Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 19
Văn bản gốc(Tây Tạng)
Trang 6 / 18 (50.000 ký tự/trang)
་ཏེ། དེ་ཉིད་ཐམས་ཅད་ཡིན་ཞེ་ན། རྡོ་རྗེ་འཛིན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་འོད་ཟེར་ཞེས་བྱ་བ་ནི་ཧཱུཾ་ལས་བྱུང་བའི་འོད་དོ། །མཁའ་འགྲོ་མ་ལ་སོགས་ཞེས་བྱ་བ་ནི། མཁའ་འགྲོ་མ་དང་། མཛེས་ མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་སོ། །མཆོད་པ་ནི་ཡིད་ཀྱིས་རྡོ་རྗེ་བླ་མ་ལ་སོགས་པ་ལ་ཡང་དག་པར་མཆོད་པའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །བྱང་ཆུབ་ནི་ལྷ་རྣམས་ཀྱི་ཚོགས་ཏེ། གང་ གིས་དེ་དག་རང་གི་སེམས་ཡིན་པར་ཤེས་ཤིང་གང་ལ་དེའི་རྣམ་པ་ཅན་གྱི་སེམས་ཡོད་པའི་སློབ་བཞིན་པའི་སྒྲུབ་པ་པོ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཀུན་ནས་ཞེས་བྱ་བ་ལ་སོགས་པ་ལ། དགོངས་སུ་གསོལ་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བ་དང་བཅས་པས་བྱིན་གྱིས་རློབ་ཅིང་ བདག་གིར་མཛད་པ་ནི་དགོངས་པའོ། །བདག་མིང་འདི་ཞེས་བྱ་བ་ནི་རང་གི་མིང་ནས་སྨོས་པ་སྟེ། ཤིན་ཏུ་ཁས་ལེན་པའི་ཕྱིར་རོ། །དུས་འདི་ནས་བཟུང་ཞེས་བྱ་བ་ལ་དུས་འདི་ནི་གནས་སྐབས་འདི་སྟེ། བཟུང་པ་ནི་ཉེ་བར་བརྩམས་པའོ། །ཡང་ན་བཟུང་བ་ནི་སངས་རྒྱས་ལ་སོགས་པས་བྱིན་ གྱིས་བརླབས་པ་ཉེ་བར་བླངས་ཤིང་རྒྱུར་བྱས་པའོ། །ཇི་སྲིད་ཅེས་བྱ་བའི་སྒྲ་ནི་དུས་ཇི་སྙེད་ཀྱི་བར་དུ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་ཞེས་བྱ་བ་དང་འབྲེལ་ཏོ། །དུས་ཇི་སྙེད་ཅིག་ཏུ་བསྐྱེད་པར་བྱ་ཞེ་ན། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཞེས་བྱ་བ་ལ་བྱང་ཆུབ་སྙིང་པོ་ནི་དམ་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའོ། །མཆིས་པ་ནི་དེར་གནས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་ཀྱི་བར་དུའོ། །བྱ་བ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དུས་གསུམ་ཞེས་བྱ་བ་ནི་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ཏེ། དུས་ དེ་རྣམས་སུ་སྤྱོད་པའི་གཤེགས་པ་དང་། གཤེགས་བཞིན་པ་དང་། བྱོན་པའི་སངས་རྒྱས་རྣམས་སོ། །དེ་བཞིན་ཉིད་སྐྱོབ་པས་ན་མགོན་པོའོ། །ཡང་དག་བྱང་ཆུབ་ངེས་མཛད་པ། །ཞེས་བྱ་བ་ལ། ངེས་མཛད་ནི་སྦྱིན་པ་ལ་སོགས་པའི་ཚོགས་མ་ལུས་པ་བསགས་པར་བྱ་བའི་མཚན་ཉིད་ དོ། །ཅིའི་ཕྱིར་ཞེ་ན། ཡང་དག་བྱང་ཆུབ་ཀྱི་ཕྱིར་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་ཆེད་དུའོ། །འདིར་ཆེད་ཀྱི་བདུན་པ་མི་མངོན་པ་ཡིན་ནོ། །བླ་མེད་བྱང་ཆུབ་སེམས་ཞེས་བྱ་བ་ལ་བྱང་ཆུབ་ཀྱི་སེམས་ནི་སྨོན་པའི་བྱང་ཆུབ་ཀྱི་སེམས་དང་ འཇུག་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་སྨོན་པའི་བྱང་ཆུབ་ཀྱི་སེམས་ནི་བདག་རྡོ་རྗེ་མཁའ་འགྲོར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱང་གོ་འཕང་དེ་ལ་དགོད་པར་བྱའོ་སྙམ་པའི་འདོད་པ་དང་བཅས་པའི་སྨོན་ལམ་མོ། །འཇུག་པ་བྱང་ཆུབ་ཀྱི་སེམས་ནི་དེའི་ལམ་སྦྱིན་པ་ལ་སོགས་པ་ ཉམས་སུ་ལེན་པའི་རང་བཞིན་ཏེ། དེ་གཉིས་ནི་བླ་ན་མེད་པའི་འབྲས་བུ་སྒྲུབ་པར་བྱེད་པས་ན་བླ་ན་མེད་པའོ། །དེ་བཞིན་བསྐྱེད་པར་བགྱི་ཞེས་བྱ་བ་ནི་ཇི་ལྟར་དུས་གསུམ་གྱི་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའི་གནས་སྐབས་ན་བྱང་ཆུབ་ཀྱི་ཕྱིར་ཐུགས་བསྐྱེད་པ་མཛད་ པ་དང་། སྐྱེད་པ་དང་། བསྐྱེད་པར་འགྱུར་བར་ལྟར་བདག་གིས་ཀྱང་བསྐྱེད་པའོ། །ཡང་ན་མགོན་པོ་ནི་བྱང་ཆུབ་སེམས་དཔའ་སྟེ། སངས་རྒྱས་ཀྱི་གནས་སུ་གྱུར་པའི་ཕྱིར་རོ། །དེ་ཡང་གསུངས་པ། དེ་ལྟར་བྱང་ཆུབ་སེམས་བསྐྱེད་པ། །གང་ཡིན་སངས་རྒྱས་ཉིད་ཅེས་བྱ། །ཞེས་ གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱི་སེམས་ནི་སྨོན་པ་སྔོན་དུ་འགྲོ་བའི་འཇུག་པའི་སེམས་ཏེ། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་བླ་ན་མེད་པའོ། །སངས་རྒྱས་རྣལ་འབྱོར་སྐྱེས་སྡོམ་པ། །ཞེས་པ་ལ་སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །སྐྱེས་པ་ནི་དེའི་རིགས་ཀྱི་ སྒྲུབ་པ་པོའོ། །སྡོམ་པ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཚན་ཉིད་ཅན་ཏེ། ལུས་ལ་སོགས་པ་བྱ་བ་མ་ཡིན་པ་ལས་བཟློག་ཅིང་སྡུད་པའི་ཕྱིར་བླ་ན་མེད་པའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་བག་ཆགས་བསལ་བས་ན་སངས་རྒྱས་ཏེ་རྣམ་པར་སྣང་མཛད་ལ་སོགས་པའོ། ཆོས་ནི་འཛིན་པས་ན་ཆོས་ཏེ། ལུང་དང་རྟོགས་པའི་རང་བཞིན་ནོ། །འདུས་པ་ནི་དགེ་འདུན་ཏེ། འཇམ་དཔལ་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའོ། །བླ་ན་མེད་པའི་ དཀོན་མཆོག་གསུམ། །ཞེས་བྱ་བ་ལ་གསུམ་ནི་ལུས་དང་ངག་དང་ཡིད་དེ། དེ་རྣམས་ཀྱི་དགའ་བ་དང་རྒྱས་པར་བྱེད་པས་ན་དཀོན་མཆོག་གོ། །ཡང་ན་སངས་རྒྱས་ལ་སོགས་པ་ཉིད་དཀོན་པ་སྟེ། གསུམ་པོ་དེ་དག་ཉིད་དཀོན་པའི་ནང་ན་གཙོ་བོ་ཡིན་པས་མཆོག་གོ། །དེ་ཉིད་ཀྱི་ ཕྱིར་བླ་ན་མེད་པ་སྟེ། གཟུང་ཞེས་བྱ་བར་འབྲེལ་ཏོ། །འདིར་གཟུང་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་སྟེ། དང་པོ་སྐྱབས་སུ་སོང་ནས་དེའི་འོག་ཏུ་མངོན་སུམ་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །བསླབ་པ་ཞེས་བྱ་བ་ལ་སོགས་པ་ལ་ཚུལ་ཁྲིམས་གསུམ་ཞེས་བྱ་བ་ནི་བསླབ་པའི་ཚུལ་ཁྲིམས་ ལ་སོགས་པ་དེ་དག་ཉིད་དེ་མི་དགེ་བ་ལས་ལྡོག་པ་དང་། དགེ་བ་ལ་འཇུག་པ་དང་། གཞན་གྱི་དོན་བྱེད་པའི་མཚན་ཉིད་ཅན་ནོ། །བདག་གིས་སོ་སོར་བརྟན་པོར་གཟུང་། །ཞེས་བྱ་བ་ལ་བདག་ནི་བདག་ཉིད་དེ་འགྲོ་བ་རྣམས་བསྒྲལ་བའི་ཕྱིར་ཁས་བླང་ཞིང་ང་རྒྱལ་བྱ་བའོ། །སོ་སོར་གཟུང་ བ་ནི་ཡང་དང་ཡང་དུ་འཇུག་པའོ། །བརྟན་པོར་གཟུང་བ་ནི་ཕྱིར་མི་ལྡོག་པ་སྟེ་སངས་རྒྱས་ལ་སོགས་པ་ལ་བརྟེན་པའི་སྨོན་ལམ་དང་འཇུག་པ་དེ་དག་ལས་མི་ཤེས་པའི་དབང་གིས་སླར་ལྡོག་པར་མི་བྱའོ། །དེ་ལྟར་འོག་ནས་འབྱུང་བ་ཀུན་ལ་སྦྱར་བར་བྱའོ། །རྡོ་རྗེ་རིགས་མཐོ་ཆེན་པོ་ ལ། །ཞེས་བྱ་བ་ལ་རྡོ་རྗེ་མཐོ་ནི་མི་བསྐྱོད་པའོ། །རིགས་ནི་དེ་དང་འབྲེལ་བའི་སྒྲུབ་པ་པོ་སྟེ་དེའི་སྡོམ་པ་ཡིན་པའམ་ཡང་ན་སྡོམ་པ་ཉིད་རྡོ་རྗེ་རིགས་མཐོ་ཆེན་པོ་སྟེ་མི་བསྐྱོད་པའི་རང་བཞིན་ནོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཞེས་བྱ་བ་ལ་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ། །ཡང་དག་པ་ཉིད་དུ་གཟུང་བ་ནི་ ཡང་དང་ཡང་དུ་གཟུང་བའོ། །སློབ་དཔོན་ནི་བླ་མ་སྟེ་བླ་མ་སློབ་དཔོན་ཞེས་བྱ་བར་མཁས་པ་རྣམས་ཀྱིས་ཡོངས་སུ་བསྒྲགས་ཞེས་ཟེར་བའི་ཕྱིར་རོ། །ཡང་ན་རྡོ་རྗེ་ལ་སོགས་པ་ནི་རྡོ་རྗེ་ལ་སོགས་པའི་དམ་ཚིག་གོ། །སློབ་དཔོན་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །རིན་ཆེན་ཞེས་བྱ་བ་ལ་ སོགས་པ་ལ། ཚིགས་སུ་བཅད་པ་ཕྱེད་སྔ་མ་འདིས་ནི་རིགས་ཀྱི་ཐ་སྙད་བསྟན་པ་ཡིན་ཏེ། དེ་ལ་རིན་ཆེན་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ལས་བྱུང་བས་ན་རིགས་ནི་རིན་ཆེན་འབྱུང་ལྡན་ནོ། །རྣལ་འབྱོར་ནི་དེའི་རིགས་ཀྱི་སྒྲུབ་པ་པོ་སྟེ། དེའི་རྣམ་པར་ཡང་དང་ཡང་དུ་སེམས་ རྩེ་གཅིག་གིས་སྦྱོར་བའི་ཕྱིར་རོ། །དམ་ཚིག་ནི་འདའ་བར་མི་བྱ་བར་ཉམས་སུ་བླང་བའོ། །ཡིད་དུ་འོང་བ་ནི་སྦྱིན་པ་ལ་སྦྱོར་བས་སོ། །ཅི་ཞིག་ཅེ་ན། ཉིན་རེ་ཞེས་བྱ་བ་ལ་སོགས་པ་ལ། སྦྱིན་པ་རྣམ་པ་བཞི་ནི་ཟང་ཟིང་དང་། ཆོས་དང་། མི་འཇིགས་པ་དང་། བྱམས་པའོ། །ཡང་ན་ནོར་དང་ནོར་ གྱི་སྙིང་པོ་དང་། ཡན་ལག་དང་ཡན་ལག་གི་སྙིང་པོའོ། །དེ་ལ་ནོར་ནི་གསེར་ལ་སོགས་པའོ། །ནོར་གྱི་དང་པོ་ནི་བུ་དང་བྲན་ལ་སོགས་པའོ། །ཡན་ལག་ནི་རྐང་པ་ལ་སོགས་པའོ། །ཡན་ལག་གི་དང་པོ་ནི་མགོ་ལ་སོགས་པའོ། །བྱང་ཆུབ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཆེན་པོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཞེས་བྱ་བ་ལ་སོགས་པས་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ལ་འབྱུང་བ་ནི་དེ་ལས་སྐྱེས་པའོ། །སུ་ཞིག་ཅེ་ན། པདྨའི་རིགས་ཆེན་ཞེས་བྱ་བ་ལ་སོགས་པ་སྟེ། པདྨ་ཆེན་པོ་དག་པ་ནི་སྣང་བ་མཐའ་ཡས་སོ། །ཅིའི་ ཕྱིར་ཞེ་ན། གཟུང་བ་ལ་སོགས་པར་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །རིགས་ནི་དེའི་བདག་ཉིད་ཅན་ནོ། །ཕྱི་ནང་ཞེས་བྱ་བ་ལ་སོགས་པ་ནི་ཀྲྀ་ཡ་ལ་སོགས་པ་གསང་སྔགས་ཀྱི་ཐེག་པའོ། །ཐེག་པ་གསུམ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པའི་ཐེག་པ་སྟེ། འདིས་ དེའི་རིགས་ཅན་གྱི་སྐྱེ་བོ་རྣམས་འགྲོ་བས་ན་ཐེག་པའོ། །དམ་ཆོས་ཞེས་བྱ་བ་ནི་དེ་དག་ཉིད་དམ་པ་ནི་སངས་རྒྱས་སོ། །དེས་བསྟན་པའི་ཆོས་ནི་དམ་ཆོས་སོ། །ལས་ཀྱི་རིགས་ཆེན་མཐོན་པོ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་བདག་ཉིད་དོ། །ཅི་ནུས་བགྱི་ཞེས་བྱ་བ་ནི་རང་གི་སྟོབས་བཞིན་ཁས་ བླངས་པའོ། །མཆོད་པ་དེ་ཉིད་ཁྱད་པར་དུ་བྱ་བའི་ཕྱིར། སྡོམ་པ་ཐམས་ཅད་ལྡན་པར་ནི། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ནི་ཕྱི་དད་གསང་བའི་མཆོད་པ་རྣམས་སོ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་གཉིས་ནི་སྡོམ་པ་ལྔའི་ཉེ་བར་བསྡུ་བའོ། ། བླ་ན་མེད་པའི་བྱང་ཆུབ་སེམས། །ཞེས་བྱ་བ་ལ་སོགས་པས་ནི་སེམས་བསྐྱེད་པ་གཉིས་ཀྱི་བྱ་བ་སྟོན་པ་ཡིན་ནོ། །མ་རྒལ་བ་རྣམས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་ལྡན་པས་སོ། །མ་གྲོལ་བ་ནི་ཚངས་པ་ལ་སོགས་པའོ། །དབུགས་མ་ཕྱིན་ པ་ནི་དམྱལ་བ་ལ་སོགས་པར་འགྲོ་བའོ། །ཀུན་ཞེས་བྱ་བ་ནི་དེ་དག་ཐམས་ཅད་དོ། །མྱ་ངན་ལས་འདས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ནས་ཞེས་བྱ་བ་ནི་དེ་ལྟར་དམ་བཅས་ནས་སོ། །ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཏེ། སརྦྦ་དྷརྨྨཱཿཞེས་བྱ་བ་ནི་ཕུང་པོ་ལ་སོགས་ པའི་ཆོས་རྣམས་སོ། །སྭ་བྷཱ་བ་ཤུདྡྷ་ནི་དེ་དག་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའོ། །ཨ་ཧཾ་ནི་བདག་ཉིད་སྟེ་བདག་གི་རང་བཞིན་དེ་ཡིན་ནོ། །དེ་ནས་ཚིག་འདི་བརྗོད་ནས་ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བ་ནི་རང་བཞིན་དག་པའི་འོག་ཏུ་སྟེ། བཅོམ་ལྡན་འདས་བསྒོམ་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཡང་ ན་ཚིག་འདི་ཀུན་དུ་བརྗོད། །ཅེས་བྱ་བ་ལ་ཚིག་ནི་གནས་ཏེ་རང་བཞིན་དག་ཅིང་བདག་མེད་པ་ཉིད་དོ། །ཨ་ནི་དགག་པ་སྟེ་བརྗོད་དུ་མེད་པའི་རང་བཞིན་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་བྱ་བ་ལ་དེ་ཉིད་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་སྨོན་ལམ་བྱེད་པའི་རྣལ་ འབྱོར་པ་ཉིད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་བྷ་ག་དང་སྦྱར་བའི་ཕྱིར་རོ། །དེ་ཉིད་རྡོ་རྗེ་ཅན་ཏེ་དེ་ཡང་འདི་ལྟར་རྡོ་རྗེ་འཛིན་དང་དབྱེར་མེད་པའི་ཕྱིར་ཏེ་ཇི་སྐད་དུ་བྱང་ཆུབ་ཀྱི་སེམས་དང་རྡོ་རྗེ་སློབ་དཔོན་ནི་གཉིས་སུ་མེད་ཅིང་དབྱེར་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ ནི་བརྩོན་འགྲུས་བརྟན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཡིན་ཞིང་རང་བཞིན་རྣམ་པར་དག་པ་ཐོབ་པས་ན་དེ་བཞིན་གཤེགས་པ་ཡང་ཡིན་ནོ། །དེས་ཆོས་ཐམས་ཅད་བདག་མེད་པར་བལྟ་ཞེས་བྱ་བ་སྔ་མ་དང་སྦྱར་ཏེ། ཆོས་རྣམས་བདག་མེད་པར་བལྟ་བའོ། །ཡང་ན་ཆོས་རྣམས་བདག་མེད་ པ་ལྷན་ཅིག་ཏུ་བལྟ་བའོ། །སྐུ་མདོག་སྔོན་པོ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་མཁའ་འགྲོ་བསྒོམ་པ་བསྟན་ཏེ། འོག་ནས་འབྱུང་བའི་པདྨའི་ལྟེ་བར་དགོད་པར་བྱའོ། །གར་དང་ལྡན་པ་ཞེས་བྱ་བ་ནི་གཡས་བརྐྱང་བས་བཞུགས་པའོ། །ཡེ་ཤེས་རྒྱ་མཚོ་ནི་རྡོ་རྗེ་མཁའ་འགྲོའོ། །ཤར་ ནི་ཞེས་བྱ་བ་ལ་སོགས་པས་ནི་ལྟུང་བྱེད་མ་ལ་སོགས་པའི་ལྷ་མོ་བཞིས་གསུངས་པ་ཡིན་ཏེ་དབུས་ཀྱི་པདྨའི་ཕྱོགས་ཀྱི་འདབ་མ་བཞི་ལའོ། །མཚམས་ཀྱི་འདབ་མ་རྣམས་ལ་ནི་བདུད་རྩི་ལྔའི་ཐོད་པ་རྣམས་སོ། །ཕྱི་རོལ་གྱི་པདྨ་རིམ་པ་གསུམ་པ་ལ་ནི་སྔར་བསྟན་པ་བཞིན་རབ་ ཏུ་གཏུམ་མོ་ལ་སོགས་པ་རྣམས་དགོད་དོ། །ཤར་ལ་སོགས་པའི་སྒོ་བཞིར་ནི་ཁྭ་གདོང་མ་ལ་སོགས་པ་བཞི་དགོད་དོ། །དབང་ལྡན་ལ་སོགས་པའི་མཚམས་སུ་ནི་གཤིན་རྗེ་བརྟན་མ་ལ་སོགས་པའོ། །ལྷག་མ་ནི་སྒྲུབ་ཐབས་སུ་བལྟའོ། །ཐོད་པ་རྣམ་པ་བཞི་པོ་ཞེས་བྱ་བ་ནི་བདུད་ རྩི་ལྔའི་ཐོད་པ་སྟེ་དབུས་ཀྱི་པདྨའི་མཚམས་བཞིར་དགོད་པའོ། །སངས་རྒྱས་གཟུགས་ཀྱིས་རྣམ་བརྒྱན་པ། །ཞེས་བྱ་བ་ཉིད་ཀྱིས་བཤད་པ་ནི་སྤྱི་གཙུག་ཅེས་བྱ་བ་ལ་སོགས་པ་སྟེ། །སྤྱི་གཙུག་ཅེས་བྱ་བ་ནི་ཐོད་པའོ། །གསལ་བ་ཞེས་བྱ་བ་ལ་ནམ་མཁའ་ལས་འོངས་པས་ན་གསལ་བ་སྟེ། ། དེའི་སྟེང་དུ་གནས་པའི་ཟླ་མཚན་ནོ། །ཡང་དག་ལྡན་པ་ནི་བདུད་རྩིའོ། །ལྷག་མ་རྣམས་ཏེ་རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། མི་བསྐྱོད་པ་དང་། དོན་ཡོད་གྲུབ་པ་རྣམས་གཟུང་ངོ་། །བདུད་རྩི་ལྔ་སྦྱང་བ་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པ་ལ། དང་པོའི་ཡི་གེ་ནི་ཨོཾ་མོ། །དེ་དང་ལྡན་པ་ནི་ཐོད་པའོ། །བསྒོམ་པ་ནི་ཐོད་པ་དང་བྷྲཱུྃ་ལ་སོགས་པ་བསྒོམ་པའོ། །དེས་ཅིར་འགྱུར་ཞེ་ན་གསུངས་པ། སྐད་ཅིག་དེ་ལ་འབར་ཞེས་བྱ་བ་སྟེ་འབར་བའོ། །དེས་ཀྱང་ཅིར་འགྱུར་ཞེ་ན། རྫས་ཀྱི་དངོས་གྲུབ་འབྲས་རབ་སྟེར། །ཞེས་བྱ་བ་སྟེ་གོ་སླའོ། ། འདིར་དང་པོར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ལ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་དེའི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པ་དེའི་ནང་དུ་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུྃ་གི་ས་བོན་ལས་སྐྱེས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་གྱི་བདུད་རྩི་ལྔའོ། །དེའི་སྟེང་དུ་ནི་ཨོཾ་བར་སྣང་ལ་ཧཱུྃ་གིས་བསྐྱེད་ པའི་རྡོ་རྗེ་དེ་ནས་རླུང་གིས་འབར་བའི་མེས་བསྐོལ་ནས་དེའི་དྲོད་ཀྱིས་རྡོ་རྗེ་ཡང་བཞུ་སྟེ། དེ་ཉིད་དུ་བབས་ནས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་བདུད་རྩི་འབར་བར་གྱུར་ན་དངོས་གྲུབ་སྟེར་བར་འགྱུར་རོ། །སྦྱོར་བའི་དངོས་གྲུབ་རིག་པ་ཆེ། །ཡིད་ཆེས་ཡང་དག་འཇུག་པར་འགྱུར། །ཞེས་ བྱ་བ་ལ་སྦྱོར་བས་གྲུབ་པའི་དངོས་གྲུབ་ནི། སྦྱོར་བའི་དངོས་གྲུབ་སྟེ་གསུམ་པའི་དོན་གྱིས་དྲུག་པ་ཡིན་ནོ། །ཅི་ཞིག་གི་སྦྱོར་བ་ཡིན་ཞེ་ན། རིགས་པ་ཆེན་པོ་སྟེ་སྔགས་ལ་སོགས་པའི་རིགས་སོ། །ཡིད་ཆེས་ནི་ཡང་དག་པའི་རྟོག་པའོ། །འཇུག་པ་ནི་སྐྱེ་བ་སྟེ་རྡོ་རྗེ་མཁའ་འགྲོའི་བསམ་ གཏན་གྱི་བྷྲཱུཾ་ལ་སོགས་པ་དང་། ཡི་གེ་གསུམ་པོ་སྔོན་དུ་བཟླས་ནས་བསྒྲུབས་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །འབྲས་བུ་དེ་གསུངས་པ་མི་སྣང་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་མཁའ་འགྲོའི་བསམ་གཏན་གྱི་ཉེ་བར་ལེན་པའི་རྒྱུ་དང་། དམ་ཚིག་གི་ལྷན་ཅིག་བྱེད་པའི་གྲོགས་ལས་ ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བར་ཤེས་པར་བྱའོ། །ཐམས་ཅད་དང་ཞེས་བྱ་བ་ནི་རིལ་བུ་དང་མིག་སྨན་ལ་སོགས་པའོ། །སྒྲུབ་པ་པོས་སྐད་ཅིག་གིས་མཐོང་འགྱུར་ཞེས་བྱ་བ་ནི་རིལ་བུ་ལ་སོགས་པའི་འབྲས་བུ་མི་སྣང་བའི་བྱ་བ་བསྟན་པ་ཡིན་ཏེ། རྒྱལ་པོའི་བཙུན་མོའི་ཕོ་བྲང་གི་ ནང་དུ་ཞུགས་ནས་བདག་གིས་ཐམས་ཅད་མཐོང་ཞིང་ལོངས་སྤྱོད་པ་དང་གཞན་གྱིས་མི་མཐོང་བ་དང་། ལྷ་མཆོག་ལས་སྐྱེས་ཏེ་བརྒྱ་བྱིན་ལས་སྐྱེས་པའི་བུ་མོ་རྣམས་བླངས་ནས་སངས་རྒྱས་ཀུན་གྱི་བུ་མོ་སྟེ། སྒྱུ་འཕྲུལ་ཆེན་མོ་ལ་སོགས་པར་བྱིན་གྱིས་བརླབས་པ་ལ་ལོངས་སྤྱོད་པ་སྟེ། དབང་ བསྐུར་བ་ལ་སོགས་པ་བྱའོ། །ཡང་ན་སངས་རྒྱས་ཀུན་ལས་འཕྲོགས། །ཞེས་བྱ་བར་སྦྱར་ཏེ། དེ་དག་གི་ཡོན་ཏན་དང་ལྡན་པར་བྱས་པས་སངས་རྒྱས་དང་འདྲ་ཞེས་བྱ་བའི་བར་དུའོ། །དེ་ལྟར་མི་མཐོང་བ་དང་མཐོང་བའི་འབྲས་བུ་བསྟན་ནས་ལྷའི་མིག་གི་འབྲས་བུ་བསྟན་པའི་ཕྱིར། གངྒཱའི་བྱེ་མ་སྙེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གསུམ་གྱི་གནས་བཞུགས་པ། །ཞེས་བྱ་བ་ལ་རྡོ་རྗེ་ནི་མི་ཕྱེད་པ་སྟེ་དམ་ཚིག་མཆོག་ལ་གནས་པའོ། །གནས་ནི་ཕུང་པོའོ། །གསུམ་ནི་ཚོགས་གསུམ་སྟེ། གངྒཱའི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཚོགས་གཅིག་དང་ གཉིས་དང་གསུམ་གྱི་བར་དུའོ། །རྡོ་རྗེ་མིག་གིས་མཐོང་བར་འགྱུར། །ཞེས་བྱ་བ་ལ་རྡོ་རྗེ་ནི་ཤིན་ཏུ་རྣོ་བ་སྟེ། གསལ་ཞིང་དྲི་མ་མེད་པ་དེས་མཐོང་བའོ། །ཇི་ལྟར་ཞེ་ན། ལག་ཏུ་ཤིང་ཏོག་བཞག་པ་བཞིན་ཏེ་ལག་པའི་མཐིལ་ན་གནས་པའི་སྐྱུ་རུ་རའི་འབྲས་བུ་ལྟར་རོ། །ཡང་ན་རྡོ་རྗེ་གསུམ་ ནི་སྐུ་ལ་སོགས་པ་སྟེ། དེ་རྣམས་ཀྱི་གནས་ཀྱི་སངས་རྒྱས་ཀྱི་ཞིང་ངོ་། །ལྷག་མ་ནི་སྔར་བཤད་པ་བཞིན་ནོ། །ལུས་ཀྱི་རྫུ་འཕྲུལ་ཤེས་པ་གསུངས་པ། གངྒཱའི་བྱེ་མ་སྙེད་ཅེས་བྱ་བ་ལ་སོགས་པ་སྟེ། ཉེ་བར་མཚོན་པ་འདིས་ན་བར་ན་གནས་པ་གསུམ་ཡང་གཟུང་ངོ་། །སྔགས་ཀྱི་ཡི་གེ་གོ་ བཟློག་པས། །ཞེས་བྱ་བ་ལ་སྔགས་ཀྱི་ཡི་གེ་ནི་སྙིང་པོའི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པའོ། །གོ་བཟློག་པ་ནི་གོ་རིམས་བཟློག་སྟེ་བཟླས་པའོ། །རྒྱུད་ཅེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་བསམ་གཏན་བསྒོམ་པ་སྟེ་བསམ་གཏན་དེས་སྔགས་སྔ་མ་ཉིད་ཀྱི་དངོས་གྲུབ་ནི་སྣ་ཚོགས་བསྒྲུབ་པར་བྱ་ཞེས་ བྱ་བའི་དོན་ཏོ། །ཡང་ན་རྒྱུད་ནི་རྒྱུད་འདིར་རོ། །སྔགས་ནི་སྔགས་ཐམས་ཅད་དེ་སྔགས་དེ་རྣམས་ཀྱི་ཡི་གེ་བསྟན་པའི་དུས་སུ་ནི་ལུགས་སུ་འབྱུང་བར་བྲི་ལ་ཟློས་པའི་དུས་སུ་ནི་ལུགས་ལས་བཟློག་སྟེ་བཟླའོ། །དེ་དག་ཅེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོས་བདུད་རྩི་རྣམ་པ་ལྔ་སྦྱང་བའོ། །བཤད་ པ་ཡིན་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཀྱིས་བཤད་པ་སྟེ། དེ་ཉིད་ཀྱིས་ན་གུས་པར་བྱ་བ་ཉིད་དུ་སྟོན་ཏོ། །ད་ནི་ཕྱི་རོལ་རི་མོའི་དཀྱིལ་འཁོར་བྲི་བའི་བྱ་བ་གསུངས་པ། ཐོ་རངས་ཞེས་བྱ་བ་ལ་སོགས་པ་ལ། བྱམས་པའི་སེམས་ནི་བསྐྱེད་ནས་སུ། །ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། སྙིང་རྗེ་ལ་སོགས་པ་དག་ཀྱང་གཟུང་བར་བྱའོ། །དེ་ལ་བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའོ། །སེམས་ནི་དེ་ལས་བྱུང་བའི་བསམ་པའམ་དེའི་རྣམ་པ་ཅན་གྱི་ཡིད་དོ། །བསྐྱེད་པ་ནི་བསྒོམ་པའོ། །དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུའོ། །ཁ་ཅིག་ན་རེ་ནི་མཆོད་པ་ལ་ སོགས་པ་སྔོན་དུ་འགྲོ་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བ་ལ་སོགས་པ་སྡོམ་པ་གཟུང་བ་དང་། སེམས་བསྐྱེད་པའི་སྨོན་ལམ་གྱི་བར་དུ་སྔར་བསྟན་པ་རྣམས་བྱ་སྟེ། དེ་ནས་དཀྱིལ་འཁོར་བྲི་བར་བྱ། །ཞེས་ཟེར་རོ། །གྲུ་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེའི་ ནང་དུ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྲུ་བཞིའི་ནང་དུའོ། །འཁོར་ལོའི་ཕྲེང་བས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་སྙིང་པོའི་དཀྱིལ་འཁོར་ཏེ། རྡོ་རྗེ་དཀར་པོའི་ཕྲེང་བས་ཀུན་ནས་ཟླུམ་པོར་བསྐོར་བའོ། །དེའི་དབུས་འགྱུར་ཞེས་བྱ་བ་ནི་རྡོ་རྗེའི་ཕྲེང་བའི་ནང་དུ་སྟེ། པདྨ་དཀར་པོ་འདབ་མ་བརྒྱད་པ་ ནི་སྐུ་རྡོ་རྗེའི་རང་བཞིན་གྱི་ཕྱིར་རོ། །དེའི་དབུས་འགྱུར་ཞེས་བྱ་བ་ནི་སྐུའི་འཁོར་ལོའི་ནང་དུ་སྟེ། པདྨ་དམར་པོ་ཞེས་བྱ་བ་ནི་གསུང་རྡོ་རྗེའི་རང་བཞིན་གྱི་ཕྱིར་པདྨ་དམར་པོ་འདབ་མ་བརྒྱད་པ་རྡོ་རྗེ་དམར་པོའི་ཕྲེང་བ་དང་བཅས་པར་བྲི་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། ཐུགས་ཀྱི་ དཀྱིལ་འཁོར་གསུངས་ཏེ། རྡོ་རྗེ་ཕྲེང་བ་ཀུན་འཁྲིགས་བྲི། །ཞེས་བྱ་བ་ནི་ཐུགས་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཡང་པདྨ་ལྟར་ཨིནྡྲ་ནཱི་ལར་བྲིའོ། །འཁོར་ལོ་གསུམ་པོ་ཀུན་གྱི་ཡང་རྡོ་རྗེ་རྣམས་རྩེ་མོ་ལྔ་པར་བྲི་ཞིང་རྩེ་མོ་ལྔ་ལྔ་ལ་ཡང་ཐིག་ལེ་ལྔ་ལྔ་དགོད་པར་བྱའོ་ཞེས་བསྟན་ པའི་ཕྱིར། རྡོ་རྗེ་ཀ་བའི་ནང་ལོགས་སུ། །དཀྱིལ་འཁོར་ལྔས་ནི་རྣམ་བརྒྱན་པ། །ཞེས་བྱ་བ་གསུངས་ཏེ། འདིར་ཀ་བའི་སྒྲ་ནི་རྩེ་མོ་ཡིན་ལ་དེ་ལ་བརྒྱན་པས་ན་དཀྱིལ་འཁོར་ཏེ་ཐིག་ལེའོ། །རི་རབ་ལྷུན་པོའི་སྟེང་དུ་ནི། །ཞེས་བྱ་བ་ལ་རི་མོའི་དཀྱིལ་འཁོར་དེ་ཉིད་དངོས་གྲུབ་ཀྱི་རིན་པོ་ ཆེ་སྣ་ཚོགས་ཀྱི་གནས་ཡིན་པས་ན་རི་རབ་བོ། །ཕྱིར་རྒོལ་བ་རྣམས་ཀྱིས་མི་འགུལ་བས་ན་ལྷུན་པོ་སྟེ། གསང་སྔགས་ཀྱི་ཐེག་པའོ། །སྟེང་ན་དེའི་བླ་མར་གྱུར་པ་སྟེ། རྣལ་འབྱོར་མའི་རྒྱུད་ཆེན་པོའོ། །སྣ་ཚོགས་པདྨ་ནི་དེའི་ཚུལ་གྱིས་དཀྱིལ་འཁོར་ཏེ། འདོད་ཆགས་ལ་སོགས་པའི་ ཉོན་མོངས་པའི་དྲི་མ་དང་བྲལ་བའི་སེམས་རྣམ་པར་དག་པ་ཡིན་པའི་ཕྱིར། ཡིད་འོང་ནི་ཡིད་འཕྲོག་པའོ། །བསམ་པ་ནི་བྲི་བའོ། །ཁ་ཅིག་ནི་འདི་དག་ནི་སྒྲ་ཇི་བཞིན་ཡིན་ཏེ། རྡོ་རྗེ་མཁའ་འགྲོའི་ཏིང་ངེ་འཛིན་ལ་རྟེན་གྱི་དཀྱིལ་འཁོར་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །ལྷག་མ་ནི་གོ་སླའོ། ། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་ལ་འབྱུང་བ་ནི་བསྐྱེད་པའོ། །གཞུང་གང་གི་རྡོ་རྗེ་མཁའ་འགྲོའི་འབྱུང་བ་སྟོན་པ་དེ་ནི་རིམ་པར་ཕྱེ་བ་སྟེ་བཅུ་གཉིས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །། རྡོ་རྗེ་མཁའ་འགྲོའི་བསམ་གཏན་གྱི་སྔགས་མང་དུ་བཟླས་ན་དཔའ་བོ་དང་གཉིས་སུ་མེད་པའི་རྣམ་འབྱོར་མ་རེ་རེའི་སྦྱོར་བས་ཀྱང་ལས་རྣམས་འགྲུབ་པོ་ཞེས་བསྟན་པའི་ཕྱིར། ལེའུ་བཅུ་གསུམ་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་འབྱུང་བ་ བསྟན་གྱི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་བསམ་གཏན་སྔོན་དུ་སོང་བ་དེ་ལས་ཏེ། གཞན་དུ་ན་ཅུང་ཟད་ཙམ་ཡང་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཐམས་ཅད་རབ་བསྒྲུབ་པ། །ཞེས་བྱ་བ་ནི་སྦྱོར་བའི་ཁྱད་པར་ཏེ། བཤད་པར་བྱ་ཞེས་བྱ་བ་སྔ་མ་དང་ འབྲེལ་ཏོ། །དེ་ལ་དངོས་གྲུབ་ཐམས་ཅད་ནི་ཞི་བ་ལ་སོགས་པའི་ལས་རྣམས་ཏེ། རབ་ཏུ་བསྒྲུབ་པ་ནི་ཁྱད་པར་དུ་བསྒྲུབ་ཅིང་སྒྲུབ་པ་པོ་ལ་བྱེ་བྲག་ཏུ་བསྐྱེད་པའོ། །ཅི་ཞིག་ཅེ་ན། གང་ཞིག་ཤེས་པ་ཙམ་གྱིས་ནི། །ཞེས་བྱ་བ་ལ། གང་གི་ནི་ཆོ་ག་གང་གི་སྟེ་ཤེས་པ་ནི་ཁོང་དུ་ཆུད་ནས་ཕྱིས་ གོམས་པར་བྱས་པའོ། །ཇི་སྲིད་དུ་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་བྱ་བ་གསུངས་པ། ཨ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྣའི་རྩེ་མོ་ནི་བྱ་མཆུའི་སྒོ་སྟེ། དེར་ཟླ་བའི་དཀྱིལ་འཁོར་ལ་ཨ་བསྒོམ་པའོ། །དེ་བཞིན་དུ་ཡང་ལིངྒའི་ལྟེ་བ་སྟེ། རྡོ་རྗེ་ནོར་བུའི་ཟླ་བ་ལ་དགོད་པར་ བྱའོ། །པདྨའི་ལྟེ་བ་རྣམས་སུ་སྦྱར། །ཞེས་བྱ་བ་ལ་མང་པོའི་ཚིག་ནི་ཆོས་ཐམས་ཅད་འབྱུང་བ་བློ་ལ་བསྡོགས་ནས་གསུངས་པ་ཡིན་ཏེ། དེར་རྣལ་འབྱོར་མའི་འཁོར་ལོ་ཀུན་སྦྱོར་བ་ནི་བསྐྱེད་པར་བྱ་བའི་དོན་ཡིན་ནོ། །འཁོར་ལོ་དེ་དག་ཅི་འདྲ་ཞེ་ན། ཨ་བ་དྷཱུ་ཏཱི་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། སྡིག་པ་རྣམས་རྨེལ་ཞིང་སེལ་བས་ན་ཨ་བ་དྷཱུ་ཏཱི་སྟེ་གཉིས་སུ་མེད་པའི་སེམས་སོ། །གནས་ནི་དེའི་མཚན་མ་སྟེ་སྤྱན་གསུམ་པའོ། །དེ་གང་དུ་བཞག་ཅེ་ན་སྨིན་མའི་བར་དུ་སྟེ་སྨིན་མ་དང་ཉེ་བའི་དཔྲལ་བའི་དབུས་སུའོ། །འདིས་ནི་སྤྱན་གཡས་པ་ནི་སྐུའི་རང་བཞིན་ཡིན་ལ་ གཡོན་པ་ནི་གསུང་ཡིན་ཞིང་དབུ་མ་ནི་སེམས་ཀྱི་མཚན་མ་སྟེ། ཐམས་ཅད་ཀྱི་སྟེང་ན་གནས་པའོ་ཞེས་སྟོན་ཏོ། །དེས་ནི་ཡི་གེ་ཧཱུྃ་ཡང་ལུས་དང་ཟླ་བ་ཚེས་པ་དང་ཐིག་ལེ་དང་རྣམ་པ་གསུམ་གྱི་བདག་ཉིད་ཅན་ཏེ། དེ་ལས་བྱུང་བའི་བཅོམ་ལྡན་འདས་དང་། རྣལ་འབྱོར་མའི་ཚོགས་རྣམས་སྤྱན་ གསུམ་པར་བྱ་བ་ཡིན་ནོ། །དབྱངས་ཡིག་དང་པོ་ཞེས་བྱ་བ་ལ་སོགས་པས་ནི་གཏུམ་མོའི་རྣལ་འབྱོར་པ་ལ་དྲན་པ་བསྐྱེད་པ་ཡིན་ཏེ། བསྒོམས་ན་ཞེས་བྱ་བ་ནི། རླུང་གིས་བསྐྱོད་པའི་མེའི་དཀྱིལ་འཁོར་དབྱངས་ཡིག་དང་པོ་དང་ལྡན་པ་བསྒོམ་པ་སྟེ། འདིས་ནི་གཞན་དག་ཀྱང་གནས་ ཇི་ལྟ་བ་བཞིན་དུ་བཀོད་ནས་བསྟན་པར་བྱ་བ་ཉིད་དུ་སྟོན་ཏོ། །དེས་ཅི་འགྱུར་ཞེ་ན། སྐད་ཅིག་དེ་ལ་འབར་ཞེས་བྱ་བ་སྟེ། སྙམ་པར་སྦྱོར་བའི་སྐད་ཅིག་དེ་ཉིད་ལ་དབྱངས་ཡིག་དང་པོའི་ཐིག་ལེ་ལས་སྟེང་དུ་འབར་རོ་ཞེས་བྱ་བའི་དོན་ཏོ། །དེས་ནི་རགས་པའི་རྣལ་འབྱོར་གྱི་འོག་ཏུ་ཕྲ་མོའི་རྣལ་འབྱོར་ བྱ་བའི་འབྲེལ་པ་བསྟན་པའོ། །ད་ནི་རྟེན་གྱི་དཀྱིལ་འཁོར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་བསྒོམས་ཀྱི་འོག་ཏུའོ། །འབར་ཕྲེང་རྒྱ་མཚོའི་འཁོར་ལོ་ནི་ཁང་བུ་བརྩེགས་པ་སྟེ། ནང་གི་དཀྱིལ་འཁོར་ཀུན་ནས་ཟླུམ་ པོ་ཡིན་པའི་ཕྱིར་འཁོར་ལོ་ཡིན་ལ་རྒྱ་མཚོ་དང་ཆོས་མཐུན་པར་འབར་བའི་ཕྲེང་བས་ཀུན་དུ་ཁྱབ་པ་སྟེ་ཁང་བུ་བརྩེགས་པའོ། །ཡང་ཅི་འདྲ་ཞེ་ན། ཀུན་ནས་སྒོ་ཞེས་བྱ་བ་སྟེ། སྒོ་བཞི་པ་ཡིན་པའི་ཕྱིར་རོ། །དེས་ནི་གྲུ་བཞི་ལ་སོགས་པ་ཐམས་ཅད་བལྟ་བར་བསྟན་ཏོ། །ལྟེ་བ་ཞེས་བྱ་བ་ ལ་སོགས་པས་ནི་གོ་ཆ་གཉིས་སྟོན་པ་ཡིན་ཏེ་དཔྲལ་སྟེང་ཞེས་བྱ་བ་ནི་མགོ་བོ། སྤྱི་གཙུག་འཁོར་ལོ་ཞེས་བྱ་བ་ནི་ལུས་ཐམས་ཅད་བསྡུས་པས་སྤྱི་གཙུག་ཉིད་འཁོར་ལོ་སྟེ་དེ་དག་ཏུ་དགོད་པའོ། །དང་པོ་ཞེས་བྱ་བ་ནི་རྣལ་འབྱོར་མ་དྲུག་གི་སྔགས་དང་པོར་བཏུ་བ་བསྟན་པས་ན་དང་པོ་སྟེ། དཔའ་བོ་དྲུག་གི་སྔགས་ཀྱང་བལྟ་བར་བྱའོ། །ཐབས་དང་ཤེས་རབ་མཉམ་པར་སྦྱོར་བའི་དུས་སུ་བྱིན་གྱིས་བརླབ་པ་གསུངས་པ། ལྟེ་བ་ཞེས་བྱ་བ་ལ་སོགས་པ་ལ། ལྕེ་ཞེས་བྱ་བ་ནི་རྐན་དང་ལྕེ་གཟུང་བ་སྟེ་ཁའི་སྒོ་ལ་བྱའོ། །གཉིས་ནི་དཔའ་བོས་བྱིན་གྱིས་བརླབ། །ཅེས་བྱ་བ་ ལ་གཉིས་ནི་མིག་གཉིས་དང་ཕྲག་པ་གཉིས་སོ། །གནས་ལྔ་པོ་དེར་དཔའ་བོ་སྟེ་ཡི་གེ་ཧཱུྃ་གིས་བྱིན་གྱིས་བརླབ་པ་སྟེ་བཀོད་ལ་བསྲུང་བར་བྱའོ། །ཇི་སྐད་དུ། ཧཱུྃ་གིས་ཀུན་དུ་མཁས་པས་བསྲུང་། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དཔའ་བོ་དང་ནི་རྣལ་ འབྱོར་མ། །གཉིས་མེད་ཆོ་ག་ཇི་བཞིན་དུ། །ཞེས་བྱ་བ་སྟེ། ནང་དང་ཕྱི་རོལ་གྱི་ཤེས་རབ་དང་མཉམ་པར་སྦྱོར་བ་ལ་བྱིན་གྱིས་བརླབས་པ་ཉིད་དུ་བལྟ་བར་བྱའོ། །དཔའ་བོ་དང་གཉིས་སུ་མེད་པའི་སྦྱོར་བས་ཅི་ཞིག་ཉམས་སུ་བླང་བར་བྱ་ཞེ་ན། གསུངས་པ། མགལ་མེའི་འཁོར་ལོ་ལ་གནས་ པ། །ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་མགལ་མེ་མྱུར་དུ་བསྐོར་བ་འཁོར་ལོར་སྣང་བ་བཞིན་བརྫུན་པའི་བདག་ཉིད་ཅན་གྱི་ལུས་རྣམ་པ་གཞན་དུ་སྣང་བ་ཡིན་ལ་དེ་ལ་གནས་པ་ནི་དེར་དམིགས་པའོ། །དེ་ཉིད་ཀྱིས་ན་འཁོར་ཞེས་བྱ་བ་གསུངས་ཏེ། བཅོས་མ་ལ་རྣམ་པར་འཁྲུལ་པའོ། །དེ་བཞིན་ ཞེས་བྱ་བ་ནི་ཉེ་བར་སྦྱར་བ་སྟེ། བདག་གི་ལུས་གཉིས་སུ་མེད་པར་ཉམས་སུ་བླངས་པ་དེ་བཞིན་དུ་དཀྱིལ་འཁོར་པའི་མཁའ་འགྲོ་རྣམས་ཀྱང་བརྫུན་པའི་དོན་གྱིས་དོན་དམ་པར་གཉིས་སུ་མེད་པར་བསྒོམ་པའོ། །ཡིད་ཤུགས་ཆེན་པོའི་རིག་པ་ཆེ། །ཞེས་བྱ་བ་ལ་ཡིད་ནི་ཡིད་ཙམ་སྟེ་སེམས་ཙམ་ མོ། །ཤུགས་ནི་དེའི་འཇུག་པའོ། །རིག་པ་ཆེ་ནི་རང་རིག་པ་ཡིན་པའི་ཕྱིར་སྟེ། དེ་དག་གིས་ནི་མཁའ་འགྲོ་མ། །དེ་དག་གིས་ནི་སྐྱེ་བ་དང་། །རང་རིག་པའི་སེམས་ཙམ་གྱིས་འཇུག་པ་ཡིན་པས་ཁྱད་པར་ཅན་དུ་སྟོན་ཏོ། །གློག་ལྟ་བུར་ནི་གསལ་བའི་འོད། །ཅེས་བྱ་བ་ནི་མི་རྟག་པ་ཉིད་ཀྱི་ཕྱིར་ ཏེ་མཁའ་འགྲོ་མ་རྣམས་དེ་ལྟར་བསྒོམ་མོ་ཞེས་བྱ་བ་ལྷག་མའོ། །ཅི་འདྲ་ཞེ་ན། ལྷའི་ཞེས་བྱ་བ་ལ་སོགས་པ་སྟེ། དུས་སུ་ཞེས་བྱ་བ་ནི་ལུང་ཡིན་ལ་མན་ངག་གིས་ན་ཕྱི་ནས་ར་སྦྱར་རོ། །དེས་ནི་རྣམ་པར་འགྱུར་ཏེ་ལྷའི་རྣམ་པའི་རྣལ་འབྱོར་དུ་སྦྱར་རོ། །ཇི་ལྟར་སྤྲོ་བར་བྱ་ཞེ་ ན། ཤིན་ཏུ་ཕྲ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡུལ་ཚོགས་ཞེས་བྱ་བ་ནི་དབུས་ཀྱི་རྡུལ་ལ་ཕྱོགས་དྲུག་ནས་རྡུལ་གྱིས་བསྐོར་བའོ། །དེས་ཅིར་འགྱུར་ཞེ་ན། ཤིན་ཏུ་ཕྲ་བ་སྟེ་གཅིག་དང་དུ་མ་དང་བྲལ་བས་རང་བཞིན་མེད་པར་འགྱུར་རོ། །དེ་ཡང་གསུངས་པ། དྲུག་གིས་ཅིག་ཅར་ སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་བྱ་བ་སྟེ་རིགས་པའོ། །དངོས་པོར་བསྒོམ་ཞེས་བྱ་བ་ལ་དངོས་པོ་ནི་རགས་པ་སྟེ། ཕྲ་བ་རང་བཞིན་མེད་པ་ལས་འདུས་པ་རགས་པར་སྣང་བ་སྟེ། ཆུ་ཟླ་ལྟ་བུའི་ལུས་ ཉམས་སུ་མྱོང་བ་ཙམ་དུ་བསྒོམ་པའོ། །དེ་ཉིད་ཀྱིས་ན། འགྱུར་བ་མེད་ཅིང་སྣང་བ་མེད། །ཅེས་གསུངས་སོ། །དེས་ཅིར་འགྱུར་ཞེ་ན། ཀུན་མཁྱེན་འབྲས་བུ་སྟེར་བའོ། །ཞེས་བྱ་བ་སྟེ་དེ་ལྟར་བསྒོམ་བཞིན་པས་ཐམས་ཅད་མཁྱེན་པའི་མཚན་ཉིད་ཅན་གྱི་འབྲས་བུར་འགྱུར་བའོ། །ཁ་ཅིག་ ན་རེ་ལྟེ་བ་ཞེས་བྱ་བ་ལ་སོགས་པ་ལ། ལྟེ་བ་ཞེས་བྱ་བ་ནི་སྙིང་གའི་པདྨའི་ལྟེ་བ་སྟེ། དེར་རྣལ་འབྱོར་མ་ཞེས་བྱ་བ་ཟླ་ཚེས་དང་ཐིག་ལེར་བཅས་པ་དབྱངས་ཡིག་དང་པོ་དགོད་པའོ། །ལྕེ་གཉིས་ཞེས་བྱ་བ་ནི་ལྕེ་དང་ལྕེའུ་ཆུང་སྟེ། དེ་དག་སྡིག་བསྐྱོད་ཀྱི་རྩ་དང་བཅས་པར་དཔའ་བོ་སྟེ། བཟླས་ པའི་སྔགས་ཀྱི་ཕྲེང་བ་བྱིན་གྱིས་བརླབས་པ་སྟེ། ལམ་དེ་ནས་སྤྲོ་བསྡུ་བྱ་ཞིང་དེས་བཟླས་པའོ། །དཔའ་བོ་དང་ནི་རྣལ་འབྱོར་མ། །གཉིས་མེད་ཆོ་ག་བཞིན་དུ་བྱ། །ཞེས་བྱ་བ་ནི་དབང་པོ་གཉིས་ཀྱི་མཉམ་པར་སྦྱོར་བ་ལས་རྡོ་རྗེའི་ལམ་ནས་སྔགས་ཀྱི་ཕྲེང་བ་ཕྱུང་སྟེ། ལྷ་མོའི་སྙིང་གར་ ཞུགས་ཤིང་དེའི་ཁ་ནས་བདག་གི་ཁར་ཨ་བ་དྷཱུ་ཏཱིའི་ལམ་ནས་ཞུགས་ཏེ། ཡང་དང་ཡང་དུ་དགོད་པར་བྱའོ། །དེ་ཉིད་ཀྱིས་ན། མགལ་མེ་འཁོར་ལོ་ལ་གནས་པ། །ཞེས་བྱ་བ་གསུངས་ཏེ། སྔགས་ཀྱི་ཕྲེང་བ་མགལ་མེའི་འཁོར་ལོ་ལྟར་ཞི་བ་ལ་སོགས་པའི་ལས་ཀྱི་ཆོ་ག་བཞིན་བཟླས་ པའོ། །མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་བསྒོམ་པ་བསྟན་ཏེ་བཤད་པ་ནི་སྔ་མ་བཞིན་ནོ། །དེ་ཡང་འདི་ལྟར་ཞི་བ་ལ་ནི་སྔགས་ཀྱི་ཕྲེང་བའི་མཐའ་མ་གཉིས་ཀར་ཨོཾ་དང་སྤེལ་ལོ། །རྒྱས་པ་ལ་ནི་སྭཱ་ཧཱ། དྲག་པོ་ལ་ནི་ཧཱུཾ་ངོ་། །ཡང་ན་ལྟེ་བའི་སྙིང་ག་དང་ནི་ཞེས་བྱ་བ་ལ་ སོགས་པས་འོག་ནས་འབྱུང་བའི་ཆོ་ག་གཉིས་ཀྱི་རྗེས་ལ་ཆོ་གའི་རྣམ་པ་གཞན་བསྟན་པ་ཡིན་ཏེ། གནས་ལྔ་རྣམས་སུ་གོ་རིམས་བཞིན། །ཨོཾ་སརྦྦ་བུ་དྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞནཱི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་ཧྲཱིཿ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བ་དང་། ཨོཾ་ཤྲཱི་བཛྲ་ ཧེ་ཧེ་རུ་རུ་ཀྃ་ཧུྃ་ཧཱུྃ་ཕཊ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚོགས་ཀྱིས་བྱིན་གྱིས་བརླབས་པ་སྟེ་དགོད་པའོ། །ལྟེ་བའི་སྙིང་ག་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོའི་ལུས་ལའང་དེ་ལྟར་དགོད་པ་བསྟན་ཏེ། རྣལ་འབྱོར་ མའི་ཞེས་བྱ་བ་ནི་དྲུག་པའི་དོན་གྱིས་དང་པོ་ཡིན་ནོ། །ལྕེ་ཞེས་བྱ་བ་ནི་བདུན་པའི་དོན་གྱིས་དང་པོའོ། །གཉིས་ཞེས་བྱ་བ་ནི་དཔྲལ་བ་དང་། སྤྱི་གཙུག་སྟེ། འདི་ཡང་དོན་ནི་བདུན་པ་ཡིན་ནོ། །དཔའ་བོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་སྔགས་དེར་ དགོད་པའོ། །དེ་ཉིད་ཀྱིས་ན། དཔའ་བོ་དང་ནི་རྣལ་འབྱོར་མ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །མེ་ཏོག་ཅེས་བྱ་བ་ལ་སོགས་པ་ལ་བདག་ཉིད་མེ་ཏོག་གི་ཤིང་རྟ་ལ་གནས་པའི་མཁའ་འགྲོ་མར་བསྒོམས་ལ་མཁའ་འགྲོ་མ་ལ་ཕུལ་བའི་མེ་ཏོག་ལ་ཨོཾ་ཌཱ་ཀི་ནཱི་ཧཱུྃ་ཧཱུྃ་ཕཊ་ ཅེས་བྱ་བའི་སྔགས་སྔ་མ་ལྟར་བཟླས་ཏེ། གང་ལ་བྱིན་པ་དེའི་ལུས་ལ་སོགས་པ་རྒྱས་བཏབ་པར་འགྱུར་རོ། །དུང་དང་ཞེས་བྱ་བ་ལ་སོགས་པ་ནི་ལྟུང་བྱེད་མའི་སྦྱོར་བ་བསྟན་པ་ཡིན་ཏེ། བལྡད་ཅིང་བཟླས་ན་ཞེས་བྱ་བ་ནི་ལྟུང་བྱེད་མའི་སྦྱོར་བས་བསྒྲུབ་བྱ་ཁ་རུ་བཅུག་སྟེ་བལྡད་པར་ བསམ་ཞིང་ཨོཾ་པ་ཏ་པ་ཏ་ནི་ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བ་སྔ་མ་བཞིན་དུ་བཟླས་ན་ལྟུང་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་གཞན་བསྟན་པ་ཡིན་ཏེ། མདུང་ཚུལ་ཉི་མའི་འོད་ཅན་ནི། །ཞེས་བྱ་བ་ལ་བདག་ཉིད་གསོད་བྱེད་མ་མདུང་གི་དབྱིབས་ཅན་དུ་བསྒོམས་ནས་བསྒྲུབ་པར་བྱ་བའི་ མགོ་བོ་ནས་ལུས་ཀྱི་ནང་དུ་ཞུགས་པར་བསམས་ལ། ཧཱུྃ་མ་ར་ཎི་དེ་བ་དཏྟ་ཧཱུཾ་ཞེས་བྱ་བའི་སྔགས་སྔ་མ་བཞིན་དུ་བཟླས་ནས་སྟེང་དུ་བལྟས་ན་ཞེས་བྱ་བ་བསྒྲུབ་བྱ་སྟེང་དུ་བལྟས་པར་བསྒོམས་ན་འཆི་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། ཡང་ལས་གཞན་ གསུངས་པ་ཡིན་ཏེ། སྦྱོར་བ་འདི་ནི་ཧཱུྃ་དེ་བ་དཏྟ་སྱ་ཧྲྀ་ད་ཡ་ཨཱ་ཀཪྵ་ནི་ཧཱུྃ་ཞེས་ཟློས་ཤིང་བྱ་སྟེ་གོ་སླའོ། །རླུང་གི་དཀྱིལ་འཁོར་ལ་གནས་ཏེ། །ཞེས་བྱ་བ་ནི་བདག་ཉིད་རླུང་གི་དཀྱིལ་འཁོར་ལ་གནས་པའི་གར་མཛད་པར་བསྒོམ་པའོ། །རླུང་མདོག་བསྒྲུབ་བྱ་རླུང་ནང་བསམ། །ཞེས་བྱ་བ་ནི་བསྒྲུབ་ བྱ་རླུང་ལྟར་མདོག་སྔོ་ཞིང་རླུང་ལ་གནས་པར་བསམས་ལ། རླུང་གི་དཀྱིལ་འཁོར་སེམས་ཀྱིས་ནི། །ཞེས་བྱ་བ་ནི་བསྒྲུབ་བྱའི་སྙིང་གར་རླུང་གི་དཀྱིལ་འཁོར་གྱིས་སེམས་གཡོ་བ་དང་བཅས་པར་བསམ་པའོ། །སྔགས་ཟློས་ཤིང་ཞེས་བྱ་བ་ནི་ཡུཾ་དེ་བ་དཏྟ་དང་། ནརྟ་པ་ཡ་ནརྟ་པ་ཡ་ཡུཾ་ ཞེས་བྱ་བ་སྔ་མ་ལྟར་བཟླས་པའོ། །ལྷག་མ་ནི་གོ་སླའོ། །མཆོད་པ་རྡོ་རྗེ་རབ་སྦྱོར་གྱིས། །ཞེས་བྱ་བ་ལ་མཆོད་པ་ནི་ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད་དང་མཆོད་པ་ཆེན་པོ་སྟེ་བཞི་པའོ། །དེ་ལ་ཕྱིའི་མཆོད་པ་ནི་མེ་ཏོག་ལ་སོགས་པའོ། །གསང་བ་ནི་ལྷ་མོ་དང་བདུད་རྩི་ལྔ་ལ་སོགས་ པའོ། །དེ་ཁོ་ན་ཉིད་ནི་ཤེས་རབ་ཀྱི་རང་བཞིན་ཡོངས་སུ་ཤེས་པའོ། །མཆོད་པ་ཆེན་པོ་ནི་པདྨའི་ནང་ནས་བདུད་རྩི་ལེན་པའོ། །རྡོ་རྗེ་ནི་རྟག་ཏུ་ལྷའི་གཟུགས་ཀྱིས་ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་སྟེ། དོགས་པ་མེད་པའི་སེམས་ཀྱིས་ཉེ་བའི་ལོངས་སྤྱོད་ལ་ཅི་བདེར་ལོངས་སྤྱོད་པའོ། ། རབ་ཏུ་སྦྱོར་བ་ནི་མཆོད་པའི་ཡོན་ཏན་རབ་ཏུ་དབྱེ་བ་དེ་དག་གིས་སྦྱོར་ཞིང་ལེན་པའོ། །ལས་རྣམས་ཀུན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཚན་ཉིད་དེ། དེ་དག་སྦྱོར་བ་དེས་བསྒྲུབ་པར་བྱའོ། །དངོས་གྲུབ་གྱི་ལྷན་ཅིག་བྱེད་པའི་རྒྱུ་གཞན་བསྟན་པའི་ཕྱིར་རོ། །སྙིང་ ག་ཞེས་བྱ་བ་ལ་སོགས་པས་གོ་ཆའི་སྔགས་དགོད་པ་བསྟན་ཏེ། སྙིང་ག་ལ་སོགས་པ་བསྟན་པ་འདི་ཉིད་ཀྱི་བཤད་པ་ནི། ལྟེ་བ་སྙིང་ག་རྣམས་སུ་ནི། །ཞེས་བྱ་བ་འདི་ཡིན་ཏེ། ནི་ཞེས་བྱ་བ་ནི་རིམ་པ་བཞིན་དུ་བསྒྱུར་པ་སྟེ། ཡང་ཞེས་བྱ་བ་ཡིན་ནོ། །དེ་ནས་དཔྲལ་བ་ལ་སོགས་ པ་གཟུང་ངོ་། །དེ་དག་མིང་ནས་བཟུང་སྟེ་བསྟན་པའི་ཕྱིར། དང་པོ་རྡོ་རྗེ་སེམས་དཔའ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །རྣལ་འབྱོར་མ་དྲུག་གི་གོ་ཆ་གསུངས་པ། སླར་ཡང་ལྟེ་བ་ཞེས་བྱ་བ་ལ་སོགས་པ་སླར་ཡང་ཞེས་བྱ་བ་ནི་དཔའ་བོའི་གོ་ཆའི་གནས་གང་ཡིན་པ་དེ་ ཉིད་ཡང་རྣལ་འབྱོར་མ་རྣམས་ཀྱི་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དྲུག་པོ་འདི་དག་ཅེས་བྱ་བ་ནི་སྔགས་དྲུག་པོ་འདི་དག་གོ། །རིག་པ་ཆེ་ཞེས་བྱ་བ་ནི་རྣལ་འབྱོར་མ་དྲུག་གི་རང་བཞིན་ནོ། །གང་ལས་ཤེ་ན། གསུངས་པ། ཕ་རོལ་ཕྱིན་པ་རྣམ་པ་དྲུག །ཅེས་བྱ་བ་ སྟེ། དྲུག་ནི་སྦྱིན་པ་ལ་སོགས་པའོ། །ཕ་རོལ་ནི་རྣམ་པར་དག་ཅིང་མཐར་གཏུགས་པའི་མཚན་ཉིད་དོ། །ཕྱིན་པ་ནི་སོན་པ་སྟེ་དེ་བཞིན་གཤེགས་པའི་བདག་ཉིད་དོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་རྣམ་པ་འདིས་རྣལ་འབྱོར་མ་དྲུག་གི་སྔགས་རྣམ་པར་དག་པ་བསྟན་ཏེ། ཡེ་ཤེས་ རྙེད་པའི་ངོ་བོ་ཉིད་དུ་སྟོན་ཏོ། །དེ་བཞིན་དུ་དཔའ་བོའི་གོ་ཆ་དྲུག་ནི་ཉོན་མོངས་པ་དྲུག་རྣམ་པར་དག་པ་ཡིན་པར་ཤེས་པར་ཡང་བྱའོ། །དབང་བསྐུར་བའི་རྗེས་ལ་མཆོད་པ་བྱའོ་ཞེས་བསྟན་པའི་ཕྱིར། །དེ་ནས་དབང་བསྐུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །སྨོན་པའི་ སེམས་ཀྱི་རྗེས་ལ་འཇུག་པའི་སེམས་བསྒོམ་པ་བསྟན་པའི་ཕྱིར། བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཧེ་རུ་ཀར་བྱས་ནས་སེམས་ཅན་ཐམས་ཅད་ཧེ་རུ་ཀར་བྱའོ་སྙམ་པ་འདི་ནི་སྨོན་པའོ། །དཔལ་ལྡན་ཧེ་རུ་ཀ་དྲན་བྱ། །ཞེས་བྱ་བ་ནི་འཇུག་པའི་སེམས་ཏེ། ཧེ་རུ་ ཀ་བསྒོམ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་དང་ཡེ་ཤེས་ཀྱི་སེམས་དཔའ་གཅིག་ཏུ་བྱ་བ་གསུངས་པ། དམ་ཚིག་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་ནི་དམ་ཚིག་གི་སེམས་དཔའོ། །ཡེ་ཤེས་ནི་ཡེ་ཤེས་ཀྱི་སེམས་དཔའོ། །གཅིག་ཏུ་གྱུར་པ་ནི་འདྲེས་ཤིང་རོ་གཅིག་ཏུ་གྱུར་ པའོ། །དེས་ཅིར་འགྱུར་ཞེ་ན། དེས་འདི་རྡོ་རྗེ་ཅན་ཆེན་བརྗོད། །ཅེས་བྱ་བ་སྟེ་དེས་ཞེས་བྱ་བ་ནི་དམ་ཚིག་དང་ཡེ་ཤེས་འདྲེས་པ་དེས་སོ། །རྡོ་རྗེ་ཅན་ཆེན་འདི་ཞེས་བྱ་བ་ནི་སེམས་ཀྱིས་ཏེ་རང་བཞིན་མེད་པར་རིག་པས་སོ། །བརྗོད་པ་ནི་གདོན་པ་སྟེ། ཨོཾ་ཡོ་ག་ཤུདྡྷཿསརྦྦ་དྷརྨྨཱ་ཡོ་ག་ ཤུདྡྷོ྅ཧཾ། ཞེས་བྱ་བའོ། །བསྟན་པ་དེ་དག་མདོར་བསྡུ་བའི་ཕྱིར། རྣལ་འབྱོར་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་ཞེས་བྱ་བ་ནི་དམ་ཚིག་དང་ཡེ་ཤེས་ཀྱི་སེམས་དཔའ་མཉམ་པར་སྦྱོར་བའོ། །འདི་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་སོ། །མཆོད་ཆེན་ ཞེས་བྱ་བ་ནི་མཆོད་པ་རྣམ་པ་བཞིའོ། །སྔགས་ཀྱི་དགོད་པ་ཞེས་བྱ་བ་ནི་གོ་ཆའི་སྔགས་ལ་སོགས་པ་དགོད་པའོ། །དཔའ་བོ་མཆོད་པ་ཞེས་བྱ་བ་ནི་བརྡའི་མཚན་ཉིད་དང་། ཚོགས་ཀྱི་མཆོད་པའོ། །ལྷག་མ་ནི་གོ་སླའོ། །ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར། །ཞེས་བྱ་བ་ནི་རྒྱུད་འདི་ལས་ སྔགས་ལ་སོགས་པ་ཐམས་ཅད་ཕྱིན་ཅི་ལོག་ཏུ་སྦྱར་བ་སྟེ། མན་ངག་ལས་ཤེས་པར་བྱའོ། །ལས་ཀྱི་མདོག་ཏུ་རྣམ་པར་བསྒོམ། །ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་དང་མཐུན་པའི་མདོག་ཏུ་བསྒོམ་པ་སྟེ་ཞི་བ་ལ་དཀར་པོའོ། །རྒྱས་པ་ལ་ནི་སེར་པོ་ཞེས་བྱ་བ་ལ་སོགས་ པར་བལྟའོ། །དེ་ཉིད་དབྱེ་བས་ཕྱེ་ནས་ནི། །ཞེས་བྱ་བ་ལ་དེ་ཉིད་དབྱེ་བ་ནི་ལས་ཀྱི་དབྱེ་བའོ། །ཕྱེ་བ་ནི་ངེས་སྔགས་ཀྱི་ཕྲེང་བས་ཁྱད་པར་དུ་བྱ་བའོ། །རྩའི་ལམ་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨའི་ལམ་དུའོ། །སྦྱར་བར་བྱ་བ་ནི་ལམ་དེ་ནས་སྔར་བསྟན་པའི་ཚུལ་གྱིས་སྦྱར་བར་ཤེས་པར་ བྱའོ། །སྦྱོར་བའི་དོན་ཀུན་ལ་ཞེས་བྱ་བ་ནི་ལས་ཐམས་ཅད་དེ་བསྒྲུབ་པར་བྱ་བ་དང་འབྲེལ་ཏོ། །ཅིས་ཤེ་ན། དགའ་བ་ཆེན་པོ་འདིས་ཏེ་འདས་མ་ཐག་པའི་སྦྱོར་བ་དེས་སོ། །ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། ལྷ་དང་ལྷ་མིན་ཞེས་བྱ་བ་ལ་སོགས་པ་སྟེ། ཐ་མལ་པའི་ལྷ་དང་ལྷ་མིན་ཏེ་ལྷ་མ་ཡིན་ དང་མིར་བཅས་ཏེ་མི་དང་བྱོལ་སོང་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །དཔའ་བོའི་ཞེས་བྱ་བ་ལ་སོགས་པ་ལ། གཞུང་གང་ལས་དཔའ་བོའི་གཉིས་སུ་མེད་པའི་མཆོད་པ་དང་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་རབ་ཏུ་འབྱུང་བ་སྟེ། སྐྱེ་བར་སྟོན་པ་དེ་ནི་རིམ་པར་ཕྱེ་བས་ཏེ་བཅུ་ གསུམ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། །།འཁོར་ལོ་གསུམ་ལ་དབང་སྒྱུར་བའི་རྣལ་འབྱོར་མ་རྣམས་ཀྱི་ཕྱི་དང་ནང་གི་གནས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ ལ་སོགས་པས་ལེའུ་བཅུ་བཞི་པ་གསུངས་ཏེ། རྒྱུད་ཀྱི་རྒྱལ་པོ་འདིར་གསོལ་བ་བཏབ་པ་དངོས་སུ་མ་མཐོང་བ་རྣམས་ལ་ཡང་དོན་གྱིས་བལྟ་བར་བྱ་སྟེ། གཞན་དུ་ན་དེ་ཁོ་ན་ཉིད་ཟབ་མོ་བསྟན་པ་མི་སྲིད་པའི་ཕྱིར་རོ། །དེ་ལ་དེ་ནས་ཞེས་བྱ་བ་ནི་དཔའ་བོའི་གཉིས་སུ་མེད་པའི་མཆོད་པ་ལ་ སོགས་པ་བསྟན་གྱི་འོག་ཏུ་སྟེ། བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཅི་ཞིག་ཅེ་ན། སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ་སྐུ་གསུང་ཐུགས་ཀྱི་འཁོར་ལོར་གནས་པའི་བྱེ་བྲག་ནི་འཁོར་ལོ་གསུམ་དང་འབྲེལ་བའི་གནས་རྣམས་ཀྱི་ཁྱད་པར་སྟེ། སྤྱི་བོ་ལ་སོགས་པའི་རབ་ཏུ་དབྱེ་ བའོ། །ཡུལ་གྱི་དབྱེ་བ་ནི་མཱ་ལ་ཡ་ལ་སོགས་པའི་ཡུལ་རྣམས་སོ། །གནས་ཀྱི་རབ་ཏུ་དབྱེ་བ་ནི་དེ་དག་གནས་ལ་སོགས་པའི་རང་བཞིན་གྱི་དབྱེ་བའོ། །དེ་ཉིད་གསུངས་པ། མགོ་ནི་ཞེས་བྱ་བ་ལ་སོགས་པ་སྟེ་མགོ་ནི་སྐྲའི་སྐྱེ་གནས་སོ། །སྤྱི་གཙུག་ནི་གཙུག་ཕུད་ཀྱི་སྐྱེ་གནས་སོ། །རྒྱབ་ ཚིགས་ནི་སྒལ་ཚིགས་ཀྱི་དབྱུག་པའོ། །མིག་ཅེས་བྱ་བ་ནི་མིག་གཉིས་སོ། །དཔུང་པ་ཞེས་བྱ་བ་ཡང་གཉིས་སུ་བལྟ་བར་བྱའོ། །མཁའ་སྤྱོད་ཐུགས་ཀྱི་འཁོར་ལོར་གནས། །ཞེས་བྱ་བ་ལ། ཁ་ནི་སེམས་རྣམ་པར་དག་པ་སྟེ། དམིགས་མེད་ཡེ་ཤེས་ནམ་མཁའ་ཡིན། །ཞེས་ གསུངས་པའི་ཕྱིར་རོ། །སྤྱོད་པ་ནི་དེའི་རྒྱུ་བའོ། །ཡང་ན་ཁ་ནི་ཕྱི་རོལ་གྱི་ནམ་མཁའ་སྟེ། དེ་ཐམས་ཅད་ཁྱབ་པར་རྒྱུ་བ་ནི་སྤྱོད་པའོ། །ཐུགས་ཀྱི་འཁོར་ལོར་གནས་ཞེས་བྱ་བ་ནི་མགོ་ལ་སོགས་པ་དང་། མཱ་ལ་ཡ་ལ་སོགས་པ་ཕྱི་ནང་གི་ཡུལ་དེ་དག་ནི་ཐུགས་ཀྱི་རང་བཞིན་དུ་རྣམ་པར་ གཞག་ཅིང་ཐ་སྙད་དུ་བྱས་པའོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟ་བུ་ཞིག་ཅེ་ན། གནས་ཀྱི་ཁྱད་པར་ཚུལ་གྱིས་ཏེ། མཱ་ལ་ཡ་ལ་སོགས་པའི་ཡུལ་རྣམས་ལ་གནས་དང་ཉེ་བའི་གནས་སུ་བཞག་པས་སོ། །མཆན་ཁུང་ཞེས་བྱ་བ་ཡང་མཆན་ཁུང་གཉིས་སོ། །ནུ་མ་ཡང་དེ་བཞིན་ནོ། ། དེ་དག་ཅེས་བྱ་བ་ནི་ཡུལ་གཉིས་པོ་དེ་དག་གོ། །ཆུ་སོ་ཞེས་བྱ་བ་ནི་ས་བོན་གྱི་སྦུབས་གཉིས་སོ། །ས་སྤྱོད་གསུང་གི་འཁོར་ལོར་གནས། །ཞེས་བྱ་བ་ལས་ནི་སའི་དཀྱིལ་འཁོར་ཏེ་ས་སྟེང་ངོ་། །སྤྱོད་པ་ནི་དེར་རྒྱུ་བ་སྟེ། དེ་ཡང་ཐ་སྙད་དུ་བཏགས་པའོ། །གནས་ཀྱི་ཁྱད་པར་ཚུལ་ གྱིས་ན། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཁྱད་པར་གྱིས་ཏེ། ལྟག་འོག་ཏུ་སྦྱར་བར་བྱའོ། །ཡང་ན་ཕྱི་ནང་གི་ཡུལ་གྱི་དབྱེ་བ་སྟེ་སྔར་བཤད་པ་བཞིན་ནོ། །མཚན་ཞེས་བྱ་བ་ནི་ཕོ་མཚན་ནོ། །བརླ་ནི་བརླ་གཉིས་སོ། །སོར་མོ་རྣམས་ནི་རྐང་པའི་སོར་མོ་ཕལ་བ་བརྒྱད་དོ། ། མཐེ་བོ་ནི་རྐང་པའི་མཐེ་བོ་གཉིས་སོ། །དེ་བཞིན་དུ་པུས་མོ་ཡང་གཉིས་སུ་བལྟའོ། །ས་འོག་ནི་ཞེས་བྱ་བ་ལ་སོགས་པ་ཡང་སྔར་བཤད་པ་བཞིན་རྣལ་འབྱོར་མ་རྣམས་ཀྱིས་བརྡར་བཏགས་པ་བལྟ་བར་བྱ་སྟེ། འདི་ལྟར་འཛམ་བུའི་གླིང་ཉིད་ཀྱི་ཡུལ་དང་གནས་དེ་དག་ན་རྣལ་འབྱོར་ མ་རྣམས་བཞུགས་ཏེ། གླིང་འདི་ཉིད་ལས་ཀྱི་ས་ཡིན་པས་ལས་རྣམས་འགྲུབ་པར་འགྱུར་གྱི་གླིང་གཞན་རྣམས་ན་ནི་དེ་ཉིད་ཀྱི་ལས་ཀྱིས་དེར་འབྲས་བུ་སྨིན་པར་མི་འགྱུར་ཏེ། གཞན་གྱི་འབྲས་བུ་ཡིན་པའི་ཕྱིར་དེ་དག་ཏུ་ལས་མི་འགྲུབ་པས་རྣལ་འབྱོར་མ་རྣམས་གླིང་གཞན་དུ་མི་གཤེགས་ སོ། །གསེར་གླིང་ནི་འཛམ་བུའི་གླིང་དང་ཉེ་བའི་ཕྱིར་གཟུང་ངོ་། །རང་ལུས་སྐྱེས་པའི་ཡུལ་འདི་དག་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་ལུས་ཀྱི་གནས་མཱ་ལ་ཡ་ལ་སོགས་པའི་བརྡར་བྱས་པ་རྣམས་ནང་གི་འཛམ་བུའི་གླིང་ཞེས་བྱ་བའི་དོན་ཏོ། །ཕྱི་དང་ནང་ན་ཡང་དག་གནས། ། ཞེས་བྱ་བ་ནི་ཇི་ལྟར་ཕྱི་རོལ་བཞིན་དུ་ནང་དུ་ཤེས་པར་བྱ་ལ་ནང་བཞིན་དུ་ཡང་ཕྱི་རོལ་ཤེས་པར་བྱ་སྟེ། ཕྱི་ནང་གི་ཡུལ་གྱི་དབྱེ་བ་དེ་རྣམས་སེམས་ཀྱིས་ཉེ་བར་གཞག་པ་ལས་གཞན་པ་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་གསུངས་པ། སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པ་ སྟེ། སྐུ་ལ་སོགས་པས་ཕྱི་དང་ནང་གི་ཡུལ་ཐམས་ཅད་དུ་ཁྱབ་པོ་ཞེས་བྱ་བའི་དོན་ཏོ། །རྩ་རྣམས་ཀུན་ཞེས་བྱ་བ་ནི་སྤྱི་བོ་ལ་སོགས་པའི་རྣལ་འབྱོར་མའི་རང་བཞིན་གྱི་རྩའོ། །ཡུལ་འདི་རྣམས་ཀྱི་བུ་མོ་གང་། །ཞེས་བྱ་བ་ནི་མཱ་ལ་ཡ་ལ་སོགས་པའི་བུ་མོ་རྣམས་ཏེ། ནང་དུ་ནི་རྩའི་ གཟུགས་སུ་གནས་སོ་ཞེས་བྱ་བ་དང་འབྲེལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སྡུད་པ་པོའི་ཚིག་གོ། །སླར་ཡང་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་བཀའ་ལུང་ངོ་། །པུལླི་ར་དང་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་མ་རྣམས་ཀྱི་བྱ་བའི་སྒོ་ནས་ཁྱད་པར་བསྟན་པ་ཡིན་ནོ། ། སྙིང་ཕུག་ཅེས་བྱ་བ་ནི་སྙིང་གི་པདྨའོ། །ལྷག་མ་ནི་གོ་སླའོ། །སྙོམས་པར་ཞུགས་པས་ཡང་དག་གནས། །ཞེས་བྱ་བ་ལ་འདས་མ་ཐག་པ་དེ་དག་ནི་ཐབས་གཙོ་བོར་བྱས་ནས་བསྟན་པ་ཡིན་ཏེ། དོན་གྱིས་ཤེས་རབ་ཀྱང་བལྟ་བར་བྱའོ། །དེས་ན་སྔར་བསྟན་པའི་ཐོད་པའི་དུམ་བུ་ཅན་ལ་ སོགས་པ་དང་། རབ་ཏུ་གཏུམ་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཇི་སྐད་སྨོས་པའི་གདན་རྣམས་ལ་སྙོམས་པར་ཞུགས་པ་ཡིན་ཏེ། དཔའ་བོ་རྣམས་ཀྱི་མདོག་ལ་སོགས་པ་ནི་འོག་ནས་བཤད་པར་བྱའོ། །བོང་བུ་རྣམས་ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་མཁའ་འགྲོ་མ་རྣམས་བོང་བུའི་ཆ་ བྱད་དུ་བྱ་བའོ། །ལྷའི་དགྲ་ཞེས་བྱ་བ་ནི་ཧེ་རུ་ཀའོ། །སྣབས་གཞོན་ནུ་ཞེས་བྱ་བ་ནི་བད་ཀན་དུ་གཏོགས་པའི་སྣ་ཆུའོ། །ས་འོག་ཏུ་སྤྱོད་པ་ཞེས་བྱ་བ་ནི་པཱ་ཏཱ་ཞེས་བྱ་བ་པཱ་ཏཱ་ནི་ལྟུང་བ་སྟེ། འོག་ཏུ་ལྟུང་བའི་རྫས་སོ། །ལ་ནི་ལེན་པ་སྟེ་དེ་དག་བདག་གིར་མཛད་པའོ། །དེས་ལྟུང་བའི་རྫས་ལུས་ བདག་གིར་མཛད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྐུ་རྡོ་རྗེའི་རང་བཞིན་གྱིས་རྒྱུ་བའོ། །འདི་དག་ནི་ཚོགས་པ་རྙེད་ནས་རྫས་དེ་དག་སྐྱེ་བར་འགྱུར་ཏེ། རྫས་སུམ་ཅུ་རྩ་བདུན་ལས་སོ་དང་སེན་མོ་ལ་སོགས་པ་རྫས་ཉི་ཤུ་རྩ་བཞི་གཙོ་བོར་བྱ་སྟེ། རྣལ་འབྱོར་མ་དང་བཅས་པའི་དཔའ་བོ་རྣམས་ཀྱི་རྣམ་པར་ དག་ཅིང་སྦྱར་བར་བྱའི། དཔའ་བོ་འབའ་ཞིག་གིས་ནི་མ་ཡིན་ཏེ། གཙོ་བོར་བསྟན་པ་ཙམ་དུ་ཟད་དོ། །དཔའ་བོའི་ཞེས་བྱ་བ་ལ་སོགས་པ་དང་དཔའ་བོ་རྣལ་འབྱོར་མ་རྣམས་གཉིས་སུ་མེད་པའི་གནས་ཏེ། ཕྱི་ནང་གི་འཛམ་བུའི་གླིང་ཡུལ་རྣམས་མཐོ་རིས་ལ་སོགས་པའི་ས་གསུམ་ དུ་སྟོན་པའོ། དེ་སྟོན་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བཅུ་བཞི་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་ཕྱི་ནང་གི་ཡུལ་ ལ་སོགས་པ་བསྟན་པའི་འོག་ཏུའོ། །ལས་ཀྱི་རབ་མཆོག་ཅེས་བྱ་བ་ནི་བཤད་དོ་ཞེས་བྱ་བ་དང་འབྲེལ་ཏོ། །སྤྲུལ་པའི་འཁོར་ལོ་ལ་སོགས་པར་གྱུར་པའི་ལས་རྣམས་ནི་ལས་ཀྱི་རབ་མཆོག་གོ། །སྦྱོར་བ་ཀུན་གྱི་དམ་པ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་སྦྱོར་བ་རྣམས་ཀྱི་ནང་ན་དམ་པ་སྟེ་གཙོ་ བོའོ། །གང་ཡང་འགྲུབ་པར་བྱེད་པའི་སྔགས། །ཞེས་བྱ་བ་ལ་སྔགས་གང་དག་གིས་གྲུབ་པ་སྟེ། དངོས་གྲུབ་དམ་པ་བྱེད་པ་སྟེ། སྐྱེད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཞེས་བྱ་བ་ནི་སྔགས་དེ་རྣམས་ཀྱིའོ། །དབྱེ་བ་ཇི་ལྟར་འབྱུང་བཞིན་བཤད། །ཅེས་བྱ་བ་ནི་ སྔགས་རྣམས་ཀྱི་བྱེ་བྲག་སྤྲུལ་པའི་འཁོར་ལོ་ལ་སོགས་པས་ཇི་ལྟར་སྐྱེ་བ་བཞིན་བཤད་པའོ། །ཡི་གེ་ཕོ་ཉ་ལ་སོགས་སྔགས། །ཞེས་བྱ་བ་ལ། ཕོ་ཉ་ནི་གཤིན་རྗེ་ཕོ་ཉ་མོ་ལ་སོགས་པའོ། །ཡི་གེ་ནི་དེ་རྣམས་ཀྱི་ཡི་གེ་སྟེ་ཡི་གེ་ཉིད་སྔགས་སོ། །དེ་ཡང་རྐང་པ་བརྒྱད་པ་ལ་སོགས་ པ་ཡིན་ཏེ། འདི་ལྟར་ཨོཾ་ཡ་མ་དཱུ་ཏི་ཧུྃ་ཧཱུྃ་ཕཊ་ཅེས་བྱ་བ་ནི་གཤིན་རྗེ་ཕོ་ཉ་མོའི་སྔགས་སོ། །སོགས་ཀྱིས་ནི་དེ་བཞིན་དུ་ཨོཾ་ཡ་མ་དཱ་དྷི་ཧུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དཾ་ཥྚི་ནི་ཧུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་མ་ཐཱ་ནི་ཧུྃ་ཧཱུྃ་ཕཊ། ཅེས་པ་ནི་གཤིན་རྗེ་བརྟན་མ་ལ་སོགས་པ་རྣམས་ཀྱིའོ། །དེ་བཞིན་ དུ་ཨོཾ་པྲ་ཙཎྜེ་ཧུྃ་ཧཱུྃ་ཕཊ་ཅེས་བྱ་བ་ནས། ཨོཾ་མ་ཧཱ་བཱི་ར་ཡེ་ཧུྃ་ཧཱུྃ་ཕཊ་ཅེས་བྱ་བའི་བར་དུ་འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་རྣམས་ཀྱི་སྔགས་དང་དེ་བཞིན་དུ་ཨོཾ་ཀཱ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ་ཅེས་བྱ་བ་ནས་ཨོཾ་སུ་ཀཱ་རཱ་སྱེ་ཧུྃ་ཧཱུྃ་ཕཊ་ཅེས་བྱ་བའི་བར་དུ་སྒོ་སྐྱོང་བཞིའི་སྔགས་ཡིན་ཏེ། དེ་དག་དང་གཞན་རྐང་པ་ བརྒྱད་པ་ལ་སོགས་པ་རྩ་བ་དང་སྙིང་པོ་དང་ཉེ་བའི་སྙིང་པོ་ཐམས་ཅད་དོ། །ཡང་ན་དེ་དག་ནི་ཕོ་ཉ་ལ་སོགས་པའི་ཡི་གེ་ཡིན་ལ། སྔགས་ནི་ཨོཾ་ན་མོ་བྷ་ག་བ་ཏེ་བཱི་རི་ཤཱ་ཡ་ཞེས་བྱ་བ་ལ་སོགས་པའི་རྐང་པ་བརྒྱད་དང་། ཨོཾ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་རྩ་བའི་སྔགས་དང་། ཨོཾ་ཤཱི་ ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་ཡི་གེ་ཉི་ཤུ་རྩ་གཉིས་པ་ལ་སོགས་པའི་སྙིང་པོ་དང་ཉེ་བའི་སྙིང་པོའི་བར་དུའོ། །རྐང་པ་བརྒྱད་པ་དང་ཀ་ར་ཀ་ར་ལ་སོགས་པའི་སྔགས་རྣམས་ཀྱི་རྣམ་པར་དབྱེ་བ་མཆོད་པའི་དུས་སུ་ནི་གོ་སླའོ། །མདའི་ཤུགས་ཀྱིས་ཡོངས་སུ་འཁོར། །ཞེས་བྱ་བ་ནི་ བཟླས་པའི་དུས་ཀྱི་རྣམ་པར་དབྱེ་བ་སྟེ། མདའ་ནི་སྔགས་རྣམས་ཡིན་ལ་ཡོངས་སུ་འཁོར་བ་ནི་བདག་ལས་ཤེས་རབ་ལས་ཀྱང་བདག་ལ་འཇུག་པས་མགལ་མེའི་འཁོར་ལོ་ལྟར་ཡང་དང་ཡང་དུ་འཁོར་བའོ། །ད་ནི་གང་ཡང་འགྲུབ་པར་བྱེད་པའི་སྔགས་ཞེས་བྱ་བ་ལ་སོགས་པ་འདས་ མ་ཐག་པ་དེ་ཤེས་པར་བྱ་བའི་ཕྱིར་དེ་འབྱུང་བའི་གནས་བསྟན་པ་སྤྲུལ་པའི་སྐུ་ལ་སོགས་པའི་འཁོར་ལོའི་གཟུགས་ཀྱིས་གསུངས་པ། སྤྲུལ་པའི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འདི་ལྟར་འཇིག་རྟེན་གྱི་ཁམས་མཐའ་དག་ཏུ་འཁོར་བ་ཇི་སྲིད་པར་སེམས་ཅན་རྣམས་ཀྱི་འདོད་པའི་ དོན་རྣམ་པ་སྣ་ཚོགས་པ་རྣམས་དུས་གཅིག་ཏུ་ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་སྣ་ཚོགས་ཀྱིས་རྒྱུན་མི་འཆད་པར་འགྲོ་བ་ཐམས་ཅད་ལ་མཉམ་པ་ཉིད་དུ་ཕན་འདོགས་པར་མཛད་པ་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། ཚད་ མེད་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། མངོན་པར་ཤེས་པ་རྣམས་དང་། སོ་སོ་ ཡང་དག་པར་རིག་པ་རྣམས་དང་། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་བཞི་དང་། དབང་བཅུ་དང་། སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། སྲུང་བ་མེད་པ་གསུམ་དང་། དྲན་པ་ཉེ་བར་གནས་པ་གསུམ་དང་། བསྙེལ་བ་མེད་པའི་ཆོས་ཉིད་དང་། བག་ཆགས་ཡང་དག་པར་བཅོམ་པ་དང་། ཐུགས་རྗེ་ཆེན་པོ་སྐྱེས་པ་དང་། ཐུབ་པ་རྣམས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྟེ། དེ་དག་ནི་ཐུབ་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཞེས་བརྗོད་དོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་ནས་བཟུང་སྟེ། ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་བའི་བར་དུ་དྲན་པ་ཉེ་ བར་གཞག་པ་བཞི་དང་། ཡང་དག་པར་སྤོང་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ནི་བྱང་ཆུབ་ཀྱི་ཕྱོགས་ཏེ། ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པ་ཐམས་ ཅད་དང་རྗེས་སུ་མཐུན་པའོ། །ཚད་མེད་པ་རྣམས་ནི་སྙིང་རྗེ་ལ་སོགས་པ་ཚངས་པའི་གནས་པ་བཞིའོ། །དེ་ལ་གཟུགས་ཅན་གཟུགས་རྣམས་ལ་བལྟ་བ་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་གཟུགས་ལ་བལྟ་བ་དང་། དག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་ བྱས་ཏེ་གནས་པ་གསུམ་དང་། ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་མིན་སྐྱེ་མཆེད་བཞི་དང་། འདུ་ཤེས་དང་། ཚོར་བ་འགོག་པ་སྟེ། བརྒྱད་པོ་དེ་དག་རྣམ་པར་ཐར་པ་རྣམས་སོ། །གཟུགས་ཀྱི་ཁམས་ ཀྱི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འདུ་ཤེས་དང་། ཚོར་བ་འགོག་པ་སྟེ། དགུ་པོ་དེ་དག་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །ས་དང་། ཆུ་དང་། མེ་དང་། རླུང་རྣམས་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་རྣམས་སུ་རིལ་བསྒོམ་པ་ནི་ཟད་པར་གྱི་སྐྱེ་མཆེད་བཅུའོ། །ནང་གི་གཟུགས་ཀྱི་འདུ་ཤེས་རྣམས་སོ་སོར་ཡོངས་སུ་བཤིག་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་གནས་ཀྱི་བྱེ་བྲག་གིས་ཟིལ་གྱིས་མནན་བཞིན་ དུ་ཤེས་ཤིང་ཟིལ་གྱིས་མནན་བཞིན་དུ་མཐོང་བ་བཞི་དང་། ནང་གི་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཟིལ་གྱིས་མནན་བཞིན་དུ་ཤེས་ཤིང་མཐོང་བ་བཞི་སྟེ། བརྒྱད་པོ་དེ་དག་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ རྣམས་ཏེ། དེ་དག་ནི་མཐོ་རིས་ཀྱི་ལམ་དང་ཐུན་མོང་བའོ། །རང་དང་གཞན་དག་གི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་རྣམས་ཀྱི་རྒྱུན་ཏིང་ངེ་འཛིན་གང་གིས་སྤོང་བར་བྱེད་པ་ནི་ཉོན་མོངས་པ་མེད་པའོ། །དེ་རྣམས་ཐམས་ཅད་དུ་མཚན་མ་དང་། བག་ཆགས་སྤངས་ནས་ཐེ་ཚོམ་རྣམ་པར་ བསལ་ཏེ། འཁོར་བ་ནི་ཇི་སྲིད་པའི་བར་དུ་སྨོན་ལམ་རྣམ་པར་དག་པ་སྤེལ་ཞིང་མཉམ་པར་གཞག་པ་ལ་འཇུག་པའི་གནས་སྐབས་འདི་ནི་སྨོན་ནས་ཤེས་པའོ། །ལྷའི་མིག་ལ་སོགས་པ་ནི་མངོན་པར་ཤེས་པ་རྣམས་སོ། །ཆོས་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་བཞི་ནི། སོ་སོ་ཡང་དག་པར་རིག་པ་རྣམས་ཏེ། རྟེན་དང་། དམིགས་པ་དང་། སེམས་དང་ཡེ་ཤེས་རྣམས་ཡོངས་སུ་དག་པ་བཞིར་སྦྱར་རོ། །ཚེ་དང་། སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། ཐབས་དང་། མོས་པ་དང་། སྨོན་ལམ་དང་། རྣམ་པར་ཤེས་པ་དང་། ཆོས་ལ་ དབང་བ་རྣམས་ནི་དབང་བཅུའོ། །གནས་དང་གནས་མ་ཡིན་པ་ལ་སོགས་པ་ཟག་པ་ཟད་པར་མཁྱེན་པའི་བར་དུ་བཅུ་ནི་སྟོབས་རྣམས་སོ། །ཆོས་ཐམས་ཅད་མངོན་པར་རྫོགས་པ་བྱང་ཆུབ་པ་ལ་མི་འཇིགས་པ་ནས་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་ བཞིན་དུ་འགྱུར་བ་ལ་མི་འཇིགས་པའི་བར་དུ་བཞི་ནི། མི་འཇིགས་པ་རྣམས་སོ། །དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཀྱི་སྤྱོད་པ་རྣམས་ཡོངས་སུ་དག་པ་སྟེ། སྤྱོད་པ་དེ་དག་ཡོངས་སུ་མ་དག་པ་གཞན་གྱིས་ཤེས་པར་གྱུར་ན་མི་རུང་ངོ་ཞེས་ཡོངས་སུ་སྦེད་ཅིང་ སྲུང་བ་མེད་པ་རྣམས་སོ། །ཆོས་སྟོན་པ་ལ་རྣ་བ་བཏུད་ད་ཉན་པ་དང་། མི་ཉན་པ་དང་། གཉིས་ཀའི་མཚན་ཉིད་ཅན་ལ་སེམས་བཏང་སྙོམས་སུ་མཛད་པ་ནི་དྲན་པ་ཉེ་བར་གནས་པ་རྣམས་སོ། །སེམས་ཅན་གྱི་དོན་མཛད་པའི་དུས་ལས་མི་འདའ་བའི་མཚན་ཉིད་འདི་ནི་བསྙེལ་བ་མེད་པའི་ཆོས་ ཉིད་དོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་ཀྱི་ས་བོན་དང་བག་ལ་ཉལ་རྩད་ནས་བཏོན་པ་འདི་ནི་བག་ཆགས་ཡང་དག་པར་སྤངས་པའོ། །དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་ཞེས་བྱ་བ་ནས་ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ཞེས་བྱ་བའི་ བར་དུ་ནི་མ་འདྲེས་པའི་ཆོས་རྣམས་སོ། །ཐུགས་རྗེ་ཆེན་པོ་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ཡོངས་སུ་དག་པའི་སྐུ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན་འདི་ནི་ཐུབ་པ་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་ སྐུ་རུ་བཞེད་དེ། ས་བཅུ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་ཁ་ན་མ་ཐོ་བ་མེད་པར་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པས་དགའ་བ་དང་བདེ་བའི་རོ་ཉམས་སུ་བསྟར་བའོ། །གང་ཟག་པ་མེད་པའི་ཆོས་རྣམས་ནི་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བརྙེས་པ་འདི་ནི་ ཐུབ་པ་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་སྟེ། གང་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང་རང་བཞིན་གྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་ཟག་པ་མེད་པ་ཡིན་པ་ལས་གློ་བུར་གྱི་དྲི་མ་དང་བྲལ་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་དག་ཅིང་བདེན་ པ་ཐོབ་པ་འདི་ནི་མ་བཅོས་པའི་རང་བཞིན་གྱི་སྐུ་ཡིན་ནོ། །དེ་ལྟར་སྐུ་རྣམ་པ་བཞི་པོ་འཁོར་ལོའི་ཚུལ་གྱིས་ལྟེ་བ་ལ་སོགས་པར་རིམ་བཞིན་དུ་རྣམ་པར་གཞག་པ་དང་། ལེའུ་བཅུ་གཅིག་པར། དང་པོར་ཆོས་ཀྱི་འབྱུང་གནས་བསམ། །ཞེས་བྱ་བ་ལ་སོགས་པར་མདོར་ བསྟན་པ་བཤད་པར་བྱ་བའི་ཕྱིར། ཡང་། སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དབུས་སུ་ཞེས་བྱ་བ་ནི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་བའི་ལྟེ་བ་ལའོ། །སྡེ་ཚན་བརྒྱད་ཀྱིས་ཤིན་ཏུ་བསྐོར། །ཞེས་བྱ་བ་ནི་ཡི་གེ་ཨོཾ་སྟེ། སྔར་བསྟན་པའི་སྡེ་ ཚན་བརྒྱད་པོ་རྣམས་ཀྱིས་ཀུན་ནས་བསྐོར་བའོ། །དེ་ལ་སྡེ་ཚན་བརྒྱད་ནི་དབྱངས་ཀྱི་ཡི་གེ་བཅུ་དྲུག་ནི་དང་པོའོ། །ཀ་ཁ་ག་གྷ་ང་རྣམས་ནི་གཉིས་པའོ། །ཙ་ཚ་ཛ་ཛྷ་ཉ་རྣམས་ནི་གསུམ་པའོ། །ཊ་ཋ་ཌ་ཌྷ་ཎ་རྣམས་ནི་བཞི་པའོ། །ཏ་ཐ་ད་དྷ་ན་རྣམས་ནི་ལྔ་པའོ། །པ་ཕ་བ་བྷ་མ་རྣམས་ནི་དྲུག་ པའོ། །ཡ་ར་ལ་ཝ་བཞི་ནི་བདུན་པའོ། །ཤ་ཥ་ས་ཧ་བཞི་ནི་བརྒྱད་པའོ། །ཀྵ་ཞེས་བྱ་བ་ནི་ཀ་དང་ཥ་ཉིད་ལས་གུད་ན་མེད་པའི་ཕྱིར་ཡང་མི་བསྟན་ཏོ། །དེ་ལྟར་སྡེ་ཚན་བརྒྱད་པོ་དེ་དག་ནི་རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་སྟེ། པདྨའི་དབུས་ཀྱི་འདབ་མ་བརྒྱད་ལ་ཀུན་ནས་བསྐོར་ཏེ་བྲི་བར་ བྱའོ། །སྔགས་རྣམས་ཐམས་ཅད་འབྱུང་བ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ་སྔགས་རྣམས་ནི་དེ་བཞིན་གཤེགས་པ་རྣམས་སོ། །འབྱུང་བ་ནི་འཁོར་ལོ་འདི་བསྒོམ་པ་གོམས་པ་ཕུལ་དུ་བྱུང་བ་ལས་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་དེ་རྣམས་ཀྱིས་སྤྲུལ་པའི་སྐུ་ཐོབ་པར་བྱེད་པའི་ཕྱིར་རོ། ། གཞན་ཡང་ཅི་ཡང་རུང་བ་སྐྱེ། །ཞེས་བྱ་བ་ནི་བརྟན་པ་དང་གཡོ་བ་རྣམས་དེ་ལས་སྐྱེ་བའི་ཕྱིར་རོ། །ཡང་ན་སྡེ་ཚན་བརྒྱད་ཀྱི་ཡི་གེ་འདི་དག་ལས་སྔགས་ཀྱི་དེ་ཁོ་ན་ཉིད་འབྱུང་བ་དང་། གཞན་ཡང་ཞེས་བྱ་བ་སངས་རྒྱས་ཉིད་དང་ཐུན་མོང་གི་དངོས་གྲུབ་ཕྲ་མོ་གཞན་དག་ཀྱང་སྐྱེ་བའོ། །ཆོས་ ཀྱི་འཁོར་ལོ་གསུངས་པ། ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། །ཅེས་བྱ་བ་ནི་ཐོག་མ་དང་ཐ་མའི་དངོས་གྲུབ་རྣམས་སྟེར་བའི་ཕྱིར་རོ། །སྒྲ་ལྔ་དང་ནི་ཡང་དག་ལྡན། །ཞེས་བྱ་བ་ལ་སྒྲ་ལྔ་ནི་དབྱངས་ཡིག་དང་པོ་དང་། གསུམ་པ་དང་། ལྔ་པ་དང་། བཅུ་གཅིག་པ་དང་། དབུས་ན་གནས་པའི་ཧཱུྃ་གི་འོག་ན་གནས་པའི་དབྱངས་ཡིག་དྲུག་པ་རྣམས་སོ། །ཡང་དག་པར་ལྡན་པ་ནི་ཆོས་ཀྱི་འཁོར་ལོ་དང་སྦྱར་ཏེ། འདབ་མ་བརྒྱད་ཀྱི་ལྟེ་བ་ལ་ཧཱུཾ་གནས་པའི་ཆོས་ཀྱི་འཁོར་ལོ་དེ་ཉིད་ནི་ཆོས་ཀྱི་སྐུ་ཐོབ་པར་བྱེད་པའོ། །ཡ་ར་ལ་ཝ་ཞེས་བྱ་བ་ནི་ ལོངས་སྤྱོད་རྫོགས་པའི་འཁོར་ལོ་དང་ཡང་སྦྱར་ཏེ། སྔར་བཤད་ཟིན་ཏོ། །ལོངས་སྤྱོད་ཀྱི་འཁོར་ལོ་གསུངས་པ་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་ལ། རོ་རྣམས་ཀྱི་ནི་རྟེན་རང་བཞིན། །ཞེས་བྱ་བ་ལ་རོ་ནི་ཉམས་སུ་མྱོང་བ་སྟེ། རང་རིག་པའི་རང་བཞིན་ཉམས་སུ་མྱོང་བའི་རྟེན་དེ་ འཛིན་པར་བྱེད་པའོ། །ཆ་རྣམས་བཞི་པོ་དག་གིས་ནི། །ཞེས་བྱ་བ་ནི་དབྱངས་ཡིག་གཉིས་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། བཅུ་གཉིས་པ་རྣམས་སོ། །ཀུན་ནས་ཡོངས་སུ་བསྐོར་བ་ནི་འདབ་མ་བཅུ་དྲུག་པའི་ལྟེ་བར། ཨོཾ་བཀོད་པའི་ཕྱི་རོལ་དུ་བསྐོར་བ་སྟེ། ལོངས་ སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱེད་པའོ། །བདེ་བ་ཆེན་པོའི་འཁོར་ལོ་གསུངས་པ། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སུམ་ཅུ་གཉིས་དང་ལྡན། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་རང་བཞིན་མཚན་སུམ་ཅུ་རྩ་གཉིས་རྣམ་པར་དག་པའི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་ནི་བྱང་ཆུབ་ ཡིན་ལ། དེའི་དབུས་ཀྱི་ལྟེ་བ་ལ་མགོ་མེད་པའི་ཧ་དང་དབྱངས་ཀྱི་ཡི་གེ་བཅུ་དྲུག་འདབ་མ་རྣམས་ལ་བཀོད་པ་ནི་ལྡན་པ་སྟེ། ཟག་པ་མེད་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་བྱེད་པའོ། །ཟླ་བ་ཞེས་བྱ་བ་ལ་སོགས་པ་ལ་ཟླ་བ་ནི་གཡོན་པའོ། །ཉི་མ་ནི་གཡས་པའོ། །སུའི་ཞེ་ན་དཔའ་ བོ་མཁའ་འགྲོ་མ་རྣམས་ཀྱི་སྟེ་སྐྱེས་པ་དང་བུད་མེད་རྣམས་ཀྱིའོ། །དེ་དག་གིས་ནི་སྐྱེས་པ་དང་བུད་མེད་མཚོན་པར་བྱེད་དོ། །འགྲོ་དང་འོང་བ་ངེས་པར་བརྗོད། །ཅེས་བྱ་བ་ལ་འགྲོ་བ་དང་འོང་བ་ནི་གཡས་དང་གཡོན་གྱི་རླུང་གི་འཇུག་པ་དང་འབྱུང་བ་ཡིན་ལ། ངེས་པར་བརྗོད་པ་ནི་དེ་དག་དགོས་ པ་སྒྲུབ་པའོ། །ཡང་ན་མཁའ་འགྲོ་མ་དང་བཅས་པའི་དཔའ་བོ་རྣམས་འགྲོ་བ་དང་འོང་བ་རྒྱུ་ཞེས་བྱ་བར་བརྗོད་པར་བྱ་སྟེ། ཅི་ཞིག་ཅེ་ན། གཡས་གཡོན་གྱི་རླུང་སྟེ། རླུང་ལ་ཞོན་ནས་འགྲོ་འོང་བྱེད་པའི་ཕྱིར་རོ། །དེ་ལྟར་ནང་དུའང་བསྟན་པའི་ཕྱིར། གནས་གཉིས་པ་ནི་མཉམ་པར་ ཞོན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་དང་འདྲ་བས་ན་གནས་ཏེ་གཡས་གཡོན་གྱི་རྩའོ། །མཉམ་པ་ནི་དེར་རྒྱུ་བའི་རླུང་ངོ་། །ཞོན་པ་ནི་སེམས་ཀྱི་ཏིང་ངེ་འཛིན་ཅེས་བྱ་བའི་བར་དུའོ། །འོག་དང་སྟེང་དུ་ཡང་དག་བརྟན། །ཅེས་བྱ་བ་ལ་འོག་ནི་ལྟེ་བའོ། ། སྟེང་ནི་སྤྱི་གཙུག་གོ། །བརྟེན་པ་ནི་རྩ་བ་དང་རྩེ་མོ་དེར་སྦྱར་བའོ། །དབྱངས་ཡིག་བཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། སྒྲ་ཡིན་པས་ན་དབྱངས་ཏེ་མ་ནིང་སྤངས་པའི་དབྱངས་ཡིག་བཅུ་གཉིས་སོ། །སྟེང་བལྟས་ཞེས་བྱ་བ་ནི་རྩ་གཉིས་ཀ་ལས་ཚངས་པ་ལ་སོགས་པའི་རླུང་ ཕྱིར་རྒྱུ་བ་ནི་གོ་རིམས་བཞིན་སོར་བཞི་དང་དྲུག་དང་བཅུ་གཉིས་དང་བཅུ་དྲུག་གི་བར་དུ་སྟེང་གི་ནམ་མཁའ་ལ་རྒྱུ་བ་ན་དབྱངས་ཀྱི་ཡི་གེ་བཅུ་གཉིས་ཀྱི་སྐུད་པར་བརྒྱུ་བའོ། །ཀ་སོགས་ཞེས་བྱ་བ་ནི་སྤེལ་ཞེས་བྱ་བ་དང་སྦྱར་ཏེ། ཀ་ལ་སོགས་པ་དང་སྤེལ་བའོ། །ཇི་ལྟར་ཞེ་ན། རླུང་ཕྱིར་རྒྱུ་བ་ནི་ དབྱངས་ཀྱི་སྐུད་པ་དེ་ཉིད་ལ་དེའི་རྗེས་སུ་འཇུག་པ་ཡིན་པས། ཀ་ལ་སོགས་པའི་ཕྲེང་བ་བྲིའོ། །འོག་ཏུ་བལྟས་པ་ཞེས་བྱ་བ་ནི་གང་གི་ཚེ་སྒོ་གཉིས་ནས་རླུང་ནང་དུ་འཇུག་པའི་ཚེ། ཨ་ལ་སོགས་པའི་སྐུད་པ་དང་ཀ་ལ་སོགས་པའི་ཕྲེང་བ་ཁ་འོག་ཏུ་བལྟས་པར་བྲིའོ། །དེས་ན་རླུང་ཕྱིར་རྒྱུ་བ་ ལ་ནི་དེ་དག་སྟེང་དུ་བལྟ་བར་ཤེས་པར་བྱ་ལ། ནང་དུ་འཇུག་པ་ལ་ནི་འོག་ཏུ་བལྟ་བར་ཤེས་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། ངོས་གཉིས་ཞེས་བྱ་བ་གསུངས་ཏེ། ངོས་ཀྱི་སྒྲ་ནི་མཚུངས་པ་ཡིན་ལ་གཉིས་ནི་འབྱུང་བ་དང་འཇུག་པ་ཡིན་ནོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །ཁ་ ཅིག་ན་རེ་ནི་ཞེས་བྱ་བ་ནི་ཚིག་ཁ་བསྐང་བ་ཡིན་ཏེ། དེ་ཡང་ཇི་སྐད་དུ། ནི་དང་སྟེ་དང་པ་ལ་སོགས། །ཁ་བསྐང་དྲུག་ཏུ་མཁས་པས་བཤད། །ཅེས་ཟེར་བའི་ཕྱིར་རོ། །དེ་ལྟར་ན་ངོས་གཉིས་ནི་གཡས་གཡོན་གྱི་ཕྱོགས་གཉིས་སོ། །སྤེལ་བ་ནི་དེ་དང་སྤེལ་བ་སྟེ། ཨཱ་ལིའི་ཕྲེང་གི་གཡས་ གཡོན་གཉིས་སུ་ཀཱ་ལིའི་ཕྲེང་བ་གཉིས་གཉིས་བྲི་བའོ། །དབུས་སུ་དེ་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ། དེ་ནི་གཡས་གཡོན་གྱི་རླུང་གི་ཕྲེང་བ་འཇུག་པ་དང་འབྱུང་བ་དེའོ། །དབུས་སུ་སྦྱར་བ་ནི་འཇུག་པ་དང་འབྱུང་བ་དེ་རེ་རེ་ཞིང་ཡང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམ་ པ་གསུམ་གསུམ་གྱིས་བསྐོར་བའོ། །གཞུང་དེ་ཉེ་བར་བསྡུ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ཡང་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་རྐང་པ་དང་པོ་ནི་ཕྲ་མོའི་མཇུག་བསྡུ་བ་ཞེས་བྱ་བ་ལ་རྩ་དང་སྒྲའི་རང་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་རགས་པའི་ རྣལ་འབྱོར་བསྟན་པ་ཡིན་ཏེ། དེ་ལ་རྩ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཞེས་བྱ་བ་ཉིད་དོ། །སྒྲ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་དོན་རྗོད་པར་བྱེད་པའི་ཚིག་གི་ཚོགས་ཏེ། དངོས་གང་ཞེ་ན། ཨོཾ་པྲ་ཀྲྀ་ ཏི་པྲ་བྷ་སྭ་རཿསརྦ་དྷརྨཱཿཞེས་བྱ་བ་ལ་སོགས་པའོ། །རང་བཞིན་ཞེས་བྱ་བ་ནི་མཚུངས་ཤིང་མཉམ་པར་བསྲེ་བ་ཡིན་ཏེ། འོད་གསལ་བར་སྟོན་པའི་སྒྲས་བརྗོད་པ་ཉིད་ལ། འོད་གསལ་བའི་དོན་གྱིས་རྣམ་པར་རྟོག་པ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་རྡོ་རྗེ་མཁའ་འགྲོའི་རང་ བཞིན་ཉིད་དུ་བསྟན་པའི་ཕྱིར་གཉིས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཉིད་རྡོ་རྗེའོ། །ཅིའི་ཕྱིར་ཞེ་ན། གཉིས་ཀྱི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བས་མི་ཕྱེད་པའི་ཕྱིར་རོ། །རང་བཞིན་ཞེས་བྱ་བ་ནི་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་སྟེ། ཇི་སྐད་དུ། ཡེ་ཤེས་གཉིས་མེད་གང་ཡིན་པ། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་པའི་ཕྱིར་རོ། །མཁའ་འགྲོ་སྒྲ་ཡི་རང་བཞིན་ནོ། །ཞེས་བྱ་བ་ལ། སྒྲའི་རང་བཞིན་ནི་དེ་སྟོན་པའི་སྒྲ་སྟེ་བཤད་ཟིན་ཏོ། །མཁའ་འགྲོ་ཞེས་བྱ་བ་ལ་མཁའ་ནི་འདས་མ་ ཐག་པའི་ཡེ་ཤེས་སོ། །འགྲོ་བ་ནི་སྐད་ཀྱི་བྱིངས་ལས་རྟོགས་པར་འདྲེན་པས་དེ་རྟོགས་པར་བྱེད་པའི་སྒྲའོ། །ཡང་ན་རང་བཞིན་ནི་རྗོད་པ་དང་བརྗོད་པར་བྱ་བ་དེ་དག་གཉིས་སུ་མེད་པ་ལས་སྐྱེས་པའི་དཔལ་ཧེ་རུ་ཀ་སྟེ། ཇི་སྐད་དུ། བཅོམ་ལྡན་ཧེ་རུ་ཀ་རང་དངོས། །རྡོ་རྗེ་མཁའ་འགྲོ་དེ་ བཞིན་གཤེགས། །ཞེས་ཟེར་བའི་ཕྱིར་རོ། །ངེས་འབྱུང་ཞེས་བྱ་བ་ནི་འདིས་སངས་རྒྱས་ཐམས་ཅད་འདུས་པ་སྟེ། དེ་ཉིད་ཀྱིས་ན་སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དུ་སྐྱེ་བ་ཞེས་བྱར་གྲགས། །ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་གང་དུ་འདུས་པ་དང་། གང་ ལས་སྐྱེ་བར་གྲགས་པ་སྟེ། དངོས་པོ་ཐམས་ཅད་རྣམ་པར་ཕྱེ་ནས་སྟོན་པའོ། །ངེས་འབྱུང་དེ་ཅི་ཞིག་ཅེ་ན། ཤིན་ཏུ་རྣམ་དག་ཡེ་ཤེས་ཆེ། །ཞེས་བྱ་བ་སྟེ། གཉིས་སུ་མེད་པའི་སེམས་ཉིད་དེ་རྡོ་རྗེ་འཛིན་པའོ། །ཡང་དེ་ཇི་ལྟར་བལྟ་ཞེ་ན། ལྷ་མོ་ཀུན་གྱི་རང་བཞིན་གང་། ། ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མ་ནིང་གི་རྟགས་སུ་བསྟན་པའོ། །རང་བྱུང་གི་ནི་གཟུགས་འདི་ཉིད། །ཅེས་བྱ་བ་ལ། འདི་ཉིད་ནི་འདས་མ་ཐག་པའི་སེམས་སོ། །རང་བྱུང་ནི་རང་དང་གཞན་གྱི་དོན་གྱི་ཕྱིར་ལྷའི་སྐུ་སྣ་ཚོགས་སུ་སྤྲུལ་པ་སྟེ། འདི་དག་ནི་སྔར་ བཤད་ཟིན་ཏོ། །སྤྲོ་དང་སྡུད་པར་བྱེད་པ་པོ། །ཞེས་བྱ་བ་ལ། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ལས་བསྐྱེད་པའི་རྡོ་རྗེ་སེམས་དཔའ་ཉིད་སྤྲོ་བ་སྟེ། དཀྱིལ་འཁོར་གྱི་ལྷ་བསྐྱེད་པ་དང་སྡུད་པར་བྱེད་པའོ། །ཡང་ན་རང་བཞིན་གྱིས་འོད་གསལ་བའི་བདག་མེད་པ་དང་། ལྷ་ཉིད་དུ་ མཉམ་པར་སྦྱོར་བ་བསྟན་པ་ཡིན་ཏེ། སྤྲོ་བ་ནི་སྐྱེ་ཞིང་གནས་པའོ། །སྡུད་པ་ནི་འཇིག་པའོ། །བྱེད་པ་ནི་རྒྱུའོ། །ཨ་ནི་དགག་པ་སྟེ་དོན་དམ་པར་རྒྱུ་ལ་སོགས་པ་དང་སྐྱེ་བ་ལ་སོགས་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་སྔགས་རྣམས་ཀྱང་བསྟན་པའི་ཕྱིར་ཡི་གེ་ཕོ་ཉ་ལ་སོགས་ ཞེས་བྱ་བ་སྨོས་ཏེ། ཕོ་ཉ་ནི་གཤིན་རྗེ་ཕོ་ཉ་མོ་ལ་སོགས་པའོ། །སྔགས་ནི་དེ་རྣམས་ཀྱི་ཡི་གེའི་སྔགས་སོ། །དེར་ནི་ཞེས་བྱ་བ་ནི་གནས་ཏེ། བདག་མེད་པའི་གནས་སུ་སྦྱར་བའོ། །དེ་ཉིད་ཀྱི་ཕྱིར་ཆ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞེས་བྱ་བ་ནི་ཐེ་ཚོམ་གྱི་ཚིག་གོ། །ནི་ ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །ཆ་ཞེས་བྱ་བ་ནི་རྗོད་པ་དང་བརྗོད་པར་བྱ་བའོ། །བྲལ་བ་ནི་དེ་དག་སྤངས་པའོ། །ཡང་ན། ཡི་གེ་ཕོ་ཉ་ལ་སོགས་སྔགས། །ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་སྔགས་རྣམས་ཀྱི་གནས་བསྟན་པའི་ཚུལ་གྱིས་སྤྲུལ་པའི་འཁོར་ལོ་ལ་སོགས་པའི་ ཁྱད་པར་སྟོན་པ་ཡིན་ཏེ། དེར་ཞེས་བྱ་བ་ནི་གནས་ཏེ། དངོས་པོ་གང་ཞེ་ན། སྤྲུལ་པའི་འཁོར་ལོའི་ལྟེ་བར་རོ། །ཆ་དང་བྲལ་བ་ཞེས་བྱ་བ་ནི་བརྗོད་པ་དང་བྲལ་བའོ། །གཟུགས་མེད་པ་ཞེས་བྱ་བ་ལ། ཨ་ཞེས་བྱ་བ་ནི་ཨ་ལ་སོགས་པའི་ཡི་གེའོ། །གཟུགས་ནི་ཚོགས་སོ། །རྟག་ཏུ་ གནས་པ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཉམས་སུ་མྱོང་བའི་ཚུལ་དུ་གནས་པའོ། །ཡང་ན་གཟུགས་མེད་པ་ཞེས་བྱ་བ་ནི་ལྟེ་བའི་དབུས་ཀྱི་ཡི་གེ་ཨ་དེ་ཉིད་ལས་རྐྱེན་གྱི་བྱེ་བྲག་གིས་ཡི་གེ་ངེས་པ་མེད་པར་འབྱུང་བའོ། །སྨིན་དབུས་པདྨའི་ཟླ་བ་རུ། །ཞེས་བྱ་བ་ལ་སྨིན་དབུས་པདྨ་ནི་གོ་ བར་ཟད་དོ། །ཟླ་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཆ་ཤས་བཅུ་དྲུག་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ཉིད་གསུངས་པ། བཅུ་དྲུག་སྐུད་པ་ཞེས་བྱ་བ་ལ་སོགས་པ་ལ། སྐུད་པ་ནི་སེམས་ཀྱི་རི་མོ་ཕྲ་མོའོ། །བཅུ་དྲུག་ནི་དབྱངས་ཀྱི་ཡི་གེ་རྣམས་ཏེ། དེས་དེ་དག་བརྒྱུས་པ་དེ་ལ་དེ་ སྐད་ཅེས་བྱའོ། །བསྐོར་བ་ཞེས་བྱ་བ་ནི་མགོ་མེད་པའི་ཧཾ་ལ་ཀུན་ནས་བསྐོར་བའོ། །ཡང་ན་སྐུད་པ་དང་འདྲ་བས་སྐུད་པ་སྟེ། དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་ཉིད་དོ། །ཤེས་རབ་ཐབས་ཀྱི་མཉམ་སྦྱོར་བ། །ཞེས་བྱ་བ་ནི་སྟེང་དང་འོག་ཏུ་བལྟས་པས་འཁོར་ལོ་གཉིས་ལ་ས་བོན་ རྣམས་བཀོད་པའོ། །དེ་ཉིད་ཀྱིས་ན་ཁ་སྦྱར་རོ། །ལག་གཉིས་ཞེས་བྱ་བ་ནི་ས་བོན་གཉིས་ཀྱི་འོད་ཟེར་རོ། །འཁྱུད་པ་ནི་ཕྲད་པའོ། །དེ་ཉིད་ཀྱིས་ན། རྡོ་རྗེ་ལུ་གུ་རྒྱུད་བཅིངས་བརྗོད། །ཅེས་གསུངས་ཏེ། ཇི་ལྟར་ལྕགས་ཀྱི་ལུ་གུ་རྒྱུད་ཕན་ཚུན་སྦྲེལ་བས་དོན་བྱེད་པ་ལྟར་བལྟ་བར་ བྱའོ། །བསྟན་པ་འདི་ཉིད་ཀྱི་བཤད་པ་ནི་སླར་ཡང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྡོ་རྗེ་པདྨ་དབྱེ་བ་དང་། །ཞེས་བྱ་བ་ལ། རྡོ་རྗེ་ཉིད་སྒྲོའི་ཆུན་པོ་སྟེ་ཡི་གེ་ཧཾ་ངོ་། །པདྨ་ནི་ལྟེ་བའི་ཨོཾ་སྟེ་དབྱེ་བས་ནི་སྦྲང་རྩིའི་ཆུས་གསལ་བར་བྱས་པའོ། །བསྐྱོད་པ་ཞེས་བྱ་བ་ནི་སྟེང་དུ་གཏུམ་མོའི་འོད་ཀྱིས་བསྐུལ་ བའོ། །ལྷག་མ་ནི་གོ་སླའོ། །གཉིས་པར་ན། ཤེས་རབ་ཐབས་ཀྱི་མཉམ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་འདི་ནི་ཕྱི་རོལ་ལས་ཀྱི་ཕྱག་རྒྱ་དང་སྦྱོར་བ་ཡིན་ནོ། །ལག་གཉིས་ཀུན་དུ་འཁྱུད་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། འོ་བྱེད་པ་ལ་སོགས་པ་ཐམས་ཅད་གཟུང་བར་བྱའོ། །སླར་ཡང་རྣམ་ པར་གྲོལ་བའི་ལམ། །ཞེས་བྱ་བ་ནི་རྡོ་རྗེ་དང་པདྨའི་སྒོའོ། །མཆོག་ཏུ་དགའ་བ་ཞེས་བྱ་བ་ནི་བདེ་བ་སྐྱེ་བའོ། །དེ་ཉིད་ཀྱི་ཐབས་བསྟན་པའི་ཕྱིར། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ཡང་སྔོན་དུ་འགྲོ་བ་བསྟན་པའི་ཕྱིར། བསྐྱོད་པ་ཞེས་བྱ་བ་ལ་སོར་མོའི་རྩེ་མོ་ལ་ཡི་གེ་ ཀྲིཾ་བསྒོམས་ཏེ། ཁ་ཁ་མུ་ཁའི་སྒོར་བྲུང་པའོ། །དེ་ཉིད་ནི་ཆགས་པའི་ལྕགས་ཀྱུ་སྟེ། དེས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་བྱང་ཆུབ་ཀྱི་སེམས་དགུག་པའོ། །དེ་ཉིད་ཀྱིས་ན་མི་འཁྲུགས་རྡོ་རྗེས་དཀྲུག་པ་སྟེ་དེས་རྩ་ཐམས་ཅད་དཀྲུགས་ཤིང་བསྐྱོད་པར་བྱའོ། །དེ་ནི་ཞེས་བྱ་བ་ནི་ དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་བྱང་ཆུབ་ཀྱི་སེམས་སོ། །གསལ་ཞིང་ཞེས་བྱ་བ་ལ་མུ་ས་ནི་འཇོམས་པའོ། །ལ་ནི་ལེན་པའོ། །གང་ལས་ཤེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པའི་བག་ཆགས་ནི་ གཞན་དང་མཚམས་སྦྱོར་བའི་ནུས་པའོ། །ལྷག་མ་ནི་གོ་སླའོ། །གསུམ་པར་ན། ཤེས་རབ་ཐབས་ཀྱི་མཉམ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་འདིས་ནི་དེ་ལྟར་ཕྱི་ནང་གི་ཕྱག་རྒྱ་གཉིས་དང་མཉམ་པར་སྦྱོར་བ་ལས་སྐྱེས་པའི་དགའ་བའི་ཁྱད་པར་སྟོན་པ་ཡིན་ཏེ། དེ་ལ་ལག་གཉིས་ཀུན་ དུ་འཁྱུད། །ཅེས་བྱ་བ་ནི་ཁུ་བ་དང་བདེ་བའི་སྦྱོར་བའོ། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་བརྗོད། །ཅེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་ལ་དང་པོ་ཀུན་དུ་དགའ་བ་སྐྱེ་བའོ། །སླར་ཡང་རྣམ་པར་གྲོལ་བའི་ལམ། །ཞེས་བྱ་བ་ལ་སོགས་པས་ནི། དེའི་འོག་ཏུ་རྣམ་པར་སྨིན་པའི་སྐད་ ཅིག་ལ་མཆོག་ཏུ་དགའ་བ་སྐྱེ་བར་སྟོན་ཏེ། རྣམ་པར་གྲོལ་བའི་ལམ་ནི་བདེ་བའོ། ཚོགས་ནི་བགྲང་བ་སྟེ། སེམས་སུ་བགྲང་བའི་ཁུ་བའོ། །འབབ་པ་ནི་རྒྱུན་ཏེ་གནས་སྐབས་གཉིས་པའོ། །དེ་ཉིད་གང་ཞེ་ན། མཆོག་ཏུ་དགའ་བ་སྟེ་གོ་སླའོ། །སྦྱོར་བ་ཞེས་བྱ་བ་ནི་དཔའ་བོ་ དང་རྣལ་འབྱོར་མ་སྦྱོར་བའོ། །ཁ་སྦྱར་བ་ནི་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་སྦྱར་བ་སྟེ། དཔའ་བོ་དང་ཐབས་ཀྱི་རང་བཞིན་ཀུན་དུ་དགའ་བ་དང་། རྣལ་འབྱོར་མ་དང་། ཤེས་རབ་ཀྱི་རང་བཞིན་མཆོག་ཏུ་དགའ་བར་སྦྱོར་བའོ། །དེ་ཡང་གསུངས་པ། དང་པོ་ཀུན་དགའ་དཔའ་བོ་ སྟེ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཞེས་སོ། །དེ་ལྟར་ན་ཀུན་དུ་དགའ་བའི་གནས་སྐབས་ཀྱི་ཁུ་བ་དང་བདེ་བ་ལས་མཆོག་ཏུ་དགའ་བའི་གནས་སྐབས་སུ་ཁུ་བ་དང་བདེ་བ་ལྷག་པར་སྟོན་ཏོ། །དེ་ཡང་གསུངས་པ། ཅུང་ཟད་བདེ་བ་ཀུན་དགའ་སྟེ། །མཆོག་ཏུ་དགའ་བ་དེ་ལས་ལྷག ། ཅེས་སོ། །རྡོ་རྗེ་པདྨ་དབྱེ་བ་དང་། །ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་འཇོམས་པའི་སྐད་ཅིག་ལ་ཁྱད་པར་གྱི་དགའ་བ་སྐྱེ་བ་སྟོན་ཏོ།