Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 19

Văn bản gốc(Tây Tạng)

Trang 13 / 18 (50.000 ký tự/trang)
པ་དེ་ནི་ཚིག་བླ་དགས་སོ། །སྒྲིབ་པ་དེ་

གསལ་བའི་ཉེ་བར་སྤྱོད་པ་བསྟན་པའི་ཕྱིར། བསྟན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གདེང་ཞིང་ཁ་ཕྱེ་བས་ན་བསྟན་ཏེ། ཤེས་རབ་ཀྱི་པདྨའོ། །དག་པ་དང་འཇམ་པ་གཉིས་ནི་པདྨའི་ཁྱད་པར་རོ། །པདྨ་ནི་ཆོས་ཀྱི་འབྱུང་གནས་སོ། །གོས་ནི་ཉེ་བར་མཚོན་པ་སྟེ། གོས་ལ་སོགས་པས་བརྒྱན་
པའོ། །ཡང་དང་ཡང་དུ་འདོད་པས་མཉེས་པར་བྱ་ཞེས་བྱ་བས་ནི། མཆོད་པ་ཞེས་བྱ་བའི་བཤད་པ་ཡིན་པ་བདེ་བའི་སྒྲུབ་པ་ཉིད་ཀྱིས་མཆོད་པར་བྱའི་གཞན་གྱིས་ནི་མ་ཡིན་ནོ། །སྡོམ་པ་ཡི་ནི་བདེ་བའི་མཆོག །ཅེས་བྱ་བ་ནི་སྒྲིབ་པའི་གཉེན་པོར་གྱུར་པའི་སྒྲུབ་པ་དེ་ལས་སྐྱེས་པའི་སྒྲིབ་པ་དང་བྲལ་བ་
ཡེ་ཤེས་ཏེ་རྫོགས་པའི་རིམ་པའོ། །ཁྲག་ནི་པདྨ་ཡིན་ཏེ་ཞེས་བྱ་བ་ནི། འདིས་ཆགས་པར་བྱེད་པས་ན་པདྨ་ལ་ཁྲག་ཅེས་བྱའོ། །ཡང་ན་དམར་པོ་ཞེས་བྱ་བ་སྟེ་ཆགས་པའོ། །དེ་བཞིན་དུ། ཁྲག་ནི་བཅུད་ཀྱིས་ལེན་པ་སྟེ། །ཞེས་བྱ་བ་ལ་བཅུད་ཀྱིས་ལེན་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །
དེ་ཉིད་ཁྲག་སྟེ་ཡོན་ཏན་གྱིས་སེམས་ཅན་རྣམས་འཆོས་པའི་ཕྱིར་རོ། །དེ་ཡང་གསུངས་པ། སེམས་ཀྱིས་འཇུག་པ་མཉམ་ཤེས་པ། །བཅུད་ཀྱིས་ལེན་ཞེས་བྱ་བར་བརྗོད། །ཅེས་སོ། །བཤང་བ་ལ་སོགས་པ་བཅུད་ཀྱིས་ལེན་ཏོ་ཞེས་བྱ་བ་ནི། བདུད་རྩི་ལྔ་པོ་དག་ཀྱང་པདྨའི་ཁྲག་ཅེས་བྱའོ། །ཞེས་
བྱ་བར་སྦྱར་རོ། །ར་ས་ཡཱ་ན་བླ་མེད་ཅེས་བྱ་བ་ལ། བླ་མེད་ཅེས་བྱ་བ་ནི་རྐང་གི་ཞག་གོ། །དབང་པོ་ཐམས་ཅད་ལས་བྱུང་བ། །ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོའི་སྒོ་ནས་བྱུང་བའི་དྲི་མ་རྣམས་སོ། །དེ་ཉིད་ནི་མང་བས་ན་ཚོགས་སོ། །ཐམས་ཅད་ཀྱི་བཅུད་ཀྱི་ར་ས་ཡཱ་ན་ཞེས་བྱ་བ་ནི།
ར་ས་ཡཱ་ན་བླ་མེད་ཅེས་བྱ་བའི་རྣམ་པར་བཤད་པ་ཡིན་ནོ། །ཡང་ན་ཙནྡན་དམར་པོ་ཞེས་བྱ་བ་ནི་ཁུ་བའོ། །ཤ་ཞེས་བྱ་བ་ནི་བདེ་བའོ། །ཆོ་གས་ཞེས་བྱ་བ་ནི་འདུས་པའོ། །དེ་ཉིད་ཀྱིས་ན་དབང་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ར་ས་ཡཱ་ན་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའོ། །
བཟའ་བར་བྱ་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་བྱ་བའོ། །ལྷག་མ་ནི་གོ་སླའོ། །མཆོད་པ་ཞི་ཞེས་བྱ་བ་ནི། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་སྟེ་དེ་ཉིད་ནི་མཆོད་པའོ། །དུས་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡང་ན་བཞི་ནི་སྟོང་བ་

ཉིད་ཀྱི་ང་རྒྱལ་ནས་བཟུང་སྟེ་མཆོད་པ་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་འདི་ཡིན་ཏེ། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཏོ། །དཔའ་བོ་ཞེས་བྱ་བ་ནས་ཚིམ་པར་བྱ་ཞེས་བྱ་བའི་བར་དུ་རྫོགས་པའི་རིམ་པ་ལ་གནས་པའི་སྒོམ་པ་པོའི་སྟེ་ཞེས་བྱ་བ་ནི་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་
ཏེ་སྒྲ་ཇི་བཞིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཐ་མ་མཆོག་དང་བར་མ་སྟེ། །ཞེས་བྱ་བ་ནི་ཡང་ན་མན་ངག་གི་ཏིང་ངེ་འཛིན་གྱི་དབྱེ་བ་རྣམ་པ་གསུམ་གསུངས་པ་ཡིན་ཏེ། ཐ་མ་ཞེས་བྱ་བ་ལ་སོགས་པ་ནས་གཞན་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་བསྟན་པའོ་ཞེས་བྱ་བའི་བར་དུ་ནི་ཏིང་ངེ་འཛིན་
དང་པོ་སྟེ། མཚན་མ་དང་བཅས་པའི་ལྷའི་དཀྱིལ་འཁོར་རོ། །བར་མ་ཞེས་བྱ་བ་ནས་རང་གི་དབུས་སུ་བསྡུས་ལ་ཞེས་བྱ་བའི་བར་དུ་ནི་གཉིས་པ་སྟེ། དབུས་སུ་བསྡུས་ལ་ཞེས་བྱ་བ་ནི་རང་གི་སེམས་སུ་བསྡུ་བ་སྟེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་བདེ་བའི་ཡེ་ཤེས་ཀྱི་ནང་དུ་ཆོས་ཐམས་ཅད་
བསྡུས་ཏེ། སངས་རྒྱས་དང་མཉམ་པའི་ངོ་བོ་ཉིད་བདེ་བ་ཆེན་པོ་རང་རིག་པ་ཙམ་དང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཙམ་དུ་བྱ་བའོ། །རྡོ་རྗེ་ཀུན་གྱི་ཞེས་བྱ་བ་ནས། མཆོག་གོ་ཞེས་བྱ་བའི་བར་དུ་ནི་ཏིང་ངེ་འཛིན་གསུམ་པ་སྟེ། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་མཚན་མ་མེད་པའི་ལྷའི་དཀྱིལ་འཁོར་བདེ་བ་ཆེན་པོ་སྟེ།
རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་དུས་སུ་འགྲོ་བ་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ནང་དུ་ཆུད་པའི་བྱང་ཆུབ་ཆེན་པོ་བསྒོམ་པའོ། །བུད་མེད་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ། སྒྱུ་མ་ནི་ཡོན་ཏན་ཏེ་ཞེས་བྱ་བ་ནི་བསྒྱུར་དུ་རུང་བས་ན་ཡོན་ཏན་ཏེ་རྒྱུ་རྐྱེན་ལས་རག་ལས་པའི་ཕྱིར། རང་བཞིན་གྱིས་རྣམ་པར་དག་
པའོ། །དེ་ཉིད་ཀྱིས་ན་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡོན་ཏན་གྱི་རྒྱུད་ཅེས་བྱ་བ་ནི་གོམས་པ་བྱས་པས་ན། ཡོན་ཏན་ཏེ་དེའི་དོན་གྱིས་སོ། །དེ་ཉིད་ཅི་ཞིག་ཡིན་ཞེ་ན། མ་ལུས་པའི་སྒྱུ་མའི་དོན་ཏུ་གསུངས་སོ་ཞེས་བྱ་བ་སྟེ། ལྷན་ཅིག་སྐྱེས་པའི་གནས་སྐབས་ཉེ་བར་སྦྱར་
བའི་ཕྱིར་མ་ལུས་པ་སྟེ། འགྲོ་བ་ཐམས་ཅད་བརྫུན་པར་གསུངས་པ་སྟེ། དེའི་མན་ངག་ནི་གྲགས་པར་ཟད་དོ། །ཆ་ནི་དངོས་པོ་བསྟན་པ་སྟེ། །ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཆ་མེད་ཡོན་ཏན་ཞེས་བྱ་ཡིན། །ཞེས་བྱ་བ་ནི། ཡོན་ཏན་བསྒྱུར་དུ་རུང་བ་སྟེ་དོན་དམ་པའི་བདེན་པ་རང་

བཞིན་གྱིས་རྣམ་པར་དག་པའོ། །ཡང་ན་ཡོན་ཏན་ནི་གཅིག་དང་དུ་མ་དང་བྲལ་བའོ། །དེ་ཉིད་ཆ་ཤས་དང་ཆ་ཤས་མེད་པའོ། །སྦྱར་བ་ནི་གཉིས་སུ་མེད་པའོ། །དེ་ཉིད་ཚུལ་གཞན་གྱིས་བསྟན་པའི་ཕྱིར། ཡུལ་དང་དབང་པོ་རབ་ཏུ་དགེ། །ཞེས་བྱ་བ་སྨོས་ཏེ། ཡུལ་ནི་ཡོན་ཏན་ཏེ་ཆ་མེད་པའོ། །དབང་
པོ་ནི་ཅིག་ཤོས་སོ། །དགེ་བ་ནི་གཉིས་སུ་མེད་པའོ། །ཡང་སྒྱུ་མ་ཞེས་བྱ་བ་ཡོན་ཏན་དང་ཡོན་ཏན་ཅན་ཉིད་ཚུལ་གཞན་གྱིས་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨཱ་ལི་ནི་ཆ་ཤས་མེད་པའོ། །ཀཱ་ལི་ནི་ཆ་ཤས་སོ། །ཡོན་ཏན་གསུངས་པ་ཞེས་བྱ་བ་ནི་ཡོན་ཏན་ནི་གཉིས་སུ་
མེད་པར་བསྒྲིལ་བའོ། །གསུངས་པ་ནི་ཡེ་ཤེས་སོ། །མཉམ་པ་དམ་ཚིག་སྤྱོད་ཡུལ་ཡིན། །ཞེས་བྱ་བ་ལ་མཉམ་པ་ནི་རོ་གཅིག་ཏུ་གྱུར་པའོ། །དམ་ཚིག་ནི་མི་འདའ་བའོ། །དེ་གང་གི་སྤྱོད་ཡུལ་ཡིན་པ་དེ་ནི་སྤྱོད་ཡུལ་ལོ། །ཡང་ན་ཨཱ་ལི་ནི་ཤེས་རབ་བོ། །ཀཱ་ལི་ནི་ཐབས་སོ། །ཡོན་ཏན་
གསུངས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །མཉམ་པ་ནི་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བའོ། །དམ་ཚིག་ནི་བརྡར་བརྟགས་པའོ། །དེ་གང་གི་ཡུལ་ཡིན་པ་དེ་ནི་སྤྱོད་ཡུལ་ལོ། །དེ་ནི་མཚན་མ་བས་ཕྱག་རྒྱ་སྟེ་ཞེས་བྱ་བ་ལ། དེ་ཉིད་ནི་ཞེས་བྱ་བ་ནི་བུད་མེད་ཀུན་ཞེས་བྱ་བ་གང་ཡིན་
པའོ། །མཚན་མ་བས་ན་ཕྱག་རྒྱ་སྟེ། །ཞེས་བྱ་བ་ནི། རྒྱ་ཞེས་བྱ་བ་ནི་རྣམ་པར་བཤད་པ་སྟེ། འདིས་མཚོན་པར་བྱེད་པའམ། མགུ་ཞིང་འདེབས་པར་བྱེད་པས་ན་མཚོན་མའོ། །འདི་ནི་ཞེས་བྱ་བ་ནི་འཛིན་པ་པོའི་བློ་ལ་གནས་པའོ་ཞེས་བྱ་བ་ནི། འདི་ནི་ཞེས་བྱ་བའི་རྣམ་པར་བཤད་པ་སྟེ། སྒྱུ་མའི་
ཕྱག་རྒྱ་བློ་ལ་བསྡོམས་པའམ། གནས་པ་དེ་ཉིད་ཉེ་བར་བཟུང་ནས་འདི་ནི་ཞེས་བྱ་བ་གསུངས་སོ། །བ་ཏི་ཨོ་ལོའི་གོ་རིམས་ཀྱིས་དེ་ཉིད་ཤེས་པར་བྱ་བའི་ཕྱིར་གསུངས་པ། ཡོན་ཏན་དེས་ཞེས་བྱ་བ་ལ་སོགས་པ་ལ། ཡོན་ཏན་དེས་ཞེས་བྱ་བ་ནི་དབྱངས་ཡིག་རིང་པོ་རྣམས་སོ། །ཡོན་ཏན་ཅན་ནི་
དབྱངས་ཡིག་ཐུང་ངུ་རྣམས་ཏེ། གཉིས་སུ་མེད་པའི་ཚུལ་ནི་དེ་དག་མཉམ་པར་སྦྱོར་བའོ། །དེ་ཉིད་ནི་མཆོག་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། དེ་དག་གིས་ནི་གཉིས་མེད་ཡེ་ཤེས་མཆོག་ཅེས་བྱ་བ་བཤད་པ་ཡིན་ནོ། །ནམ་མཁའི་སྒྲས་ནི་སེམས་ལ་བྱ་སྟེ་ཞེས་བྱ་བ་ནི། ནམ་མཁའ་

ལྟར་གཉིས་སུ་མེད་པའི་ཡེ་ཤེས་ལ་བྱ་བའོ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་བྱ་བ་ནི། ད་ནི་ནམ་མཁའ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཚུལ་གྱིས་ཁམས་རྣམས་ཉིད་ལ་བྱའི། བྱཱ་ཀ་ར་ཎའི་སྐད་ཀྱི་དབྱིངས་ལས་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བྷུ་ལ་
སོགས་པའི་ཁམས་ནི་མ་ཡིན་ནོ་ཞེས་གསུངས་སོ། །དམ་ཚིག་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ནི་ནང་གི་སྦྱོར་བ་སྟོན་པ་ཡིན་ནོ། །རང་གི་པདྨའི་ལྟེ་དབུས་སུ། །ཟླ་བར་གནས་པ་ཧཱུྃ་ཡིན་ཏེ། །ཞེས་བྱ་བ་ནི་སྙིང་གའི་པདྨར་གནས་པའོ། །ཐིག་ལེ་བཅུ་དྲུག་ཐིག་སྐུད་ཀྱིས། །ཞེས་བྱ་བ་ལ་
སོགས་པ་ལ། ཐིག་ལེ་ཞེས་བྱ་བ་ནི་ལྟེ་བའི་དཀྱིལ་འཁོར་དུ་གནས་པའི་ཨཾ་ངོ་། །བཅུ་དྲུག་ཐིག་སྐུད་ཅེས་བྱ་བ་ནི། ཀཱ་ལིས་ངོས་ཀུན་དུ་བསྐོར་བའི་དབྱངས་ཀྱི་ཡི་གེ་བཅུ་དྲུག་གི་རི་མོའི་སྐུད་པས་ཐིག་བཏབ་པའམ། རྩ་བཅུ་དྲུག་གི་རི་མོས་ཀུན་དུ་བསྐོར་བའོ། །ཐ་མ་ལས་ཕྱི་ནས་ཞེས་བྱ་བ་ནི་མི་
ཤིགས་པའི་ཡི་གེ་ཧའོ། །འོག་ཏུ་ཡི་གེ་ཀྵ་ནི་སྤང་། །ཞེས་བྱ་བ་ལ། འོག་ཏུ་ནི་ལྟེ་བའི་འོག་ཏུ་སྟེ། དེར་ཡི་གེ་ཀྵ་བཤང་བ་དང་གཅི་བའི་རང་བཞིན་དུ་བྲི་བར་བྱའོ། །སྤང་ཞེས་བྱ་བ་ནི་གཉིས་སུ་མེད་པར་བྱ་སྟེ། ཨ་ནས་ཀྵའི་མཐར་ཐུག་པ། །ཞེས་བྱ་བ་དང་སྦྱར་གྱི། འདིར་དོར་བ་ནི་མ་ཡིན་ནོ། །འདིས་
ནི་ཐབས་དང་ཤེས་རབ་གཅིག་ཏུ་བསྲི་བ་བསྟན་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །གསང་བ་ཞེས་བྱ་བ་ལ་སོགས་པ་ལ། སོགས་ཀྱིས་མཆོག་གི་དགྱེས་པ་ན་ཞེས་བྱ་བ་ལ་སོགས་པའི་ཚིག་གཞན་གཟུང་བར་བྱའོ། །དེ་ཁོ་ན་ཉིད་འབྱུང་བ་ཞེས་བྱ་བ་ནི། གཞུང་གང་ལས་དེ་དག་གི་དེ་ཁོ་ན་ཉིད་
འབྱུང་ཞིང་སྟོན་པའོ། །དེ་ཉིད་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་གཉིས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།ད་ནི་སྙིང་པོའི་སྔགས་ཀྱི་སྦྱིན་སྲེག་ལ་སོགས་ལས་ཀྱི་ཆོ་ག་བསྒྲུབ་པ་བསྟན་
པའི་ཕྱིར། སྦྱིན་སྲེག་ལས་ཀྱི་ཆོ་ག་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕོ་ཉའི་སྟེང་དུ་གནས་པ་ནི། །ཞེས་བྱ་བ་ནི། ཕོ་ཉ་དང་སྙོམས་པར་ཞུགས་པའོ། །ཆང་དང་འོ་མར་སྦགས་ནས་ནི། །ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་ཆང་དང་འོ་མས་སོ་སོར་སྦགས་པའོ། །ཡང་ན་ཆང་ཉིད་འོ་མའོ། །

བསྒྲུབ་པར་བྱ་བའི་གཟུགས་བྲིས་ཏེ། །ཞེས་བྱ་བ་ནི་ཐོད་པ་ལ་བསྒྲུབ་པར་བྱ་བའི་གཟུགས་བྲིས་ནས། བསྒྲུབ་བྱ་དམ་ཚིག་སེམས་དཔར་བསྐྱེད་དེ། ཡེ་ཤེས་ཀྱི་སེམས་དཔའ་དང་བསྲེ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདབ་མ་རློན་པ་བརྒྱ་ཞེས་བྱ་བ་ནི་ད་དུ་རའི་འཕྲལ་གྱི་འདབ་མའོ། །དེ་ནས་གཞན་ཡང་
ཞེས་བྱ་བ་ལ་སོགས་པ་ལ། ཙནྡན་དམར་ལ་ཞེས་བྱ་བ་ནི་ཙནྡན་དམར་པོའི་རྡུལ་ལས་སོ། །མིང་བྲི་ཞེས་བྱ་བ་ནི། འཁོར་ལོ་དང་བཅས་པའི་མིང་བྲིས་ལ་བསྒྲུབ་བྱ་སྟེ། གཟུགས་བརྙན་གྱི་སྙིང་གར་བཅུག་ནས། སྔགས་བཟླས་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །དེ་ཡི་མིང་དང་སྤེལ་བ་ཡི། །ཡི་གེ་ར་ནི་
བྲི་བར་བྱ། །ཞེས་བྱ་བ་ནི། བསྒྲུབ་བྱའི་མིང་གི་ངོས་གཉིས་སུ་ར་བྲིས་པས་གཟིར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ལས་ཐམས་ཅད་ནི་ཞི་བ་ལ་སོགས་པའོ། །དེ་རྣམས་ཀྱི་བསམ་གཏན་དང་སྦྱིན་སྲེག་གི་ཆོ་ག་གང་དང་གང་དུ་འབྱུང་བ་དེའི་ནི་རིམ་
པར་ཕྱེ་བ་སྟེ་བཞི་བཅུ་རྩ་གསུམ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།ད་ནི་རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་ཀྱིས་རོ་ལངས་ལ་སོགས་པ་བསྒྲུབ་པ་གསུངས་པ། ད་ནི་ཞེས་བྱ་བ་ལ་སོགས་པ་ལ།
གཞན་ཞེས་བྱ་བ་ནི། རོའི་ཁར་བྱ་བ་ལ་སོགས་པ་དང་ནང་གི་སྦྱིན་སྲེག་གོ། །ཟླ་མཚན་ཕྱིས་པའི་རས་མ་ནི། །བྱི་ལའི་རྟུག་པར་བཅས་པ་དག །ཞིབ་ཏུ་བརྡུངས་པས་བདུག་པར་བྱ། །ཞེས་བྱ་བ་ནི། མན་ངག་གིས་ན་རྫས་གཉིས་པོ་དེ་དག་བདུད་རྩི་ལྔ་དག་དང་བཅས་ཏེ། རྫས་བདུན་གྱི་བདུག་པར་བྱ་
བར་སྦྱར་རོ། །ནང་གི་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རོ་ལངས་ཞེས་བྱ་བ་ལ་སོགས་པ་ལ། གཞུང་གང་གི་རོ་ལངས་བསྒྲུབ་པ་དང་ནང་གི་སྦྱིན་སྲེག་གི་ཆོ་ག་སྟོན་པར་བྱེད་པའི་གཞུང་དེ་ལ་ནི་རོ་ལངས་བསྒྲུབ་པ་དང་། ནང་གི་སྦྱིན་སྲེག་གི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་བཞི་པའོ། །རྒྱུད་
ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།བགྲང་ཕྲེང་གི་ལེའུ་གསུངས་པ། བགྲང་ཕྲེང་ཞེས་བྱ་བ་ལ་སོགས་པ་ལ། ཤེལ་དང་ཉ་ཕྱིས་མུ་ཏིག་སྟེ། །ཞེས་བྱ་བ་ནི་ཤེལ་ལ་སོགས་པའི་བགྲང་ཕྲེང་

གིས་བཟླས་ན། མུ་ཏིག་སྟེ་ཐར་ཅིང་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁམས་ཀུན་ཞེས་བྱ་བ་ནི་རུས་པ་ཐམས་ཅད་དོ། །གཞན་ཡང་རུང་ཞེས་བྱ་བ་ནི་རྣལ་འབྱོར་པས་གཞན་གང་ཡང་རུང་བ་གཟུང་བར་བྱའོ། །མུ་མེན་ཞེས་བྱ་བ་ནི་རྒྱལ་པོ་འཁྱིལ་པའོ། །གུར་ཀུམ་ལ་སོགས་དྲི་དང་
ནི། །ཞེས་བྱ་བ་ནི། དཔལ་ཆེན་མྱུར་དུ་ཐོབ་པར་འགྱུར། །ཞེས་བྱ་བ་སྔ་མ་དང་སྦྱར་རོ། །རིལ་བུ་རྣམས་ནི་དགྲ་བཅོམ་སྟེ། །ཞེས་བྱ་བ་ནི། རིལ་བུ་རྣམས་སངས་རྒྱས་རྣམས་ཀྱི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །སྟེང་དུ་མཆོད་རྟེན་བརྟག་པར་བྱ། །ཞེས་བྱ་བ་ལ། སྟེང་ཞེས་བྱ་བ་ནི་སྐུད་པ་
གཉིས་ཀྱི་རྩེ་མོ་མདུད་པའི་རིལ་བུ་སྟེ། མཆོད་རྟེན་དུ་བརྟག་ཅེས་བྱ་བ་མཆོད་རྟེན་གྱི་ངོ་བོ་ཉིད་དུ་བསྒོམ་པར་བྱའོ། །ཆོས་ཀྱི་དབང་པོ་སྟེ་ཞེས་བྱ་བ་ནི་བཟླས་པའི་གྲངས་ཀྱི་དབང་པོའོ། །ཆོས་ཀྱི་དབྱིངས་ནི་དབུས་སུ་ཞེས་བྱ་བ་ནི་དེར་རིལ་བུ་གཞན་བརྒྱུས་པ་གང་ཡིན་པ་དེ་ཆོས་ཀྱི་དབྱིངས་ཏེ། རྡོ་རྗེ་
སེམས་དཔའི་རང་བཞིན་དང་གཉིས་སུ་མེད་པར་བསྒོམ་མོ་ཞེས་བྱ་བའི་བར་དུའོ། །བསྐྲད་ལ་བྱ་རོག་སྤུ་དང་ནི། །བོང་བུ་རྔ་མོའི་སྤུ་ལས་ཀྱང་། །ཞེས་བྱ་བ་ནི་བསྟན་པའི་ལས་ཀྱི་བཟླས་པ་ལ་བགྲང་ཕྲེང་གི་སྐུད་པ་བྱ་རོག་ལ་སོགས་པའི་སྲོག་ཆགས་གསུམ་གྱི་སྤུ་ལས་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་
ནི་གོ་སླའོ། །བཟླས་པའི་ཆོ་ག་ནི་བཟླས་པའི་བགྲང་ཕྲེང་གི་ཆོ་གའོ། །གཞུང་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་ལྔ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།ད་ནི་གཙུག་ལག་ཁང་བརྩིགས་པ་ལ་སོགས་
པ་ལ། ཡོན་ཆབ་སྦྱིན་པ་ལ་སོགས་པའི་ཆོ་ག་སྟོན་པར་བྱེད་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དེ་ནས་ཞེས་བྱ་བ་ལ། སློབ་དཔོན་དང་སློབ་མའི་མཚན་ཉིད་བསྟན་པ་དང་བགྲང་ཕྲེང་གི་ཆོ་ག་བསྟན་གྱི་འོག་ཏུའོ། །སྔར་བཤད་མཚན་
ཉིད་ལྡན་པ་དང་། །ཞེས་བྱ་བ་ནི། བརྟེན་ཞིང་དུལ་ལ་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་མཚན་ཉིད་སྔར་བཤད་པ་སྟེ་དེ་དང་ལྡན་པའོ། །ཡེ་ཤེས་ཡོངས་སུ་རྫོགས་པའི་ལུས། །ཞེས་བྱ་བ་ནི། གང་གི་ལུས་ཡེ་ཤེས་ཀྱི་རྡུལ་ཕྲ་རབ་ལས་བསྐྱེད་པ་སྟེ། སློབ་དཔོན་ཡིན་ལ་དེ་ལ་གསོལ་བ་གདབ་ཅེས་

བྱ་བ་དང་སྦྱར་རོ། །སུ་ཡིས་ཤེ་ན། སེམས་ཅན་དོན་བརྩོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པའི་མཚན་ཉིད་ཅན་གྱི་སློབ་མ་འགྲོ་བའི་དོན་ལ་བརྩོན་པས་སོ། །བརྟན་པ་ལས་ནི་བརྟན་པར་ཏེ། །གཡོ་བ་ལས་ནི་གཡོ་བ་དང་། །འདྲེན་མ་ལས་ནི་འདྲེན་མར་ཤེས། །ཞེས་བྱ་བ་ནི། དགེ་བ་དང་སྡིག་
པའི་མཚན་ཉིད་བརྟག་པའོ། །ལྟེ་བར་ཡེ་ཤེས་མེ་འབར་བ། །ཞེས་བྱ་བ་ནི་ལྟེ་བར་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་ཀྱི་མེ་ཡི་གཟི་བརྗིད་ཅན་གྱི་ཡི་གེ་ཧཱུྃ་དགོད་པའོ། །པཾ་ལས་བྱུང་བའི་མི་སྡུག་གཟུགས། །ཞེས་བྱ་བ་ནི་སྙིང་གར་ཡི་གེ་པཾ་ལས་བྱུང་བའི་སྡིག་པའི་རང་བཞིན་ཤ་ཟའི་གཟུགས་ཅན་ནོ། །
སྔོན་དུ་འབྲུ་ལ་སོགས་པ་གཞུག །ཅེས་བྱ་བ་ནི། འབྲུ་རྣམ་པ་ལྔ་དང་རིན་པོ་ཆེ་རྣམ་པ་ལྔ་སའི་དབུས་སུ་བཅུག་པས་སྙིང་པོ་དང་ལྡན་པར་བྱའོ། །རང་གི་སྙིང་པོ་བརྒྱད་བརྒྱར་བཟླས། །ཞེས་བྱ་བ་ནི། ཡི་གེ་འབྲུ་གསུམ་བརྒྱ་རྩ་བརྒྱད་བཟླས་པའོ། །དེ་ཡང་གསུངས་པ། ཁང་བཟངས་རྡོ་ལེབ་བ་ལང་
ལྷས། །ཞབས་བཅགས་ལྷ་ཁང་མཚོ་འགྲམ་སོགས། །དེར་ནི་ལག་བཞག་ཡི་གེ་གསུམ། །བཟླས་ཀྱི་བརྐོ་སོགས་བྱ་མི་དགོས། །ཞེས་སོ། །ཡན་ལག་གི་དོན་ལྷག་མ་རྣམས་ནི་གོ་སླའོ། །བསྡུས་པའི་དོན་བརྗོད་པར་བྱ་སྟེ། དེ་ལ་སློབ་མའི་རྐང་མཐིལ་དུ། །ཞེས་བྱ་བ་ནས། སྲུང་བ་དག་ནི་
དགོད་པར་བྱ། །ཞེས་བྱ་བའི་བར་དུ་ནི་སློབ་མ་གཟུང་བའི་ཆོ་གའོ། །དཀྱིལ་འཁོར་ཆོ་ག་ཇི་བཞིན་དུ། །ཞེས་བྱ་བ་ནས། རྡོ་རྗེ་འགྲོས་ཀྱིས་ཀུན་དུ་བསྐོར། །ཞེས་བྱ་བའི་བར་དུ་ནི། ཨརྒྷ་སྦྱིན་པ་དང་ས་གཟུང་བའི་ཆོ་གའོ། །བདུད་རྩི་ལྔས་ནི་ཀུན་དུ་བྱུག །ཅེས་བྱ་བ་ནས། མེ་ཏོག་ལ་སོགས་
མཆོད་པར་བྱ། །ཞེས་བྱ་བའི་བར་དུ་ནི། ལྷ་སྟ་གོན་ལ་གནས་པའི་ཕྱིར་མཆོད་པ་བསྟན་ཏོ། །དེ་ནས་རིན་ཆེན་གསེར་དང་དངུལ། །ཞེས་བྱ་བ་ནས། འཁོར་ལོའི་དབུས་སུ་གཞག་པར་བྱ། །ཞེས་བྱ་བའི་བར་གྱིས་ནི། བུམ་པ་སྟ་གོན་ལ་གནས་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས། ཆོ་ག་
བཞིན་དུ་ལན་གསུམ་བརྗོད། །ཅེས་བྱ་བའི་བར་གྱིས་ནི། དཀྱིལ་འཁོར་གྱི་ལྷ་ལྟ་གོན་ལ་གནས་པ་བསྟན་ཏོ། །ལྷག་མས་ནི་དཀྱིལ་འཁོར་བྲི་བའི་ཆོ་ག་བསྟན་ཏོ། །ད་ནི་དཀྱིལ་འཁོར་གྱི་ཆོ་གའི་ལེའུ་བསྡུས་པའི་དོན་ཇི་ལྟ་བ་བཞིན་དུ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ལ་སློབ་དཔོན་མཚན་

ཉིད་ཐམས་ཅད་དང་ལྡན་པ་ལ་གང་གི་ཚེ་སློབ་མས་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་བཏབ་པ་དེའི་ཚེ། སློབ་དཔོན་གྱི་བདག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་འགྲོ་བ་རྣམས་བླ་ན་མེད་པའི་བདེ་བ་ཆེན་པོའི་གོ་འཕང་ལ་དགོད་པར་བྱའོ་སྙམ་དུ་བློས་དམིགས་ནས། སློབ་
མ་ལ་འདི་སྐད་དུ། ཁྱོད་ཀྱིས་དཀྱིལ་འཁོར་གྱི་ཡོ་བྱད་ཐམས་ཅད་འབྱོར་རམ་འོན་ཏེ་མ་ཡིན་ཞེས་དྲི་བར་བྱའོ། །སློབ་མས་གལ་ཏེ་འདི་སྐད་དུ་ཅུང་ཟད་ཅིག་ནི་འབྱོར་ལ་ཅུང་ཟད་ཅིག་ནི་མ་ཡིན་ནོ་ཞེས་ཟེར་ན། དེའི་ཚེ་དེའི་རྐང་མཐིལ་དུ་གཞུའི་དབྱིབས་ལྟ་བུའི་དཀྱིལ་འཁོར་དང་། ལྟེ་བར་མེའི་དཀྱིལ་འཁོར་
གྱི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུྃ་བསྒོམས་ཏེ། རླུང་གིས་བསྐྱོད་པའི་ཧཱུྃ་གི་མེ་ལྕེའི་ཕྲེང་བ་སྙིང་གའི་བར་དུ་འབར་བས། པཾ་ལས་བྱུང་བའི་སྡིག་པའི་རང་བཞིན་ཤ་ཟའི་གཟུགས་མདོག་སྔོ་ཞིང་རྣམ་པར་འགྱུར་ལ། རླིག་པ་འཕྱང་བ་སྙིང་ག་ནས་སྣ་སྒོའི་ལམ་ནས་ཕྱུང་ལ། ཧཱུྃ་ཡང་སྙིང་གར་ཕྱིན་ནས་དེ་ལས་
བྱུང་བ་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་མདོག་སྔོ་ཞིང་གསུས་པ་འཕྱང་བ། མཆེ་བ་གཙིགས་ཤིང་གཡས་བརྐྱང་བས་བཞུགས་པ། གཡོན་པ་མཆེ་བ་བསྣམས་ནས་སྙིང་གར་སྡིགས་མཛུབ་མཛད་པ་གཡས་པ་མཆེ་བ་ཐོགས་ནས་འཕྱར་བ་དེ་བཞིན་དུ་སྣའི་ལམ་ནས་ཕྱུང་ལ། ཨོཾ་བཛྲ་ཌཱ་ཀི་ནི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་
པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པས་སྡིག་པ་ཟོས་པར་བསམས་ལ། དེ་ནས་སློབ་མ་སཾ་ལས་ཀུན་དུ་བཟང་པོར་བསྐྱེད་དེ། དེའི་སེམས་བསྲུང་བའི་ཕྱིར་ཁྭ་གདོང་ལ་སོགས་པའི་མ་མོ་རྣམས་སྟོད་ཁྲོ་བོའི་དབྱིབས་ཅན་ལ་འོག་རྡོ་རྗེ་རྩེ་གཅིག་པའི་དབྱིབས་ལྟ་བུ་རྣམས་དེའི་སྙིང་ག་ནས་ཕྱུང་ལ་དེའི་སེམས་ལས་གྱུར་པའི་
བགེགས་ཀྱི་གཙོ་བོ་རྣམས་ལ་ཕུར་བུ་དེས་བཏབ་ལ། ཡང་ཕུར་བུ་དེ་ཉིད་ཀྱི་འོད་ཀྱིས་བགེགས་ཀྱི་ཚོགས་ལྷག་མ་རྣམས་སྲེག་པར་བསམ་མོ། །དེ་ནས་སློབ་མའི་སྙིང་གར་ཧཱུྃ་ལས་བསྐྱེད་པའི་རྡོ་རྗེ་བསྒོམས་ལ་དེའི་སྤྱི་བོའི་སྟེང་དུ་ཨ་ལས་བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཾ་གིས་མཚན་པའི་རྡོ་རྗེ་
རྒྱ་གྲམ་བསྒོམ་པ་དེ་ནི་སློབ་མ་ཡོངས་སུ་གཟུང་བའོ། །དེ་ནས་རང་གི་རིག་པ་ལན་ཁྲིའམ་འབུམ་མམ་བྱེ་བ་ཉིད་དུ་བཟླས་ལ་གྲོགས་བཟང་པོ་དང་ལྷན་ཅིག་ཏུ་སྔ་དྲོའི་དུས་སུ་དཀྱིལ་འཁོར་གྱི་ས་བརྟག་པར་བྱ་སྟེ། གྲོང་ཁྱེར་ལ་སོགས་པའི་ཤར་རམ་བྱང་གི་ཆ་གཟུང་བར་བྱའོ། །དེ་ལྟར་ཡང་གསུངས་པ།

གཙུག་ལག་ཁང་དང་ཚོང་དུས་དང་། །ལྡུམ་ར་གྲོང་ངམ་གྲོང་ཁྱེར་གྱི། །ཤར་དང་བྱང་གི་ས་ཡི་ཆ། །མཉམ་པར་བཞག་སྟེ་གཟུང་བར་བྱ། །ཞེས་སོ། །ཡང་ན་ནགས་ཚལ་ལ་སོགས་པ་གཞན་ཡང་རུང་སྟེ། མདོར་ན་གང་ཡིད་དུ་འོང་བའི་གནས་སུ་སྨན་པ་ལ་སོགས་པའི་དངོས་གྲུབ་ཀྱི་བྱེ་བྲག་གིས་པུས་མོ་
ནུབ་པ་ཙམ་ལ་སོགས་པའི་ས་བརྐོས་ལ། ཕུབ་མ་ལ་སོགས་པ་སའི་སྐྱོན་རྣམས་བསལ་ཏེ། སླར་ལེགས་པར་བཅུགས་ལ། སའི་མཚན་ཉིད་བརྟག་པའི་ཕྱིར། མཐོ་གང་ཙམ་གྱི་སའི་དོང་ལེགས་པར་བརྐོས་ལ་ཆུས་བཀང་སྟེ། ཤར་ཕྱོགས་སུ་ཡིད་མི་གཡིང་བའི་གོམ་པ་བརྒྱད་ཕྱིན་ལ་སླར་ལོག་
སྟེ་བལྟ་བར་བྱའོ། །ཇི་སྟེ་ཕྱེད་མན་ཅད་དུ་བསྐམས་པར་གྱུར་ན་ནི་མི་དགེ་བའི་མཚན་མ་ཡིན་ལ། གཞན་དུ་ནི་དགེ་བའི་མཚན་མ་ཡིན་ནོ། །དེ་ནས་ས་དྲི་ཞིམ་ཞིང་བདུད་རྩི་ལྔ་དང་དྲི་ཞིམ་པོ་དང་བཅས་པས་ཁུང་བུ་བཀང་ལ། ཨོཾ་བཛྲ་ཌཱ་ཀི་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་པའི་ཆུས་གཏོར་ཏེ་མཚན་
ཉིད་དང་ལྡན་པར་ལེགས་པར་གདུང་བར་བྱའོ། །དེ་ནས་རིན་པོ་ཆེ་ལ་སོགས་པ་དང་། འབྲུ་ལ་སོགས་པ་སའི་དབུས་སུ་བཅུག་ནས་ཕྱོགས་བཞིར་རྟ་བབས་དང་། དྲིལ་བུ་དང་བཅས་པའི་བ་དན་བཙུགས་ནས། བདུད་རྩི་ལྔས་བྱུགས་ཏེ། སྔར་བཤད་པའི་བདུག་པས་བདུགས་ནས་དཀྱིལ་འཁོར་གྱི་སའི་ཆ་གཞལ་
ལས་ཁར་བརྩེགས་པའི་ནང་དུ་ཆུད་པར་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་མཁའ་འགྲོའི་སྦྱོར་བ་དང་ལྡན་པས་སྡང་བ་རྣམས་བསལ་བར་བྱ་བའི་ཕྱིར་གཡས་གཡོན་གྱི་ཕྱོགས་ཀུན་དུ་མིག་གིས་བལྟས་ལ། ཕྱོགས་བཅིང་བ་ལ་སོགས་པ་བྱའོ། །དེའི་འོག་ཏུ་བདག་ཉིད་མི་བསྐྱོད་པའི་རྣལ་འབྱོར་དུ་བྱས་ལ། ལཾ་
ལས་བྱུང་བ་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་ལྷ་མོས་ལག་པ་ས་ལ་རེག་པ་དང་། ཨོཾ་ཨེ་ཛེ་ཡེ་ཧི་ཞེས་བྱ་བའི་སྔགས་ཀྱིས་བསྐུལ་ལ། དྲི་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་དེ། གསོལ་བ་བཏབ་ནས་དེ་ཉིད་དུ་ཐིམ་པར་བསྒོམ་མོ། །ཁང་བཟངས་ལ་སོགས་པ་ལ་ནི་བརྐོ་བ་ལ་སོགས་པ་མ་བྱས་པར་
ཡི་གེ་གསུམ་གྱི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པ་ཉིད་ཀྱིས་ས་གཟུང་བར་བྱའོ། །དེ་ནས་སློབ་དཔོན་བདག་ཉིད་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དུ་བྱས་ལ། དཀྱིལ་འཁོར་གྱི་སའི་ཆ་གཞལ་ཡས་ཁང་བརྩེགས་པའི་ནང་དུ་ཆུད་པར་ལྷག་པར་མོས་པས་སའི་ཆ་དབུས་

ཀྱི་སྟན་ལ་འདུག་སྟེ། སྤྲོ་བ་དང་བཅས་པས་འདི་སྐད་ཅེས། དེ་རིང་བདག་ནི་འབྲས་བུར་ལྡན། །བདག་གསོལ་བ་ཡང་འབྲས་བུར་ཡོད། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་དཔའི་སེམས་གཅིག་ལས། །ཕྱིར་མི་ལྡོག་པར་
བདག་བགྱིད་དོ། །དེང་བདག་དེ་བཞིན་གཤེགས་པ་ཡི། །རིགས་སུ་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །ཞེས་བརྗོད་པར་བྱའོ། །དེ་ནས་ཡན་ལག་ཐམས་ཅད་ཀྱིས་
ཕྱག་བྱས་ལ། སྤོས་ཀྱི་རེང་བུ་ལག་ཏུ་ཐོགས་ནས། སངས་རྒྱས་ཐམས་ཅད་ལ་སྙན་གསན་དབབ་པར་བྱ་སྟེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་ཅན་བདག་ཆེ་གེ་མོས། །དཀྱིལ་འཁོར་བརྒྱད་པོ་བསྟན་པར་བགྱི། །སངས་རྒྱས་ལ་སོགས་འདིར་གཤེགས་
ནས། །དངོས་གྲུབ་འདིར་ནི་སྩལ་དུ་གསོལ། །ཞེས་བརྗོད་པར་བྱའོ། །དེ་ནས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿ་སརྦ་དྷརྨྨཱཿབཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿ་སརྦྦ་དྷརྨྨཱཿཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་ལ། ལྷ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་མཁའ་འགྲོ་བདག་ཉིད་ལྷག་པར་མོས་པས་
བདག་ཉིད་དབུས་སུ་གནས་པ་ལ། སློབ་མ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྣམས་ཀྱིས་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་གདབ་པ་དང་། སློབ་དཔོན་རྡོ་རྗེ་དང་དྲིལ་བུ་འཛིན་པས། སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ཏེ། མིག་གཡོན་དུ་ཊཾ་ལས་ཟླ་བའི་དཀྱིལ་འཁོར། གཡས་སུ་མཾ་ལས་ཉི་མའི་དཀྱིལ་འཁོར་
བསྐྱེད་ལ། ཕྱོགས་ཀུན་དུ་བལྟ་ཞིང་རྡོ་རྗེ་འཛིན་པའི་ང་རྒྱལ་བསྒྱིངས་ནས་སའི་ཆ་ཀུན་དུ་བསྐོར་བར་བྱའོ། །དེ་ནས་ཨོཾ་ཨཱཿཧཱུྃ་ལཾ་ཧཱུྃ་ཞེས་བརྗོད་པས་དཀྱིལ་འཁོར་གྱི་ས་རྡོ་རྗེའི་རང་བཞིན་དུ་སྤྲུལ་ལ། ཨོཾ་བཛྲ་མེ་དི་ནཱི་བཛཱི་བྷ་བ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་དཀྱིལ་འཁོར་པའི་ལྷ་སུམ་ཅུ་
རྩ་དྲུག་པས་བསྐོར་བའི་རྡོ་རྗེ་མཁའ་འགྲོ་བསམས་ལ། ཁྭ་གདོང་མ་ལ་སོགས་པ་རྣམས་སྟོད་ཁྲོ་བོའི་གཟུགས་ཅན་ལ། སྨད་རྡོ་རྗེ་རྩེ་གཅིག་པའི་གཟུགས་ཅན་དུ་བསྒོམས་ཏེ། དབང་པོ་ལ་སོགས་པ་བགེགས་ཀྱི་སྙིང་གར་བརྡུང་ཞིང་དྲིལ་བར་བྱ་སྟེ། སྔགས་འདི་བརྗོད་པར་བྱའོ། །ཨོཾ་བཛྲ་ཌཱ་ཀི་ནི་སརྦྦ་བི་གྷྣཱཾ་

ཨ་ནུ་སོ་ད་ཡེ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་སོ། །དེ་ནས་བདག་ཉིད་རྡོ་རྗེ་འཛིན་པར་ང་རྒྱལ་བྱས་ལ། ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པར་བསྒོམས་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །དེ་ནས་རྡོ་རྗེ་མདའི་དྲ་བ་ལ་སོགས་པ་བཀོད་ལ། རྐང་མཐིལ་དུ་རྡོ་རྗེ་རྒྱ་གྲམ་བསྒོམས་ནས། གར་དང་བཅས་པའི་རྡོ་རྗེ་འགྲོས་ཀྱིས་ཀུན་
དུ་བསྐོར་བར་བྱའོ། །དེ་ནས་ཙནྡན་ལ་སོགས་པའི་དྲིས། དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པའི་རྣལ་འབྱོར་མའི་གནས་ལྔའི་གནས་སུ་ནི་མཎྜལ་གྲུ་བཞི་པར་བྱ་ལ། དཀྱིལ་འཁོར་པ་ལྷག་མའི་གནས་སུ་ནི་མཎྜལ་ཟླུམ་པོར་བྱས་ལ། ཐམས་ཅད་དུ་བདུད་རྩི་ལྔས་བྱུག་པར་བྱའོ། །དེ་ནས་དཀྱིལ་འཁོར་སོ་
སོའི་གནས་སུ་རྡོ་རྗེ་ཕག་མོས་འཁྱུད་པའི་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་ལྷའི་འཁོར་ལོ་སྐད་ཅིག་ཙམ་གྱིས་བསྒོམས་ལ། ནམ་མཁའ་ལ་གནས་པ་དང་གཅིག་ཏུ་བསྲེས་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་གཅིག་ཏུ་མཆོད་པར་བྱའོ། །དེའི་འོག་ཏུ་སའམ་རིན་པོ་ཆེ་ལས་བྱས་པའི་བུམ་པ་ལྟོ་བ་ཆེ་བ་རྩ་བ་ནག་པོ་
ལ་སོགས་པའི་སྐྱོན་དང་བྲལ་བའི་ལྷའི་གྲངས་བཞིན་དུ་བཟུང་སྟེ། མགྲིན་པར་རས་སར་པས་བཅིངས་ལ། སོ་སོའི་ལྷའི་མཚན་མ་བྲིས་ཏེ་དྲི་ཞིམ་པོ་དང་བཅས་པའི་ཆུ་ཆེན་པོས་བཀང་ལ་ཤིང་ལོས་ཁ་བརྒྱན་ཏེ། ཀུ་ཤ་ལ་སོགས་པའི་ཆེན་པོ་སྟེང་དུ་གཞག་གོ། །རྣམ་པར་རྒྱལ་བའི་བུམ་པར་སྨན་དང་འབྲུ་དང་
རིན་པོ་ཆེ་རྣམ་པ་ལྔ་ནང་དུ་བླུགས་ལ། བདུད་རྩི་ལྔ་དང་བཅས་པའི་ཆུས་བཀང་སྟེ། ནང་དུ་རྡོ་རྗེ་མཁའ་འགྲོ་བསྒོམས་ལ། མེ་ཏོག་ལ་སོགས་པས་མཆོད་ལ། བུམ་པའི་མགྲིན་པ་མེ་ཏོག་གི་ཕྲེང་བས་བཅིངས་ཏེ། མེ་ཏོག་གི་ཕྲེང་བས་བཅིངས་པའི་རྡོ་རྗེ་བུམ་པའི་སྟེང་དུ་སློབ་མས་བཟུང་ལ། མེ་ཏོག་གི་
ཕྲེང་བ་སྣ་གཅིག་སློབ་དཔོན་བདག་ཉིད་ཀྱིས་བཟུང་སྟེ། ཧཱུཾ་ཞེས་བྱ་བའི་སྔགས་བརྒྱ་རྩ་བརྒྱད་དུ་བཟླས་ལ། མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །དེ་བཞིན་དུ་བུམ་པ་གཞན་དག་ལ་ཡང་། ཨོཾ་ཌཱ་ཀི་ནི་ཧུཾ་ཧཱུྃ་ཕཊ། ཅེས་བྱ་བ་ལ་སོགས་པའི་སྔགས་སོ་སོར་བཟླས་པར་བྱ་སྟེ། བུམ་པ་ལྷག་པར་གནས་པའི་ཆོ་
གའོ། །དེ་ནས་སློབ་མ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་རིམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྡོམ་པ་འཛིན་དུ་བཅུག་པ་ལྷག་པར་གནས་པར་བྱ་སྟེ། ཕྱི་རོལ་དུ་བྱུང་ནས་གཏོར་མ་བྱིན་ལ། བགེགས་གཞོམ་པའི་སྦྱིན་སྲེག་བྱ་སྟེ། སླར་ཡང་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས། སྔོན་གྱི་ལྷ་

རྣམས་བློས་དམིགས་ནས། ཨརྒྷ་ལ་སོགས་པའི་མཆོད་པ་སྔོན་དུ་འགྲོ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་སྤོས་བསྲེགས་ཏེ། རང་གི་ལྕེའི་རྩེ་མོ་ཧཱུྃ་ལས་བསྐྱེད་པའི་རྡོ་རྗེར་བསམས་ལ། ཨོཾ་པདྨ་ས་ར་སྭ་ཏི་ས་ཏཾ་ཨཱ་བརྟ་ཡ་ཤོ་དྷ་ཡ་ཧཱུྃ་ཧྲི་ཐ་ཡ་ར་ཧྲི་ཞེས་བརྗོད་པས་བྱིན་གྱིས་བརླབས་ལ།
པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་གཉིས་སྦྱར་ལ། དཀྱིལ་འཁོར་ཐུགས་རྗེའི་རང་བཞིན་ཅན། །ཞེས་བྱ་བ་ནས། བཀའ་དྲིན་དག་ནི་བདག་ལ་སྩོལ། །ཞེས་བྱ་བའི་བར་དུ་ལན་གསུམ་བརྗོད་ཅིང་དྲིལ་བུའི་སྒྲ་བསྒྲགས་པས་མཆོད་ལ། སླར་ཡང་སྔ་མ་ལྟར་བྱ་སྟེ། སངས་རྒྱས་འཇིག་རྟེན་མགོན་པོ་
རྣམས། །ཞེས་བྱ་བ་ནས། ཀུན་གྱིས་བྱིན་རློབས་ཉེ་བར་བཞུགས། །ཞེས་བྱ་བའི་བར་དུ་ལན་གསུམ་བརྗོད་པས་འདི་ནི་ལྷ་སྟ་གོན་ལ་གནས་པའི་ཆོ་གའོ།། །།དེ་ནས་དེར་ཞུགས་པའི་དཀྱིལ་འཁོར་བའི་ལྷ་ལ་མཆོད་དེ། ནམ་མཁའ་ལ་གཤེགས་སུ་གསོལ་ལ། དྲི་ཞིམ་པོ་དང་བཅས་པའི་བདུད་རྩི་ལྔ་དང་། ཡུངས་
ཀར་གྱི་ཕྱེ་མ་དང་བཅས་པའི་ཚོན་གྱིས་སྐུད་པ་ལྔའི་སྣ་སོ་སོར་བཅོས་ལ། རིམ་པ་བཞིན་དུ་བྷྲཱུྃ་ཨཱཾ་ཛྲཱྀཾ་ཁཾ་ཧཱུྃ་ཞེས་བྱ་བའི་སྔགས་ཀྱིས་སོ་སོར་བསྐྱེད་ལ། སྐུད་པ་རེ་རེ་ཞིང་ཡང་དེ་བཞིན་གཤེགས་པ་ལྔ་ལྔའི་ཡོན་ཏན་དང་ལྡན་པས། སྣལ་མ་ལྔ་ལྔ་ཉི་ཤུ་རྩ་ལྔར་བྱས་ལ། དེ་བཞིན་གཤེགས་པ་ལྔའི་ཐུགས་
ཀ་ནས་བྱུང་བའི་འོད་ཟེར་གྱི་སྐུད་པ་དང་ལྷན་ཅིག་ཏུ་བསྲེས་ཏེ། ཨ་ནྱོ་ནྱ་ཨ་ནུ་ག་ཏཱཿསརྦ་དྷརྨཱཿསྥ་ར་སྥ་ར། ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཨ་ཏྱན་ཏ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཞེས་བརྗོད་ལ་བསྒྲིལ་བར་བྱ་སྟེ། ཡང་ཡི་གེ་གསུམ་གྱི་སྔགས་བཟླས་པར་བྱའོ། །དེ་ལ་སྐུད་པའི་དཀྱུས་སུ་ནི་དཀྱིལ་འཁོར་ཉིས་འགྱུར་དུ་བྱ་ལ། སྦོམས་
སུ་ནི་སྒོའི་ཉི་ཤུ་ཆར་བྱའོ། །དེ་ནས་མིག་གཡས་པ་དང་གཡོན་པར་མ་དང་ཊ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། ཐིག་སྐུད་རྣམས་རིམ་བཞིན་གསེར་ལ་སོགས་པའི་སྣོད་བདུད་རྩི་ལྔས་བྱུགས་པའི་ནང་དུ་བཞག་ལ། རྡོ་རྗེའི་ལྟ་བས་བལྟ་ཞིང་མེ་ཏོག་ལ་སོགས་པས་མཆོད་ནས། ཡང་ཡི་གེ་གསུམ་
གྱི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ས་སྔ་མ་བཞིན་དུ་བྱུགས་ཏེ། ནམ་མཁའ་ལ་གནས་པའི་ལྷ་རྣམས་མཆོད་ལ་ཕྱག་བྱས་ནས་བདག་ཉིད་རྡོ་རྗེ་འཛིན་པར་བསྒོམས་ལ། གཡོག་པོ་རྣམ་པར་སྣང་མཛད་དུ་བསྒོམས་ཏེ། མིག་གཉིས་སུ་ཛ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་

སེར་པོ་བསྐྱེད་ལ་དེའི་དབུས་སུ་ཛ་བཀོད་དེ་ཐིག་སྐུད་ཡི་གེ་གསུམ་གྱིས་སྔགས་བཟླས་པའི་དྲི་ཞིམ་པོས་སྦངས་ལ། ལས་ཐམས་ཅད་པའི་སྐུད་པས་རི་མོའི་མཚན་མ་སྔར་བྱས་པ་ལ། ཡེ་ཤེས་ཀྱི་སྐུད་པ་བྲེ་བར་བྱའོ། །དེ་ཡང་རྡོ་རྗེ་སློབ་དཔོན་གྱིས་ཐིག་སྐུད་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་བཟུང་ལ། ཨོཾ་ཛ་ཛ་ཛ་
ཞེས་བྱ་བས་ཐིག་སྐུད་ཀྱི་སྣ་སློབ་མ་ལ་བཏང་སྟེ། སློབ་མས་ཀྱང་དེ་ཉིད་ཀྱིས་དྲངས་ལ་ལྟེ་བར་བཟུང་སྟེ། ཤར་དང་བྱང་དུ་བལྟས་ནས་ཐིག་གཉིས་ནམ་མཁའ་ལ་གདབ་པར་བྱའོ། །དེ་ནས་ཕྱོགས་ཐམས་ཅད་མཉམ་པར་དམིགས་ཏེ་ས་ལ་ཡང་ཚངས་པའི་ཐིག་གཉིས་བཏབ་ལ། སླར་ཡང་སློབ་དཔོན་མེ་
མཚམས་དང་རླུང་མཚམས་སུ་གནས་ནས། གནོད་སྦྱིན་དང་ཡི་དགས་དང་དབང་པོ་དང་ཀླུའི་ཕྱོགས་རྣམས་སུ་ཐིག་གདབ་པར་བྱའོ། །དེ་ནས་ཡང་མེ་མཚམས་སུ་གནས་ཏེ་རླུང་གི་མཚམས་སུ་ཐིག་གདབ་པ་དང་། བདེན་བྲལ་དུ་གནས་ཏེ་དབང་ལྡན་གྱི་བར་དུ་སྲད་བུ་བརྐྱང་བར་བྱས་ལ། ཡང་ཤར་ཕྱོགས་དང་ནུབ་ཕྱོགས་དང་བྱང་
ཕྱོགས་དང་ལྷོ་ཕྱོགས་རྣམས་སུ་སོ་སོར་ཐིག་བཏབ་པས་དཀྱིལ་འཁོར་བརྒྱད་པར་བྱ་སྟེ། དེ་དག་ཐམས་ཅད་ལ་ཡང་ཡི་གེ་གསུམ་གྱི་སྔགས་བཟླས་པ་སྔོན་དུ་འགྲོ་བས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུྃ་ཞེས་བཟླས་པར་བྱའོ། །ཐིག་སྐུད་རྡེབ་པའི་ཚེ་ཐིག་སྐུད་ཀྱི་སྒྲས་སེམས་ཅན་གྱི་དོན་ལགས་པས་དེ་
བཞིན་གཤེགས་པ་རྣམས་འདིར་གཤེགས་ཤིག་ཅེས་བྱ་བས་བསྐུལ་བར་བྱའོ། །སློབ་དཔོན་དང་སློབ་མ་གཉིས་ཀས་གཡས་སྐོར་དུ་འགྲོ་ཞིང་གྲུ་བཞི་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པ་ཇི་ལྟ་བ་བཞིན་དུ་བྲིས་ལ་ཡེ་ཤེས་ཀྱི་སྐུད་པ་གཤེགས་སུ་གསོལ་བར་བྱའོ། །ཐིག་བྲི་བའི་ཆོ་གའོ། །དེ་ནས་
རྡུལ་ཚོན་རྣམས་བྷྲཱུཾ་ལ་སོགས་པའི་ས་བོན་ལས་བསྐྱེད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་བསྒོམས་ཏེ། ཧཱུྃ་ཞེས་བྱ་བ་མངོན་པར་བཟླས་ནས། ཛའི་འབར་བའི་ལྟ་བས་བལྟས་ཏེ། རྡུལ་ཚོན་འབར་བར་བསྒོམ་པར་བྱའོ། །དེ་ནས་ཧཱུྃ་ཞེས་བྱ་བས་དབུས་ཀྱི་ཕུར་བུ་བཏོན་ལ། དེའི་ཁུང་བུ་རྡུལ་
ཚོན་སྣ་ལྔས་བཀང་སྟེ། རྡོ་རྗེ་མཁའ་འགྲོར་བསྒོམས་ནས། རྡོ་རྗེ་དྲིལ་བུ་གསིལ་བས་བགེགས་བསལ་ལ། ཆོས་ཀྱི་དབྱིངས་ཅན་པར་དག་པར་མོས་པར་བྱས་ནས་དཀྱིལ་འཁོར་གྱི་ནང་དུ་འདུག་སྟེ། དབང་ལྡན་གྱི་མཚམས་ནས་བརྩམས་ལ། ཁ་ཤར་དུ་བལྟས་ལ་ལག་པ་གཡོན་པའི་ཁུ་ཚུར་གྱིས་

ཚོན་གཡས་སྐོར་གྱིས་བྲི་བར་བྱའོ། །སྔགས་ནི་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ་ཞེས་བྱ་བ་འདི་ཡིན་ནོ། །དེའི་འོག་ཏུ་ཅི་བདེར་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་རྡོ་རྗེ་མཁའ་འགྲོའི་ཏིང་ངེ་འཛིན་དང་ལྡན་པས། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷ་རྣམས་ཐོད་པའི་མཚན་མའམ། སོ་སོའི་ལྷའི་
སྐུའམ། སོ་སོའི་མཚན་མར་ཡང་བྲིས་ལ། དེའི་འོག་ཏུ་དེ་དག་རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷར་སྒྲུབ་ཐབས་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་སྔོན་དུ་འགྲོ་བས་མཆོད་པས་མཉེས་པར་བྱའོ། །དེ་ནས་སླར་བདག་ཉིད་ཁྲོ་བོ་གནོད་མཛེས་ཀྱི་ང་རྒྱལ་དུ་བྱས་ལ། མེ་ཏོག་སྔོན་པོའི་
ཕྲེང་བ་བཟུང་སྟེ། ཨོཾ་སུམྦྷ་ནི་ཞེས་བྱ་བའི་སྔགས་བརྗོད་ཅིང་དཀྱིལ་འཁོར་གྱི་རི་མོ་ཡིད་ཀྱིས་བཏེག་ལ་ནང་དུ་ཞུགས་ནས། ཆོས་ཐམས་ཅད་གཉིས་སུ་མེད་པའི་རྡོ་རྗེའི་ངོ་བོ་ཉིད་དུ་བསྒོམས་ནས། ཡང་ཡིད་ཀྱིས་ཕྱིར་ཕྱུང་སྟེ་དཀྱིལ་འཁོར་ལན་གསུམ་དུ་བསྐོར་ལ་ལྷག་པ་དང་ཆད་པའི་ཉེས་པ་བསལ་བའི་ཕྱིར།
རྡོ་རྗེ་དང་དྲིལ་བུ་གསིལ་ཞིང་ཕྱོགས་ཐམས་ཅད་དུ་རྡོ་རྗེའི་ལྟ་བས་བལྟ་བར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ལ། གར་བྱེད་ཅིང་སླར་ཡང་བླངས་ལ། གནོད་མཛེས་ཀྱི་སྔགས་ཀྱིས་བདག་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་ཡི་གེ་གསུམ་བརྗོད་པས་ཡིད་ཀྱིས་སྒོ་རྣམས་ཕྱེ་ལ་གཡས་བརྐྱང་
བ་ལ་སོགས་པའི་གར་རྣམས་ཀྱིས་སྒོ་དང་མཚམས་རྣམས་སུ་རོལ་པར་བྱའོ། །དེ་ལྟར་ཡང་གསུངས་པ། ནུབ་ལ་སོགས་པའི་ཕྱོགས་གནས་ཤིང་། །ཤར་ལ་སོགས་པའི་སྒོ་གླེགས་རྣམས། །རིམ་པ་བཞིན་དུ་ཕྱེ་ནས་ནི། །དགའ་བས་གཡས་བརྐྱང་ལ་སོགས་རོལ། །ཞེས་སོ། །དེ་ནས་བུམ་པ་རྣམས་འོད་ཀྱི་
དཀྱིལ་འཁོར་ལ་རིམ་བཞིན་དུ་བཀོད་ལ། ཡིད་ཀྱིས་ལྷ་རྣམས་ཀྱི་སྤྱན་སྔ་ན་གནས་པར་ལྷག་པར་མོས་པར་བྱའོ། །ཡང་ན་བུམ་པ་གཞན་རི་མོ་ལྔའི་ཕྱི་རོལ་དུ་བཀོད་ལ། རྣམ་པར་རྒྱལ་བའི་བུམ་པ་ནི་ཤར་ཕྱོགས་ཀྱི་སྒོའི་ནང་ལོགས་སུ་དགོད་པར་བྱའོ། །ལས་ཐམས་ཅད་པའི་བུམ་པ་ལ། ཨོཾ་ཀཱ་ཀཱ་
སྱེ་ཧུྃ་ཧཱུྃ་ཕཊ་ཅེས་བྱ་བ་འདི་བརྒྱ་རྩ་བརྒྱད་བཟླས་ལ། ཤར་ཕྱོགས་ཀྱི་སྒོའི་ཕྱི་རོལ་དུ་བཞག་སྟེ། དེའི་ཆུས་སློབ་མའི་བསང་གཏོར་ལ་སོགས་པ་བྱའོ། །དེའི་འོག་ཏུ་ཨརྒྷ་ལ་སོགས་པ་མཆོད་པའི་ཡོ་བྱད་ཐམས་ཅད་ཡི་གེ་ཧཱུྃ་གིས་བྱིན་བརླབ་པར་བྱ་ཞིང་། བདག་ཉིད་རང་གི་ལྷར་མོས་པར་བྱས་ཏེ།

རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པས་མཉེས་པར་བྱ་སྟེ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྔགས་དང་། རང་གི་རིག་པ་མཚན་མ་རྙེད་ཀྱི་བར་དུ་བཟླ་བར་བྱའོ། །དེ་ནས་སྦྱིན་སྲེག་དང་གཏོར་མས་ཚིམ་པར་བྱ་སྟེ། སློབ་མ་འཇུག་པའི་ཆོ་གས་བདག་ཉིད་རིག་པ་དང་བཅས་པར་དཀྱིལ་འཁོར་དུ་
ཞུགས་ལ། བཅོམ་ལྡན་འདས་ལ་ཆུའི་དབང་ལ་སོགས་པ་བླངས་ཏེ། གནང་བ་མནོས་ནས་སློབ་མ་གཞུག་པར་བྱའོ། །དེ་ནས་སློབ་མ་སྔར་སྦྱང་བར་བྱས་ཤིང་དམ་ཚིག་དང་སྡོམ་པ་འཛིན་པར་ཁས་བླངས་ནས། བླ་མ་ལ་ཡོན་དབུལ་བར་བྱའོ། །དེ་ནས་སློབ་མའི་སྙིང་གར་ཨ་དམར་པོ་བསྒོམས་ལ། ཀཱ་ཀཱ་
སྱེའི་སྔགས་བཟླས་པའི་བླ་གོས་བཀོན་ལ། ཁྲོ་བོ་གནོད་མཛེས་ཀྱི་སྔགས་བཟླས་པའི་རས་དམར་པོས་མིག་བཀབ་ལ། རང་གི་དབང་བསྐུར་བའི་རྒྱལ་བས་བྱིན་གྱིས་བརླབས་པའི་རས་དམར་པོ་ལ་སོགས་པས་གཙུག་ཏོར་བཅིངས་ཏེ། ལས་ཐམས་ཅད་པའི་བུམ་པའི་ཆུས་དེ་ལ་བསང་གཏོར་བྱས་ལ། ཕྱག་བཞི་
འཚལ་དུ་གཞུག་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ཨེ་བཾ་སི་ཏ་ཨ་རུ་ནེ་ཞེས་བྱ་བ་ལ་སོགས་པའི་གླུ་བླངས་ལ། སློབ་མའི་སྙིམ་པ་མེ་ཏོག་གི་ཕྲེང་བས་བཀང་སྟེ། ཡོལ་བའི་ཕྱི་རོལ་དུ་བཞག་ལ། འདོད་པས་དགའ་བ་ཁྱོད་སུ་ཡིན་ཞེས་དྲི་བར་བྱའོ། །སློབ་མས་ཀྱང་། བདག་ནི་སྐལ་བཟང་བདེ་ཆེན་མོས། །ཞེས་
བརྗོད་པར་བྱའོ། །དེ་ནས་བསང་གཏོར་བྱས་ཏེ། ཨ་ཁཾ་བཱི་ར་ཧཱུྃ་ཞེས་བྱ་བ་འདི་བརྗོད་ལ། ཡིད་ཀྱིས་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བསྒོམས་ཏེ། དཀྱིལ་འཁོར་གྱི་ཉེ་འཁོར་དུ་གཞུག་པར་བྱའོ། །དེ་ནས་སློབ་དཔོན་རང་གི་ལྷའི་ང་རྒྱལ་དང་ལྡན་པས། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་འཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱའི། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་མ་སྨྲ་ཤིག །དམ་ཚིག་ཉམས་
པར་གྱུར་ཏ་རེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་དེ་རིང་ཡང་དག་གནས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བསྒྲུབས་ནས། དུང་ཆེན་དུ་ནི་བདུད་རྩི་ལྔ། །སྦྱངས་པ་དང་ནི་བརྟགས་བྱས་ལ། །ཡེ་ཤེས་འོད་ཀྱིས་འབར་བར་བྱ། །འཁོར་ལོ་གནས་

པའི་དངོས་གྲུབ་བསྒྲུབ། །སྒྲུབ་པ་པོ་ཡིས་བཟུང་ནས་སུ། །སློབ་མ་ལ་ནི་བླུད་པར་བྱ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨུ་ད་ཀ་ཋ་ཞེས་བྱ་བའམ། ཡང་ན་ཋའི་གནས་སུ་
ཧཱུཾ་བརྗོད་པར་བྱ་སྟེ། གསང་བའི་མཛོད་ལས། སློབ་མ་སྨིན་པའི་ལས་རྣམས་ལ། །ཋ་ཡི་གནས་སུ་ཧཱུྃ་བརྗོད་བྱ། །ཞེས་སོ། །དེ་ནས་རྡོ་རྗེ་དང་བཅས་པས་སློབ་མའི་ལག་པ་ནས་བཟུང་ལ། དེ་རིང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་གང་འདི་གྱིས་ཤིག་ཅེས་བསྒོ་བ་རྣམས་བུ་ཁྱོད་ཀྱིས་བྱ་དགོས་ཏེ།
ང་ལ་བརྙས་པའི་ལས་མ་བྱེད་ཅིག །དུས་མ་ཡིན་པར་ཤི་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་སློབ་མས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གསོལ་ཞེས་སྨྲས་ལ། སློབ་དཔོན་གྱིས་ཀྱང་དེའི་སྙིང་གའི་ས་བོན་ལ་མེ་དང་རླུང་གིས་གཙེས་
ནས་ཡེ་ཤེས་ཀྱི་ལྷ་ཆགས་པའི་ཚུལ་དུ་བཅུག་སྟེ། ཨོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ། སརྦ་སིདྡྷམྨེ་པྲ་ཡཙྪ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿཞེས་བྱ་བ་བརྗོད་ལ་སྔར་བཤད་པའི་བདུག་པས་དབབ་པར་བྱའོ། །དེ་ནས་ཡི་གེ་ལྔ་བརྗོད་དེ། །ཕྲེང་བ་དཀྱིལ་འཁོར་དུ་དོར་ལ། སླར་ཡང་དེ་ཉིད་ཀྱིས་
དེ་བླངས་ནས། སློབ་མའི་མགོ་བོར་བཅིངས་ལ། སྙིང་གར་བདག་པོ་བཞག་སྟེ། མིག་གཉིས་སུ་ཨོཾ། དཔྲལ་བར་རཾ་བསམས་ལ། ཡི་གེ་ལྔ་བརྗོད་པས་ཡེ་ཤེས་ཀྱི་སྣང་བ་ལས་དངོས་གྲུབ་རྗེས་སུ་ཤེས་པར་བྱས་ལ། ཨོཾ་རྡོ་རྗེ་སེམས་དཔའ་ཁྱོད་ཉིད་ཀྱི། དེ་རིང་མིག་འབྱེད་ནན་ཏན་མཛད། །རྡོ་རྗེ་
མིག་ནི་བླ་ན་མེད། །ཐམས་ཅད་མིག་ནི་ཕྱེ་བར་འགྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པས་གདོང་གཡོགས་བཤུས་ལ་དཀྱིལ་འཁོར་བསྟན་ཏེ། ཀྱཻ་རྡོ་རྗེ་དཀྱིལ་འཁོར་འདི་ལ་ལྟོས། །མཐོང་ནས་དད་པ་སྐྱེད་པར་གྱིས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །
དངོས་གྲུབ་ཐམས་ཅད་བསྒྲུབ་པ་དང་། །དམ་ཚིག་མཆོག་ལ་གནས་པར་གྱིས། །རྡོ་རྗེ་པདྨོ་མཆོག་གིས་རོལ། །སྔགས་ཀྱི་དབང་ཕྱུག་བརྩོན་པར་གྱིས། །ཞེས་བྱ་བས་སྤྲོ་བར་བྱ་ལ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བརྗོད་པར་བྱ་སྟེ། མི་མཉམ་མེད་པར་ཟུར་བཞི་ཡིན། །དྲན་དང་དབང་པོ་སྒོ་བཞི་

སྟེ། །རྟ་བབས་བཞི་ནི་བསམ་གཏན་ཡིན། །ཏིང་འཛིན་ཁ་ཁྱེར་དུ་ནི་བརྗོད། །ཁ་ཁྱེར་རྡོ་རྗེ་རྩེར་རྟེན་པའི། །ལྷ་མོའི་མཆོད་པ་གཟུགས་རྣམས་སོ། །རྒྱན་རྣམས་ཀུན་གྱིས་རྣམ་སྤྲས་པ། །བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། །སྣ་ཚོགས་རླུང་གིས་བསྐྱོད་པའི་མཆོག །བ་དན་དྲིལ་བུའི་སྒྲར་ལྡན་པ། །རླུང་གི་
ཚོགས་ཀྱིས་བསྐྱོད་པ་ཡི། །ཆོས་ཀྱི་སྒྲ་མཆོག་ཀུན་འགྲོ་ཡིན། །མེ་ལོང་མི་རྟོག་རྟགས་ཡེ་ཤེས། །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དངོས་གྲུབ་ཐམས་ཅད་མི་འགྱུར་བདེ། །བདེ་བ་ཆེན་པོ་ཞེས་བརྗོད་པ། །ཉི་ཟླ་རིན་ཆེན་བསྐོར་བ་ཡིས། །དྲ་བ་དྲ་བ་ཕྱེད་པ་ཡིན། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་
བརྒྱད་ཀྱིས་མཛེས་པ་ཡི། །རྣམ་པར་ཐར་པ་བརྒྱད་ཀྱི་འདིར། །དངོས་གྲུབ་ཐམས་ཅད་སྟེར་བའོ། །བདེ་གཤེགས་ཀུན་གྱིས་ཡོངས་གང་བའི། །རྡོ་རྗེའི་སྐུད་པས་བསྐོར་བ་ནི། །བྱང་ཆུབ་སེམས་ཀྱི་ཐེག་ཆེན་དང་། །མདོ་སྡེའི་འཁོར་ལོ་བསྐོར་བའོ། །ཚོན་རྣམས་སངས་རྒྱས་ལྔ་ཡི་ནི། །ཡེ་ཤེས་སེམས་
ཅན་སེམས་འཚོད་པའོ། །དོན་དང་དབང་པོ་རྣམ་དག་པས། །རང་གི་མཚན་ཉིད་རབ་ཏུ་ཕྱེ། །ཡེ་ཤེས་བདུད་རྩི་མངོན་གསོལ་བ། །རྡོ་རྗེ་ཅན་གྱི་རྡོ་རྗེའོ། །བུམ་པ་གང་བ་སྙིང་རྗེས་བརླན། །ཚོགས་ནི་ཡོངས་སུ་རྫོགས་པ་ཡིན། །དཀྱིལ་འཁོར་མེ་ཏོག་བདུག་པ་དང་། །མར་མེ་ཆེ་དང་དྲི་རྣམས་ནི། །བྱང་
ཆུབ་ཡན་ལག་ཡིད་འོང་ཚིམ། །ཆོས་ཀྱི་སྒྲོན་མ་གྲགས་འདུས་ཡིན། །ལྷ་བཤོས་ཆོས་ཀྱི་བཟའ་བ་སྟེ། །ཁྲེལ་ཡོད་ངོ་ཚའི་སྡོམ་པའོ། །གླུ་དང་གར་དང་རོལ་མོ་སོགས། །བདེ་བ་ཆེན་པོ་རྣམ་པར་འཕེལ། །ཐར་པ་མཆོག་གི་གྲོང་ཁྱེར་ཏེ། །སྙིང་པོ་འཛིན་པས་དཀྱིལ་འཁོར་ཡིན། །ཞེས་བྱ་
བ་ནི་རྟེན་གྱི་དཀྱིལ་འཁོར་གྱི་རྣམ་པར་དག་པའོ། །བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་དག་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་ཤེས་པར་བྱའོ། །ཇི་ལྟ་བུའི་དཀྱིལ་འཁོར་ཡིན་ཞེ་ན། གང་དུ་ཞུགས་པ་ཙམ་གྱིས་ནི། །ཕྱིར་མི་ལྡོག་པའི་གཙོར་འགྱུར་ཞིང་། །འདིས་ནི་དཔའ་བོ་
ལས་བྱུང་བའི། །བདེ་བ་ཆེན་པོ་རབ་བསྒྲུབ་པའོ། །དེ་ནས་བླ་མ་ལ་ཡོན་གྱི་དམ་པ་ཕུལ་ལ་ཕྱག་བྱས་ཏེ། ཚིགས་སུ་བཅད་པ་འདིས་དབང་ནོད་པའི་ཕྱིར་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བགྱིས་པ་བཞིན། །བདག་ཀྱང་བསྒྲལ་བའི་དོན་དུ་ནི། །ནམ་

མཁའི་རྡོ་རྗེ་དེ་དག་སྩོལ། །ཞེས་སོ། །དེ་ནས་ཤར་སྒོར་པདྨ་ནི། །འདབ་བརྒྱད་དབུས་སུ་ཁྲི་བཤམས་ཏེ། །རང་གི་བདག་པོའི་རྣལ་འབྱོར་གྱིས། །རྒྱན་གྱིས་བཀླུབས་ཏེ་གཞག་པར་བྱའོ། །ལུས་ནང་ཆུད་པའི་དཀྱིལ་འཁོར་ནི། །ཆོ་ག་འདི་ཡིས་བཀྲུ་བར་བྱ། །མཁའ་དབྱིངས་སངས་རྒྱས་
ཐམས་ཅད་ཀྱི། །ཡོངས་སུ་གང་བར་རྣམ་པར་བསྒོམ། །རྒྱལ་མཚན་གདུགས་དང་བ་དན་དང་། །ལྷ་ཡི་གོས་ཀྱིས་བརྒྱན་པ་ཡི། །བུམ་པ་ཆུས་གང་བསྣམས་པ་དག །སློབ་དཔོན་དབང་བསྐུར་དུས་སུ་ནི། །སྔོན་མཛད་བརྩེ་བའི་ཤུགས་ཀྱིས་ནི། །དགྱེས་པ་ཆེན་པོ་ལེགས་བྱོན་བསམ། །བུམ་པའི་ནང་
དུ་ཆུད་པའི་ཆུ། །བདག་པོ་ཞུ་དང་བདུད་རྩི་ལྔ། །མགུལ་པ་གོས་ཀྱིས་མཛེས་བྱས་པ། །སྤྱན་ལ་སོགས་པས་གཟུང་བར་བྱ། །བཀྲ་ཤིས་གླུ་དང་ཚིགས་བཅད་ཀྱིས། །སློབ་མའི་སྤྱི་བོ་བཀྲུ་བར་བྱ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་གསུམ་གནས་
ལས་བྱུང་བ་ནི། །སངས་རྒྱས་ཀུན་གྱིས་བྱིན་པ་ཡིན། །དེ་ནས་སངས་རྒྱས་ཐམས་ཅད་ནི། །བ་སྤུའི་བུ་གར་ཞུགས་པར་བྱ། །བདག་ཉིད་རྣལ་འབྱོར་བརྟན་བྱས་ནས། །དེ་ནས་ཅོད་པན་དབང་བསྐུར་ནི། །ཆོ་ག་བཞིན་དུ་བྱིན་ནས་སུ། །གོ་རིམས་བཞིན་དུ་མཚན་མ་བྱིན། །སངས་རྒྱས་ཀུན་གྱི་རྡོ་རྗེའི་
དབང་། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །སངས་རྒྱས་ཀུན་དུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་གཟུང་། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བྱ་བ་དང་། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་གྱི་བདག །
རྡོ་རྗེ་བསྙེམས་པ་བདག་པོའི་བདག །ཅེས་བརྗོད་ལ། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ལག་པ་གཡས་པར་སྦྱིན་པར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བརྗོད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བྱ་བས། ཨ་ལས་བསྐྱེད་
པའི་དྲིལ་བུ་ལག་པ་གཡོན་པར་བྱིན་ལ། དངོས་པོ་རང་བཞིན་དག་པའི་ཕྱིར། །རང་བཞིན་གྱིས་ནི་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ཡི། །དངོས་པོས་མཆོག་ཏུ་བྱ་བའོ། །ཞེས་བརྗོད་པར་བྱའོ། །སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་ཞི་བྱེད་པ། །ཤིན་ཏུ་

བདེ་ཞིང་དམ་པའི་ཐབས། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་བྱར་བརྗོད། །གང་གི་སྔགས་ཀྱིས་ལུས་བརྟན་པ། །དེས་ནི་ཕྱག་རྒྱར་རབ་ཏུ་གྲགས། །དམ་ཚིག་གསུམ་ནི་བྱིན་ནས་སུ། མིང་གི་བདག་པོས་དབང་བསྐུར་བྱ། །ཨོཾ་བཛྲ་
ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བྱ་བ་དང་། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏྭཾ། ཞེས་བྱ་བ་དང་། ཀྱེ་དཔལ་ཆེ་གེ་མོའི་མྱུ་གུ་ཞེས་བྱ་བའམ། དཔལ་ཆེ་གེ་མོའི་རྡོ་རྗེ་ཞེས་བྱ་བའམ་དཔལ་གྱི་སྒྲ་དང་བཅས་པ་མིང་གི་དབང་བསྐུར་བར་བྱའོ། །འདི་དེ་སངས་རྒྱས་ཐམས་
ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་གཟུང་སྟེ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བྱ་བས་རྡོ་རྗེའི་བརྟུལ་ཞུགས་བྱིན་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེཥ་ཏྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ་ཞེས་བྱ་བས། སློབ་མ་བཟུང་ནས་མེ་ཏོག་ལ་སོགས་པས་མཆོད་དེ།
དེ་ནས་བླང་བར་བྱའོ། །སློབ་དཔོན་གྱི་དབང་བསྐུར་བའོ། །དེ་ནས་སྔགས་པས་ལེགས་བསླབས་པའི། །ཤེས་རབ་བླ་མར་དབུལ་བར་བྱ། །གཡོན་གྱི་ཕྱོགས་སུ་བཞག་ནས་སུ། །སྣ་ཚོགས་མཆོད་པས་མཉེས་པར་བྱ། །མཉེས་པར་གྱུར་ནས་དེ་འོག་ཏུ། །ཕྱག་བྱས་ནས་ནི་ཐལ་སྦྱར་ཏེ། །
པུས་མོ་བཙུགས་ནས་གསང་བ་ཡི། །དབང་བསྐུར་དོན་དུ་གསོལ་བ་གདབ། །ཁྱོད་ཀྱི་ཞལ་སྔའི་བཀའ་དྲིན་གྱིས། །བྱ་བ་བླ་མེད་ཤེས་པར་འཚལ། །དེ་རིང་དབང་བསྐུར་རིན་ཆེན་གྱིས། །མགོན་པོས་རྗེས་སུ་གཟུང་དུ་གསོལ། །ཇི་ལྟར་དཔལ་ལྡན་བདེ་ཆེན་པོས། །དཔལ་ལྡན་རྡོ་རྗེ་ཆོས་
ལ་ནི། །དེ་ཉིད་དག་པ་བཤད་པ་བཞིན། །མགོན་པོས་དེ་རིང་བཀའ་དྲིན་མཛོད། །སྡུག་བསྔལ་ཐམས་ཅད་གཅོད་པ་པོ། །མགོན་མེད་རྣམས་ལ་བརྩེ་མཛད་པ། །དམྱལ་སོགས་གནས་ནས་དྲང་བ་དང་། །སྡུག་བསྔལ་ཐམས་ཅད་ཟད་པར་མཛོད། །ཁྱོད་ཞབས་པདྨ་སྤངས་ནས་སུ། །གཙོ་བོ་གཞན་
ལས་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་བདེ་ཆེན་པོས། །དེ་བས་སངས་རྒྱས་མཆོག་མཉེས་མཛོད། །གསོལ་བ་བཏབ་ཀྱི་འོག་ཏུ་ནི། །སྡོམ་པ་ཉན་དུ་གཞུག་པར་བྱ། །གསང་ལས་ཤིན་ཏུ་གསང་གྱུར་པའི། །སྡོམ་པ་བཟང་པོ་ཉན་པར་གྱིས། །བུ་ཡིས་སྲོག་ཆགས་གསད་པ་དང་། །

བརྫུན་དུ་ཡང་ནི་སྨྲ་བར་བྱ། །མ་བྱིན་པ་ཡང་ཁྱོད་ཀྱིས་བླང་། །གཞན་གྱི་ཆུང་མའང་བསྟེན་པར་བྱ། །སྡོམ་པ་བཞི་ནི་བླ་ན་མེད། །བཟང་པོ་ཁྱོད་ཀྱིས་བསྐྱང་བར་བྱ། །བཤང་གཅི་ཤ་དང་ཁྲག་རྣམས་དང་། །ལྔ་པ་སེམས་ལས་བྱུང་བ་དང་། །ཁྱི་དང་རྟ་དང་གླང་ཆེན་སོགས། །ཤ་ནི་སྦྱར་
ཚོགས་ཆོ་ག་ཡིས། །རྟག་ཏུ་ཁྱོད་ཀྱིས་བཟའ་བར་བྱ། །དམ་ཚིག་འདི་ནི་རྨད་པོ་ཆེ། །ཞེས་སོ། །དེ་ནས་སློབ་དཔོན་ཤེས་རབ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་བདེ་བ་རྡོ་རྗེ་ནོར་བུའི་ནང་དུ། མཐེ་བོང་དང་སྲིན་ལག་གིས་བཟུང་ལ། སློབ་མའི་ཁའི་པདྨར་ཚིགས་སུ་བཅད་པ་འདིས་དབབ་
པར་བྱའོ། །འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །དབང་བསྐུར་གོ་འཕང་དམ་པ་སྟེ། །སྔགས་ཀྱི་དངོས་གྲུབ་ཐམས་ཅད་དང་། །ལས་མཆོག་རྒྱས་པ་སྒྲུབ་བྱེད་པའོ། །ཞེས་སོ། །དེས་ཀྱང་བདེ་བ་ཆེན་པོ་བསམས་ནས་འཐུངས་ཏེ། ཨ་ཧོ་སུ་ཁ་ཞེས་བརྗོད་པར་བྱའོ། །གསང་བའི་དབང་བསྐུར་བའོ། །དེ་
ནས་སློབ་དཔོན་རང་གི་དམ་ཚིག་ལ་གནས་པས་སློབ་མ་རྡོར་སེམས་སུ་ལྷག་པར་མོས་པར་བྱས་ལ། ཡོན་ཏན་ཐམས་ཅད་དང་ལྡན་ཞིང་ལེགས་པར་བསླབས་པའི་ཤེས་རབ་མ་གཞན་བྱིན་གྱིས་བརླབས་ལ། ལག་པར་ལག་པ་བྱིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དཔང་པོར་གསོལ་ལ། དེང་
ནས་བརྩམས་ཏེ་ངས་བྱིན་པའི། །བུ་མོ་འདི་དང་སྒྲུབ་པ་པོས། །དེ་བཞིན་གཤེགས་པས་མཁྱེན་པ་ཡི། །བྱང་ཆུབ་ཆེན་པོ་བསྒྲུབ་པར་གྱིས། །ཞེས་བྱ་བ་དང་། འདི་ནི་གཟུངས་མ་ཡིད་དགའ་མ། །དེ་རིང་ཁྱོད་ཀྱིས་བསྒྲུབ་བྱ་བ། །ཞེས་བྱ་བས་བྱིན་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་
བཞིན་གཤེགས་པ་རྣམས་བདག་གི་བ་སྤུའི་བུ་གར་བཅུག་ལ། སླར་ཕྱུང་ནས་སློབ་མའི་བ་སྤུའི་བུ་གར་བཅུག་ལ་ཞུ་བར་གྱུར་པས། སློབ་མའི་ལུས་ཚིམ་པར་བྱ་ཞིང་ཉོན་མོངས་པའི་དྲི་མ་བཀྲུས་པར་བསྒོམ་པ་འདི་ནི་ཤེས་རབ་ཀྱི་དབང་བསྐུར་བའོ། །དེ་ནས་སློབ་དཔོན་གྱི་ཁ་ནས་ཀུན་དུ་དགའ་བ་ལ་
སོགས་པའི་དབྱེ་བས་ལྷན་ཅིག་སྐྱེས་པ་བསྟན་པར་བྱ་སྟེ། སློབ་མ་རང་གི་ཉམས་སུ་མྱོང་བ་འདི་ནི་དབང་བསྐུར་བ་བཞི་པ་རིན་པོ་ཆེའོ། །སླར་ཡང་པདྨ་ལ་གནས་པའི་མེ་ཏོག་དང་བཅས་པའོ། །ཁུ་བ་བླངས་ཏེ་དེས་མཆོད་པའི་ཕྱིར་རིག་མའི་ཁར་སྦྱིན་པར་བྱའོ། །དེ་ནས་བླ་མའི་ལག་པ་ནི། །

སློབ་མའི་མགོ་བོར་བཞག་ནས་ནི། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །དེ་བས་དེས་ན་རིག་པའི་མཆོག །ཆོས་རྣམས་ཐམས་ཅད་གཉིས་མེད་པར། །དངོས་པོ་གཉིས་ཀྱིས་མཚོན་པ་ཡིན། །དེ་བས་རྟག་ཏུ་འཁོར་བ་རུ། །ཁྱོད་ཀྱིས་བྲལ་བར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་
པའི་བརྟུལ་ཞུགས་བླ་ན་མེད། །ཅེས་བྱ་བ་འདིས། རིག་པའི་བརྟུལ་ཞུགས་བྱིན་ལ། རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་དང་། དེ་བཞིན་དུ་ནོར་བུ་དང་། པདྨ་
དང་ལས་ཀྱི་རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར་ཞེས་པ་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་བྱིན་ལ། རིམ་པ་འདིས་ལུང་བསྟན་པར་བྱ་སྟེ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་བྱས་ལ། ལག་པ་གཡོན་པའི་ཁུ་ཚུར་གྱིས་སྙིང་གར་དེ་བཞིན་གཤེགས་པའི་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ཏེ། ལག་
པ་གཡས་པ་མཆོག་སྦྱིན་བརྐྱང་ལ། མིང་གི་དབང་བསྐུར་བས་ལུང་བསྟན་པར་བྱ་སྟེ། ཨོཾ་འདི་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་དང་ངན་འགྲོ་ལས་བཏོན་ནས། །ཤིན་ཏུ་སྲིད་པ་གྲུབ་པར་གྱིས། །ཧེ་བཛྲ་ནཱ་མ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿཞེས་
སོ། །དེ་ནས་སློབ་མ་དད་པ་སྤེལ་བར་བྱ་བའི་ཕྱིར་སློབ་དཔོན་གྱིས་འདི་སྐད་དུ། གང་ལ་ཚུལ་འདི་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གསང་བའི་ཆོ་ག་འདིས་ལུང་བསྟན་པར་བྱས་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་རྡོ་རྗེ་འཛིན་
པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་ལ་སྤྱོད་པས། མགྲིན་གཅིག་ཏུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དོ་ཞེས་བརྗོད་པར་བྱའོ། །དེ་ནས་གསང་བ་བརྗོད་པར་བྱ་སྟེ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་པས། །དེ་བས་
འདོད་ལ་ཆགས་བྲལ་བ། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་སོ། །དེའི་རྗེས་ལ་ལག་པ་གཡོན་པས་སློབ་མའི་གཙོ་བོའི་ལག་པ་གཡས་ཀྱི་མཐེ་བོ་ནས་བཟུང་སྟེ། མར་གྱི་དགང་བླུགས་བརྒྱ་བསྲེགས་ནས། ཡང་སྦྲང་རྩི་དང་འབྲས་ཡོས་དང་། ཞོ་དང་བཅས་

པའི་ཏིལ་གྱི་སྲེག་བླུགས་བརྒྱ་བྱས་ལ་བསང་གཏོར་བྱ་སྟེ། ལག་པས་སྙིང་གར་བྱུགས་ལ། རང་གི་རིགས་ཀྱི་རིག་མའམ། བདུད་རྩི་འཁྱིལ་བའི་སྔགས་ཡོངས་སུ་བཟླས་པའི་ལག་གདུབ་སློབ་མའི་ལག་པར་བཏགས་ལ། སློབ་མས་གདུགས་སྤྱི་བོར་བཟུང་སྟེ། དཀྱིལ་
འཁོར་ལ་བསྐོར་བ་བྱས་ལ། གདུགས་དང་བཅས་པས་ཐལ་མོ་སྦྱར་ནས་དཀྱིལ་འཁོར་གྱི་སྒོ་ནས་ཕྱག་འཚལ་དུ་བཅུག་སྟེ། རྒྱུད་ནི་ཡོངས་སུ་འཛིན་པ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་བརྗོད་ནས། དེ་བླང་སྟེ་སློབ་དཔོན་གྱིས་གདུགས་ལ་བཟུང་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་
རིང་དཀྱིལ་འཁོར་སློབ་དཔོན་འགྱུར། །སྔགས་དང་རྒྱུད་འདི་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་ཀུན་ལ་རྗེས་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་ཡང་རྒྱུད་
ལ་སྦྱོར། །དེ་ནས་ཇི་ལྟ་བ་བཞིན་དུ་མན་ངག་སྦྱིན་ཞིང་དྲང་བའི་དོན་ལ་སོགས་པ་སྦས་པ་རྣམས་གསལ་བར་བྱས་ལ། དབུགས་དབྱུང་བར་བྱས་ཏེ། མཆོག་ཏུ་གསང་བའི་དཀྱིལ་འཁོར་དུ། །བཅུག་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱོད་ནི་ཤིན་ཏུ་གནས། །བདེ་
ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བར་མི་འགྱུར་ཏེ། །གནོད་པ་མེད་པས་ཀུན་རྟོག་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །ཞེས་བྱ་བ་བརྗོད་ལ། ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །རྡོ་རྗེ་ཕྱག་རྒྱ་གང་ཡིན་པ། །
བྱང་ཆུབ་སེམས་ནི་སྨད་མི་བྱ། །དམ་པའི་ཆོས་ཀྱང་མི་སྨད་ཅིང་། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ལ། །ཚུལ་ཆེན་བསྟན་པར་མི་བྱ་ཞིང་། །རང་དགའ་ཡོངས་སུ་བཏང་ནས་ནི། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བ་དེ་བཟུང་ན། འདི་ནི་མ་འོངས་རྫོགས་
སངས་རྒྱས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ནམ་ཡང་གཏང་བར་མི་བྱ་སྟེ། །སངས་རྒྱས་ཀུན་དང་མཚུངས་པས་ན། །སློབ་དཔོན་བརྙས་པར་མི་བྱའོ། །སངས་རྒྱས་ཀུན་མཚུངས་བློ་ཆེན་ལ། །སྨད་པར་བྱེད་པ་གང་ཡིན་དེས། །སངས་རྒྱས་ཐམས་ཅད་སྨད་གྱུར་པས། །དེ་ནི་རྟག་ཏུ་

སྡུག་བསྔལ་འཐོབ། །གང་ཕྱིར་ཤིན་ཏུ་འདིར་གནས་པས། །དེ་རིང་ཁྱོད་གསོན་འབྲས་བུ་ཡོད། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་ཁྱོད་ནི་ཐེ་ཚོམ་མེད། །རབ་ཏུ་དང་བའི་ཡིད་ཀྱིས་ནི། །ཟག་མེད་བདེ་སྐྱེད་དམ་ཚིག་ལ། །རྒྱུན་དུ་གུས་པས་བསྙེན་པར་བྱ། །འགྲོ་རྣམས་ཡུལ་དུ་བདེར་
དགོད་པ། །རྡོ་རྗེ་སེམས་དཔའ་དང་མཉམ་པས། །རྟག་ཏུ་ཁྱོད་རྣམས་འགྲོ་བར་འགྱུར། །དེ་ནས་སློབ་མས་བླ་མའི་ཞབས་ལ་སྤྱི་བོས་གཏུགས་ནས་འཛུམ་པ་དང་བཅས་པས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བགྱིད་པར་འཚལ། །ཞེས་ཁས་བླང་བར་བྱའོ། །དེ་ལྟར་སློབ་མས་ཁས་
བླངས་ནས་འོག་ནས་འབྱུང་བའི་ཆོ་ག་འདིས་ཞི་བའི་དོན་དུ་སྦྱིན་སྲེག་བྱ་སྟེ། སློབ་མ་རེ་རེ་ཞིང་ལག་པ་གཡས་པའི་མཐེ་བོ་བླ་མའི་ལག་པ་གཡོན་པས་བཟུང་ཞིང་བསྡམས་ལ། མར་གྱིས་དགང་གཟར་བཀང་སྟེ། བླུགས་གཟར་ཁ་སྦྱར་ལ་སློབ་མ་ལ་བསྐོར་ཞིང་ལན་བདུན་བདུན་སྦྱིན་སྲེག་བྱའོ། །དེ་
ནས་བླ་མས་སློབ་མ་རྣམས་ལས་ཡོན་བླང་བར་བྱ་སྟེ། གསེར་དང་དངུལ་དང་རིན་ཆེན་དང་། །རྟ་དང་གླང་པོ་ས་གཞིར་བཅས། །སློབ་མས་ཐམས་ཅད་ཕུལ་ནས་སུ། །ཆོ་ག་བཞིན་དུ་སྔགས་སྦྱིན་བྱ། །དེ་ནས་སྙོམས་ཞུགས་བདེ་སྤྱོད་ཚེ། །གསང་སྔགས་སྦྱིན་པ་བདག་སེམས་བཏུད། །དཀྱིལ་འཁོར་
ཡང་དག་མཆོད་ནས་སུ། །སློབ་མ་ལ་ནི་འདི་སྐད་བརྗོད། །ཐམས་ཅད་ཀྱིས་ནི་ཅི་ནུས་པར། །དེ་བཞིན་གཤེགས་པ་ཀུན་མཆོད་ཅིག །ཅེས་སོ། །དེ་ནས་ཀྱང་མྱང་བ་དང་གཞིབ་པ་དང་བཏུང་བ་དང་བཟའ་བ་ལ་སོགས་པ་ཅི་འབྱོར་བས་ཚོགས་ཀྱི་ནང་དུ་སངས་རྒྱས་ཐམས་ཅད་མཆོད་ལ། སླར་ཡང་
རྡོ་རྗེའི་བརྟུལ་ཞུགས་བྱིན་ཏེ། དེ་དང་བཅས་པར་མཚན་ཐོག་ཐག་རོལ་པས་དགའ་བར་བྱ་ཞིང་། དཔལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་གླུ་ལ་སོགས་པ་སྤྱོད་ཅིང་། སྔགས་བཟླས་པར་བྱའོ། །དེ་ནས་ཡི་གེ་གསུམ་གྱི་མཐར་མུཿབཟླས་ལ། གསང་བའི་དཀྱིལ་འཁོར་རང་གི་ལུས་ལ་བཅུག་
སྟེ། ཨོཾ་ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་རྡུལ་ཚོན་ཕྱགས་ལ། རྡུལ་ཚོན་ལ་སོགས་པ་རྒྱ་མཚོ་ཆེན་པོར་དོར་ནས། ཧཱུྃ་གིས་ཕུར་བུ་ཕྱུང་སྟེ། ཞི་བའི་སྦྱིན་སྲེག་བྱས་ལ། ཅི་བདེར་རྒྱུ་བར་བྱའོ། །རབ་གནས་ལ་སོགས་པ་ནི་རང་ཉིད་ཀྱིས་ཤེས་པར་བྱ་བའོ། །ས་གཟུང་བ་ཞེས་བྱ་བ་

ལ་སོགས་པ་ལ། གཞུང་གང་གིས་ས་གཟུང་བ་དང་། སྟ་གོན་ལ་གནས་པ་དང་། ཐིག་བྲི་བའི་ཆོ་ག་སྟོན་པར་བྱེད་པ་དེ་ནི་ས་གཟུང་བ་དང་། སྟ་གོན་ལ་གནས་པ་དང་། ཐིག་བྲི་བའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་དྲུག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་
པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།ད་ནི་ལེའུ་བཅུ་བདུན་པར་རྣམ་པར་བཤད་པའི་ཉེ་བར་བསྟན་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །ཁམས་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་དེ། ཕྱི་དང་ནང་ཞེས་བྱ་བ་
དང་སྦྱར་རོ། །ལྷག་མ་ཐམས་ཅད་ནི་སྒྲ་ཇི་བཞིན་པར་གཟུང་བར་བྱ་སྟེ། ལེའུ་བཅུ་བདུན་པ་ཉིད་དུ་བཤད་ཟིན་པས་འདིར་བདག་གིས་མ་ཕྱེའོ། །བཅུད་ཀྱིས་ལེན་གྱི་རྫས་ནི་སྡེ་ཚན་རྣམས་སོ། །དབང་དུ་བྱས་པ་ནི་དེ་གཙོ་བོར་བྱས་པའི་ཆོ་གའོ། །རིན་པར་ཕྱེ་བ་ནི་གཞུང་སྟེ་བཞི་བཅུ་རྩ་བདུན་པའོ། །རྒྱུད་
ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།སྦྱིན་སྲེག་གི་མེ་ཐབ་ཀྱི་ཚད་ལ་སོགས་པ་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ལེའུ་འདིའི་དོན་ནི་ལས་གང་གི་ཐབ་ཁུང་ཇི་ལྟ་བུ་ཡིན་པ་དང་
ཐབ་ཁུང་གི་ཚད་དང་། འདུག་སྟངས་དང་། ཡམ་ཤིང་ལ་སོགས་པའི་ཚད་བསྟན་པ་ཡིན་ཏེ་གོ་སླ་བས་རྣམ་པར་མ་ཕྱེའོ། །ལས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ལས་ཐམས་ཅད་ནི་ཞི་བ་ལ་སོགས་པའོ། །གསང་ཆེན་ནི་གསང་བའི་ཡུལ་དུ་གྱུར་པ་སྟེ་རྫས་རྣམས་སོ། །སྦྱིན་སྲེག་གི་ཆོ་
ག་ནི་ཐབ་ཁུང་ལ་སོགས་པའི་མཚན་ཉིད་དོ། །དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་བརྒྱད་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།ད་ནི་བཅུད་ཀྱིས་ལེན་གྱི་རྗེས་སུ་བསྟན་པ་
བཤད་པར་བཞེད་ནས། སླར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སླར་ཡང་ཞེས་བྱ་བ་ནི་ལེའུ་བཅུ་བདུན་པ་དང་བཞི་བཅུ་རྩ་བདུན་པར་གང་གསུངས་པའི་བསྟན་པ་དང་ཉེ་བར་བསྟན་པ་གཉིས་ལ་ལྟོས་པའོ། །དེ་ནས་དེ་རྣམས་ཞེས་བྱ་བ་ནི་རྫས་རྣམས་ཀྱིའོ། །ཁམས་ཀྱི་རང་བཞིན་སྣ་ཚོགས་པ། །ཞེས་

བྱ་བ་ལ། ཁམས་ཀྱི་རང་བཞིན་ནི་རླན་ཅན་དང་། སྐམ་ལ་སོགས་པའི་སྐྱེ་གནས་སྣ་ཚོགས་ཀྱི་བྱེ་བྲག་གིས་སོ། །རྫས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་སྨན་རྣམས་ཏེ། སེམས་ཅན་རྣམས་ལ་ཕན་འདོགས་ཤིང་ཉེ་བར་འཇུག་པས་ན་རྫས་སོ། །ཆུང་ངུ་ལ་སོགས་ཞེས་བྱ་བ་ནི། སྐྱེས་པ་དང་བུད་མེད་ཀྱི་སེམས་
ཀྱི་དབྱེ་བའི་དབང་དུ་བྱས་པའོ། །ཡོན་ཏན་ལྡན་པའི་རྫས་མཚན་ཉིད། །ཅེས་བྱ་བ་ལ་རྫས་གང་ལ་མཚན་ཉིད་ཀྱི་ཡོན་ཏན་ཡོད་པའོ། །རྣམ་པ་བཞིར་དབྱེ་བར་བྱའོ་ཞེས་བྱ་བ་ནི། དབྱེ་བ་བཞིར་བྱས་ལ་སོ་སོར་རྫས་རྣམས་སྦྱར་བར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །རླུང་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །
ཤིང་དང་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། གསེར་ལ་སོགས་པ་ལས་བྱུང་བའི་ལྔ་བལྟ་བར་བྱའོ། །གྲུ་ནི་རྒྱ་མཚོ་སྒྲོལ་བའི་གྲུའོ། །ཀུན་གབ་ཅེས་བྱ་བས་ནི་འོ་བྱེད་པ་ལ་སོགས་པ་ཡང་གཟུང་བར་བྱའོ། །སྲོག་ཆགས་ནེའུ་ལེ་ལྟར་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །ཡང་ན་རྗེས་སུ་མི་མཐུན་པ་མེད་པ་
ཞེས་བྱ་བར་སྦྱར་ཏེ། གང་ལ་གང་གི་རྗེས་སུ་མཐུན་པའི་འཁྱུད་པའོ། །དེ་དག་གིས་ནི་བྱ་བ་རྣམ་པ་བརྒྱད་སྟོན་པ་ཡིན་ཏེ། དེ་ཡང་གསུངས་པ། ཀུན་དུ་འཁྱུད་དང་འོ་བྱེད་དང་། །སེན་མོས་འདྲི་དང་སོས་འདེབས་དང་། །ཡང་དག་འཇུག་དང་སིད་ཅེས་ཟེར། །སྐྱེས་པ་ལྟར་བྱེད་ཉེད་པ་སྟེ། །བརྒྱད་པོ་བརྒྱད་
ཅེས་དབྱེ་བ་ཡིས། །དྲུག་ཅུ་རྩ་བཞིར་གྱུར་པ་ཡིན། །ཞེས་སོ། །དེ་ལ་ཨ་ལིཾ་ཀ་ན་བརྒྱད་བཤད་པར་བྱ་སྟེ། དེ་ལ་ཕན་ཚུན་གདོང་བལྟས་ཏེ་འགྲོ་བ་ན། ལུས་ཀྱི་ཆ་ཙམ་རེག་པས་ནི་པྲེ་ཏ་ཀ་ཞེས་བྱ་བའི་ཨ་ལིཾ་ཀ་ན་སྟེ། དེ་ཡང་གསུངས་པ། གདོང་བལྟས་ཏེ་འགྲོ་བ་ན་དོག་ཅིང་འཛེར་བར་བྱེད་པ་དང་།
རྫས་གཞན་རྣམས་ལེན་པ་ལྟར་བྱེད་ཅིང་ལུས་ཀྱི་ཆ་ཙམ་རེག་པ་ནི་སྤྲེའུ་ཏ་ཀ་ཞེས་བྱའོ་ཞེས་སོ། །སྐྱེས་བུ་ཐང་ལ་འདུག་པའི་དུས་སུ། ནུ་མའི་རྩེ་མོ་ལུས་ལ་གཏོད་པར་བྱེད་ཅིང་རེག་པར་བྱེད་ལ་སྐྱེས་བུས་ཀྱང་ནུ་མ་བཟུང་བ་འདི་ནི་བྷི་དྷ་ཀ་ཞེས་བྱའོ། །དེ་ཡང་གསུངས་པ། གནས་དབེན་པར་སྐྱེས་བུ་འདུག་
ཀྱང་རུང་བ་ལ། འོ་མ་འཛིན་པ་རེག་པར་བྱེད་ཅིང་འབུགས་པ་ལྟར་བྱེད་པ་དང་། དེས་ཀྱང་དེ་བཟུང་བ་འདིའི་མིང་བྷི་དྷ་ཀཾ་ཞེས་པའོ། །ཕན་ཚུན་དུ་ལུས་རེག་ནས་ཀྱང་དྲུད་པ་འདི་ནི་ཨུ་པ་གྲིསྟ་ཀཾ་ཞེས་བྱའོ། །དེ་ཡང་གསུངས་པ། དེ་གཉིས་སྐྱེ་བོ་མང་པོ་འདུས་པའི་ནང་དུ་ཡང་རུང་དབེན་པར་ཡང་

རུང་སྟེ། ཕན་ཚུན་མཐུན་པའི་གཏམ་ཟེར་ཞིང་ཡུན་མི་རིང་བར་ལུས་རེག་ནས་ཅུང་ཟད་དྲུད་པ་འདིའི་མིང་ནི་ཨུ་པ་གྲི་སྟ་ཀཾ་ཞེས་བྱའོ་ཞེས་པའོ། །དེ་ཉིད་ཤིང་དང་རྩིག་པ་ལ་སོགས་པའི་དངོས་པོ་ལ་འཁྱུད་ཅིང་། སོ་འདེབས་པ་ལ་ནི་པི་ལྡི་ཏ་ཀ་ཞེས་བྱའོ། །དེ་ཡང་གསུངས་པ། དེ་ཉིད་ཀྱི་
རྩིག་པ་དང་། ཀ་བ་ལ་སོགས་པ་ལ་འཁྱུད་ཅིང་། ལག་པས་འཚིར་བ་དང་སོས་འདེབས་པ་འདིའི་མིང་ནི་བིལྡི་ཏ་ཀ་ཞེས་བྱའོ་ཞེས་པའོ། །ལ་ཏ་བི་ཏི་སྟ་ཀ་ཏ་ལ་སོགས་པ་བཞི་བཤད་པར་བྱ་སྟེ། དེ་ལ་ཤིང་ལ་ལྕུག་མ་ལྟར་ལག་པ་གཅིག་གིས་སྐྱེས་པ་ལ་ཀུན་དུ་འཁྱུད་ཅིང་ལག་པ་
གཅིག་གིས་འོ་བྱ་བའི་ཕྱིར་མགུལ་ནས་འགུགས་ཤིང་སིད་ཅེས་བྱ་བའི་སྒྲ་དང་བཅས་པ་ནི་ལ་ཏ་བེ་སྟི་ཀ་ཞེས་བྱའོ། །དེ་ཡང་གསུངས་པ། ཤིང་སཱ་ལ་ལྕུག་མ་འཁྲིལ་བ་ལྟར་འགྲིལ་ནས་གཙོ་བོའི་མགྲིན་པ་ཅུང་ཟད་བཀུག་པ་སྟེ། ཅུང་ཟད་སིད་ཀྱི་སྒྲ་འབྱིན་ཅིང་། འོ་བྱེད་པའི་འཛིན་པ་འདི་
ནི་ལ་ཏ་བེ་སྟི་ཀ་ཞེས་བྱའོ་ཞེས་པའོ། །རྐང་པ་གཅིག་གིས་སྐྱེས་བུའི་སྐང་པ་གཅིག་མནན་ནས། རྐང་པ་སྐྱེས་བུའི་བརླ་སྟེངས་སུ་བཞག་སྟེ། སིད་ཅེས་ཟེར་ཞིང་ལག་པ་གཅིག་སྔ་མ་ལྟར་རྒྱབ་ནས་དཀྲིས་ཏེ། གཉིས་པ་ཡང་སྔ་མ་ལྟར་བྱའོ། །ཞེས་བྱ་བའི་ཕྱིར་མགོ་བོ་ནས་ཀུན་དུ་འགུགས་པ་
ནི་ཤིང་ཐོག་ལེན་པ་དང་འདྲ་བར་བྲི་ཀྵ་ཨ་ཏི་རུ་ཏ་ཀ་ཞེས་བྱའོ། །དེ་ཡང་གསུངས་པ། རྐང་པ་གཅིག་གིས་གཅིག་གི་བོལ་མནན་ནས་གཅིག་བརླ་སྟེངས་སུ་བཙུགས་ཏེ་ལག་པས་འཁྱུད་ནས་ཡ་གཅིག་གིས་བཀུག་སྟེ། ཅུང་ཟད་དབུགས་གྲང་མོ་གཏོང་ཞིང་སིད་ཅེས་བྱ་བའི་སྒྲ་སྒྲོགས་པས་འོ་བྱེད་
པ་འདིའི་མིང་ནི་བྲིཀྵ་ཨ་ཏི་རུ་ཏ་ཀ་ཞེས་བྱའོ་ཞེས་པའོ། མལ་དུ་ཐང་ལ་སྦྱར་ནས་ཉལ་བ་ནི་ཏི་ལ་ཏན་ཏུ་ལ་ཞེས་བྱའོ། །དེ་ཡང་གསུངས་པ། མལ་དུ་ཉལ་ཏེ་ལྟོ་དང་བརླ་ལ་སོགས་པ་ལེགས་པར་སྦྱར་ཏེ། རྒྱབ་ནས་འཁྱུད་ནས་ལོངས་སྤྱོད་པ་འདིའི་མིང་ནི་ཏི་ལ་ཏན་ཏུ་ལ་ཞེས་བྱའོ་ཞེས་པའོ། །དེ་བཞིན་དུ་
ཉལ་བ་ན་གཅིག་གི་མདོམས་སུ་གཅིག་ཞུགས་ཏེ་མཐའ་སྦྱར་ནས་ཕན་ཚུན་ཆགས་པས་མྱོས་པ་ནི་ཁྲི་ར་ཛ་ལ་ཞེས་བྱའོ། །དེ་ཡང་གསུངས་པ། ཕན་ཚུན་ཆགས་པའི་མུན་པ་འཁྲུགས་ཤིང་མལ་དུ་ཞུགས་ནས་ཕན་ཚུན་གཅིག་ལ་གཅིག་མདོམས་སུ་ཞུགས་ནས། ཀུན་ནས་འཁྱུད་པ་

འདིའི་མིང་ནི་ཁྲི་ར་ཛ་ལ་ཞེས་བྱའོ་ཞེས་པའོ། །ཀུན་འགབ་ཀྱི་རྣམ་པར་དབྱེ་བ་གཞན་དག་ནི་གཞུང་མངས་ཀྱིས་དོགས་པའི་འཇིགས་པས་མ་བྲིས་ཏེ། གཞན་དུ་ན་ཀུན་དུ་འཁྱུད་པའི་བྱེ་བྲག་མ་ལུས་པ་ནི་སྐྱེས་བུ་རྣམས་ཀྱིས་ཀྱང་ཡུན་རིང་མོར་རྫོགས་པར་མི་ནུས་སོ། །གཉིས་པ་བསྟན་པའི་ཕྱིར། ཕུག་
རོན་ལྟར་འོ་བྱེད་ཅིང་མ་མཆུ་བཟུང་སྟེ་འཇིབ་པ་དང་སྐྲ་ནས་བཟུང་བ་དང་ཞེས་བྱ་བ་སྨོས་ཏེ་དེ་ལ་ཕུག་རོན་ལྟར་ཞེས་བྱ་བ་ནི། ཇི་ལྟར་ཕུག་རོན་འོ་བྱེད་པ་སྐད་ཅིག་སྐད་ཅིག་བྱེད་ཅིང་མགྲིན་པའི་ནང་དུ་ངུར་སྒྲས་བཀང་ནས་བྱེད་པ་ལྟར་འོ་བྱེད་པར་ཤེས་པར་བྱའོ། །མཆུ་བཟུང་སྟེ་འཇིབ་པ་ཞེས་བྱ་བ་ནི། མཆུ་བཟུང་བ་དང་
རྡོ་རྗེ་དང་པདྨའི་སྣ་རྩེ་ལ་སོགས་པ་འཇིབ་པ་དང་ཞེས་བྱ་བར་སྦྱར་བར་བྱའོ། །སྐྲ་ནས་བཟུང་བ་དང་ཞེས་བྱ་བ་ནི། སྐྲ་ནས་རྨུག་པར་བྱའོ། །གསུམ་པ་གསུངས་པ། སེན་མོས་འདེབས་ཤིང་བསྣུན་པ་དང་། །ཞེས་བྱ་བ་ནི་ཆགས་པ་སྤེལ་བའི་ཕྱིར། སེན་མོའི་རི་མོ་འབྲི་བ་སྟེ། དེ་ཡང་ཁྱད་པར་དུ་དང་པོར་ཕྲད་པ་
ལ་སོགས་པའི་དུས་སུ་བྱའོ། །དེ་ཡང་གསུངས་པ། ཆགས་པ་སྤེལ་བར་བྱ་བ་དང་། ཡིད་དགའ་བར་བྱ་བའི་ཕྱིར། དང་པོར་ཕྲད་པའི་དུས་དང་། མགྲོན་དུ་འགྲོ་བ་དང་། སླར་ལོག་པ་དང་། ཁྲོས་པ་དང་། དགའ་ཆེས་པ་དང་། བཟི་བ་རྣམས་ཀྱི་དུས་སུ་སེན་མོའི་རི་མོས་འདེབས་ཤིང་སྦྱོར་རོ་ཞེས་སོ། །
དེས་ནི་དགའ་བ་ལ་ཤུགས་དྲག་པར་གྱུར་ཏེ། བདག་གི་དབང་དུ་འགྱུར་བའོ། །དེ་བཞིན་དུ་སོ་འདེབས་པའི་འབྲས་བུ་ཡང་དེ་ཉིད་དོ། །དེ་ཡང་ཙུ་རི་ཏ་ཀ་ལ་སོགས་པ་རྣམ་པ་བརྒྱད་དུ་འགྱུར་ཏེ། ཙུ་རི་ཏ་ཀ་དང་། ཨརྡྷ་ཙནྡྲ་དང་། མན་དྷ་ལ་དང་། དཱི་ར་གྷ་རེ་ཁཱ་དང་། བྱ་ཀྲ་ན་ཁ་ཀང་དང་། མ་ཡུ་
ར་བ་ད་ཀ་དང་། ཤ་ཤ་པུ་ལུ་ཏ་དང་། ཨུཏྤལ་པ་ཏྲ་ཀང་ཞེས་བྱ་བ་རྣམས་སོ། །དེ་ལ་རྣ་རྩ་དང་། ནུ་མ་དང་། མཆུ་རྣམས་སུ་སོར་མོའི་ཟོན་ཡང་བར་བྱ་སྟེ། བ་སྤུ་ལྡང་བར་བྱ་བའི་ཕྱིར། བུ་མོ་གཞོན་ནུ་མ་རྣམས་ལ། སོར་མོ་ལྔ་ཆར་གྱི་སེན་མོའི་རི་མོ་འབྲས་ཀྱི་གཟེགས་མའི་རྗེས་ཙམ་དུ་
འདེབས་པའི་སྦྱོར་བ་འདི་ནི་ཙུ་རི་ཏ་ཀ་ཞེས་བྱའོ། །གང་དེའི་འོག་ཏུ་གཡའ་ཞིང་ཟ་བར་བྱེད་པ་དང་། འཆིང་བ་ལྷོད་པར་བྱ་བ་དང་། སེམས་གཡོས་པར་བྱ་བའི་ཕྱིར། དེའི་མགྲིན་པ་དང་། ནུ་མ་དང་། རྒྱབ་རྣམས་སུ་སེན་མོའི་རི་མོ་ཡོན་པོར་འབྲི་བ་འདི་ནི་ཨརྡྷ་ཙནྡྲ་ཞེས་བྱའོ། །དེ་ཉིད་

ཕན་ཚུན་ཐད་ཀར་སེན་མོས་བྲིས་པ་ནི་མ་དྷ་ལ་ཞེས་བྱའོ། །ལྟེ་བའི་རྩ་དང་དཔྱི་སྟེང་དང་ནམ་མཚང་གི་གནས་ཐམས་ཅད་དུ་སེན་མོའི་རི་མོ་རིང་པོར་བྲི་བ་འདི་ནི་དཱིར་གྷ་རེ་ཁཱ་ཞེས་བྱའོ། །དེ་ཉིད་ཡོན་པོར་བྲིས་པ་ནི་བྱ་ཀྲ་ན་ཁ་ཀང་ཞེས་བྱའོ། །ནུ་མ་དང་རྒྱབ་དང་། ཀོ་སྐོའི་འོག་ཏུ་སེན་མོའི་
རི་མོ་རྒྱ་གྲམ་དུ་བྲིས་པ་འདི་ནི་མ་ཡུ་ར་བ་ད་ཀ་ཞེས་བྱའོ། །སྦྱོར་བ་དེ་ཉིད་ལས་ནུ་མ་དང་ཀོ་སྐོ་རྣམས་ལ་སེན་མོའི་རི་མོ་ལྔ་རི་བོང་གིས་མཆོངས་པའི་རྗེས་ལྟར་བྲི་བ་འདི་ནི། ཤ་ཤ་བུ་ལུ་ཏ་ཀ་ཞེས་བྱའོ། །ནུ་མ་དང་རྒྱབ་དང་སྐེ་སོ་རྣམས་སུ་སེན་མོའི་རི་མོ་ཨུཏྤ་ལའི་འདབ་མའི་རྩེ་མོ་ལྟར་འབྲི་བ་འདི་ནི་
ཨུཏྤ་ལ་པ་ཏྲ་ཀང་ཞེས་བྱ་སྟེ། ནུ་མ་དང་རྒྱབ་དུ་སེན་མོའི་རི་མོ་གསུམ་ནམ་བཞི་ཚབས་ཆེར་བྲི་བ་འདི་ནི་དྲན་པ་བྱེད་པ་ཡིན་ནོ། །སེན་མོ་རྣམས་ཀྱི་རི་མོའི་ཁྱད་པར་གྱི་དགོས་པ་འདི་ཡིན་ཏེ། བུ་མོ་རྣམས་ཀྱི་ནུ་མ་ལ་གནས་པའི་རི་མོ་རྒྱང་རིང་པོ་ནས་མཐོང་ཡང་། སྐྱེས་བུ་གཞན་ཆགས་པར་འགྱུར་ལ།
སྐྱེས་པའི་ལུས་ལ་གནས་པའི་སེན་མོ་བཏབ་པ་དང་། སོས་བཏབ་པའི་རི་མོ་མཐོང་ན། སེམས་བརྟན་པའི་བུད་མེད་རྣམས་ཀྱང་ཆགས་པ་གཡོ་བར་འགྱུར་བ་ཡིན་ནོ། །བཞི་པ་བརྟན་པའི་ཕྱིར་སོ་འདེབས་ཤིང་དྲལ་བ་དང་ཞེས་བྱ་བ་སྨོས་ཏེ། དེ་ཡང་བྲལ་བ་ནི་ཉེ་བར་མཚོན་པ་སྟེ། མུ་ལ་
ཀ་ལ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་གཟུང་བར་བྱའོ། །དེ་ཡང་གསུངས་པ། མུ་ལ་ཀཾ་དང་། ཨུད་ཙུ་ན་ཀང་དང་། པྲ་པ་ལ་མ་ནི་དང་། མ་ནི་མ་ལ་དང་། བིནྡུ་དང་། བིནྡུ་མ་ལ་དང་། ཁནྡྷ་ཨ་པྲ་ཀ་དང་། བཱ་ར་ཧ་ཙ་ར་ཙི་ཏ་ཀ་ཞེས་བྱ་བའི་སོ་འདེབས་པ་རྣམས་བརྟག་པར་བྱའོ་ཞེས་པའོ། །
དེ་ལ་ཆགས་པ་ཙམ་གྱིས་ཤིན་ཏུ་དམར་བར་འདེབས་པ་འདི་ནི་མུ་ལ་ཀཾ་ཞེས་བྱའོ། །དེ་ཉིད་མཆུའི་དབུས་སུ་སོའི་རྗེས་ཡོད་པར་ཅུང་ཟད་བཙིར་ཏེ་འདེབས་པ་འདི་ནི་ཨུད་ཙུ་ན་ཀང་ཞེས་བྱའོ། །པྲ་བ་ལ་མ་ནི་ཞེས་བྱ་བ་ནི་མཆུ་དང་སོ་སྟེ། དེ་གཉིས་ཁ་སྦྱར་བའི་འགྲམ་པའི་ངོས་ལ་སོ་འདེབས་པ་འདི་ནི་
པྲ་བ་ལ་མ་ནི་ཞེས་བྱ་བར་གྲགས་སོ། །ཕྱོགས་དེ་ཉིད་དུ་སོའི་ཕྲེང་བ་གཉིས་ཀྱིས་ཅུང་ཟད་འདེབས་པ་འདི་ནི་མ་ནི་མ་ལ་ཞེས་བྱའོ། །མཆེ་བ་གཉིས་ཀྱི་རྗེས་ཙམ་ཡོད་པར་འདེབས་པ་འདི་ནི་བིནྡུ་ཞེས་བྱའོ། །སོ་ཐམས་ཅད་ཀྱི་རྗེས་ཡོད་པར་མགྲིན་པ་དང་། ནམ་མཚང་དང་། རྐེད་པ་ལ་

སོགས་པ་འོག་ནས་བཤད་པའི་གནས་རྣམས་དང་། དཔྲལ་བའི་སྟེང་དུ་འདེབས་པ་འདི་ནི་བིནྡུ་མ་ལ་ཞེས་བྱའོ། །ནུ་མ་དང་རྒྱབ་རྣམས་སུ་སྤྲིན་གྱི་དཀྱིལ་འཁོར་གྱི་དབྱིབས་ལྟར་སོས་འཆོལ་བར་འདེབས་པ་འདི་ནི་ཁནྡྷ་ཨ་པྲ་ཀ་ཞེས་བྱའོ། །མཆན་ཁུང་དག་ཏུ་སེན་མོས་བཏབ་པའི་རྗེས་ལ་
སོས་རིང་དུ་འདེབས་པ་འདི་ནི། བཱ་ར་ཧ་ཙར་ཙི་ཏ་ཀ་ཞེས་བྱའོ། །སོ་དང་སེན་མོ་གདབ་པའི་ཕལ་ཆེར་གྱི་གནས་གསུངས་པ། མཆན་ཁུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །སིད་ཅེས་བྱ་བའི་སྒྲ་དང་བཅས་པར་ཞེས་བྱ་བ་ནི་སྒྲའི་ཁྱད་པར་བརྒྱད་དེ་འོག་ནས་བཤད་པར་བྱའོ། །ཡང་ན་
བྱ་བ་ཕལ་ཆེར་ལ་སྔོན་དུ་སིད་ཅེས་བྱ་བའི་སྒྲ་འབའ་ཞིག་གི་སྒྲར་སྦྱར་བར་བྱའོ། །གཞན་ཡང་ནུ་མ་མཉེ་བ་ཞེས་བྱ་བ་ལ་སོགས་པ་ནི་པ་རི་སྟ་ཀ་ཞེས་བྱ་སྟེ། དེ་ཡང་འོག་ནས་བཤད་པར་བྱའོ། །དེའི་སེམས་རྣམ་པར་འདུལ་བའི་བྱ་བ་ཞེས་བྱ་བ་ནི། གང་ཞིག་གང་གིས་དགའ་བར་འགྱུར་བའི་བྱ་
བའོ། །སོ་སོར་བྱེད་པའི་ཚུལ་རྣམ་པ་བརྒྱད་ཅེས་བྱ་བ་ལ། བྱེད་པའི་ཚུལ་རྣམས་རེ་རེ་ཞིང་ཡང་སོ་སོར་བརྒྱད་བརྒྱད་དུ་ཡང་དབྱེ་བར་བྱའོ། །དེ་ཡང་གསུངས་པ། ཀུན་དུ་འཁྱུད་དང་འོ་བྱེད་དང་། །སེན་མོས་འདྲི་དང་སོ་འདེབས་དང་། །ཡང་དག་འཇུག་དང་སིད་ཅེས་ཟེར། །སྐྱེས་པ་ལྟར་བྱེད་ཉེད་པ་
སྟེ། །བརྒྱད་པོ་བརྒྱད་བརྒྱད་དབྱེ་བ་ཡིས། །དྲུག་ཅུ་རྩ་བཞིར་གྱུར་པ་ཡིན། །ཞེས་བྱ་བ་གང་ཡིན་པ་སྟེ། འདིར་གཞུང་མངས་ཀྱིས་དོགས་ནས་ཚར་གཅིག་ཏུ་མ་བྲིས་མོད་ཀྱི། དོན་གྱིས་ནི་ཤེས་པར་བྱའོ། །དེ་ལ་སེན་མོ་དང་སོའི་གནས་ནི་ཡ་མཆུ་མིག་མ་གཏོགས་པར་ཇི་སྙེད་སེན་མོས་གདབ་པའི་
གནས་ཐམས་ཅད་སོས་གདབ་པའི་གནས་ཡང་ཡིན་ཏེ། དེ་ཡང་གསུངས་པ། ཡ་མཆུ་མིག་གཉིས་མ་གཏོགས་པར། །སོ་དང་སེན་མོས་བསྐུར་བར་བྱ། །ཞེས་པའོ། །དེས་ན་འདིར་མཆན་ཁུང་ལ་སོགས་པ་སྨོས་པ་ནི། ཇི་སྲིད་དུ་ལྟོས་པ་དང་བཅས་པའི་དབང་དུ་བྱས་པ་ཡིན་ཏེ། གཞན་དུ་ན་
ཐོག་མ་དང་ཐ་མ་མེད་པ་ཡིན་ནོ། །དེ་ཡང་གསུངས་པ། འོ་བྱ་བ་དང་སོ་དང་སེན་མོས་གདབ་ཅིང་དྲལ་བའི་གནས་སྔར་སྨོས་པ་རྣམས་ནི། ལྟོས་པ་དང་བཅས་པ་རྣམས་ལ་གཙོ་བོར་བསྟན་པ་ཡིན་གྱི། གཞན་དུ་ན་ཆགས་པའི་འཁོར་ལོར་ཞུགས་ཤིང་ལྟོས་པ་མེད་པ་རྣམས་ལ་ནི། བསྣུན་པ་དང་

སིད་ཅེས་བྱ་བའི་སྒྲ་སྒྲོགས་པ་དང་། སོ་དང་སེན་མོ་ལ་སོགས་པའི་གནས་ཀྱི་ཐོག་མ་དང་ཐ་མ་ཡོད་པ་མ་ཡིན་ནོ་ཞེས་པད་ས་ཡ་ན་ལས་གང་འབྱུང་བ་བཞིན། དེ་ལྟར་ན་སེམས་རྣམ་པར་འདུལ་བའི་བྱ་བ་བྱེད་པའི་ཚུལ་རྣམ་པ་བརྒྱད་པོ་དག་ཀྱང་ཕལ་ཆེར་ནི་ཐ་མལ་པའི་ཡུལ་ཆོས་བཞིན་དུ་
སྦྱར་བར་བྱ་སྟེ། འདིར་གཞུང་མངས་ཀྱིས་དོགས་ནས་མ་བྲིས་སོ།