། །དེ་ཉིད་ནི་རྒྱུ་སྟེ་དངོས་

གྲུབ་ཀྱི་འབྲས་བུ་འབྱུང་བའི་རྒྱུའོ། །དེ་ཉིད་གསུངས་པ་བསྟན་དང་ཞེས་བྱ་བ་ལ་སོགས་པ་ལ། ལོངས་སྤྱོད་ཅེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་ཉེ་བར་ཟད་པ་སྟེ། དེ་དག་ནི་བསྟན་པ་དང་ངེས་པར་བསྟན་པའི་བརྡས་བཤད་དོ། །སྔགས་
རྣམས་ཀྱི་ནི་མན་ངག་གིས། །ཞེས་བྱ་བ་ལ་སྔགས་ནི་སྔགས་སྦྱིན་པའོ། །མན་ངག་ནི་ཏིང་ངེ་འཛིན་སྦྱིན་པ་སྟེ། གཉིས་པོ་དེའི་གནས་སུ་བྱ་བ་ལ། མིང་སོགས་ཆོ་ག་བཞིན་དབང་བསྐུར། །ཞེས་བྱ་བ་འདི་དང་སྦྱར་ཏེ། ཆུའི་དབང་བསྐུར་བ་ནས་མིང་གི་དབང་བསྐུར་བའི་མཐར་ཐུག་པ་བསྐུར་ནས།
དེའི་འོག་ཏུ་སློབ་དཔོན་གྱི་དབང་བསྐུར་བ་སྦྱིན་པར་བྱའོ་ཞེས་བྱ་བར་དགོངས་སོ། །དངོས་པོར་བསྒོམས་ནས་སུ་ཞེས་བྱ་བ་ནི་ལྷའི་སྐུར་བསྒོམས་པ་སྟེ་ལོངས་སྤྱོད་པ་དང་སྦྱར་རོ། །མྱ་ངན་འདས་པ་བསྟན་པར་བྱ། །ཞེས་བྱ་བ་ནི་དེ་ཉིད་བདག་མེད་པ་དང་སྦྱོར་བ་སྟེ། ངེས་པར་བསྟན་པ་དང་
སྦྱར་རོ། །ལྷག་མ་ནི་གོ་སླའོ། །བདག་ཉིད་ལུས་དང་གཞན་གྱི་ལུས། །བདག་ཉིད་བདེ་མཆོག་བྱང་གྲོལ་ཏེ། །ཞེས་བྱ་བ་ནི། བདག་གི་ལུས་དང་གཞན་གྱི་ལུས་བརྗེ་བར་སྟོན་པ་ཡིན་ཏེ། བདག་ལྟར་གཞན་ལ་ལྟ་བ་དང་། །གཞན་ལྟར་བདག་ལ་ལྟ་བས་མཉམ་པ་ཉིད་དུ་བལྟའོ། །བདག་
ཉིད་བདེ་མཆོག་བྱང་གྲོལ་ཏེ། །ཞེས་བྱ་བ་ནི་རང་གི་སེམས་ཡོངས་སུ་རྟོག་པ་ཉིད་བྱང་གྲོལ་ཏེ་བྱང་ཆུབ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། སེམས་རྟོགས་པ་ཡིས་འཚང་རྒྱ་བས། །སེམས་ཉིད་རྫོགས་པའི་བྱང་ཆུབ་ཡིན། །ཞེས་སོ། །བདེ་བ་ཁོ་ན་བསྒྲུབ་པར་བྱ་བ་
ཡིན་ནོ་ཞེས་བསྟན་པའི་ཕྱིར་བདེ་མཆོག་ཅེས་བྱ་བ་གསུངས་ཏེ། ཕུལ་དུ་བྱུང་བའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །བདག་གི་ལུས་ལ་མ་ཆགས་ཤིང་། །ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་མངོན་པར་ཞེན་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གཟུགས་བརྙན་སོགས་
འདྲའི་ལྷ་རུ་བརྟག །ཅེས་བྱ་བ་སྟེ། ཁྱོད་ཀྱིས་ཞེས་བྱ་བ་ནས་ལྷ་རུ་བརྟག་ཅེས་བྱ་བ་འདི་ནི་དབང་བསྐུར་བའི་དུས་སུ་སློབ་དཔོན་གྱིས་སློབ་མ་ལ་སྨྲ་བར་བྱའོ། །བླ་མའི་ཞལ་ཞེས་བྱ་བ་ལ་སོགས་པ་གཞུང་གང་གིས་བླ་མའི་བསྙེན་བཀུར་དང་དམ་ཚིག་དང་སྡོམ་པའི་ཆོ་ག་སྟོན་པར་བྱེད་པ་དེ་

ནི་བླ་མའི་བསྙེན་བཀུར་དང་དམ་ཚིག་དང་སྡོམ་པ་སྟོན་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་གཉིས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།གསང་བའི་དབང་བསྐུར་བའི་
འོག་ཏུ་སྔགས་སྦྱིན་པ་བསྟན་པའི་ཕྱིར་སྔགས་ཀྱི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་བླ་མའི་བསྙེན་བཀུར་བྱས་པའི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྔགས་མ་བྱིན་པར་གསང་བའི་དབང་མ་བསྐུར་ཡང་དགོས་
པ་མེད་པའི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །འདི་ནི་བཅོམ་ལྡན་ལྷ་དེ་ཉིད། །ཅེས་བྱ་བ་ནི་ཨཱ་ལི་ཀཱ་ལིའི་སྔགས་ཏེ། དེ་ཉིད་ལྷ་རྣམས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །གནས་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའི་ས་བོན་གྱི་ངོ་བོ་ཉིད་དོ། །སྔགས་རྣམས་ཐམས་ཅད་སྐྱེད་བྱེད་པ། །ཞེས་བྱ་བ་ནི་སྔགས་
ཐམས་ཅད་ཨཱ་ལི་ཀཱ་ལི་ལས་བཏུས་པའི་ཕྱིར་རོ། །རྒྱུད་ཅེས་བྱ་བ་ནི་སྒྲའི་བདག་ཉིད་ཀྱི་རྒྱུད་དོ། །སྔགས་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ཀྱི་ཆོ་ག་ནི་སྔགས་རྣམས་བསྟན་པའོ། །དེ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ། སུམ་ཅུ་རྩ་གསུམ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་
པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།གསང་བའི་དབང་བསྐུར་བའི་འོག་ཏུ་ཤེས་རབ་དང་བཞི་པ་སྦྱིན་པའི་ཕྱིར་དེ་སྟོན་པར་བྱེད་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་སྔགས་ཀྱི་ཚོགས་བསྟན་པའི་འོག་ཏུའོ། །དེ་ལ་
ཞེས་བྱ་བ་ནི། གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་གསང་བའི་དབང་བསྐུར་བའི་འོག་ཏུ་ཤེས་རབ་ལ་སོགས་པའི་དབང་བསྐུར་བར་བྱ་བ་ཡིན་པའི་ཕྱིར་རོ། །རྒྱུད་དུ་སྦས་པ་ངེས་པར་བྱ། །ཞེས་བྱ་བ་ལ། ངེས་པར་བྱ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་སྟེ། མ་ལུས་པར་བསྡུས་ནས་
ཐོབ་པའི་ཕྱིར་རོ། །ཡང་ན་ལྷན་ཅིག་སྐྱེས་པ་འདིས་བཞི་པ་གཏན་ལ་ཕབ་པའི་ཕྱིར་ངེས་པར་བྱ་བ་སྟེ་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །རྒྱུད་དུ་སྦས་ཞེས་བྱ་བ་ནི་རྒྱུད་ཐམས་ཅད་དུ་གབ་པའོ། །དེ་ཉིད་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལས། དེ་ནས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་

རྟོགས་ཀྱི་འོག་ཏུའོ། །ཐམས་ཅད་ཆོས་འབྱུང་བར་ཞེས་བྱ་བ་དང་། བྲི་ཞེས་བྱ་བར་འབྲེལ་ཏེ། བྲི་ཞེས་བྱ་བ་ནི་མྱང་བར་བྱ་ཞེས་བྱའི་དོན་ཏོ། །དེ་ལ་ཐམས་ཅད་ཆོས་ཞེས་བྱ་བ་ནི་ཨ་ལ་སོགས་པ་དང་། ཀ་ལ་སོགས་པའི་ཡི་གེ་རྣམས་ཏེ། དེ་དག་པས་གང་བྱུང་བ་དེ་ནི་ཆོས་འབྱུང་བ་སྟེ་བྱང་ཆུབ་ཀྱི་
སེམས་སོ། །འདིར་ཆོས་ལས་ཞེས་པར་བལྟ་བར་བྱའོ། །གང་དུ་ཞེ་ན། སྣ་ཚོགས་ལྟེ་བར་མི་ཤིགས་དགེ། ཞེས་བྱ་བ་ལ། སྣ་ཚོགས་ནི་གཟུགས་སྣ་ཚོགས་ཀྱི་དཀྱིལ་འཁོར་རོ། །ལྟེ་བ་ནི་དེའི་གནས་ཏེ། དེར་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བའི་འོག་ཏུ་ལྕེ་ཡིས་མྱང་བར་བྱ་ཞེས་བྱ་བའི་དོན་
ཏོ། །མི་ཤིགས་དགེ་ཞེས་བྱ་བ་ལ་ཤིགས་པ་ནི་ཁོང་དུ་ཆུད་པའོ། །དེ་ལས་བཟློག་པས་ནི་མི་ཤིགས་པ་སྟེ། སོ་སོ་སྐྱེ་བོའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་བརྟན་པ་ཡིན་ཞིང་ཞི་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་དགེ་བའོ། །བྲི་ཞེས་བྱ་བ་ནི་ལྕེས་མྱང་བར་བྱ་བ་དེ་ཉིད་ཇི་ལྟར་བྱ་བ་དང་། བཞི་
པ་གསལ་བར་བྱ་བའི་ཕྱིར། ཆོ་ག་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་བཞིན་ཞེས་བྱ་བ་ནི་སྦྱང་བའི་ཆོ་གས་སོ། །སྔགས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཕྱིར་ཏེ། དེས་ནི་བྱང་ཆུབ་ཀྱི་སེམས་ཉིད་དཀྱིལ་འཁོར་དང་སྔགས་ལ་སོགས་པའི་རང་བཞིན་དུ་
བསྟན་ཏོ། །ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །ཞེས་བྱ་བ་ལ། ཆོས་ཀུན་ནི་ཕུང་པོ་དང་ཀུན་ནས་ཉོན་མོངས་པ་ལ་སོགས་པ་སྟེ། དེ་དག་རྣལ་འབྱོར་པས་ལྷན་ཅིག་སྐྱེས་པའི་ཉམས་སུ་མྱོང་བའི་དུས་སུ་རོ་གཅིག་ཏུ་བསྡུ་བར་བྱ་ཞེས་བྱ་བའི་དོན་ཏོ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །སྡེ་ཚན་
ལ་ནི་ཐིམ་པར་བྱ། །ཞེས་བྱ་བ་ལ། ཨཱ་ལི་ཀཱ་ལི་ནི་ཡི་གེའི་ཚོགས་རྣམས་ཏེ། དེ་དག་གི་སྡེ་ཚན་རྣམས་མཉམ་ཞིང་མ་ལུས་པར་ཁུ་བའི་གཟུགས་སུ་ཐིམ་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་གིས་ནི་ལྷན་ཅིག་སྐྱེས་པ་གསལ་བར་བསྟན་ཏོ། །དེར་གནས་པ་ལས་དཔའ་བོ་ནི། །འདོད་པའི་
དོན་ཀུན་སྒྲུབ་བྱེད་པ། །ཞེས་བྱ་བ་ལ་དེར་གནས་པ་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ལ་གནས་པའོ། །དཔའ་བོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། རྣམ་པར་རྟོག་པའི་དགྲ་ལས་རྒྱལ་བའི་ཕྱིར་རོ། །བཏུང་ཞེས་བྱ་བ་ནི་གནས་དེ་ནས་ལྕེ་ཉིད་ཀྱིས་བླང་བར་བྱའི་ཉ་ཕྱིས་ལ་སོགས་པས་ནི་

མ་ཡིན་ཏེ། དེས་ནི་རྣལ་འབྱོར་པས་འདོད་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་བས་དེ་སྐད་ཅེས་བྱའོ། །ཁ་ཅིག་ན་རེ་འདི་ཡང་ལྷན་ཅིག་སྐྱེས་པ་ཉིད་ཀྱི་ཁྱད་པར་ཡིན་ཏེ། དེ་ལ་དཔའ་བོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའོ། །དེར་གནས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ་
གནས་པའོ། །འདོད་པའི་དོན་ཀུན་དུ་སྒྲུབ་བྱེད་པ། །ཞེས་བྱ་བ་ནི་རྒྱུད་ཐམས་ཅད་ཀྱི་དོན་ཏོ། །བཏུང་བ་ནི་རྟོགས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ་ཞེས་ཟེར་རོ། །ཡེ་ཤེས་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །ལོངས་སྤྱོད་ཅེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྤྲུལ་པ་ཡང་སྤྲུལ་པའི་
སྐུ་སྟེ། ཐོབ་འགྱུར་གདོན་མི་ཟ་ཞེས་བྱ་བ་ནི་བཞི་པའི་སྦྱོར་བ་དེས་སྐུ་གསུམ་པོ་ངེས་པར་ཐོབ་པར་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འོག་དང་སྟེང་གྲུབ་རྟག་ཏུ་སྟེར། །ཞེས་བྱ་བ་ལ་འོག་ནི་ཤེས་རབ་བོ། །སྟེང་ནི་ཐབས་སོ། །དེ་དག་གིས་གྲུབ་པ་ནི་སངས་རྒྱས་ཀྱི་མཚན་ཉིད་ཀྱི་ལྷའོ། །
སྟེར་བ་ནི་གྲུབ་པའོ། །ཤེས་རབ་ཀྱི་དབང་བསྐུར་བ་གསུངས་པ། བདག་གི་ཕོ་ཉ་མོ་ཞེས་བྱ་བ་ལ་སོགས་པ་ལ། ཕོ་ཉ་ཞེས་བྱ་བ་ནི་ཤེས་རབ་བོ། །ཀུན་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་ཏེ། དེ་ལྟ་བུར་གྱུར་པའི་ཕོ་ཉ་ལ། དངོས་གྲུབ་ཐམས་ཅད་ཀྱི་ཆེད་དུ་བལྟ་བ་ལ་སོགས་པ་རྣམས་བྱའོ་
ཞེས་བྱ་བར་ཤེས་པར་བྱའོ། །དེ་ལ་ནང་གི་ཤེས་རབ་ནི་གཏུམ་མོའི་རང་བཞིན་ཏེ། དེར་བལྟ་བ་ནི་ཐིག་ལེ་དང་ཟླ་ཚེས་ལ་སོགས་པ་དང་བཅས་པར་བསྒོམ་པའོ། །འོད་ཟེར་གྱི་གཟུགས་ཀྱིས་ཆོས་ཀྱི་འཁོར་ལོ་ལ་སོགས་པར་འགྲོ་བ་ནི་རེག་པའོ། །འོད་ཟེར་གཉིས་ཀྱི་མཉམ་པར་སྦྱོར་
བའི་གནས་སྐབས་ནི་ཙུམྦ་ནའོ། །སྒོམ་པ་ཕུལ་དུ་བྱུང་བ་ལས་རོ་གཅིག་ཏུ་གྱུར་པའི་གནས་སྐབས་ནི་འཁྱུད་པ་སྟེ། རྟག་པ་ནི་དུས་ཐམས་ཅད་དུ་བདེ་བའོ། །དེ་དག་གང་དུ་བྱ་ཞེ་ན། སྦྱོར་བའི་གནས་ཀྱི་ཁྱད་པར་ཉིད། །ཅེས་བྱ་བ་སྟེ། ཆོས་འབྱུང་བར་གནས་པ་ལ་བལྟ་བ་ལ་སོགས་པ་བྱ་སྟེ།
ཡེ་ཤེས་ཉམས་སུ་མྱང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ནང་གི་ཤེས་རབ་སྦྱོར་བའི་གནས་ནི་ལྟེ་བའི་དབུས་ཏེ། དེར་གནས་པའི་ཤེས་རབ་ལ་བལྟ་བ་ལ་སོགས་པ་བྱའོ་ཞེས་བྱ་བར་སྦྱར་རོ། །ད་ནི་སྔགས་བྱིན་ནས་དེའི་ལྷའི་ཏིང་ངེ་འཛིན་ཇི་ལྟར་སྦྱིན་པ་བསྟན་པའི་ཕྱིར། ཇི་སྙེད་ཅེས་བྱ་བ་ལ་སོགས་

པ་གསུངས་ཏེ། ཐམས་ཅད་ཅེས་བྱ་བ་ནི་སྔགས་དང་མཐུན་པའི་ལྷའི་ཏིང་ངེ་འཛིན་ཐམས་ཅད་དོ། །ཇི་ལྟར་སྦྱིན་ཞེ་ན། བདེན་པ་ཐམས་ཅད་སྦྱིན་བྱས་ཏེ། །ཞེས་བྱ་བ་ལ། བླ་མས་ཀྱང་སེར་སྣ་མེད་པའི་སེམས་ཀྱིས་མན་ངག་ཇི་ལྟ་བ་བཞིན་དུ་ལྷའི་ཏིང་ངེ་འཛིན་སྦྱིན་པར་བྱ་ལ། སློབ་མས་
ཀྱང་དེ་བཞིན་དུ་བཟུང་ན་དངོས་གྲུབ་བྱེད་པར་བཤད་ཅེས་བྱ་བ་དང་སྦྱར་རོ། །ཡང་ན་བདེན་པ་ཐམས་ཅད་ཅེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཏེ། དེ་རྣམས་མ་གཏོགས་པར་དངོས་གྲུབ་ཏུ་མི་འགྱུར་བས་རྣལ་འབྱོར་མའི་ཚོགས་རྣམས་ཀྱི་སྦྱོར་བ་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །སྔར་བསྟན་པའི་
ཤེས་རབ་དེ་དག་གང་དག་ཡིན་པ་བསྟན་པའི་ཕྱིར། མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཞིག་ཅེས་བྱ་བ་ལ་སོགས་པས་ནི་སྔགས་གང་བྱིན་པ་དེ་དང་རྗེས་སུ་མཐུན་པའི་སྙོམས་པར་འཇུག་པས་སྦྱོར་བ་བྱའོ་ཞེས་བྱ་བར་སྟོན་ཏོ། །ད་ནི་སྔར་སྨོས་པའི་དབུ་རྒྱན་གྱི་དབང་བསྐུར་བ་བསྟན་
པའི་ཕྱིར། ཐོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོད་པའི་ཕྲེང་བ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །སངས་རྒྱས་གཙུག་གི་ནོར་བུ་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་སྟེ། དེ་ཉིད་པདྨ་དཔལ་གྱི་ནགས་ཀྱི་རྩ་བ་ཡང་ཡིན་ནོ། །སངས་རྒྱས་ཕྱག་རྒྱ་
ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་མཚན་མ་སྟེ་དེ་ཉིད་བརྡ་ཡིན་ནོ། །དེ་དག་གིས་ནི་རྡོ་རྗེ་སེམས་དཔའི་རང་བཞིན་གྱི་ཐོད་པའི་ཕྲེང་བའི་མཚན་མས་དབུ་རྒྱན་གྱི་དབང་བསྐུར་བསྟན་ཏོ། །བཅོམ་ལྡན་འདས་དེ་ཉིད་གཟུགས་སྣ་ཚོགས་སུ་སྤྲུལ་པ་བསྟན་པའི་ཕྱིར། དབང་པོ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། མིག་ལ་སོགས་པའི་དབང་པོའི་སྒོ་གང་དང་གང་ལས་བྱུང་བའི་རྫས་དེ་དང་དེ་དག་རང་བཞིན་གྱིས་འགྲོ་བ་སྟེ། རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་ཡོངས་སུ་གྱུར་པ་ཡིན་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀུན་དུ་རང་ཉིད་གྱུར། །ཞེས་བྱ་བ་ནི། སླར་ཡང་རྡོ་རྗེ་འཆང་ཆེན་
པོ་ཉིད་ཐོབ་པར་འགྱུར་བའོ། །གང་གིས་ཤེ་ན། མཆོག་ཏུ་མཉམ་གཞག་སྦྱོར་བ་སྟེ། །རང་བཞིན་ཆོས་ཀྱི་སྦྱོར་བས་སོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་དབང་བསྐུར་བ་ནི། རྡོ་རྗེ་འཛིན་པའི་དབང་བསྐུར་བའོ། །བརྡ་ནི་བརྡར་བཏགས་པའོ། །དེ་སྟོན་པའི་གཞུང་ནི་རིམ་

པར་ཕྱེ་བ་སྟེ་སུམ་ཅུ་རྩ་བཞི་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།བོང་བུའི་ཆ་བྱད་ཀྱི་རྣལ་འབྱོར་གྱིས་གཞན་མངོན་པར་ཤེས་པ་བསྒྲུབ་པའི་ཕྱིར། དེ་སྟོན་པར་བྱེད་པའི་ལེའུ་
གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་དབང་བསྐུར་བ་བསྟན་པའི་འོག་ཏུའོ། །མཁའ་འགྲོ་མ་རྣམས་ཀྱི་ཞེས་བྱ་བ་ནི། ཡེ་ཤེས་འབྱུང་བ་བཤད་པར་བྱ། །ཞེས་བྱ་བ་དང་སྦྱར་ཏེ། ཡེ་ཤེས་འབྱུང་བ་ཞེས་བྱ་བ་ནི་བོང་བུའི་རྣལ་འབྱོར་རོ། །ཅི་འདྲ་ཞེ་ན། དངོས་
གྲུབ་ཐམས་ཅད་རབ་སྟེར་བ། །ཞེས་བྱ་བ་སྟེ། ལྐོག་ཏུ་གྱུར་པའི་དོན་ཤེས་པ་ལ་སོགས་པ་འགྲུབ་པར་བྱེད་པའོ། །བོང་བུའི་ཆ་བྱད་རྣལ་འབྱོར་བདག །ཡིད་ཀྱི་ཤུགས་ནི་ཟློག་པར་བྱེད། །ཅེས་བྱ་བ་ནི། རྣལ་འབྱོར་པས་བོང་བུའི་ཆ་བྱད་ཅན་གྱི་ཏིང་ངེ་འཛིན་བསྒོམ་པར་བྱས་ན་ཐ་མལ་པའི་ཡིད་
ཀྱི་རྒྱུ་བ་འགགས་ནས། ལྐོག་ཏུ་གྱུར་པའི་དོན་ཤེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ། མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་མ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའོ། །དེ་དག་གིས་ནི་འདི་སྐད་དུ། སྔར་བཤད་པའི་ཚུལ་གྱིས་ཁང་བུ་བརྩེགས་པའི་བར་དུ་བསྒོམས་ལ་
བདེ་བ་ཆེན་པོའི་འཁོར་ལོའི་དབུས་སུ་རྡོ་རྗེ་ཕག་མོའི་ས་བོན་བཀོད་ལ། དེ་ཉིད་ལས་ལྷ་མོ་ཐམས་ཅད་དུས་མཚུངས་པ་ཉིད་དུ་བསྐྱེད་པར་བྱ་སྟེ། དེ་ལ་བདེ་བ་ཆེན་པོའི་འཁོར་ལོ་ལ་ནི། རྡོ་རྗེ་ཕག་མོ་དང་། མཁའ་འགྲོ་མ་དང་། མཛེས་མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་སོ། །
དེ་བཞིན་དུ་ཐུགས་ཀྱི་འཁོར་ལོ་ལ་སོགས་པ་ལ་ནི། རབ་ཏུ་གཏུམ་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་སོ། །སྒོ་ལ་སོགས་པ་རྣམས་སུ་ནི་ཁྭ་གདོང་མ་ལ་སོགས་པ་རྣམས་སོ། །དེ་དག་གི་ཆ་བྱད་གསུངས་པ་བསམ་གཏན་གྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པའོ། །སྦྲུལ་གྱིས་དཀྲིས་པའི་
མདུང་རྩེ་ནི། །གསུམ་པ་མཁའ་འགྲོའི་ལག་ན་ཐོགས། །ཞེས་བྱ་བ་ལ། མཁའ་འགྲོ་ནི་མཁའ་འགྲོ་མ་རྣམས་སོ། །སྦྲུལ་གྱིས་དཀྲིས་པའི་མདུང་རྩེ་གསུམ་པ་ནི། ལག་པ་གཡོན་གྱི་དང་པོ་ན་ཐོགས་པར་སྦྱར་རོ། །སྟེང་དུ་བསྟོད་ཅེས་བྱ་བ་ནི་ལག་པ་གཡས་པ་སྟེ། གཡས་ཀྱི་དང་པོ་

ན་ཁ་ཊྭཱཾ་ག་དང་སྦྱར་རོ། །ཐོད་པ་ནི་གཡོན་གྱི་ཐ་མ་ནའོ། །ཕྱག་ན་ཟངས་གྲི་བསྣམས་ཤིང་རྩེ། །ཞེས་བྱ་བ་ནི། ཕྱག་གཡས་ཀྱི་ཐ་མ་ན་ཟངས་གྲི་ཕྱར་ནས་གཅོད་པར་བྱེད་པས་ན་རྩེ་བའོ། །དེ་ལྟར་ན་ཐམས་ཅད་ཀྱང་ཕྱག་བཞི་པར་བྱའོ། །ལྷག་མ་ནི་གོ་སླའོ། །ཁ་ཅིག་ནི་བདེ་བ་ཆེན་པོའི་འཁོར་
ལོའི་རྣལ་འབྱོར་མ་རྣམ་པ་ལྔ་ནི་བོང་བུའི་ཆ་བྱད་དུ་བྱས་ལ། ལྷག་མ་ཐ་མལ་པར་བྱའོ་ཞེས་ཟེར་རོ། །སྣ་ཚོགས་མེ་ཏོག་འབྲས་ལྡན་པའི། །རིན་ཆེན་མཐོན་པོའི་གནས་སུ་བསྒོམ། །ཞེས་བྱ་བ་ནི་བ་རི་ཛ་ཏ་ཀ་ལ་སོགས་པའི་མེ་ཏོག་དང་འབྲས་བུར་ལྡན་པའི་ལྗོན་ཤིང་གིས་ཁྱབ་པའི་རི་བོ་ལྷུན་པོ་
བསྒོམས་ལ། དེའི་སྟེང་དུ་ཁང་བུ་བརྩེགས་པ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ཅི་ཞིག་ཏུ་འགྱུར་ན། ཚེ་ཐུང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤི་བ་ཡང་ཞེས་བྱ་བ་ནི་དུས་ཉེ་བའི་འཆི་ལྟས་དང་བཅས་པ་རྣམས་སོ། །ཚེ་ཐུང་བ་ནི་རིང་བའི་འཆི་ལྟས་ཅན་ནོ། །ཡང་ན་ཤི་བ་
ནི་སྒྲ་ཇི་བཞིན་པ་སྟེ། གཞན་ཤི་བ་ཡང་དེ་དག་གི་སྔགས་ཀྱིས་སློང་བར་བྱེད་པའོ། །མདོར་བསྡུས་ཏེ་གསུངས་པ། བོང་བུ་ཞེས་བྱ་བ་ལ་སོགས་པ་ལ། ལག་མཐིལ་གནས་པ་བཞིན་དུ་མཐོང་། །ཞེས་བྱ་བ་ནི་ཁམས་གསུམ་པ་ཞེས་བྱ་བ་ནི་ལྷག་མ་ཡིན་ཏེ། ཁམས་གསུམ་ན་གནས་
པ་ལྐོག་ཏུ་གྱུར་པའི་དངོས་པོ་རྣམས་ལག་མཐིལ་ན་གནས་པའི་ཤིང་ཏོག་ལྟར་མཐོང་བའི་ཡེ་ཤེས་སོ། །ཧེ་རུ་ཀའི་ཞེས་བྱ་བ་ལ་སོགས་པ་ལ། ཧེ་རུ་ཀའི་རྣམ་པར་རོལ་པ་ནི་ཡེ་ཤེས་ཀྱི་ཕྱིར་རྣམ་པར་སྤྲུལ་པའོ། །ཆོ་ག་ནི་དེའི་བྱ་བའོ། །རིམ་པར་ཕྱེ་བ་ནི་གཞུང་གི་ཚོགས་ཏེ་སུམ་ཅུ་
རྩ་ལྔ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།ཉིན་རེ་ལ་སོགས་པའི་དུས་སུ་ཚོགས་ཀྱི་དཀྱིལ་འཁོར་སྔོན་དུ་འགྲོ་བས་སྡོམ་པ་གཟུང་བ་བསྟན་པའི་ཕྱིར། དེ་སྟོན་པར་བྱེད་པའི་
ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་བོང་བུའི་རྣལ་འབྱོར་བསྟན་པའི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་རྒྱུད་ཀྱི་དོན་ཏེ། གང་གི་ཕྱིར་ཅི་ནས་ཀྱང་སྡོམ་པ་ཉམས་པར་མི་འགྱུར་བ་དང་། འཇིག་རྟེན་དག་པར་བྱ་བའི་ཕྱིར་རོ། །སྒྲུབ་པོ་ཇི་བཞིན་ཆོ་ག་སྟེ། །

ཞེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ཀྱི་ཇི་ལྟ་བ་བཞིན་གྱིས་བྱ་བ་སྟེ། བཤད་པར་བྱ་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །འབྱོར་པའི་བྱེ་བྲག་གིས་ཉིན་རེའམ་ཟླ་རེའམ་ལོ་རེར་མཆོད་པ་བསྟན་པའི་ཕྱིར། ཉིན་རེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་བཞིན་བྱིན་གྱིས་བརླབས་ནས་ནི། །ཞེས་བྱ་
བ་ནི་དུས་བསྟན་གྱི་འོག་ཏུ་གནས་བསྟན་པ་ཡིན་ཏེ། དུར་ཁྲོད་ལ་སོགས་པ་གནས་ཁྱད་པར་ཅན་དག་ཏུ་པདྨའི་སྣོད་ལ་ལོངས་སྤྱད་པར་བྱ་བར་སྦྱར་རོ། །ཕྱག་རྒྱའི་དངོས་གྲུབ་འཇུག་པར་འགྱུར། །ཞེས་བྱ་བ་ལ་ཕྱག་རྒྱ་ནི་ལྷའོ། །དངོས་གྲུབ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །འཇུག་
པ་ནི་སྙིང་རྗེ་ཆེན་པོའི་དབང་གིས་འཇུག་པ་སྟེ་སུ་ཞིག་ཅེ་ན། སྒྲུབ་པ་པོ་ཞེས་བྱ་བ་དང་སྦྱར་རོ། །སྒྲུབ་པ་པོ་ཡི་ལག་གཡོན་གྱིས། །པདྨའི་སྣོད་ནི་བཟུང་ནས་སུ། །ལག་པ་གཡས་པ་བ་དན་ནི། །གསུམ་པར་བྱས་ཏེ་དེ་ཡིས་བསྒོམ། །ཞེས་བྱ་བ་འདིས་ནི། ཚོགས་ཀྱི་ནང་དུ་ཞུགས་པ་ན་ལག་
པ་གཡས་པ་བ་དན་གསུམ་པའི་ཕྱག་རྒྱ་བྱས་ལ། གཡོན་པའི་མཐིལ་དུ་པདྨ་ལ་སོགས་པའི་སྣོད་དུ་བདུད་རྩི་ལྔ་བླུགས་ཏེ་ཞེས་མྱང་བར་བྱའོ་ཞེས་བྱ་བར་སྟོན་ཏོ། །དེ་ཡིས་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །བསྒོམ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལས་བདག་ཉིད་ལྷའི་སྐུར་བསྒོམ་པ་སྟེ། བདུད་རྩི་མྱང་བར་
བྱའོ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །ཁམས་ཀྱི་རང་བཞིན་ཐམས་ཅད་དང་། །ཞེས་བྱ་བ་ནི་གསེར་ལ་སོགས་པའི་རང་བཞིན་ནོ། །སྲོག་ཅེས་བྱ་བ་ནི་གསོབ་ལ་སོགས་པའོ། །རྩ་བ་ཞེས་བྱ་བ་ནི་ཤིང་ལས་བྱུང་བའོ། །མངོན་པར་འདུས་བྱས་ལེགས་བྲིས་ཏེ། །ཞེས་བྱ་བ་ནི། ས་ལ་སོགས་པ་
ལས་ཀྱ་ང་བྱས་ལ་ཚོན་གྱིས་ཁ་བསྒྱུར་བའོ། །དེ་དག་གིས་ནི་སྔར་བསྟན་པའི་མཚན་ཉིད་ཅན་གྱི་རྡོ་རྗེའི་རྒྱན་བྱས་ལ། བདག་ཉིད་ཀྱི་སྤྱི་གཙུག་ལ་སོགས་པར་བརྒྱན་པར་བྱ་ཞེས་བྱ་བར་སྟོན་ཏོ། །སློབ་དཔོན་ཀུན་ལ་སྦྱིན་པར་བྱ། །ཞེས་བྱ་བ་ནི། དེར་ཚོགས་པའི་རྣལ་འབྱོར་པ་གཞན་
དག་ལ་ཡང་རྒྱན་དེ་དག་བྱིན་ཏེ་བརྒྱན་པར་བྱའོ། །ལྷ་ཡི་རྒྱན་དང་ཡང་དག་ལྡན། །ཞེས་བྱ་བ་ནི་ཐོད་པའི་ཕྲེང་བ་ལ་སོགས་པའི་རྒྱན་གཞན་དག་གིས་བརྒྱན་ཅིང་མཛེས་པར་བྱའོ། །ཕྱག་རྒྱའི་མཚན་མས་རྣམ་པར་བཀླུབས། །ཞེས་བྱ་བ་ལ། ཕྱག་རྒྱ་ནི་ཤེས་རབ་བོ། །མཚན་མ་ནི་སྔར་བསྟན་པའི་

མཚན་ཉིད་དེ་བཀླུབས་པ་ནི་དེ་དང་ལྷན་ཅིག་སྤྱོད་པའོ། །སངས་རྒྱས་རྣལ་འབྱོར་སྡོམ་སྐྱེས་པས། །བསྐལ་པ་བཟང་པོའི་གར་ཆེན་ཏེ། །ཞེས་བྱ་བ་ལ་སངས་རྒྱས་རྣལ་འབྱོར་ནི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཏེ། དེས་སྡོམ་པ་ཞེས་བྱ་བ་ནི་ལུས་དང་ངག་དང་སེམས་འཆིང་བར་བྱེད་པས་ན་སྡོམ་པ་སྟེ། ཉིན་
རེ་ལ་སོགས་པའི་དུས་སུ་དེ་ལྟ་བུའི་མཆོད་པ་བྱས་ལ་སྡོམ་པ་གཟུང་བར་བྱའོ། །དེ་ཉིད་གསུངས་པ། བསྐལ་པ་བཟང་པོའི་གར་ཆེན་ཏེ། ཤེས་རབ་ཀྱི་པདྨ་ལ་རོལ་པས་དགའ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདས་པའི་སྐྱོན་གསུངས་པ། པདྨ་མཆོག་ལ་ཞེས་བྱ་བ་ལ་སོགས་པ་ལ། མཆོག་
ཅེས་བྱ་བ་ནི་རྡོ་རྗེ་སྟེ། འདིས་བདེ་བ་སྡོམ་པར་བྱེད་པའི་ཕྱིར་རོ། །འདིས་བདེ་བ་འབེབས་ཤིང་འདྲེན་པར་བྱེད་པས་ན་པདྨ་སྟེ། རེག་པ་ནི་ཕན་ཚུན་སྡུད་པས་སྙོམས་པར་འཇུག་པའོ། །དེས་ནི་དམ་ཚིག་སྦྱངས་ནས་སུ། །སླར་ཡང་མི་བྱའི་སྡོམ་པ་བླངས། །ཞེས་བྱ་བ་ནི། གལ་ཏེ་དེ་ལྟར་ཉམས་ན་
དཀྱིལ་འཁོར་གྱི་ནང་དུ་སྡོམ་པ་བླང་ཞིང་ལོངས་སྤྱོད་ལ། ཕྱིས་སྡོམ་པ་ལས་ཉམས་པར་འགྱུར་བའི་ལས་མི་བྱ་བའི་དམ་བཅའ་བའོ། །གཞན་དུ་སྔགས་དང་ཕྱག་རྒྱ་ཡི། །རིམ་པ་འབྲས་བུ་མེད་པར་འགྱུར། །ཞེས་བྱ་བ་ནི་སྡོམ་པ་ལས་འདས་པའི་སྐྱོན་བསྟན་པ་སྟེ་གོ་སླའོ། །བརྡ་ཞེས་བྱ་བ་ལ་
སོགས་པ་ལ། བརྡ་ཡིས་རོལ་པ་ཞེས་བྱ་བ་ནི་མཚན་མ་སྣ་ཚོགས་ཀྱིས་དགའ་བ་ལ་རྣམ་པར་རོལ་པའོ། །དེ་ཉིད་བདེ་བའི་མཆོག་བསྐྱེད་པ་དང་འདའ་བར་མི་བྱ་བས་ན་དམ་ཚིག་དང་སྡོམ་པའོ། །ཆོ་ག་ནི་དེའི་བྱ་བའོ། །དེ་གང་དུ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་དྲུག་པའོ། །རྒྱུད་ཀྱི་
རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།རྣལ་འབྱོར་པའི་རིམས་ལ་སོགས་པ་ཞི་བར་བྱ་བ་དང་། གཞན་ཡང་ཕ་རོལ་གྱི་གཡུལ་ལ་སོགས་པ་བཏུལ་ནས་གཞུག་པར་བྱ་བའི་ཕྱིར་མཚོན་ཆའི་ཕྱག་རྒྱས་རྩེ་བ་ཞེས་པའི་
ལེའུ་གསུངས་པ། མཚོན་ཆ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། མཚོན་ཆ་ཀུན་ནི་མདའ་ལ་སོགས་པ་རྣམས་སོ། །མཚན་ཉིད་ནི་ཁྱད་པར་ཏེ། ཁྱད་པར་རྣམ་པ་ལྔའོ། །དེ་ཉིད་གསུངས་པ། འཁྲུལ་འཁོར་གྱིས་འཕེན་ཞེས་བྱ་བ་གསུངས་པ་ལ་སོགས་པ་ལ། འཁྲུལ་འཁོར་གྱིས་འཕེན་པ་ནི་མདའ་ལ་སོགས་

པའོ། །མི་འཕེན་པ་ནི་རལ་གྲི་ལ་སོགས་པའོ། །གཞུང་ཁ་ཅིག་ལས། འཁྲུལ་འཁོར་དག་དང་མི་ལྡན་དང་། །ཞེས་འབྱུང་སྟེ། དེའི་དོན་ནི་འདས་མ་ཐག་པ་དེ་ཉིད་ཡིན་ནོ། །ལག་པས་འཕེན་པ་ཞེས་བྱ་བ་ནི་འཁོར་ལོ་དང་འཕང་མདུང་ལ་སོགས་པའོ། །འཕངས་ནས་སླར་ནི་གཟུང་བ་དང་། །ཞེས་བྱ་བ་ནི།
ཇི་སྙེད་དུ་འཕངས་པའི་གནས་ནས་སླར་དྲང་ཞིང་གཟུང་བ་སྟེ། ཞགས་པ་དང་རྒྱ་ལ་སོགས་པའོ། །ལག་པས་འགྱེད་པ་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །དབྱིབས་དང་བདེ་བླག་སྦྱོར་བ་དང་། །ཞེས་བྱ་བ་ལ་སོགས་པ་ནི། མདའི་མཚོན་ཆའི་མཚན་ཉིད་བཤད་པ་ཡིན་ཏེ། དེ་ལ་དབྱིབས་ཞེས་བྱ་བ་ནི་གཡས་
བརྐྱང་བ་ལ་སོགས་པའི་རྐང་ཐབས་སོ། །བདེ་བླག་ཅེས་བྱ་བ་ནི་སོར་མོ་ལ་སོགས་པ་ཟོར་ཡང་བའོ། །ལྟོང་རྒྱུད་སྦྱོར་བ་དང་ཞེས་བྱ་བ་ལ་སོགས་པ་ལ། འདྲེན་པ་ཞེས་བྱ་བ་ནི་གསོར་བའོ། །ལྟོང་རྒྱུད་སྦྱོར་བ་ནི་གྲགས་པར་ཟད་དོ། །མྱུར་བ་ནི་ཡང་བའོ། །འགེངས་པ་ནི་གྲགས་པར་ཟད་དོ། །འཕེན་པ་ནི་
གཏོང་བ་སྟེ་གསལ་བ་ཞེས་བྱ་བ་ནི་ཧཱུྃ་ཞེས་བྱ་བའི་སྔགས་དང་སྦྱར་རོ། །གྲིམས་པ་ཉིད་ཅེས་བྱ་བ་ནི་ཡན་ལག་བསྲང་ཞིང་སེམས་མི་གཡེང་བའོ། །མཉེན་ཞེས་བྱ་བ་ནི་ལུས་ཁོང་ཀློད་པའོ། །རྒྱ་ཆེར་འགེངས་པ་ཞེས་བྱ་བ་ནི་རྣ་དྲུང་གི་བར་དུ་དགང་བ་སྟེ་ཟླུམ་པོར་དགང་བའོ། །རྣམ་པར་དག་ཅེས་བྱ་
བ་ནི་དྲང་པོར་འཕེན་པའོ། །ལུས་ཀྱི་ཕྱག་རྒྱ་བདེ་བླག་ཅན། །ཞེས་བྱ་བ་ནི་ལྷའི་སྐུའི་ཏིང་ངེ་འཛིན་དང་ལྡན་པའོ། །རིམས་དང་ཞེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་ཏེ་གོ་སླའོ། །རང་གི་སྙིང་གར་འདྲེན་ཚུལ་ཞེས་བྱ་བ་ནི་ཡི་གེ་ཨོཾ་བརྗོད་པས་དབུགས་ཀྱིས་སྙིང་དགང་བར་བྱ་བས་འདྲེན་པའོ། །གཡས་སུ་
རབ་ཏུ་སྐོར་བྱེད་ཅིང་། །ཞེས་བྱ་བ་ནི་མདའ་གཡས་ཕྱོགས་ནས་བསྐོར་བའོ། །ཤར་ཕྱོགས་ལེགས་པར་བསྲངས་ནས་སུ། །ཞེས་བྱ་བ་ནི་ལག་པ་གཡོན་པ་བསྲང་བའོ། །ནུབ་ཕྱོགས་ཅུང་ཟད་བཀུག་ནས་སུ། །ཞེས་བྱ་བ་ནི་གཡས་ཀྱི་གྲུ་མོ་ཅུང་ཟད་དགུག་པའོ། །ཅི་རིགས་པར་ནི་ལེགས་པར་
གཟུང་། །ཞེས་བྱ་བ་ནི་དྲངས་ནས་ཆ་གཉིས་ཀྱི་ཚད་དུ་གཟུང་བ་སྟེ། ཨ་ཞེས་བརྗོད་པ་གཟུང་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡི་གེ་ཨོཾ་ཞེས་བྱ་བ་ལ་སོགས་པའོ། །ཅི་རིགས་པར་ནི་དྲངས་ནས་སུ། །ཞེས་བྱ་བ་ནི། ཇི་ལྟར་བདེ་བར་གསོར་བའོ། །ལྷག་མ་ནི་གོ་སླའོ། །གྲུ་བཞི་པ་ཞེས་བྱ་བ་

ལ་སོགས་པ་ལ་གྲུ་བཞི་པ་ཞེས་བྱ་བ་ནི་སྤུ་གྲི་ལྟ་བུ་དང་ཉ་རྔ་ལྟ་བུའི་མདེའུ་འོ། །རྣོན་པོ་ཞེས་བྱ་བ་ནི་ལྕགས་མདའོ། །ཀུན་ནས་ཟླུམ་པོ་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གྱི་དབྱིབས་ལྟ་བུའི་མདེའུའོ། །ཁ་ཅིག་ནི་མེ་ཏོག་མ་ལོ་ཀ་ལྟ་བུའི་འོད་ཟེར་རོ། །སྟེང་དང་དེ་བཞིན་འོག་ཏུ་ནི། །ཞེས་བྱ་བ་ནི་སྟེང་འོག་ཏུ་འཕངས་
བའོ། །ཡང་ན་སྟེང་འོག་གི་མཆོག་མ་སྟེ། འབིགས་པ་བཅུ་ཡི་རྒྱ་མཆོག་གི། །ཞེས་བྱ་བ་དང་སྦྱར་རོ། །དེ་ལ་འབིགས་པ་བཅུ་ཞེས་བྱ་བ་ནི། རྒྱུད་ལས་སོར་མོ་བཅུས་ལྷག་པའི་མཆོག་མ་བྱས་པའོ། །རིམ་གྱིས་གནོན་ཅིང་དྲག་ཏུ་གནོན། །ཞེས་བྱ་བ་ནི་སྲ་བ་དང་སྙི་བ་སྟེ། གཉི་ག་ལ་ཡང་ཁྱད་པར་
སྔ་མ་དང་སྦྱར་བར་བྱའོ། །ཁམས་གསུམ་རྒྱལ་སྲིད་ཆེན་པོ་ལས། །བདེ་བར་རྒྱལ་ཞིང་ལོངས་སྤྱོད་འགྱུར། །ཞེས་བྱ་བ་ནི། དེ་ལྟར་མཚོན་ཆ་ལྔས་ས་གསུམ་གྱི་སྐྱེ་བོ་སྨ་འབེབས་པར་བྱེད་ཅིང་དབང་དུ་སྡུད་པར་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཚོན་ཆ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་
ལ། བརྡ་ནི་ཇི་ལྟར་གྲགས་པའི་ཐ་སྙད་དོ། །ཡེ་ཤེས་ནི་ལུས་ཀྱི་དབྱིབས་ལ་སོགས་པའི་བྱ་བ་ཤེས་པའོ། །ཆོ་ག་ནི་གསོར་བ་དང་ལྟོང་རྒྱུད་སྦྱོར་བ་ལ་སོགས་པའོ། །རིམ་པར་ཕྱེ་བ་ནི་གཞུང་གི་ཚོགས་ཏེ་སུམ་ཅུ་རྩ་བདུན་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས།
ལེའུ་སུམ་ཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།ཕོ་ཉ་ལ་གུས་པས་མངོན་པར་འདོད་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་ཕོ་ཉ་གདུལ་བའི་ལེའུ་གསུངས་པ། ཕོ་ཉ་ཞེས་བྱ་བ་ལ་སོགས་པ་ལ། ཕོ་ཉ་ཞེས་བྱ་བ་ནི་དབང་བསྐུར་བ་ལ་སོགས་པས་ལེགས་པར་སྦྱངས་པའི་ཤེས་རབ་བོ། །གདུལ་
བ་ནི་དགའ་བར་བྱ་བའོ། །སྒྲུབ་ཐབས་ནི་ལམ་སྟེ་བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ནས་ཞེས་བྱ་བ་ནི་མཚོན་ཆའི་ཡེ་ཤེས་བཤད་ཀྱི་འོག་ཏུ་སྟེ་གང་གི་ཕྱིར། ཕོ་ཉ་མགུ་བ་མ་གཏོགས་པར། །དངོས་གྲུབ་ཉེ་བར་མི་འགྱུར་བས། །ཕོ་ཉ་གདུལ་བ་བཤད་པར་བྱའོ། །ཞེས་བྱ་བར་སྦྱར་རོ། །
ཕོ་ཉ་དེ་གང་ཞིག་ཡིན་ཞེ་ན། ཐ་མལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷ་ཐ་མལ་ཞེས་བྱ་བ་ནི་གློ་བུར་དུ་མ་བཅོས་པ་སྟེ། ལྷན་ཅིག་སྐྱེས་མའི་རྣལ་འབྱོར་མའོ། །སྔགས་ཀྱི་ལུས་ཅན་མ་ཞེས་བྱ་བ་ནི་སྔགས་ལས་སྐྱེས་མའོ། །ཞིང་སྐྱེས་མ་ནི་གང་ཡང་རུང་། །ཞེས་བྱ་བ་ལ། ཞིང་སྐྱེས་མ་

ནི་ཞིང་ལས་སྐྱེས་མའོ། །གང་ཡང་རུང་ཞེས་བྱ་བ་ནི་དེ་དག་ལས་གང་ཞིག་བསྒྲུབ་པར་འདོད་པའོ། །ཕན་པའི་མཆོག་གི་བདེ་བ་སྒྲུབ། །ཅེས་བྱ་བ་ནི། དེ་དག་སྐྲ་དབྱི་བ་ལ་སོགས་པས་དགའ་བ་བསྐྱེད་པ་ཉིད་ཕན་པའི་མཆོག་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ།
འདི་དག་མནན་པས་ལོངས་སྤྱོད་གྱི། །བསྙེན་བཀུར་གྱིས་ནི་བསྟེན་མི་བྱ། །ཞེས་བྱ་བ་ལ། མནན་པ་ནི་སྐྲ་ནས་རྨུགས་པ་དང་། སེན་མོས་དྲལ་བ་དང་། ཐལ་མོས་བསྣུན་པ་དང་། གཏག་པ་དང་། དབུག་པ་ལ་སོགས་པས་གདུལ་བའོ། །བསྙེན་བཀུར་གྱིས་ནི་བསྟེན་མི་བྱ། །ཞེས་བྱ་བ་ནི།
གཞན་དུ་བསྙེན་བཀུར་ལ་སོགས་པས་དེ་དག་མགུ་བར་མི་འགྱུར་བས་དེ་དག་དེས་བསྙེན་པར་མི་བྱ་སྟེ། དེའི་ཚེ་བདེ་བ་ལས་རིང་དུ་འགྱུར་རོ། །ཡང་ན། བསྙེན་བཀུར་གྱིས་ནི་ཀུན་དུ་བསྟེན། །ཞེས་བྱ་བར་སྦྱར་ཏེ། གཏག་པ་ལ་སོགས་པ་བསྙེན་བཀུར་མ་ཡིན་ལ། གཏག་པ་ལ་སོགས་པ་བསྙེན་བཀུར་
མ་ཡིན་པ་དེས་དེ་དག་བསྙེན་བཀུར་ལ་སོགས་པས་དེ་དག་མགུ་བར་མི་འགྱུར་བས། དེ་ཉིད་དེའི་བསྙེན་བཀུར་གང་ཡིན་པ། དེས་དེ་དག་ལ་བསྙེན་པར་བྱ་ཞེས་བྱ་བའི་དོན་ཏོ། །སྐལ་བཟང་ཞེས་བྱ་བ་ལ་སོགས་པས་ནི་རི་མོ་ཅན་གྱི་མཚན་ཉིད་གསུངས་པ་ཡིན་ཏེ། སྲ་ཞེས་བྱ་བ་ནི་ཡན་ལག་
མཁྲང་བའོ། །འོ་མ་འཛིན་སྦོམ་པདྨ་ཅན། །ཞེས་བྱ་བ་ནི་པདྨ་ཅན་གྱི་མཚན་ཉིད་དོ། །འོ་མ་འཛིན་པ་ནི་ནུ་མའོ། །སྦོམ་པ་ནི་ཤིང་ཏཱ་ལའི་འབྲས་བུ་ལྟ་བུའམ། ཤྲཱི་ཕ་ལ་ལྟར་ཟླུམ་ཞིང་མཐོ་ལ་མཁྲང་བའོ། །ལྟེ་བ་དུང་འདྲ་ཞེས་བྱ་བ་ནི་ལྟེ་བ་དུང་གི་དབྱིབས་ལྟར་འཁྱིལ་བའོ། །ལྷག་མ་ནི་གོ་སླའོ། །
འབྱུང་བའི་ཤིང་ཞེས་བྱ་བ་ནི་ཤིང་ཨུ་དུམྺཱ་རའོ། །གན་དུ་ཤ་ཞེས་བྱ་བ་ནི་ཀྲི་ཏ་ཨ་ཛ་ལིའོ། །ལཀྵ་ཎ་ནི་སྨན་ལཀྵ་ཎའི་རྩ་བའོ། །པ་ཐ་ནི་རྣ་མ་ཕུག་པའོ། །ཇི་ལྟར་འདོད་པ་བཞིན་འགྱུར་རོ་ཞེས་བྱ་བ་ནི་ཇི་ཙམ་འདོད་པ་དེ་འཕེལ་བར་འགྱུར་རོ། །གེ་སར་ཞེས་བྱ་བ་ནི་ནཱ་ག་གེ་སར་རོ། །ལིངྒ་དོན་གཉེར་
ཞེས་བྱ་བ་ནི་དགའ་བ་ལ་ཆགས་པ་སྟེ། ལིངྒས་དོན་དུ་གཉེར་བ་ཡིན་པའི་ཕྱིར་རོ། །བྷ་ག་དང་ནི་སྤེལ་བར་བྱ། །ཞེས་བྱ་བ་ནི་བྷ་ག་འདིར་རྡོ་རྗེ་བཅུག་པས་མཛེས་པ་ནི་སྤེལ་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཕྱག་རྒྱ་ཕྱག་རྒྱར་སྦྱོར་བ་ཡིན། །ཞེས་བྱ་བ་ལ། ཕྱག་རྒྱ་ནི་རྡོ་རྗེ་སྟེ་བྷ་ག་ལ་འདེབས་པའི་

ཕྱིར་རོ། །ཡང་ཕྱག་རྒྱ་ནི་བྷ་ག་སྟེ་ས་གསུམ་གྱི་སྐྱེ་བོ་མགུ་བར་བྱེད་པའི་ཕྱིར་རོ། །སྦྱོར་བ་ནི་སྙོམས་པར་ཞུགས་པའོ། །རྣམ་པར་རོལ་པས་ལིངྒ་སྟེ། །ཞེས་བྱ་བ་ནི། འདིས་ས་གསུམ་གྱི་སྐྱེ་བོ་ཅི་བདེར་རོལ་ཅིང་རྩེ་བར་བྱེད་པས་ན་ལིངྒའོ། །འདིར་ལིངྒ་ཞེས་བྱ་བ་ནི་ཐུང་ངུ་ཡིན་པར་སྦྱར་རོ། །རྣམ་པར་
འབྱེད་པའི་བྷ་ག་ཡིན། །ཞེས་བྱ་བ་ལ། རྣམ་པར་འབྱེད་པ་ནི་གསལ་བར་བྱེད་པ་སྟེ། ཆོས་འབྱུང་བ་དེས་བདེ་བ་སྟེར་བར་བྱེད་ཅིང་། དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཨ་ཡིག་བ་ཡི་ཡི་གེ་ལས། །ཞེས་བྱ་བ་ནི་བདེ་བ་ལ་སྤྱོད་པའི་དུས་སུ་བྷ་ག་དང་ལིངྒ་བྱིན་གྱིས་བརླབ་པའི་ཡི་གེའོ། །
ཁ་ཅིག་ནི་ཨ་ཡིག་ནི་ཨཱ་ལི་སྟེ། ལྟེ་བར་སྤྲུལ་པའི་འཁོར་ལོ་ལ་གནས་པའོ། །བ་ནི་ཀཱ་ལི་སྟེ་མགོ་བོར་བདེ་བ་ཆེན་པོའི་འཁོར་ལོ་ལ་གནས་པའི་ཡི་གེ་ཧཾ་ངོ་། །བྷ་ག་ལིངྒ་བསྐྱེད་ནས་ནི། །ཞེས་བྱ་བ་ནི་དེ་གཉིས་ཀྱི་སྙོམས་པར་འཇུག་པ་ཡིན་ནོ་ཞེས་ཟེར་རོ། །བུང་བ་ལ་སོགས་རིམ་བཞིན་དུ། །ཞེས་
བྱ་བ་ནི་བུང་བ་ནི་བུང་བ་ལྟ་བུའི་སྒྲ་དང་། བུང་བ་ལྟར་རོ་སྨད་ཀུན་དུ་བསྐྱོད་པ་སྟེ། བྱེད་པ་ཀུན་སྡོམ་པའི་ཁྱད་པར་རོ། །དེས་ཅི་ཞིག་བྱ་ཞེ་ན། མཁའ་འགྲོ་མ་ཀུན་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་ཕོ་ཉ་དང་ལྷན་ཅིག་ཏུ་སྦྱོར་བས་མཁའ་འགྲོ་མ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་ལ་ལོངས་སྤྱོད་པས་བྱ་བའོ། །
དེ་ཡང་འདི་ལྟར་བསྒུལ་བ་དང་པུས་བཙུགས་ལ་སོགས་པའི་བྱེད་པ་སྡོམ་པའི་ཁྱད་པར་གྱིས་བསྒྲུབ་པར་བྱ་སྟེ། དེ་ལ་བསྒུལ་བ་ཞེས་བྱ་བ་ནི། སྐྱེས་པའི་ཆུ་སོའི་སྟེང་དུ་ཕོ་ཉས་གནས་ནས་བུང་བ་ལ་སོགས་པའི་སྒྲ་འབྱིན་ཅིང་། རོ་སྟོད་དང་རོ་སྨད་ལ་སོགས་པ་རིམ་གྱིས་བསྒུལ་ཞིང་བསྐྱོད་ལ་རྐེད་
པ་འཁོར་ལོ་ལྟ་བུར་གཅུ་ཞིང་བསྐོར་བ་ཡིན་ཏེ། དེ་ཡང་གསུངས་པ། བུ་མོ་སྐྱེས་པའི་ཆུ་སོ་ཡི། །སྟེང་ནས་མདུན་རྒྱབ་རིམ་གྱིས་བསྒུལ། །རྐེད་པ་འཁོར་ལོ་ལྟར་བསྐྱོད་པ། །དོ་ལ་ཞེས་ནི་བྱ་བར་བཤད། །སྐྱེས་པའི་པུས་མོ་བཙུགས་ནས་ནི། །བུ་མོའི་པུས་མོ་ཅུང་ཟད་བསྐུམ། །ཐོང་
གཤོལ་ལྟ་བུར་བརླ་སྟེང་གཞག །ཀུར་པ་ན་ཞེས་དེ་བཤད་དོ། །ཞེས་བྱ་བ་ལ་སོགས་པ་དགའ་བའི་བསྟན་བཅོས་ལས་ཤེས་པར་བྱའོ། །གཞུང་གང་ལས་ཕོ་ཉ་གདུལ་བའི་ཆོ་ག་འབྱུང་བ་དེ་ནི། ཕོ་ཉ་གདུལ་བའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་བརྒྱད་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་

པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།ད་ནི་སྔགས་བཟླས་པ་ལ་སོགས་པ་མི་ནུས་པའི་བསོད་ནམས་དམན་པ་གང་དག་དངོས་གྲུབ་ཕྲ་མོ་ལ་ཤིན་ཏུ་དད་པ་དེ་དག་གི་ལས་སྣ་ཚོགས་བསྟན་པར་བྱ་བའི་ཕྱིར་དེ་ནས་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ཕོ་ཉ་གདུལ་བ་བསྟན་པའི་འོག་ཏུའོ། །བཅོམ་ལྡན་འདས་ལ་ཞེས་བྱ་བ་དང་། གསོལ་ཏོ་ཞེས་བྱ་བ་དང་འབྲེལ་ཏོ། །མཆོད་པ་ཞེས་བྱ་བ་ནི་གར་ལ་སོགས་པའི་མཆོད་པའོ། །དེ་ཉིད་གསུངས་པ། སེམས་ཅན་ཞེས་བྱ་བ་ལ་སོགས་
པ་ལ། བསོད་ནམས་མེད་པ་ཞེས་བྱ་བ་ནི་བསམ་གཏན་བསྒོམ་པར་མི་ནུས་པའོ། །སྔགས་རྣམས་བསྟན་པར་མི་ནུས་པ། །ཞེས་བྱ་བ་ནི་སྔགས་བཟླས་པ་མི་ནུས་པའོ། །ཡང་ཞེས་བྱ་བ་ནི་བསམ་གཏན་དང་བྲལ་བ་སྡུད་པའོ། །ལྷའི་སྨན་ཞེས་བྱ་བ་ནི་གྲུབ་པའི་རང་བཞིན་ཅན་རྣམས་
སོ། །དེ་ནི་ཇི་ལྟར་གཟུང་བར་བྱ། །ཞེས་བྱ་བ་ནི། སྨན་དེ་རྣམས་ཇི་ལྟར་བཅང་བར་བྱ་བའོ། །ལྷའི་ཏིང་ངེ་འཛིན་དང་ལྡན་པས་ས་བོན་ཁྲག་གིས་བསྒོ་བ་ལ་སོགས་པས་བསྒྲུབ་པ་བསྟན་པའི་ཕྱིར་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བྱ་བ་སྣ་ཚོགས་ཞེས་བྱ་བ་ནི། སྲུང་བ་ལ་སོགས་
པའི་ལས་སྣ་ཚོགས་པའོ། །གཟུགས་པ་ནི་བསྐྱེད་པའོ། །ཇི་ལྟ་བུའི་ས་བོན་ལ་སོགས་པ་ལགས་ཞེས་བྱ་བ་ལ་སོགས་ཀྱིས་ནི་ལྕུག་མ་ལ་སོགས་པ་གཟུང་སྟེ། གང་དང་གང་གི་ས་བོན་དང་ལྕུག་མ་དག་གཟུང་བར་བྱ་ཞེས་བྱ་བའི་དོན་ཏོ། །ཤིང་གི་ཞེས་བྱ་བ་ནི་ཤིང་རྣམས་ལས་བྱུང་
བའོ། །ཤིང་དེ་དག་ཀྱང་གང་ཡིན་ཞེ་ན། ཨེ་རནྟ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསེར་གྱི་ཤིང་ནི་སྨྱོ་བྱེད་ཀྱི་ཤིང་ངོ་། །སོགས་ཀྱིས་པ་ཏ་ལ་སོགས་པ་གཟུང་བར་བྱའོ། །ད་ནི་ལྕུག་མ་བསྐྱེད་པའི་ཆོ་ག་གསུངས་པ། མར་ངོ་ཞེས་པ་ལ་སོགས་པ་ལ་ཟླ་མཚན་ཞེས་བྱ་བ་ནི་ཟླ་མཚན་
གྱི་ཁྲག་གོ། །དབང་པོ་ཞེས་བྱ་བ་ནི་ཚིལ་ཆེན་པོའི་ཞག་གོ། །དུར་ཁྲོད་ཀྱི་ཐལ་བ་ཞེས་བྱ་བ་ནི་ཐོད་པ་སྟེ་དེ་ཡང་གང་གི་ཐོད་པར་གཟུགས་པ་དེའི་ཞག་གིས་བསྒོ་བ་དང་། དེའི་ཁྲག་གིས་གཏོར་བ་དང་། དེའི་ཤ་དང་རུས་པ