Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 8

Văn bản gốc(Tây Tạng)

Trang 17 / 22 (50.000 ký tự/trang)
།
དེ་ནས་གཏོར་མ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། ལེའུ་བཅོ་ལྔ་པ་འདིས་གཏོར་མའི་ངེས་པའི་དོན་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་བསྲུང་དོན་དུ། །ཞེས་བྱ་བ་ལ་སོགས་པ་ལ། ཕྱིའི་དོན་གྱིས་འགྲོ་བ་རིགས་དྲུག་ཡིན་ལ། འདིར་བྱང་ཆུབ་ཀྱི་
སེམས་ག་པུར་འབྱུང་བ་ནི་སེམས་ཅན། དེ་ཡང་ཡེ་ཤེས་ཀྱི་སྙིང་པོ་ཅན་འདི་རྣམ་པར་རྟོག་པ་འབྱུང་བ་བསྲུང་བའི་ཕྱིར་གཏོར་མ་སྦྱིན་ནོ། །དེ་སྐད་དུ། འབྱུང་བ་རྣམས་ནི་བསྲུང་བའི་ཕྱིར། །དེར་ནི་གཏོར་མ་སྦྱིན་པར་བྱ། །འབྱུང་བ་ག་པུར་དུ་ནི་གྲགས། །ག་པུར་སེམས་ཅན་
འདིར་ནི་བསྟན། །སེམས་ཅན་སྙིང་པོ་ཡེ་ཤེས་བདེ། །ཞེས་གསུངས་པ་དང་། ཡང་། འབྱུང་བ་བསྲུང་དོན་གཏོར་མ་གཏང་། །དེ་ནི་སྲོག་ཆགས་བསད་པའོ། །གཅད་པ་དེ་ནི་མཆོག་གནས་སུ། །འགྲོ་བ་འགོག་པར་བྱེད་པའོ། །ཞེས་གསུངས་སོ། །དགའ་བ་གསུམ་གྱི་དོན་ཐབས་
དང་ཤེས་རབ་ཀྱིས་འབད་ལ་བསྒྲུབ་པ་ནི། འབད་པ་ཡིས་ནི་ཞེས་བྱ་བའོ། །བ་ཡི་ཡིག་འབྲུ་བྷ་གར་བརྗོད། །ཅེས་བྱ་བ་ལ་སོགས་པ་ལ། བ་ལཾ་གི་སྒྲས་གཏོར་མ་སྟེ། དེ་ཡང་བྷ་གའི་ག་ཕྱིས་པས་བ་གྲུབ་བོ། །དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་བཅོམ་ལྡན་འདས་
མའོ། །ལིཾ་གི་ཡང་དེ་བཞིན་ཏེ། བཅོམ་ལྡན་འདས་བདེ་བ་ཆེན་པོའི་བདག་ཉིད་དཔལ་ཡེ་ཤེས་ཐིག་ལེའི་མཚན་མ། དེ་དག་སྦྱོར་བར་མཚོན་པ་ཅན། །འོན་ཀྱང་རྣལ་འབྱོར་པ་དེ་དག་ཕྱག་རྒྱ་བཞི་ལས་གང་ཡང་རུང་བ་ཅིག་ཀྱང་སྦྱོར་བ་བྱས་པ་ལས་དགའ་བ་གསུམ་པོའི་

དངོས་པོའི་འབྱུང་བ་དེ་ཉིད་བསྲུངས་པས་ནི་ཕྱག་རྒྱ་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །མཚན་དང་བྷ་གར་མཉམ་སྦྱོར་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུར་ཁྲོད་ཡང་ན་ཆུ་བོའི་ངོགས། །ཞེས་བྱ་བ་ལ་སོགས་པས་གནས་བསྟན་པ་ཡིན་ནོ། །རྣལ་འབྱོར་པའི་
མཚན་ཉིད་གསུངས་པ། ཡེ་ཤེས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནི། བདག་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་སྐུ་ཡེ་ཤེས་ཀྱི་ཕྱག་རྒྱས་གཏོར་མ་བྱིན་གྱིས་བརླབ་པར་བྱ་ཞིང་སྦྱིན་པ་དང་གཏང་བར་བྱའོ། །དུར་ཁྲོད་དང་དབུགས་དབྱུང་གི་གནས། །ཞེས་བྱ་བ་ལ་སོགས་པ་
ལ། སྐྱེ་བ་གསུམ་པ་དུམ་བུ་བརྒྱད་པར་བྱ། །དུར་ཁྲོད་ཆེན་པོའི་དབུས་སུ་འགྱེལ། །ཞེས་བྱ་བ་ལ་སོགས་པའི་ས་བསྟན་ཏེ། གསང་བ་ནི་སྣོད་དང་མི་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བའོ། །པདྨའི་བྱ་གདོང་ངོ་ཞེས་བྱ་བ་ནི། དུར་ཁྲོད་གསང་བའི་གནས་ཀྱི་སྣ་ལ་རྩ་བའི་ནང་
དུའོ། །དེའི་དབུས་ནི་སྙིང་པོ་འབབ་པ་ལན་གསུམ་སྐྱེ་བའི་བྱང་ཆུབ་ཀྱི་རོ་དབུགས་དང་བྲལ་བའི་གནས་རིན་པོ་ཆེ་གཙུག་ཏོར་ནང་ན། དེ་ཡང་མར་ངོའི་བརྒྱད་ཀྱི་དུས་སུའི་དོན་ནི་འདི་ཡིན་ཏེ། མར་ངོའི་སྒྲས་ནི་མཚན་མོ་ཉིད་རྟོག་མེད་མའོ། །བརྒྱད་ནི་འདབ་མ་བརྒྱད་པའི་
པདྨའི་ལྟེ་བ་དང་གེ་སར་དུ་བཅས་པའི་དུས་ཀྱི་གནས་སུའོ། །དེ་ཡི་དོན་ནི་འདི་ལྟ་སྟེ། །ཤ་ཡི་ཡིག་འབྲུ་པདྨ་དག །ཅེས་བྱ་བ་ལ་སོགས་པ་ལ། སྒྲའི་དབྱེ་བ་དང་། གཞུག་པ་ནི་ཤུདྡྷ་པདྨ་ཞེས་བྱ་བ་ལ། འོ་ན་ཡང་སྔོན་དུ་བཤད་པ་བཞིན་དུ་ཤེས་པར་བྱ་སྟེ། འདིར་པདྨའི་ལྟེ་བ་
དང་བཅས་པའི་དོན་གྱིས་འདབ་མ་བརྒྱད་པར་དུམ་བུ་བརྒྱད་ཀྱི་མཚན་ཉིད་དང་ལྡན་པ། དེ་བཞིན་ལན་གསུམ་འབབ་པ་གསུམ་པའི་དོན་དང་། དེའི་འོག་ཏུ་པདྨའི་སྣོད་དུམ་བུ་གཅིག་པ་ཉིད་དུ་རོ་ཆེན་པོའི་བདུད་རྩིས་གང་ཞིང་རྒྱས་པའི་དོན་ནི། གཏོར་མ་སྦྱིན་པའི་གནས་དང་ལྡན་པ་ཉིད་དོ། །
དེས་ནི་རང་བཞིན་དགའ་བ་ཉམས་སུ་མྱོང་བ་ལས། ཉམས་སུ་མྱོང་བ་དང་བྲལ་བ་རྙེད་པས་ཕྱག་རྒྱ་ཆེན་པོ་ཞེས་བཤད་དོ། །དེ་ཉིད་ལ་ཆུའི་ངོགས་ཞེས་ཀྱང་བཤད་དོ། །ཆུ་ཡི་ངོགས་ནི་རིན་ཆེན་ཁ། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཆུ་བོ་ཆེན་པོ་འབབ་པའི་ངོགས་ཏེ། རྣམ་པར་

རྟོག་པ་བཟློག་པའི་དོན་བདེ་བ་ཆེན་པོའི་ཆུ་ངོགས་དགའ་བའི་རིམ་གྱིས་རིན་པོ་ཆེའི་གནས་སུ་ཉམས་སུ་མྱོང་ནས་ཡང་བདེ་བ་ཆེན་པོར་གཤེགས་པ་ལ་ཆུ་བོའི་ངོགས་ཞེས་བྱའོ། །ཡང་ན་དེ་ནི་རྟོག་མེད་མ། །ཞེས་བྱ་བ་ནི། བདེ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་བོའི་རྒྱུན་མི་འཆད་
པར་དུས་རྟག་ཏུ་ཕྲ་བའི་ཡང་ཕྲ་བ་འབབ་པ་ལས། འོ་ན་ཡང་སྐལ་བ་དང་མི་ལྡན་པ་རྣམས་ཀྱིས་རྟོགས་པར་མི་འགྱུར་བའི་ཕྱིར། ཡེ་ཤེས་དང་ལྡན་པས་གཏོར་མ་སྦྱིན་ཞེས་གསུངས་སོ། །དེ་བསྲུང་བ་ཡི་དོན་དུ་ནི། །ཞེས་བྱ་བ་ནི། བདེ་བའི་ཡེ་ཤེས་རང་བཞིན་དགའ་བ་ལ་གློ་
བུར་བའི་རྣམ་པར་རྟོག་པ་འབྱུང་བའི་གདོན་གྱི་དངོས་པོ་སྟེ། དེ་ཡང་རླུང་གི་དབང་གིས་འབྱུང་བ་ལ། རང་བཞིན་དགའ་བ་སྲོག་གི་རླུང་གིས་བསྲུང་བར་བྱ་སྟེ་སྦྱིན་པའི་དོན་ཏོ། །གཏོར་མ་ཀུན་དུ་འབབ་སྦྱིན་ནོ། །ཞེས་བྱ་བ་ནི། གཏོར་མའི་རྒྱུ་དང་། གནས་དང་། རྣལ་འབྱོར་
པ་ལ་སོགས་པ་ཀུན་གྱིས་རང་བཞིན་དགའ་བ་ཆེན་པོའི་རྒྱལ་པོ་ཁོ་ན་ལ་འབད་པར་བྱ། ནན་ཏན་དུ་བསྒྲུབ་པར་བྱ། དེ་ཉིད་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ཡིན་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྦྱར་རོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་
འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཅོ་ལྔ་པའི་བཤད་པའོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ལ། མཚན་ཉིད་ལས་སྐྱེས་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ལ་སོགས་པའི་མཚན་ཉིད་ལས་ཆོས་ཉིད་ཀྱི་མཚན་ཉིད་སྐྱེས་པ་སྟེ། སྟོང་པ་ཉིད་
ལས་སྟོང་པ་ཉིད་སྐྱེ་བའོ། །དེ་རང་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཉིད་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་ཅེས་བྱའོ། །དེ་ལྟར་མིན་ན་མི་མཐུན་ནོ། །ཞེས་བྱ་བ་ནི། ཀུན་རྫོབ་ཀྱི་ཐབས་ཁྱད་པར་ཅན་ལས་དོན་དམ་པའི་དེ་ཁོ་ན་ཉིད་འབྱུང་བ་མ་ཡིན་ན། དྲིས་པ་དང་མཐུན་པར་མི་འགྱུར་ཏེ། སྔོན་
བཞིན་ནོ། །ཅིའི་ཕྱིར་སྙམ་པ་ལ། དེའི་དོན་ནི། རང་རིག་པ་ཡི་བདག་ཉིད་ཕྱིར། །ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་ཚིག་དང་ཡི་གེ་ལས་འདས་པ་རྟག་ཏུ་ཤར་བའི་རང་བཞིན་ཐམས་ཅད་དུ་ཁྱབ་ན་ཡང་། དེ་སྐད་དུ་ཡང་། མཐོང་བ་ལ་སོགས་པ་དང་བྲལ་བ། བརྗོད་པས་ཐོག་ཏུ་མི་

ཕེབས་པའི་རང་རིག་པའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དེ་བས་བརྗོད་པར་མི་ནུས་སོ། །ཞེས་བྱ་བ་ནི། དེ་ཉིད་ལ་སྤྲོས་པའི་མཚན་མ་ཐམས་ཅད་ཀྱིས་བརྗོད་དུ་མེད་པའི་ཕྱིར་ཞེས་བྱ་བའོ། །དེ་སྐད་དུ། རང་བཞིན་ཡེ་ཤེས་ཚིག་དང་བྲལ། །སྒྲ་ལ་སོགས་པའི་ཆོས་ཀྱིས་སྟོང་། །
བརྗོད་མེད་མ་སྐྱེས་མ་འགགས་པ། །རང་རིག་པ་ཡི་བདག་ཉིད་དོ། །ཞེས་གསུངས་སོ། །འོན་ཀྱང་ཀུན་རྫོབ་ཀྱི་ཐབས་ཀྱི་རིམ་པའི་མཚན་ཉིད་ནི་འདིའོ། །དེ་ཁོའི་བདག་གསུམ་དེ་སྣང་བ། །ཞེས་བྱ་བ་ལ་སོགས་པ་སྣང་བའི་ཡེ་ཤེས་བཞིའི་རིམ་པ་དང་སྦྱར་ཏེ་བཤད་ཅེས་བྱ་བའི་ཐ་
ཚིག་གོ། །ཆ་དང་ཐིག་ལེ་དང་ནི་ཚུལ། །ཞེས་བྱ་བ་ལ་སོགས་པ་ནི། འཁོར་ལོ་ལ་སོགས་པ་དང་སྦྱར་ནས་རྫོགས་པའི་རིམ་པའི་དོན་དུ་བཤད་པ་ནི། དཔལ་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏཱི་སྤྲུལ་པའི་སྐུས་བཀའ་སྩལ་ཏེ། དེ་ཉིད་བླ་མ་ཆེན་པོ་ཡིན་པས་བདག་ཀྱང་དེ་ལ་
བརྟེན་ཏེ་བཤད་པའོ། །ཇི་སྐད་དུ། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས་ལུང་བསྟན་པ་འོག་ནས་འབྱུང་སྟེ། དེ་ཉིད་ཀྱིས་མཛད་པའི་མན་ངག་གིས་འདིའི་དོན་ཁོང་དུ་ཆུད་པར་བྱའོ། །དེ་ཡང་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་ཀྱི་དོན་དང་འདི་ལ་དགོངས་ནས་མཛད་པ་ཡིན་པས་འདིར་དྲང་
བར་བྱའོ་ཞེས་གསུངས་པས། རྒྱུད་རྣམས་སུ་རྒྱས་བཏབ་ནས་བཞུགས་པ་ནི། བླ་མའི་བཀའ་ལ་བརྟེན་ཏེ། སྒྲུབ་ཐབས་དང་། འགྲེལ་པ་ལ་སོགས་པའི་མན་ངག་གིས་ཐེ་ཚོམ་མེད་པར་དངོས་གྲུབ་རྙེད་པར་འགྱུར་བའི་ཕྱིར། བདག་གིས་ཀྱང་བླ་མ་དམ་པ་ཆེན་པོས་མཛད་པའི་མན་
ངག་གི་གཞུང་འདིར་བཙུད་ཅིང་བླ་མ་དམ་པ་ལ་བརྟེན་པ་ཡིན་ནོ། །དངོས་པོ་རྟེན་ལ་སོགས་བྱེ་བྲག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བདེ་བ་ཆེན་པོའི་རྒྱལ་པོ་རང་བཞིན་དགའ་བ་འདི་ནི་བརྗོད་པ་དང་བྲལ་བ་ཡིན་ན་ཡང་། ཐབས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་
མཚན་ཉིད་ཀྱིས་གསུངས་སོ། །ད་ནི་འབྲས་བུའི་དོན་བཤད་དེ། ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་ནི། ལོངས་སྤྱོད་རྫོགས་པ་ལ་སོགས་པའི་སྐུ་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཅན་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཇི་སྙེད་པ་ལས་གྲོལ་བས།

བྱང་ཆུབ་སེམས་དཔའ་ལ་སོགས་པའི་སྤྱོད་ཡུལ་གྱི་གནས་སུ་གྱུར་པའོ། །ཆུ་ཡི་ཟླ་བ་བཞིན་དུ་མཐོང་། །ཞེས་བྱ་བ་ནི། ཇི་ལྟར་ཆུའི་ཟླ་བའི་གཟུགས་བརྙན་གཅིག་ཤར་བས་ཆུའི་སྣོད་ཀྱི་བྱེ་བྲག་ཐ་དད་པ་རྣམས་སུ་སྣང་ཞིང་གསལ་བ་བཞིན་དུ། རྡོ་རྗེ་འཛིན་པས་ཀྱང་
གཟུགས་ཀྱི་སྐུའི་བདག་ཉིད་ནི། རང་རང་གི་བསམ་པ་དང་། མོས་པ་དང་། ཇི་ལྟ་བ་བཞིན་དུ་གསལ་ཞིང་མཐོང་ངོ་། །འོན་ཀྱང་སྣོད་དང་ཆུ་ལ་སྐྱོན་ཡོད་པའི་ཟླ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་བཞིན་དུ། རྣལ་འབྱོར་པའི་སྣོད་ཀྱང་སྐྱོན་མེད་ཅིང་དག་པར་བྱའོ། །དེ་ཉིད་ནི་གཟུགས་ཀྱི་སྐུའི་རང་
བཞིན་སྣོད་སྐྱོན་དང་བྲལ་བའི་བདག་ཉིད་ལ་སྣང་ངོ་། །འདི་སྐད་དུ། ཇི་ལྟར་རི་བོང་ཅན་གྱི་གཟུགས། །སྐྱོན་མེད་ཆུ་ལ་སྣང་བ་བཞིན། །བདེ་ཆེན་རྣམ་རྟོག་བྲལ་བ་ཡང་། །རང་སེམས་དག་ལ་སོ་སོར་སྣང་། །ཞེས་གསུངས་པ་དང་། ཡང་། ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་གཟུགས་
བརྙན་སྣང་བ་རྣམས། །དང་བའི་ཆུ་སྣོད་སྣང་འགྱུར་ཡང་། །ཟླ་བའི་གཟུགས་ནི་གཉིས་འགྱུར་མེད། །དེ་བཞིན་ཆགས་བྲལ་མཁྱེན་ལྡན་རྣམས། །ཆགས་མེད་རྣམ་པར་འཚང་རྒྱ་བ། །ཞིང་རྣམས་ཀུན་ལ་སོ་སོར་སྣང་། །སངས་རྒྱས་ཉིད་ལ་གཉིས་ཀྱང་མེད། །ཅེས་གསུངས་སོ། །དོན་
དམ་པ་ཡི་རང་བཞིན་ནི། །ཡང་དག་རྟོགས་པའི་གནས་མེད་དེ། །ཞེས་བྱ་བ་ནི། ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བའི་མཚན་ཉིད་ནི་ཡང་དག་པ་འདི་ཡིན་ནོ་ཞེས། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་གཟིགས་པ་དེ། དོན་དམ་པར་བསྟན་པ་ནི། ཡོད་པ་མ་ཡིན་ཏེ། དེ་ཉིད་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་གསང་བ་ལས་ཀྱང་ཆེས་གསང་བ། སྐྱེ་བ་མེད་པ། འགག་པ་མེད་པ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོ། །ད་ནི་དེ་ལ་སྒྲུབ་པའི་ཐབས་བཤད་དེ། ཐབས་ལ་སོགས་པའི་རིམ་པ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཡང་དེ་ཁོ་ན་
ཉིད་གསུམ་གྱི་བདག་དང་ཞེས་བྱ་བ་ལ་སོགས་པ་ནི། རྒྱུ་དང་འབྲས་བུ་དང་། ཐབས་ཀྱི་མཚན་ཉིད་སྔར་གོང་དུ་བཤད་ཀྱང་ཞེས་བྱ་བའི་དོན་ཏོ། །འདིར་ཡང་རྒྱུའི་དོན་བཤད་པར་བྱ་བའི་ཕྱིར། དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ནི། ཀུན་གཞི་རྣམ་པར་ཤེས་པའི་རྣམ་པའོ་ཞེས་བྱ་བ་ནི།

རྣམ་པར་ཤེས་པ་གསུམ་གྱི་བདག་ཉིད་རྒྱུའི་རང་བཞིན། རྩ་བའི་རྣམ་པར་ཤེས་པ་ནི། ཀུན་གཞི་རྣམ་པར་ཤེས་པའི་ཡིད་ལ་སོགས་པའི་རྣམ་པར་ཤེས་པའི་བྱེ་བྲག་གི་རང་བཞིན་གྱི་མཚན་ཉིད་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ། །མང་པོའི་མཚན་ཉིད་གསལ་བ་
གང་ཡིན་པ་དེ་ནི་རྣམ་པའོ། །ཡང་ན་ཀུན་གཞི་རྣམ་པར་ཤེས་པ་ནི། ལུས་དང་ངག་ཡིད་གསུམ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་དོན་གྱིས་གཞན་དག་ཀྱང་བཤད་པར་བྱ་བ་ཡིན་ནོ། །ཟླ་བ་བདེ་མཆོག་གི་ཚོགས་ཀྱི་རྣམ་པར་ཤེས་པའི་མཐའི་ཚད་དོ་ཞེས་བྱ་བ་ནི། ཚོགས་ནི་མིག་
ལ་སོགས་པའི་རྣམ་པར་ཤེས་པ་རྣམས་སོ། །བྱང་ཆུབ་སེམས་དཔའི་རྒྱུའི་རང་བཞིན་ནོ། །རྣམ་པར་ཤེས་པ་ནི། གོང་དང་འོག་གི་ཁྱད་པར་གྱི་བདག་པོར་འགྱུར་ཏེ། ཤེས་ཤིང་རིག་པའོ། །མཐའ་ནི་འཁོར་རྣམས་དང་གནས་དང་བཅས་པ་ཞེས་བྱའོ། །ཚད་ནི་སྔར་བཤད་པ་རྣམས་དང་།
ཕྱིས་འབྱུང་བ་རྣམས་གཏན་ལ་ཕབ་པའི་ཚད་དོ། །ཕྱག་རྒྱ་ཆེན་པོ་ཡིད་ཀྱི་རྣམ་པར་ཤེས་པ། རང་གི་ངོ་བོ་ཞེས་བྱ་བ་ནི། ཡིད་ཉིད་གཙོ་བོར་གསུངས་པ་ཡིན་ཏེ། བསྒྲུབ་པ་དང་། སྒྲུབ་པ་པོ་དང་། བསྒྲུབ་པར་བྱ་བ་ཐམས་ཅད་ཡིད་ཀྱི་ཆོ་འཕྲུལ་གྱིས་བྱེད་དོ། །སྣང་བ་ནི་བདག་པོ་ཕྱག་རྒྱ་ཆེན་
པོའི་ངོ་བོ་གྲུབ་པས་ཀུན་རྫོབ་དང་མཐུན་པར་སྣང་བའི་ཡེ་ཤེས་སོ། །རང་གི་ངོ་བོ་ནི་དེ་རང་ཐམས་ཅད་ཀྱི་ངོ་བོར་གྲུབ་པ་ཡིན་ནོ། །དེ་རྣམས་ཀྱི་ཀུན་གཞི་ནི་རྒྱུ་ལ། གཞན་དག་ནི་འབྲས་བུ་ཡིན་པ་དང་། ཀུན་རྫོབ་ཀྱི་གནས་ཐབས་ནི་སེམས་ཅན་རྣམས་ལ་རྒྱུའི་བདག་ཉིད་དུ་གནས་པ་ལས།
འབྲས་བུ་འབྱུང་བའི་མཐུ་དང་ལྡན་པར་ཡོད་དོ། །དེ་སྐད་དུ། དེ་ཉིད་གསུམ་དག་རྒྱུར་ནི་གྲགས། །ཟླ་བ་ལ་སོགས་འབྲས་བདག་ཉིད། །ཅེས་བྱ་བ་དང་། ཡང་དག་མཐའ་དང་རྣམ་པར་ཤེས། །ཆུ་ཡི་ཟླ་བ་བཞིན་དུ་མཐོང་། །ཞེས་གསུངས་པ་དང་། སེམས་ཅན་སངས་རྒྱས་རང་
བཞིན་པས། །འོན་ཀྱང་གློ་བུར་དྲི་མས་ཁྱབ། །དེ་སངས་ན་ནི་སངས་རྒྱས་ཉིད། །ངེས་པར་ཡིན་པར་ཐེ་ཚོམ་མེད། །ཅེས་གསུངས་སོ། །ད་ནི་དེ་རང་ཉིད་ཀྱི་དོན་དམ་པའི་མཚན་ཉིད་བཤད་དེ། དེའི་མཐའ་ལ་རྣམ་པ་མེད་པའི་རྣམ་པར་ཤེས་པ་ནམ་མཁའོ་ཞེས་བྱ་བ་ནི། རང་

བཞིན་གྱིས་སྟོང་པ་ཉིད་དཔེ་ནམ་མཁས་ཀྱང་གཞལ་དུ་མེད་པ། སྟོང་པ་ཉིད་ཀྱི་ཡེ་ཤེས་སྤྲོས་པ་དང་བྲལ་བའོ། །ཡང་ན་སྤྲུལ་པ་དང་ཞེས་བྱ་བ་ལ་སོགས་པ་ནི། སེམས་ཅན་ལ་རྩའི་འཁོར་ལོ་རྣམས་རང་བཞིན་དུ་གནས་པའི་ཕྱིར། དེ་ཁོ་ན་ཉིད་གསུམ་ལ་སོགས་པའི་རིམ་པ་
བཞིན་སྦྱར་བའི་དོན་ནི་དེར་བཤད་པ་ཡིན་ནོ། །ཡང་ན་རྩ་བཞིའི་དོན་དུ། རྣམ་པ་ལ་སོགས་པ་ཤེས་པར་བྱའོ་ཞེས་བྱ་བ་ནི། འདི་ཡང་རང་བཞིན་གྱིས་གནས་པ་སྟེ། འོ་ན་སྲོག་མ་ནི་དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཀྱི་རྣམ་པའོ། །འཛིན་པ་ནི་ཟླ་བ་བདེ་མཆོག་གི་མཚན་ཉིད་དོ། །
རོ་མ་ནི་ཕྱག་རྒྱ་ཆེན་པོའི་ངོ་བོའོ། །རྟོག་མེད་མ་ནི་རྣམ་པ་ལ་སོགས་པ་དང་བྲལ་བའི་མཐའ་རང་བཞིན་ནོ། །སེམས་ཅན་རྣམས་ལ་རྩའི་འཁོར་ལོ་དང་། རྣམ་པར་ཤེས་པ་རྣམས་དང་། རྩ་བཞི་པོ་དང་ལྡན་པའི་ཕྱིར། རྒྱུའི་དཔལ་ཡེ་ཤེས་ཐིག་ལེར་བཤད་པ་དང་། ལྷག་མ་ཡང་སྔོན་
བཞིན་དུ་ཤེས་པར་བྱའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཅུ་དྲུག་པའི་བཤད་པའོ།། །།སྦྱོར་བ་དྲུག་ལ་སོགས་པའི་དོན་གྱིས་རང་བཞིན་དགའ་བ་མཆོག་གི་ནམ་མཁའི་བདག་ཉིད་ཀྱི་དོན་གསུངས་པ། དེ་ནས་ལྷ་མོ་རབ་ཏུ་དགྱེས། །
ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུར་ཁྲོད་ལ་སོགས་པའི་དོན་ཞེས་བྱ་བ་ནི། དུར་ཁྲོད་དང་། ཤིང་དང་། ལྷ་མོ་དང་། རྩ་ལ་སོགས་པའི་དོན་བཅོམ་ལྡན་འདས་ཉིད་ལེ་ངེས་པར་ཞུ་བའི་དོན་ཏོ། །མི་བཟད་འདིར་ནི་རྣམ་པར་ཁྱབ། །ཅེས་བྱ་བ་ནི། རུས་པ་ལ་སོགས་རབ་བཀྲམ་
ཁྱབ། །ཅེས་བྱ་བའི་བར་གྱིས་ནི། ཕྱིའི་དུར་ཁྲོད་དང་། ནང་གི་ཡང་བཤད་པ་ཡིན་ནོ། །གསང་བའི་ངེས་པའི་དོན་གྱི་དུར་ཁྲོད་ནི། ག་བུར་གཞན་མིན་ཞེས་བྱ་བ་ལ་སོགས་པའི་དོན་གྱིས་བཤད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་མེད་པར་སྟོན་པའི་ཕྱིར། དུར་ཁྲོད་ཀྱི་
དངོས་པོ་བཤད་པ་ཡིན་ནོ། །དེ་ཡང་ཕྱིའི་དོན་རང་ལ་རྫོགས་པའི་བདག་ཉིད་དུ་བཤད་པ་ནི། ནང་དང་གསང་བའི་དུར་ཁྲོད་དེ། །དེ་བཞིན་དུ་དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་འདིའི་དོན་བཤད་པས་སྒོམ་པ་པོ་དང་། བསྒོམ་པ་དང་། བསྒོམ་པར་བྱ་བའི་དོན་དམ་པའི་ཕྱོགས་སུ་

དབྱེར་མེད་པའི་རང་བཞིན་ཉིད་ཡིན་ཏེ། འོན་ཀྱང་ཀུན་རྫོབ་ཐབས་ཀྱི་བྱེ་བྲག་ཏུ་སྒོམ་པ་པོ་དང་། བསྒོམ་པ་དང་། བསྒོམ་པར་བྱ་བ་ནི་མི་སྣང་ངོ་། །དེའི་ཕྱིར་རྒྱུའི་བདག་ཉིད་ཀྱི་ཡེ་ཤེས་ཐིག་ལེ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་ཤིང་ལ་སོགས་པའི་དངོས་པོ་
ཐམས་ཅད་ཀྱང་བཤད་པའོ། །འོན་ཀྱང་འདིར་བཤད་པ། འདི་ལ་རྩ་བའི་འཁོར་ལོའི་ལྟེ་བར་སྲོག་རྩ་དང་ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་ལ། དེའི་དོན་ནི་འདི་ཡིན་ཏེ། སྲོག་རྩའི་ནང་དུ་འགྲོ་བ་ནི་གསུམ་སྟེ། འཇུག་པ་དང་། གནས་པ་དང་། འགྲོ་བ་གྲུབ་པར་བྱེད་པའོ། །འོད་ཀྱི་བདག་
ཉིད་གཏུམ་མོ་འཇུག་པར་བྱེད། གཟུང་འཛིན་དང་བྲལ་བ་རྟོག་མེད་མ་གནས་པར་བྱེད། ཡེ་ཤེས་ཀྱི་རང་བཞིན་བྱ་གདོང་མ་འགྲོ་བར་བྱེད། ཡང་ན་གཡས་ཕྱོགས་ཀྱི་རོ་ཅན་མ་འགྲོ་བར་བྱེད། གཡོན་གྱི་འཛིན་མ་འདུག་པར་བྱེད། དབུས་སུ་གནས་པའི་རྟོག་མེད་མ་བྱང་ཆུབ་ཀྱི་སེམས་གནས་
པར་བྱེད་དོ། །དེས་ནི་དགའ་བ་བཞིའི་གནས་ཀྱང་བསྟན་ཏོ། །དངོས་པོ་ནི། ཐོག་མའི་སྐུའི་མཚན་ཉིད་དེ། དེ་བཞིན་དུ་དབུས་དང་ཐ་མའི་གསུང་དང་ཐུགས་ཀྱང་ཡེ་ཤེས་སོ། །རྣམ་པར་འབྱེད་པ་ནི། གསུམ་གྱི་བདག་ཉིད་རྟོག་མེད་མའི་ངོ་བོ་རང་བཞིན་དགའ་བའི་མཚན་ཉིད་དོ། །དེ་སྐད་
དུ། གསུམ་གྱི་དངོས་པོ་གསུམ་བདག་ཉིད། །ཐོག་མ་ཐ་མ་རྣམ་པར་འབྱེད། །རྩ་དང་དགའ་བདག་ཉིད་སྐྱེ་མེད། །དེའི་ཕྱིར་རྟོག་མེད་རང་བཞིན་དགའ། །ཞེས་གསུངས་སོ། །ཞལ་བཟང་མ་ཞེས་བྱ་བ་ནི། བཅོམ་ལྡན་འདས་མ་ལ་བོས་ནས་ངེས་པའི་དོན་ལ་བསྟན་པའོ། །དེར་ཤེས་
པར་བྱ་ཞེས་བྱ་བ་ནི། རྩ་བཞི་པོའི་དོན་གྱིས། རྩ་རྣམས་ཐམས་ཅད་ཀྱི་དོན་ཤེས་པར་འགྱུར་བའོ། །ཡང་ཁ་ཅིག་ཡང་དག་པའི་མན་ངག་དང་བྲལ་བས་དྲང་བའི་དོན་གྱི་རྗེས་སུ་འབྲངས་ནས། རྩའི་མན་ངག་གི་ཡེ་ཤེས་ལ་སྐུར་བ་འདེབས་པར་འགྱུར་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་
གི་ཐུན་མོང་གི་མན་ངག་ཙམ་ལ་བརྟེན་ནས་ཉམས་སུ་མྱོང་བ་མེད་པའི་ཕྱིར་ན། མཁས་པ་རྣམས་ནི་དེ་དག་ལ་ཡིད་ཆེས་པར་མི་འགྱུར་རོ། །དེའི་རྟོག་པ་དེ་བསལ་བའི་ཕྱིར། འདིར་ཡང་གསུངས་པ། ཤར་དང་ནུབ་པའི་དུས་སུ་རྩའི་འཁོར་ལོ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་

སོ། །ད་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་དོན་བཤད་དེ། ཡིད་དང་མཐུན་པའི་རང་གནས་སུ། །ཞེས་བྱ་བ་ལ་སོགས་པ། རྣལ་འབྱོར་པའི་སྤྱོད་པ་དང་མཐུན་པའི་གནས་གང་ཡང་རུང་བ་དེར་སྒྲུབ་པ་པོ་ཡིད་འཇུག་པས་ནའོ། །གཞན་གྱི་གནས་ཏེ། ཕྱི་ལ་སོགས་པ་དང་བྲལ་བའི་
གནས་ནི་རང་གི་གནས་རང་ཁྱིམ་ཞེས་བརྡའི་དོན་ཏོ། །སྐྱོན་ནི་འབྱུང་པོ་ལ་སོགས་པའི་བར་ཆད་བྱེད་པའི་དངོས་པོ་རྣམས་སྤང་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ནི་རྒྱལ་པོ་དང་། མུ་སྟེགས་དང་། ཆོམ་རྐུན་ལ་སོགས་པ་རྣམས་མེད་པར་བྱ་བའི་དོན་ཏོ། །ཡང་ན་རྣམ་པར་རྟོག་
པའི་མཚན་ཉིད་རྣམས་སྐྱོན་ཏེ། འདི་རྣམས་ཀྱིས་རྣལ་འབྱོར་པ་ལ་གནོད་པར་མི་འགྱུར་བ་ནི་སྐྱོན་ཐམས་ཅད་དང་བྲལ་བའོ། །རྟོག་པ་དང་བཅས་པའི་ཐང་ཆད་པར་འགྱུར་བའི་རང་བཞིན་ནི་སྲ་བའོ། །སྤངས་པ་ནི་གཉིད་ཀྱིས་སྤྱོད་པ་ལ་དབེན་པའི་ཐབས་ཀྱི་བྱེ་བྲག་གིས་དེ་སྤངས་པའི་དོན་ཏོ། །
ཡེ་ཤེས་དང་ལྡན་པའི་སྐུའི་བདག་ཉིད་དུ་གནས་པའི་ལུས་པོས་ཞེས་བྱ་བའོ། །ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་རྦ་རླབས་གཡེང་བའི་ཕྱིར་ན་རླབས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱ་མཚོ་གསལ་བའི་སྤྱོད་པ་ནི་བདེ་བའོ། །བདེ་བའི་སྟན་ཞེས་བྱ་བ་ནི། བདེ་བ་ཆེན་པོ་ཐོབ་པར་བྱེད་པའི་
རྒྱུ་ནི། སྟན་འཇམ་པ་ལ་སོགས་པ་ཡིན་པས། པདྨ་ལ་སོགས་པས་མཚོན་པ་ཡིན་པས་འདི་སྐད་དུ། འདིར་ནི་དགའ་བའི་གདན་བཤམས་ཏེ། སྣ་ཚོགས་པདྨ་རས་ཀྱིས་གཡོགས། །སྟན་དེ་དག་ནི་ཐམས་ཅད་ལ། །ཇི་ལྟར་གནས་པ་བཞིན་དུ་དགོད། །ཅེས་གསུངས་སོ། །ལྟེ་བའི་དབུས་
ན་ཡོད་པའི་ཚུལ། །ཞེས་བྱ་བ་ནི། སྤྲུལ་པའི་འཁོར་ལོའི་ལྟེ་བའི་གསུང་རྡོ་རྗེའི་ས་བོན། བདག་མེད་མའི་རྒྱུ་ཞེས་བྱ་བའི་མཚན་ཉིད་ཅན་ཤེས་རབ་མའི་དོན་ཏོ། །ལྟེ་བ་ནི་གཉིས་ཏེ། དེ་ཉིད་སྤྲུལ་པའི་འཁོར་ལོར་གཏུམ་མོའི་བདག་ཉིད་དོ། །ཧཱུཾ་གི་ཡིག་འབྲུ་ནི། ཆོས་ཀྱི་འཁོར་ལོར་
ལྟེ་བར་བཞུགས་པ། ཐུགས་རྡོ་རྗེའི་ས་བོན་ཐབས་ཀྱི་མཚན་ཉིད་ཅན་བསྐྱོད་པའི་ལས་བགྱིད་པའི་ཕྱིར། དྲག་པོ་ཆེན་པོར་གྲགས་ཏེ། འདིར་ཡང་སྔར་བཞིན་དབྱེའོ། །ཐབས་དང་ཤེས་རབ་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་དང་། ཡུམ་ཕྱག་རྒྱ་ཆེན་མོའི་རང་བཞིན་ལས་ཀྱི་

རླུང་གིས་དམ་ཚིག་གི་བདག་ཉིད་བསྐྱོད་པ་ནི། རྣམ་པར་རྟོག་པ་དང་བྲལ་བ། །བསྐལ་པའི་མེ་འོད་དང་མཉམ་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབུས་ན་གང་ཞིག་འཁོར་ལོ་ཡོད། །ཅེས་བྱ་བ་ནི། བདེ་བ་ཆེན་པོའི་འཁོར་ལོའི་པདྨ་སུམ་ཅུ་རྩ་གཉིས་ཀྱི་ལྟེ་བར་
བདེ་བ་ཆེན་པོའི་སྐུའི་ས་བོན་དང་། སྐུ་དང་། གསུང་དང་། ཐུགས་དང་། དབྱེར་མེད་པའི་རང་བཞིན་དུ་གནས་སོ། །སྲོག་གི་རླུང་དང་། ཉེ་བའི་སྲོག་དང་ཚིམ་བྱེད་ཀྱི་རླུང་དང་། དེ་གསུམ་དབྱེར་མེད་པར་གནས་པ་ནི། སྲོག་གི་རླུང་གི་རང་གི་ངོ་བོ་ཞེས་སོ། །བདེ་བའི་བྱང་ཆུབ་ཀྱི་
སེམས་འབབ་པ་ནི་དེའི་ཡོན་ཏན་གྱིས་སྙིང་གར་འོངས་ནས་སོ། །མཚན་མའི་རྟགས་མ་བྱུང་བ་ཇི་སྲིད་པ་དེ་སྲིད་ཀྱི་བར་དུ་གནས་པ་དེ་ནི་གནས་སུའོ། །དེའི་ཕྱིར་རྟག་ཏུའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་ཡང་བླ་མའི་ཞལ་ནས་ཞལ་དུ་བརྒྱུད་པའི་བཤད་པར། དེ་ནས་ཨོཾ་
ཡིག་རང་ངོར་གྲགས། །ཞེས་བྱ་བ་ནི། ཀུན་རྫོབ་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐུ་གསུམ་དབྱེར་མེད་པའི་རང་བཞིན་བདེ་བ་ཆེན་པོའི་སྐུ་དང་བཅས་པའོ། །དེས་ནི་འདི་སྐད་སྟོན་ཏེ། སྔགས་དང་དབྱིབས་དང་ཆོས་བདག་ཉིད། །སྦྱོར་བ་རྣམ་པ་གསུམ་དུ་འདོད། །
ཅེས་བྱ་བ་དང་། ཁ་དོག་དབྱིངས་ནི་སྤྲུལ་པའི་སྐུ། །སྔགས་ནི་ལོངས་སྤྱོད་རྫོགས་པའི་སྐུ། །ཆོས་ཀྱི་རང་བཞིན་ཆོས་ཀྱི་སྐུ། །དབྱེར་མེད་སྐུ་ནི་བདེ་ཆེན་པོའོ། །ཞེས་གསུངས་སོ། །སྐུ་དེ་རྒྱལ་པོ་བདེ་བ་ཆེན་པོ་འདི་རྡོ་རྗེ་འཛིན་ཉིད་རྣམ་པར་ཤེས་པའི་བདག་ཉིད་བྱང་ཆུབ་སེམས་ཀྱི་ཡེ་
ཤེས་སྤྲོས་པ་དང་བྲལ་བར་འགྱུར་བ་འདི་ཡོད་པས་ན། རྣམ་པར་ཤེས་པ་སྐུ་རྒྱལ་ཉིད་དུ་བཤད་དོ། །ཡང་ན་ཀུན་གཞི་རྣམ་པར་ཤེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་ཐིམ་པའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། ཡིད་ཀྱི་རྣམ་པར་ཤེས་པ་ནི་སོ་སོར་རྟོག་
པའི་ཡེ་ཤེས། ཚོགས་ཀྱི་རྣམ་པར་ཤེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས། དེ་རྣམས་ཀུན་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །བླ་མའི་ཞལ་ནས་རྣམ་པར་ཤེས་པ་ནི། ཡེ་ཤེས་ལྔའི་རང་བཞིན། དེ་ནི་སྐུ་གསུམ་གྱི་བདག་ཉིད་བདེ་བ་ཆེན་པོའི་སྐུ་གཉིས་སུ་མེད་པའི་ཡེ་ཤེས་

སུ་གནས་ཀྱང་བསམ་གཏན་པ་ལས་དང་པོ་པས་ནམ་མཁའི་ཟླ་བ་བཞིན་མཐོང་བར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་གི་རྣམ་པར་རྟོག་པ་མ་དག་པའི་ཕྱིར། མི་མཐོང་ངོ་ཞེས་བཀའ་སྩལ་ཏོ། །སྲོག་དང་རྔུབ་པ་འགོག་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། སྲོག་
ནི་ཕྱིར་རྒྱུ་བའི་རླུང་དང་། ནང་དུ་རྒྱུ་བའི་རང་བཞིན་ནི་རྔུབ་པ། འགོག་པ་ནི་མཉམ་པར་གནས་པའི་དུས་བསམ་དུ་མེད་པའི་དོན་ཏོ། །དེ་དག་ནི་བཟང་པོའི་དུས་འོ་མའི་རྒྱུན་བཞིན་འབབ་པ་དང་། ངན་པའི་དུས་མེའི་གཟུགས་ཀྱིས་འགྲོ་བ་དང་། གཉི་ག་མེད་པའི་ཡེ་ཤེས་ཀྱི་དེ་
ཁོ་ན་ཉིད་བསམ་དུ་མེད་པར་མཉམ་པའི་དང་ཞེས་པའི་དོན་ཏོ། །སྲོག་དང་རྔུབ་པ་བཟའ་བ་གསོལ། །ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དེ་རྣམས་རྣལ་འབྱོར་དབང་ཤེས་ནས། །ཞེས་བྱ་བ་ལ་སོགས་པ་ནི། རྫོགས་པའི་རིམ་པའི་དོན་གྱིས་བླ་མ་ཉིད་ཀྱི་བཤད་གཞུང་གི་མན་ངག་
བརྒྱུད་པའི་མན་ངག་རིམ་པ་ཐོབ་པས་བཤད་ཅིང་ཤེས་པར་འགྱུར་གྱི། སྒྲ་ཚད་ལ་སོགས་པ་ལ་བློ་ཞེན་པས་འདིར་ནི་མ་ཡིན་ཞེས་འབྲེལ་པའོ། །དེའི་ཕྱིར་བླ་མ་མཉེས་པར་བྱ། །ཞེས་སོ། །འདིར་བཤད་པ། གང་ཞིག་ཉེར་འགྲོའི་བསམ་གཏན་ནི། །དེ་ནི་ཟླ་བ་གྱེན་དུ་བྱེད། །ཡང་ན་
ཚངས་བཞི་རྣམ་དབྱེ་བྱས། །རྣམ་པར་ཤེས་ལ་གཤེགས་པར་གསོལ། །ཞེས་གསུངས་སོ། །དེ་བཞིན་དུ་གཞུང་གཉིས་སུ་བསྟན་ཅིང་བཤད་དོ། འདི་ལྟ་བུའི་འདུས་པའི་སའི་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ནི། གནས་འདིར་མཁའ་འགྲོ་མ་ལ་སོགས་པ་དམ་ཚིག་ཅན་ཐམས་ཅད་འདུ་ཞིང་
ཉོན་མོངས་པའི་བགེགས་འབྱུང་པོ་རྣམས་རླག་པར་བྱེད་པ་བདག་དང་དུར་ཁྲོད་ཆེན་པོ་མཚན་ཉིད་དོ། །འཁོར་བའི་ཆོས་ཕུང་པོ་ལ་སོགས་པ་དང་། མྱ་ངན་ལས་འདས་པའི་ཆོས་དེ་བཞིན་གཤེགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཐམས་ཅད་འབྱུང་བའི་ཆོས་མཐུན་པའི་ཕྱིར། ཆོས་ཀྱི་
འབྱུང་གནས་ཀྱི་ཕྱིར་ཞེས་བྱའོ། །གནས་ཁྱད་པར་ཅན་འདིའི་ཡོན་ཏན་གྱིས། གྲངས་མེད་པའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཅེས་བྱ་བ་ལ་སོགས་པ་སྒྲ་ཇི་བཞིན་པར་གསུངས་སོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་

བཅུ་བདུན་པའི་བཤད་པའོ།། །།ཡང་བཅོམ་ལྡན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྲོག་གི་དབྱུག་པའི་གང་ཞིག་སྟེང་། །ཞེས་བྱ་བ་ལ་སོགས་པ་ལ། སྲོག་གི་དབྱུག་པ་ནི་དབུས་ཀྱི་སྲོག་རྩ་ནི་ཀུན་གྱི་སྟེང་གི་དངོས་པོ་ཀ་བའི་གཟུགས་སུ་གནས་
པའོ། །མགྲིན་པའི་སྟེང་ནས་ཡང་ནི། རང་ཉིད་ཀྱི་སོར་གྱིས་གཞལ་ན་སོར་བཅུ་གཉིས་ཏེ། སྤྱི་བོའི་གཙུག་ནས་མགྲིན་པའི་སྟེང་གི་བར་དུ་ཆ་ཕྲ་བ་ཙམ་སྟེ། མདུད་པ་མེད་ཅེས་གྲགས་པས་ན། །གང་ཞིག་སྟེང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོག་གི་ཆ་ནི་བཅུ་གཉིས་ཕྱེད། །
ཅེས་བྱ་བ་ནི། སྤྲུལ་པའི་གནས་ཐབས་དང་ཤེས་རབ་ཀྱིས་རྡོ་རྗེ་དང་པདྨའི་ཚད་ནི་སོར་དྲུག་ཏུ་བཤད་དེ། འོན་ཀྱང་མཐུན་པ་མ་ཡིན་པའི་ཚད་ནི་འདིར་མ་བཤད་དེ། དེ་བཞིན་ཞེས་བྱ་བ་ནི། མདུད་པ་དང་གྲངས་ཀྱི་རིམ་པ་བསྟན་པ་ལ་བསྙག་གོ། །འཁོར་བ་དང་མྱ་ངན་ལས་
འདས་པའི་མཚན་ཉིད་སྤྲུལ་པ་སྟེ། སྤྲུལ་པའི་གནས་ཀྱི་འཁོར་ལོའོ། །རྩ་བའི་པདྨ་ལ་གོས་པ་མེད་པའི་དོན་དང་ལྡན་པ་ནི། པདྨའི་འདབ་མའི་རིམ་པའི་གྲངས་སོ། །དེ་ཡང་རྣལ་འབྱོར་དང་ལྡན་པའོ། །འདི་ནི་འདབ་མ་དྲུག་ཅུ་རྩ་བཞི་དང་བརྒྱད་དང་། གསུམ་པའི་དོན་ནི་
དྲུག་གི་ཕྱེད་དོ། །དེ་ཉིད་ཀྱི་གནས་བགྱིད་པའི་ཕྱིར། སྤྱན་འདྲ་པདྨ་ཞེས་བྱ་བ་སྟེ། འདི་ནི་འདབ་མ་གསུམ་པའི་ལྟེ་བ་དང་བཅས་པའི་བདག་ཉིད་ཡེ་ཤེས་ཀྱི་སྤྱན་སྙིང་པོར་བཤད་དོ། །སྲོག་པ་རྩའི་སྙིང་པོ་འདི་རྩ་ཐམས་ཅད་ཀྱི་རྩ་བ་དེ་དང་བཅས་པ་ནི། འཛིན་མ་དང་། རོ་མ་དང་།
རྟོག་མེད་མ་ཞེས་བྱ་བའི་ཐ་ཚིག་གོ། །ལྟེ་ནང་དུ་ཞེས་བྱ་བ་ནི། འཁོར་ལོ་རྣམས་ཀྱི་ལྟེ་བའི་བདག་ཉིད་སྲོག་རྩ་དེའི་ནང་ན་གསུམ་པའོ། །ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་སྣང་བ་བདེ་བ་ཆེན་པོའི་རྒྱུས་རྩ་བ་ཉིད་དུས་རྟག་ཏུ་རྟོག་མེད་མ་དང་ལྡན་པའི་དོན་གྱིས་ཚངས་པའི་དབྱུག་
པར་བཤད་པའོ། །དེ་ཉིད་ཀྱི་རང་བཞིན། རྩ་བ་རྩ་ཡི་ནང་འོངས་ནས། །ཞེས་བྱ་བའོ། །པདྨའི་འདབ་མ་གསུམ་ལ་སོགས་པ་སྤྲུལ་པའི་འཁོར་ལོར་གནས་པའི་རེག་བྱ་དང་བྲལ་བའི་འདབ་མའོ། །སྐེ་རུ་བཅར་ཏེ་གནས་ཞེས་བྱ་བ་ནི། རྩ་གསུམ་པོའི་འདབ་མའི་སྐེར་སྲོག་རྩ་བཅར་

ནས་གནས་པ་ནི། གནས་དང་གནས་པའི་ཚུལ་དུ་འཁྱུད་པའི་དངོས་པོར་གནས་པའོ། །གུག་པའི་རྣམ་པའི་ངོ་བོར་གྲགས། །ཞེས་བྱ་བ་ནི། འདབ་མ་བརྒྱད་པའི་ནང་དུ་འདབ་མ་གསུམ་པའོ། །དེའི་ནང་ན་གནས་པའི་ལྟེ་བ་བྱ་གདོང་མ་དང་བཅས་པའི་གུག་པའི་ཞེས་
འཁྱུད་པའི་མཚན་ཉིད་ཅན་བཞི་བྱེད་པའོ། །བུ་ག་ཕྲ་མོས་ནང་ནས་ལྡན། །ཞེས་བྱ་བ་ནི། སྲོག་མའི་བདག་ཉིད་རྩ་གསུམ་དང་བཅས་ནས། ལར་རྟོག་མེད་མ་ཤིན་ཏུ་ཆ་ཕྲ་བའི་སྡོང་བུ་དང་བཅས་པ་སའི་མྱུ་གུའི་རྣམ་པ་རྒྱུ་དང་། འབྲས་བུའི་དབྱེ་བས་སོ། །དེ་ནི་སྲོག་
པ་རྩ་ནི་ཉིད། །ཁམས་གསུམ་དུ་ནི་རྟེན་ཡིན་ནོ། །ཞེས་བྱ་བ་ནི། སྲོག་པ་རྩ་འདི་འདོད་ཁམས་ལ་སོགས་པའི་བདག་ཉིད་ཀྱི་རྟེན་འདི་རང་ཁམས་གསུམ་གྱི་སྒྲ་ནི། ལུས་ལ་སོགས་པ་འཛིན་མ་དང་། རོ་མ་དང་། རྟོག་མེད་མའི་རྟེན། ཡང་ན་དགའ་བ་གསུམ་གྱི་རྟེན་
བྱེད་པ་ཡིན་ནོ། །རྒྱུ་དང་འབྲས་བུ་གཉིས་མེད་ཀྱིས། །ཞེས་བྱ་བ་ནི་སྲིད་པ་དང་མྱ་ངན་ལས་འདས་པའི་རྒྱུ་འབྲས་སོ་སོར་བདེ་བའི་དོན་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་རང་བཞིན་དགའ་བས། རྩ་བ་འབྲས་བུ་རྒྱ་ཡིས་བཏབ། །ཅེས་གསུངས་སོ། །ཡང་ན་
རྒྱུ་རྩའི་དངོས་པོ་འབྲས་བུ་མཁའ་འགྲོ་མའི་མཚན་ཉིད་དེ་དག་རྣམས་དབྱེར་མེད་པའི་རང་བཞིན་གྱི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་བདེ་བ་ཆེན་པོས་རྒྱས་བཏབ་པའོ། །དྲུག་ཕྱེད་རྩ་བ་དང་ལྡན་ན། །ཞེས་བྱ་བ་ལ་སོགས་པ་ནི། རྩ་བཞི་པོའི་དབྱིབས་འདི་ལ་བརྟེན་པས་
བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་འགྲུབ་པར་གྱུར་པའི་ཕྱིར། སྔར་བཤད་པ་བཞིན་ནོ། །རྩ་གསུམ་དབྱེ་ནི་འཁོར་བའི་མཚན་ཉིད་ཅན་སྤྲུལ་པའི་སྐུའི་བསྐྱེད་རིམ་གྱི་སྐབས་སུ་རྩ་གསུམ་སྟེ། དེ་ནས་སྲོག་པ་རྩ་ཆགས། དེ་ནས་རྩ་གཞན་རིམ་གྱིས་སྐྱེ། །ཞེས་
བཅོམ་ལྡན་འདས་ཡུམ་ལ་བཀའ་སྩལ་ཏོ། །གཞན་ན་རེ་རྩ་ནི་སྲོག་པ་རྩ་ཡིན། གསུམ་དུ་དབྱེ་བ་ནི་འདབ་མ་གསུམ་པའི་དེ་བཞིན་རྩ་གསུམ་དེ་རང་འབྲས་བུ་ཡིན་ཟེར་རོ། །ཕན་ཚུན་འབྲེལ་བར་གཅིག་དང་གསུམ་དུ་བཤད་པ་ནི་འཇུག་པའི་དང་ལྡན་པའི་རིམ་པས་རྒྱུ་དང་འབྲས་

བུ་མཐུན་པར་གསུམ་ནི། འབྲས་བུ་ཡང་དེ་བཞིན་ཡོད་དོ། །རྩ་བའི་འབྲས་བུ་ལ་སོགས་པ་ནི། སྔོན་དུ་བསྟན་པའི་སོར་དྲུག་པའི་དངོས་ཀྱིས་གནས་བཤད་པའོ། །དེ་ཉིད་ནི་རྟོག་པའི་མཚན་ཉིད་འཇོམས་པའི་གནས་རྩུབ་པ་མ་ཡིན་པའི་ཕྱིར། འཇམ་པའི་རྟོག་པ་
ཅན་གྱི་སྤྱོད་ཡུལ་མ་ཡིན་པས་གཟུང་བར་དཀའ་བའི་ཕྱིར་ཕྲ་བ། བདེ་བ་ཆེན་པོའི་འཁོར་ལོའི་མཐའ་ནས་གསང་བའི་རིན་པོ་ཆེའི་གནས་སུ་ཁྱབ་པས་ནི། རིན་ཆེན་ཁ་ནང་ཡན་ཆད་དེའོ། །གཞན་ན་རེ་རྡོ་རྗེ་ལ་སོར་དྲུག་ནི་རིན་པོ་ཆེ་ལ་སོར་གཉིས། དེའི་ཕྱིར། རིན་ཆེན་ཁ་ནང་ཡན་
ཆད་དོ། །ཞེས་ཟེར་རོ། །དེ་ནི་ཕྲ་བ་དང་འཇམ་པའི་གནས་སོ། །འདི་སྐད་དུ། སློབ་དཔོན་ཁ་ཅིག་གི་གཞུང་ལས་ཕྲ་བ་དང་འཇམ་པའི། འདི་སྐད་དུ། ཆོས་ཀྱི་འཁོར་ལོ་ནི་སེམས་ཀྱི་གནས་ཡིན་པས་ཕྲ་མོ་འཇམ་ཞེས་བཤད་པ་དང་། ཡང་ལྟེ་བའི་གནས་ཕྲ་ལ་འཇམ་ཞེས་པ་དང་།
ཡང་བཞི་པའི་གནས་ཉིད་ནི་ཤིན་ཏུ་ཕྲ་མོ་འཇམ་ཞེས་བྱ་བ་དང་། ཡང་འཁོར་ལོ་ཀུན་གྱི་ཐོག་མའི་པདྨའི་ལྟེ་བའི་དབུས་ཕྲ་མོ་འཇམ་ཞེས་བྱ་བ་དང་། ཡང་རྩ་སྦྱོར་བ་དྲུག་གི་བདག་ཉིད་ཀྱི་གནས་ནི་ཕྲ་མོ་འཇམ་ཞེས་བྱ་བ་དང་། སློབ་དཔོན་དཔལ་བཛྲ་པུ་ཏིའི་ཞལ་སྔ་ནས་དབུས་ཀྱི་རྩུབ་
ལ། ཐ་མའི་གནས་ནི་ཕྲ་མོ་འཇམ་པ་བདག་ཉིད་རང་བཞིན་དགའ་བའི་ཡེ་ཤེས་ཀྱི་གནས་ཉེ་བར་ལྟ་བ་ཞེས་བཤད་དོ་ཞེས་གསུངས་སོ། །དེ་ཙམ་ཡེ་ཤེས་ཐིག་སྐུད་ཡོད། །ཅེས་བྱ་བ་ནི། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ནང་དུ་ཡོད་པའི་འཁོར་ལོ་དྲུག་གི་ལྟེ་བའི་ནང་དུ་གནས་པ་
སྦྱོར་བ་དྲུག་གི་ཡེ་ཤེས་སྣང་བར་བྱེད་པ། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་རང་གི་ཚོགས་ཀྱི་འཁོར་ལོ་ལ་དབང་སྒྱུར་བར་བྱེད་པའོ། །དེའི་ཕྱིར་རྣམ་ཤེས་དྲུག་ཅེས་བྱ་བ་ལ་སོགས་པའི་དོན་གསུངས་སོ། །ད་ནི་དཔལ་ཡེ་ཤེས་ཐིག་ལེའི་ཚད་དང་། སྦྱོར་བ་དྲུག་གི་རང་བཞིན་
དབྱེར་མེད་པའི་དོན་བཤད་དེ། ཤྲཱི་ནི་གཞན་མིན་འདིར་ནི་ཆ། །ཞེས་བྱ་བ་ལ་སོགས་པའི་དོན་ནི། ཤྲཱི་ཛྙཱ་ན་ཏི་ལ་ཀ་ཞེས་བྱ་བའི་མཚན་གྱིས་སྦྱོར་བ་དྲུག་གི་དོན་ནི་ཆ་དང་། ཐིག་ལེ་དང་། ཚུལ་དང་། ཚུལ་ཙམ་དང་། མཆོག་དང་། གཞན་མཆོག་རྣམས་རིམ་པ་བཞིན་དུ་སྦྱར་

བའི་མན་ངག་འདིར་བཤད་པ་ནི། གུག་པའི་རྣམ་པའི་ཁ་རུ་ནི། །ཞེས་བྱ་བ་ལ་སོགས་པའི་མན་ངག་ནི་བླ་མ་བརྒྱུད་པའི་རིམ་པ་བར་མ་ཆད་པས་འདིར་བཤད་པ་ཁ་ལས་རྟོགས་པར་བྱའོ། །ཡང་དོན་ནི་འདིར་བཤད་པ་ཆའི་རང་བཞིན་མ་སྐྱེས་པའི་ངོ་བོ་སྤྲོས་པ་ཐམས་ཅད་དང་
བྲལ་བའི་མཚན་ཉིད་བདེ་བ་ཆེན་པོའི་རང་བཞིན་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དཔལ་དང་ཆའི་དོན་ཏོ། །དེ་ཉིད་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར་ན། ཛྙཱ་ནའི་སྒྲའི་བཤད་པའོ། །དེ་ཉིད་ནི་ཡི་གེ་དང་བྲལ་བའི་ཕྱིར་ཐིག་ལེ་སྟེ། སྤྲོས་པའི་
མཚན་མས་སྟོང་པ་ཟླུམ་པའི་རང་བཞིན་ནོ། །དེ་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་ཡི་གེའི་རང་བཞིན་གྱི་ཕྱིར་ན་དང་། གཞན་རྣམ་པར་འགེགས་པའི་སྒྲའི་ནི་ནའི་ཡི་གེ་སྟེ། ཛྙཱ་ནའོ། །དེ་ཉིད་གློ་བུར་བའི་སྤྲིན་གྱི་མཚན་མ་རྣམས་ཀྱིས་མ་གོས་པའི་ཕྱིར་བདག་ཉིད་ནམ་མཁའི་ཚུལ་ལོ། །
དེ་ཉིད་ནི་ཏི་ལ་ཀའི་སྒྲའི་བཤད་པས་དེ་རང་དུ་བཤད་པར་བྱས་པའོ། །དེ་ཉིད་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་ཚུལ་ཙམ་མོ། །དེ་ཉིད་ནི་གཞན་རྣམས་ཀུན་གྱི་སྤྱོད་ཡུལ་དུ་འགྱུར་བ་མ་ཡིན་པའི་ཕྱིར་ནི་མཆོག་གོ། །དེ་ཉིད་ནི་གསང་བའི་གསང་བ་རྨད་དུ་བྱུང་བའི་
རང་བཞིན་མཆོག་ཏུ་གསང་བའི་དོན་གྱི་ཕྱིར་ན་གཞན་མཆོག་ཏུ་གསུངས་ཏེ་བདེ་བ་ཆེན་པོའི་རང་བཞིན་འདི་ཆོས་ཐམས་ཅད་ཀྱི་ངོ་བོ་མཚན་ཉིད་ཀུན་སྤངས་པ་ཞེས་དགོངས་པའོ། །དེ་སྐད་དུ་ཡང་། བདེ་བ་ཆེན་པོའི་ངོ་བོར་གྲགས། །ཞེས་བྱ་བ་ལ་སོགས་པའོ། །དཔལ་ཡེ་ཤེས་
ཐིག་ལེ་འདི་ཞེས་བྱ་བ་ལ་སོགས་པ་ལ། འདིར་རྩའི་མཁའ་འགྲོ་མའི་མཚན་ཉིད་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གཙོ་བོ་བརྒྱ་ཉི་ཤུ་རྩ་དགུ། དེ་ལས་ཀྱང་སུམ་ཅུ་རྩ་གཉིས་རབ་བོ། །དེ་དག་རྣམས་ཀྱི་ལྟེ་བ་དང་བཅས་པའི་རྩས་དབང་སྒྱུར་བ་ཡིས་ནི། འབྲས་བུའི་རང་བཞིན་བཅོམ་
ལྡན་འདས་སུ་འགྱུར་བར་ཐེ་ཚོམ་མི་བྱའོ། །དེ་བས་ན་རྩའི་གནས་ཀྱི་དོན་འདི་ཡིན་ཏེ། འཇུག་པ་གནས་པ་ལོངས་སྤྱོད་ཡིན། །ཞེས་བྱ་བ་ལ་སོགས་པ་ལ་འཇུག་པ་ནི། གཡོན་གྱི་ཕྱོགས་ཀྱི་འཛིན་མ། དེ་བཞིན་དུ་རྟོག་མེད་མ་དབུས་སུ་གནས་པའི་བདག་ཉིད་ཀྱི་བྱེད་པ་དང་།

གཡས་ཀྱི་ཕྱོགས་ཀྱི་རོ་ཅན་མ་འགྲོ་བའི་བདག་ཉིད་དོ། །ལོངས་སྤྱོད་མཆོག་གི་གནས་པའི་རང་བཞིན་མགྲིན་པའི་གནས་སུ། དབང་དང་མི་སྣང་བ་ཁའི་གནས་སུ་ཞེས་བསྟན་ཏོ། །དེ་ཡང་སྦྱོར་བ་དྲུག་ལ་སོགས་པའི་གནས་བགྱིད་པ་ནི། རང་བཞིན་དེ་ནི་མཆོག་
གཞན་མཆོག །ཅེས་གསུངས་སོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཅོ་བརྒྱད་པའི་བཤད་པའོ།། །།བླ་མའི་ཡོན་ཏན་ཐ་མལ་དངོས་དང་བྲལ། །ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་
པའི་ཐ་མལ་པར་འཛིན་པ་དང་། གཟུང་བའི་སྐྱོན་སྤངས་ཏེ་གཉིས་པོས་དབེན་པ་ཆེ་བའི་ཡོན་ཏན་གྱི་སྐུ་ལ་སོགས་པ་བརྒྱན་ནས་གནས་པ་ཅན་ནོ། །དེ་བཞིན་དུ་རབ་ཀྱི་དབང་རྣམས་ཐོབ་པ་དང་ལྡན་པའི་དོན་ནི་མཆོག་གི་དབང་བསྐུར་བའི་སྐུ་ཡིན་ཏེ། ནང་གི་དོན་དང་བཅས་པ་བཞི་པ་
མཐར་ཐུག་པའོ། །ཐུགས་རྗེ་དང་ལྡན་ཞེས་བྱ་བ་ལ་སོགས་པའི་དོན་གསུངས་སོ། །དེ་ཡང་འདིར་བཤད་པར་མ་ཟད་དེ། གཞན་ལས་ཀྱང་། དབང་བསྐུར་ཐོབ་དང་དེ་ཉིད་མཁྱེན། །ཡེ་ཤེས་གཉིས་དང་ཐུགས་རྗེ་ཆེ། །རང་བཞིན་བཟང་དང་སེར་སྣ་མེད། །ཡང་དག་རླབས་ཆེན་དཔའ་བོ་
དང་། །སྐལ་ལྡན་མཚན་གྱིས་གང་བ་དང་། །ཕྲག་དོག་ཡུལ་ནི་རྣམ་པར་བྲལ། །རྟག་ཏུ་དགའ་བའི་ཡིད་ལྡན་པ། །འདོད་ཆགས་ཆེན་པོ་གཅིག་པུའི་ཡིད། །སྡོམ་པ་ལ་སོགས་མཁྱེན་པ་ཡིན། །བླ་མ་དེ་ལྟ་བུས་ནི་བྱ། །ཞེས་གསུངས་སོ། །ཕུང་པོ་ལ་སོགས་སྐྱེ་མཆེད་ཁམས་
དང་བྲལ། །ཞེས་བྱ་བ་ནི། ལྷའི་སྐུ་དང་ཡེ་ཤེས་ལས་གྲུབ་པའི་ལུས་སུ་གནས་པའི་རང་བཞིན་ཏེ། དེ་ཡང་ནམ་མཁའ་ལ་འཇའ་ཚོན་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །སློབ་མ་ཁྲིམས་ལྡན་དུལ་བ་དད་པ་ཅན། །ཞེས་བྱ་བ་ལ་སོགས་པ་བཞིན་དུ། བླ་མ་ལྔ་བཅུ་པ་
དང་། རྒྱུད་ལ་སོགས་པ་གཞན་དག་ལས་ཀྱང་། རྒྱས་པར་བཤད་པས་ན་འདིའི་དོན་ནི་གོ་སླའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཅུ་དགུ་པའི་བཤད་པའོ།། །།སློབ་དཔོན་དང་སློབ་མའི་མཚན་ཉིད་ཀྱི་རྗེས་ཐོགས་ལ་འདི་གསུངས་པ།

དེ་ནས་གཞན་ཉོན་ཞེས་བྱ་བ་ལ་སོགས་པའི་སྒྲས་གསུངས་སོ། །ཇི་ལྟར་རྒྱུད་ཀྱི་རིམ་པ་བཞུགས། །ཞེས་བྱ་བ་ལ། དེའི་རིམ་པ་ནི་འདི་ཉིད་ཀྱི་འོག་ནས་རྒྱས་པར་བཤད་པའི་ཕྱིར་ཞེས་དགོངས་སོ། །འོ་ན་ཡང་རྒྱུད་ནི་འབྲེལ་བ་ཡོད་པའི་ཕྱིར་ན་རྒྱུད་དོ། །དེ་ཡང་རྒྱུའི་རྒྱུ་དང་། འབྲས་
བུ་དང་། ཐབས་ཀྱི་འབྲས་བུ་འབྲེལ་བའོ། །དེ་ཡང་། རྒྱུད་ཅེས་བྱ་བ་རབ་འབྲེལ་ཏེ། །དེ་ཡང་རབ་འབྲེལ་རྣམ་གསུམ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིམ་པ་ནི་རྩ་བའི་རྒྱུད་ལ་སོགས་པའི་བྱུང་ཚུལ་འདི་དང་གཞན་རྣམས་སུ་གསུངས་པའི་རིམ་པས་སོ། །གཞན་དག་ན་
རེ་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རིམ་པའི་འབྱུང་ཚུལ་ཞེས་བྱ་བ་ལ་སོགས་པའི་རིམ་པ་བཞིན་ཟེར་རོ། །འདིར་བདག་གི་བླ་མའི་གཞུང་ནི། འདིའི་རིམ་བཞིན་དུ་དཔལ་བདེ་མཆོག་འཁོར་ལོ་སྡོམ་པ་ལ་སོགས་པར་ཡང་རིམ་པ་བཤད་པ་ཡོད་གསུངས་སོ། །དེའི་
རིམ་པ་ནི་འདི་ལྟ་སྟེ། དཔལ་དང་ལྡན་པའི་རིགས་ཆེན་རྒྱུད། །ཅེས་བྱ་བ་ལ་སོགས་པའི་རིམ་པས་གསུངས་སོ། །དེ་སྐད་དུ་ཡང་འདི་ཉིད་ལས། དེ་ལྟར་རིམ་པ་ཐམས་ཅད་དུལ། །ལྷ་མོ་དེ་ཁྲོས་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། ཞེས་དགོས་པའོ། །ས་བོན་ལས་ནི་མྱུ་གུ་
བཞིན། །ཞེས་བྱ་བ་ནི། ཕྱི་རྟེན་ཅིང་འབྲེལ་པར་འབྱུང་བ་བརྒྱད་ཀྱི་རིམ་པ་ས་བོན་དང་མྱུ་གུ་ལ་སོགས་པའི་རིམ་པ་འབྱུང་བའི་དཔེ་བསྟན་པ་བཞིན་དུ། དོན་ནི་རྩ་བའི་རྒྱུད་ལ་སོགས་པའི་རིམ་པ་བརྒྱད་པོའི་འབྱུང་བའི་ཚུལ་གྱི་རྒྱུད་དོ། །དཔལ་འཁོར་ལོ་སྡོམ་པ་ལ་སོགས་པའི་རྒྱུད་
ལ་སོགས་པ་བསྟན་པ་རྣམས་ནི་རྒྱུད་ཀུན་ནོ། །དཔེ་རྟེན་འབྲེལ་བརྒྱད་ཀྱི་རིམ་པ་བཤད་པས། རྒྱུད་ཀུན་ཤེས་པར་བྱ་བ་ནི་རིམ་པས་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཡེ་ཤེས་འཁོར་རྒྱུད་ཡིན། །ཞེས་བྱ་བ་ནི། གང་གི་དོན་གྱིས་དགའ་བ་དང་། །ཡེ་ཤེས་ཀྱི་རིམ་པ་ལ་
སོགས་པའི་མཚན་ཉིད་ཁོ་ན་ཡང་ནས་ཡང་དུ་བསྣན་ཅིང་རྩ་བ་དང་བཤད་པའི་རྒྱུད་ལ་སོགས་པ་འདིར་ནི་གསལ་བར་སྟོན་པས་ན། ཡེ་ཤེས་འཁོར་རྒྱུད་དོ། །ཡང་ན་དོན་གྱི་རྒྱུད་ཡིན་ནོ། །ཞེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བ་མེད་པའི་ཨའི་རང་བཞིན་ཉིད་དོན་ཡིན་

ཏེ། འདིའི་འབྲས་བུའི་མཚན་ཉིད་དུ་ཡང་དག་པར་གྲུབ་པའི་དོན་དང་། ཚིག་དང་། ཡི་གེ་ལ་སོགས་པར་འབྲེལ་པའི་ཕྱིར་རྒྱུད་དོ། །ཡང་ན་ཐབས་དང་ཐབས་ལས་བྱུང་བའི་ཕྱིར་འབྲེལ་པའོ། །དེ་ཡང་འདི་རང་ནས་རྒྱས་པར་སྟོན་པའི་ཕྱིར་ཞེས་བྱ་བས་སོ། །
ཡང་ན་རིམ་པ་གཉིས་ནི་རྒྱུད། །ཅེས་བྱ་བ་ནི། བསྐྱེད་རིམ་དང་རྫོགས་རིམ་འབྲེལ་པའོ། །དེ་ཡང་བསྐྱེད་པའི་རིམ་པ་ལ་མ་བརྟེན་པར་ནི། རྫོགས་པའི་རིམ་པ་མི་རྙེད་དོ་ཞེས་འབྲེལ་པའོ། །དེའི་ཕྱིར་དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་སྐབས་སུ་བསྐྱེད་པའི་རིམ་པ་སྔོན་དུ་འགྲོ་དགོས་
པ་ཡིན་ཏེ། ལྟོས་པའི་དབང་གིས་བསྐྱེད་པ་དང་། རྫོགས་པ་སྟེ། བསྐྱེད་པ་ནི་ཐབས་ཀྱི་དངོས་པོའི་བདག་ཉིད། རྫོགས་པ་ནི། ཐབས་ལས་བྱུང་བའི་རང་བཞིན་གྱི་ཕྱིར་རྒྱུད་དོ། །གཞན་དག་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཅེས་ཀྱང་ཟེར་རོ། །ལྷ་མོ་གང་དུ་སྐལ་ལྡན་མོ། །ཞེས་བྱ་བ་
ལ་སོགས་པ་ལ། ཤེས་རབ་ནི། ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་དབྱེ་བས་བསྟན་ཏེ། མྱ་ངན་ལས་འདས་པའི་མཚན་ཉིད་ཅན་ཆད་པའི་དགའ་བ་དང་ལྡན་པའི་གཏུམ་མོ་གཟུགས་ཀྱི་འོད་ཀྱི་རང་བཞིན་ནི་པདྨ་ཅན་ཞེས་བྱའོ། །དེ་ནི་ཐབས་ཀྱི་བདག་ཉིད་མགོན་པོ་དང་བཅས་པ་སྟེ།
དབྱེ་བས་རང་ལ་ཐབས་དང་ཤེས་རབ་གཉིས་དབྱེ་བའི་རིམ་པས་ནི་ཐབས་བཅོམ་ལྡན་འདས་མཆོག་གི་གཟུགས་ཀྱིས་གནས་སོ། །ཕྲད་པའི་ས་ནི། ཤེས་རབ་དང་ཐབས་དེ་བཞིན་དུ་རྡོ་རྗེ་དང་། པདྨ་དང་། ཀུན་རྫོབ་དང་དོན་དམ་པ་ཞེས་བྱ་བ་ལ་སོགས་པའི་དོན་གྱིས། རྣམ་པ་སྣ་ཚོགས་
པའི་ཐབས་དང་ཤེས་རབ་ཀྱི་སྒོ་ནས་རང་བཞིན་དགའ་བའི་བདེ་བ་ཆེན་པོའི་རྒྱལ་པོ་གཉིས་ཀྱི་བདག་ཉིད་གཉིས་སུ་མེད་པ་རྟེན་ཅན་གྱི་དངོས་པོ་ལ་རྟེན་དང་བྲལ་བའི་དོན་བཙལ་བར་བྱ་བ་འདི་ནི་རྒྱུད་ཅེས་བྱའོ། །ཡང་ན་ཤེས་རབ་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པས་རྒྱུད་ཀྱི་སྒྲའི་དོན་
བཤད་དེ། ཏནྟྲའི་སྒྲས་ནི་འདིའི་དོན་ཏོ། །ཡེ་ཤེས་ནི་ཆད་པའི་དགའ་བ་སྟེ། ཆད་པ་ལས་ནི་སེམས་ཅན་སྐྱེ་བའི་རིམ་པས་ཟླ་བ་དང་ཉི་མ་དང་། ས་བོན་ལ་སོགས་པའི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས། ཤེས་རབ་དང་། ཐབས་མཉམ་པར་སྦྱོར་བ་ལས་མི་སྣང་བ་དང་། ལོངས་

སྤྱོད་དང་རང་གི་སྙིང་གའི་པདྨའི་ལྟེ་བའི་ནང་དུ་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ལྷའི་རྣམ་པར་འབྱུང་བ་ཉིད་དོ། །དེ་ཡང་སཾ་སྐྲྀ་ཏའི་སྒྲ་ལ་སོགས་པའི་དོན་ཏོ། །དགའ་བ་བཞིའི་དོན་གྱིས་ནི་དྲི་མ་མེད་པའི་སྒྲར་གསུངས་པས་ནི། ཨཱ་ནནྟའི་སྒྲས་སོ། །ཡང་ནི་སྒྲའི་དབྱི་གཞུག་
མི་དགོས་པ་ནི་སྔོན་བཤད་པ་བཞིན་ནོ། །དེ་ལ་ཡེ་ཤེས་ཀྱི་དགའ་བ་ཆད་པའི་དགའ་བ་གསུམ་གྱི་ཡེ་ཤེས་ཀྱི་བདག་ཉིད་དངོས་པོ། དེ་ལས་འབྱུང་བའི་རང་བཞིན་དགའ་བའི་ངོ་བོ་རྫོགས་པའི་གཟུགས། སྐུ་གསུམ་གྱི་རྒྱུ་བྱེད་པའི་དངོས་པོའམ། ཡང་ན་སྐུ་གསུམ་ཉིད་མི་སྣང་བ་
དང་། ལོངས་སྤྱོད་དང་། དབང་གི་མཚན་ཉིད་ཀྱིས་བཤད་དོ། །དེ་བས་ན། ཏ་ཡི་ཡིག་འབྲུ་སྐུ་རུ་གྲགས། །ཞེས་གསུངས་སོ། །ན་ནི་དེ་ཉིད་དྲི་མ་མེད། །ཅེས་བྱ་བ་ནི། རང་བཞིན་དགའ་བའི་འབྲས་བུ་དེ་རང་ཉིད་ལས་བདེ་བ་ཆེན་པོའི་སྐུ་སྟེ། སྐུ་གསུམ་གྱི་བདག་ཉིད་གསུམ་པོ་
སྤངས་པའི་སྐུ་གཉིས་སུ་མེད་པའི་བརྗོད་པ་དང་བྲལ་བ་ལ་སོགས་པའི་དོན་ཏོ། །དེ་ནི་དེ་ལ་རང་ལ་རྒྱུའི་དངོས་པོའི་རང་བཞིན་བསྟན་ཏེ། ཏ་ཡི་ཡིག་འབྲུ་ཁུ་བ་ཡབ། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་རྣམས་ནི་འབྲེལ་པ་དང་ལྡན་པ་ལ་སོགས་པའི་དོན་དང་བཅས་པའི་ཕྱིར་
རྒྱུད་དོ། །ཡང་དེའི་དོན་བཤད་པ། ཏ་ཡིག་དང་ནི་ར་ཡིག་འབྲུ། །ཚུལ་ཙམ་གྱིས་ནི་གཉིས་ཀ་ལྡན། །ཞེས་བྱ་བ་ལ་སོགས་པ་ལ། ཨ་ཏའི་སྒྲས་ནི་རྒྱུད་ཀྱི་དེ་ནས་ཀྱི་དོན་ལ་སྦྱོར་བར་བྱ་བ་བཤད་དེ། འོན་ཀྱང་བསྡུས་ཏེ་བསྟན་པ། ཏའི་ཡིག་འབྲུ་ནི་ཤེས་རབ་ཀྱི་ངོ་བོ་གཟུགས་རྩ་
འཛིན་མའི་མཚན་ཉིད་ཅན་ཆད་པའི་དགའ་བ་མྱ་ངན་ལས་འདས་པའི་ཕྱོགས་སོ། །རའི་ཡིག་འབྲུ་ནི་ཐབས་ཀྱི་ངོ་བོའི་གཟུགས་རོ་མའི་མཚན་ཉིད་ཅན་མཆོག་གི་དགའ་བ་སྲིད་པའི་བདག་ཉིད་ཀུན་རྫོབ་བོ། །ཚུལ་ཙམ་ནི་ཕྱོགས་གཉིས་པའི་མཚན་ཉིད་ཐམས་ཅད་འགེགས་པའི་ཕྱིར་
ཙམ་མོ། །འོ་ན་ཡང་ལྡན་པའི་དོན་གྱིས་ནི་ཡེ་ཤེས་རྒྱ་ཆེ་བ་དང་ཡེ་ཤེས་ཀྱི་ཕྱོགས་ཀུན་དང་ལྡན་པའི་རང་བཞིན་བསྟན་པ་སྟེ། འཛིན་མ་དང་རོ་མ་ལ་སོགས་པའི་དེ་རྣམས་དང་ལྡན་པའི་མཚན་ཉིད་རྟོག་མེད་མའི་རང་བཞིན་དགའ་བའི་རྟེན་ཅན་དང་། བརྟེན་པ་གཉིས་སུ་མེད་

པའི་བདེ་བ་ཆེན་པོ་དང་ལྡན་པ་མཆོག་ཏུ་གྱུར་པ་ཡང་དབང་པོའི་ཡུལ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་དོན་གྱིས་བསྟན་ཏོ། །དེའི་ཕྱིར། དེ་ནི་རབ་མཆོག་ཨ་ཡིག་འབྲུ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་སྐད་དུ། སྙིང་གི་དབུས་ན་མི་ཤེས་པ། །གསལ་
ཞིང་མར་མེ་བཞིན་དུ་འབར། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཡིག་འབྲུ་དམ་པ་ཨར་ཞེས་བྱ། །ཞེས་གསུངས་པ་དང་། དེ་བཞིན་དུ་ཡང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་བྱ་བ་ལ་སོགས་
པ་གསུངས་པའི་དོན་གྱིས། རྒྱུད་ཀྱི་དོན་ལ་སོགས་པ་བསྟན་ཏེ། ཏའི་ཡིག་འབྲུ་དང་། ར་གཉིས་སྦྲེལ་བས། ཨའི་ཡིག་འབྲུར་གྱུར་པ་སྟེ། ཀུན་རྫོབ་ཙམ་དུ་དོན་སྣ་ཚོགས་པའི་མཚན་ཉིད་ཙམ་གྱིས་སྐྱེ་བ་མེད་པའི་རང་བཞིན་གྱི་དོན་རྙེད་དོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་
དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ཉི་ཤུ་པའི་བཤད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་མོ་ཉིད་ཀྱི་དོན་ཞུ་བར་འདོད་པའི་ཕྱིར་ན། འདིར་གསུངས་པ། བཅོམ་ལྡན་ཡེ་ཤེས་ཐིག་ལེ་ལགས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞུས་པའི་ལན་གསུངས་པ་ནི། ཡེ་ཤེས་ཀྱིས་རྙེད་གསང་
བ་པོ། །ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔ་པོས་དེ་རྙེད་པར་འགྱུར་བའི་ཐབས་སོ། །གསུང་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་དྲུག་པའི་འོད་བྱེད་པའི་རང་བཞིན་ཉིད་བརྗོད་པར་མི་ནུས་པ་དང་། སྣོད་མ་ཡིན་པ་རྣམས་ལ་མི་བསྟན་པའི་ཕྱིར་གསང་བའོ། །
ཡང་ན་འདིར་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་དང་། འོད་རབ་ཀྱི་ཡེ་ཤེས་ཀྱིས་རྙེད་པའོ། །སྣང་བའི་རིམ་པས་དགའ་བ་རྣམས་ཀྱི་ངོ་བོར་བཤད་པ་ཡིན་ཏེ། དེ་སྐད་དུ། སྣང་བ་དགའ་བར་བཤད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷ་མོ་ནི་བཅོམ་ལྡན་འདས་
ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ཏེ། རང་བཞིན་གྱི་འོད་རབ་དེ་ཁོ་ན་ཉིད་བདེ་བ་ཆེན་པོ་ཀུན་གྱི་གནས་སུ་འགྱུར་བའོ། །འབྱུང་བ་མ་ཡིན་པ་ནི། གཉིས་སུ་མེད་པའི་བདག་ཉིད་ཀྱི་རང་བཞིན་ནི་སྐྱེ་བ་དང་། འགག་པ་དང་། བྲལ་བ་བརྗོད་དུ་མེད་པ། ཡི་གེ་དང་བྲལ་བ་དཔྱད་པས་

མི་རྙེད་པ། མི་ཟད་པ། ཆོས་ཐམས་ཅད་ཀྱིས་མི་གོས་པ་མེད་པའི་ཕྱིར་ནམ་མཁའ་དང་མཉམ་པའོ། །དེ་བས་ན། སྐྱེ་བ་ནང་གི་འཕོ་མེད་རབ། །ཅེས་བྱ་བ་ལ་སོགས་པ་གསུངས་པས་ནི། གང་ནས་ཀྱང་མ་སྐྱེས་པའི་དོན་ཏོ། །ད་ནི་བཅོམ་ལྡན་མོའི་ངོ་བོ་བསྟན་པ། རང་གི་ངོ་བོ་ཡེ་ཤེས་འོད། །
ཅེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེའི་ཡུམ་ཉིད་རང་འོད་ཀྱི་བདག་ཉིད། ཕྱག་རྒྱ་ཆེན་པོའི་རང་ཉིད་ནི་བདེ་བ་ཆེན་པོའི་སྐུ་ལ་སོགས་པའི་དབྱེ་བས་དབྱེ་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། གདུལ་བྱའི་བསམ་པའི་དབང་གིས་དྲང་བ་དང་ངེས་པའི་དོན་གྱིས་རང་
གི་ངོ་བོ་དབྱེ་བའོ། །ད་ནི་སྐྱོན་དང་ཡོན་ཏན་སྟོན་ཏེ། གཞན་མིན་བདག་དང་ཁྱོད་མེད་ན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་འབྱུང་བ་དང་སྐྱེ་བ་མེད་པ་ཡིན་ཡང་གདུལ་བྱའི་མོས་པའི་དབང་དང་། ཐུགས་རྗེའི་བྱིན་གྱི་རླབས་ཀྱིས་གཤེགས་པ་བསྟན་ཏེ། མཆོག་ནི་ནམ་མཁའི་
གནས་ནས་བྱོན། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་ཡུམ་ཕྱག་རྒྱ་ཆེན་པོ་དང་བཅས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་པའི་ཕྱིར། མཐའ་གཉིས་ལ་མི་གནས་པའི་ཕྱིར། དོན་གྱི་རང་བཞིན་ཉིད་ཀྱི་
ངོ་བོ་ལས་མ་འདས་པར། གདུལ་བྱའི་དབང་གིས་སྐུ་བཞིར་སྣང་བ་དང་། དེ་བཞིན་དུ་ཇི་ལྟར་འདུལ་བའི་གཟུགས་ཀྱིས་བཞུགས་སོ། །འདི་སྐད་དུ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཡིས། །ཇི་ལྟར་འདུལ་བ་བཞིན་དུ་སྣང་། །ཞེས་གསུངས་སོ། །མཆོག་ནི་བདེ་བ་ཆེན་པོའི་མཚན་
ཉིད་སྐྱོན་གྱིས་མ་གོས་པའི་ཆོས་ཀྱི་དབྱིངས་ནམ་མཁའ་སྤྲིན་ལ་སོགས་པས་གནོད་པར་མི་འགྱུར་བ་བཞིན་ནོ། །ཀུན་གྱིས་བསྒྲུབ་ཅིང་ཐོབ་པར་བྱ་བ་ཡིན་པའི་ཕྱིར། གནས་དེ་ཉིད་ལས་མ་གཡོས་བཞིན་དུ་དོན་མཛད་པས་ན་བྱོན་པའོ། །དེ་ཡང་གཟུགས་ཀྱི་སྐུའི་དངོས་པོའི་ཚུལ་དུ་
ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་བསམ་པ་རྣམ་པར་དག་པ་རྣམས་ཀྱིས་སོ། །སྐུ་གཉིས་ལྟ་བའི་དོན་སྤྱོད་པ་དང་འཆམ་པ་བཞིན་དུ་བྱིས་པ་སོ་སོ་སྐྱེ་བོ་ལ་གཟིགས་ནས་གདུལ་བྱའི་དབང་གིས་ཆོས་སྟོན་དུ་གཤེགས་ཀྱང་། སྐུ་ཉིད་བདེ་བ་ཆེན་པོ་ལས་མི་གཡོས་པར་

བཞུགས་པ་ནི། མཆོག་ནི་ནམ་མཁའི་གནས་ནས་གཤེགས། །ཞེས་བྱའོ། །བདེ་བ་ཆེན་པོའི་སྐུ་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕྱག་རྒྱ་ཆེན་པོའི་བདེ་བ་འཁོར་བ་ཇི་སྲིད་པར་གནས་པ་ཉིད་ལ་སོགས་པའི་བྱེ་བྲག་དང་ལྡན་པས་ན། ཆོས་ཀྱི་སྐུ་
དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ལ་སོགས་པ་ཀུན་གྱི་རང་བཞིན་ཏེ། སྐུ་དེ་རྣམས་ཐ་མི་དད་པ་མངའ་བའི་ཕྱིར་རོ། །དེ་བས་ན་མཆོག་གི་ནམ་མཁའི་ངལ་སོ་ནས། མཆོག་གི་ནམ་མཁའི་རྟག་ཏུ་བཞུགས། །ཞེས་གསུངས་པ་ཡིན་ནོ། །གཞན་ན་རེ་ཚིག་བཞི་པོ་
བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པ་བཞི་ལ་རིམ་པ་བཞིན་སྦྱར་རོ། །ད་ནི་ངེས་པའི་དོན་དུ་བཤད་དེ། ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་ནི་ཤུཀྵའི་རྣམ་པ་བདེ་བ་ཆེན་པོའི་འཁོར་ལོར་བཞུགས་པའི་
གཟུགས་སོ། །ཡུམ་ཕྱག་རྒྱ་ཆེན་མོ་མཁའ་འགྲོ་མའི་གཟུགས་ཀྱི་རྣམ་པར་རྩའི་ཁྱད་པར་གྱི་དངོས་པོ་རྟོག་མེད་མའི་སྐུ་མ་ནོར་བ་ཐབས་ཉིད་ལ་འཁྱུད་པ་ནི། པདྨའི་སྐུད་པ་བཞིན་སྐུའོ། །དེ་ཡང་དབུས་ཀྱི་ཁྱད་པར་རྟོག་མེད་མ་ཉིད་གཡས་དང་གཡོན་དུ་རོ་མ་དང་། འཛིན་མ་དེ་དག་གི་
གནས་སྲོག་གི་དབྱུག་པའོ། །གསང་བ་ནི་སྦ་བར་བྱ་བའི་ཐབས་ཀྱི་གསང་བའི་རྡོ་རྗེའི་དམ་ཚིག་མེད་པ་ལ་མི་བསྟན་པ་ནི། སངས་རྒྱས་རིན་པོ་ཆེ་ནི་སྣོད་པདྨ་འདབ་མ་བརྒྱད་པའི་གེ་སར་དང་ལྟེ་བར་བཅས་པའི་སྙིང་པོ་གནས་ཞེས་བྱ་བ་ནི། མཆོག་གི་དགའ་བ་དང་། ཆད་པའི་དགའ་བའི་
གནས་མ་ཡིན་པའི་ལྟེ་བའི་གནས་ཁྱད་པར་ཅན་ནོ། །ལངས་ནས་ནི་ཡེ་ཤེས་ཀྱི་འོད་ཟེར་གཟུགས་ཀྱིས་བཞེངས་པའི་ངོ་བོ་འདིའོ། །བདེ་བའི་པདྨ་ཞེས་བྱ་བ་ནི། བཅོམ་ལྡན་འདས་བདེ་བ་ཆེན་པོའི་གནས་རྟོག་མེད་མའི་ལམ་གྱི་གནས་ཀྱི་པདྨ་ནི་ཐབས་དང་ཤེས་རབ་གཉིས་དབྱེར་མེད་
པར་བཞུགས་པ་དང་། གཤེགས་པ་དང་བྱོན་པའི་གནས་སོ། །ཐིག་ལེ་ཁོང་དུ་ཆུད་པའི་ཕྱིར། །ཞེས་བྱ་བ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བའི་དོན་གྱིས་ཡེ་ཤེས་ཀྱི་འོད་ཀྱི་ཐིག་ལེའི་དོན་རྟོགས་པའི་རང་བཞིན་སྤྲོས་པ་མེད་པའི་གཏུམ་མོའི་གྲོགས་ལྟེ་བའི་ཐིག་

ལེས་བྱས་པ་དང་། དབྱེར་མེད་པའི་གཟུགས་སུ་འགྱུར་ཏེ། དེ་ཡང་གཤེགས་སོ། །གཤེགས་ནས་བརྟེན་པ་ཀུན་ཀ་ཚིག །ཅེས་བྱ་བ་ནི། གྱེན་ལ་གཤེགས་ཤིང་འོད་འབར་བའི་འོད་ཟེར་གྱིས་རྩའི་ནང་གི་རྣམ་པར་རྟོག་པའི་དངོས་པོ་ཇི་སྙེད་པ་དེ་སྙེད་ཡེ་ཤེས་ཀྱི་འོད་ཀྱིས་སྦྱངས་ཤིང་
བསྲེགས། ཐལ་བར་འགྱུར་བ་ནི་མ་ཡིན་ནོ། །དེའི་དོན་ནི་མི་དམིགས་པའི་རང་བཞིན་དུ་བྱས་པ་ལ་ནི་བསྲེགས་ཤིང་ཚིག་ཅེས་བྱའོ། །རྒྱལ་བའི་ཐིག་ལེ་ཁྱེར་ནས་ནི། །ཞེས་བྱ་བ་ནི། སྡིག་པ་ཐམས་ཅད་ལས་རྒྱལ་བ་ནི། དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད། བཅོམ་ལྡན་འདས་དེ་ཉིད་ཀྱི་
གཟུགས་ཀྱིས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བཞུགས་ནས། སྤྲོས་པ་དང་བྲལ་བའི་རང་བཞིན་དུ་བྱེད་པའི་དོན་ཏོ། །ཡང་ནི་ཞེས་བྱ་བ་ནི། སྔར་གྱི་ལམ་ནས་ཡང་སྔོན་དང་མི་འདྲ་བར་ཞེས་བསྣན་པའི་ཐ་ཚིག་གོ། །ཁྱོད་ནི་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་མོ་ཉིད་དེ་སྔར་བསྟན་པ་དང་།
ཕྱིས་འབྱུང་བ་དང་། ད་ལྟར་བཞུགས་པའི་གནས་དང་འབྲེལ་པའོ། །འདིར་བྱོན་པའི་དོན་ཞེས་བྱ་བ་ནི། ལྟེ་བའི་རང་བཞིན་དགའ་བའི་གནས་ནས་གཤེགས་ནས་ཡང་སླར་སྡུད་དེ་དེ་རང་དུ་བྱོན་ཞེས་བྱ་བའི་ཚིག་གི་དོན་ཏོ། །དེའི་གནས་ནི། ལྟེ་བའི་སྤྲུལ་པའི་པདྨ་ཞེས་བྱ་བ་ལ་སོགས་
པས་བསྟན་ཏེ། དེ་ཉིད་དུ་གསལ་བའི་ཕྱིར། མ་བཤད་པ་ཡིན་ནོ། །དེ་ཡིས་ནི་སྤྲོས་པ་མེད་པའི་ཕྱག་རྒྱ་ཆེན་པོའི་གཏུམ་མོ་ཡེ་ཤེས་ཀྱི་འོད་ལ་བརྟེན་པ་སྟེ། དགའ་བའི་རིམ་པས་རང་བཞིན་དགའ་བ་དེ་ཉིད་ལས་སྤྲོས་པ་མེད་པའི་རང་བཞིན་དགའ་བ་ཕྱག་རྒྱ་ཆེན་པོའི་རང་བཞིན་རྙེད་
པའོ། །ཁ་ཅིག་འཁོར་ལོ་བཞིའི་དབྱེ་བས་སྤྲོས་པ་དང་བཅས་པར་འདོད། ཁ་ཅིག་སྤྲོས་པ་ཡོད་རུང་མེད་རུང་། མཆོག་གི་ནམ་མཁའི་གནས་ནས་བྱོན་པ་ལ་སོགས་པའི་ཚིགས་བཅད་འདིར་རང་བཞིན་དགའ་བའི་གནས་གཉིས་ལ་སྦྱར་ཏེ། དེ་ཡང་བདེ་ཆེན་གྱི་གནས་དང་། སྤྲུལ་པ་
རུ་རང་བཞིན་དགའ་བ་སྐྱེ་བའི་དུས་ཀྱི་སྐབས་ཀྱི་གནས་སོ་ཞེས་ཟེར་རོ། །ཁ་ཅིག་སྤྲུལ་པའི་གནས་ཁོ་ན་ཞེས་སྨྲའོ། །དེ་བཞིན་ཁ་ཅིག་བདེ་བ་ཆེན་པོ་གཅིག་པུར་གནས་པ་དང་གཤེགས་པ་ལ་སོགས་པ་ཟེར་རོ། །ཚངས་པའི་ཡུལ་ལས་བྱེ་བ་མཐར། །ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་

ཀྱི་སེམས་བདེ་བ་ཆེན་པོའི་རང་བཞིན་གྱི་སྤྱི་བོའི་འཁོར་ལོ་ན་གནས་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཅན་ཡིན་པས་ཕྱག་རྒྱ་ཆེན་པོ་བཅོམ་ལྡན་འདས་ཡུམ་དང་། རྒྱུ་དང་འབྲས་བུའི་རང་བཞིན་དུ་གཅིག་པའི་ཕྱིར་དང་། རྒྱས་བཏབ་པའི་
ངེས་པའི་ཚིག་གསུངས་པ་ནི། དེའི་ཕྱིར་ཕྱག་རྒྱ་ཆེན་པོ་ཁྱོད་གྲགས་ཞེས་བྱའོ། །འདི་སྐད་དུ། རྒྱུ་ལ་འབྲས་བུས་རྒྱས་བཏབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་བཏབ། །ཅེས་གསུངས་པ་དང་། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་གསུངས་
པ་དང་། ཡང་ན། འཇིག་རྟེན་ཁམས་ནི་གང་དུ་ཡང་། །གཞན་ནས་སངས་རྒྱས་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །གཞན་ན་སངས་རྒྱས་བསྟན་དུ་མེད། །ཅེས་གསུངས་སོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་
ཉི་ཤུ་གཅིག་པའི་བཤད་པའོ།། །།སྔགས་ཀྱི་དོན་ལ་སོམ་ཉིར་གྱུར་པས་འདིར་ཞུས་པ་ནི། གསང་བའི་པད་སྙིང་རྒྱས་བྱེད་པ། །ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་དང་པདྨའི་སྒྲས་བཤད་པའི་ཐབས་དང་ཤེས་རབ་ཀྱི་པདྨ་འདབ་མ་དང་། ལྟེ་བར་བཅས་པའི་གསང་བའི་
ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་འབྱེད་པར་བྱེད་ཅིང་རྒྱས་པར་མཛད་པའི་ཕྱིར། གསང་བའི་པད་སྙིང་རྒྱས་བྱེད་པའོ། །ཇི་ལྟ་བའི་ཉི་མ་ཤར་བའི་བྱིན་གྱི་རླབས་ཀྱིས་པདྨའི་གཟུགས་ཀྱི་རྣམ་པར་སྨིན་པ་དང་འབྲེལ་པའི་དཔེ་བརྗོད་པའི་དོན་ཀྱང་དེ་བཞིན་ནོ། །རེ་ཞིག་ནི་རིམ་གྱིས་པའི་
དོན་ཡིན་ཏེ། འོག་ནས་འབྱུང་བ་དང་འབྲེལ་པའི་མཚན་ཉིད་དོ། །ཅིའི་ཕྱིར་གསང་བ་བཤད་ཅེས་བྱ་བ་ལ་སོགས་པ་ནི། དེར་གནས་དང་གསང་བའི་དོན་བཤད་པ། འདིར་གསང་བའི་དོན་གྱི་མཚན་ཉིད་རྒྱས་པ་དང་གནས་ཀྱི་དོན་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་
བྱ་བ་ལ་སོགས་པ་ལ། འཕོ་བ་དང་འཇིག་པ་ལ་སོགས་པ་དང་བྲལ་བའི་རི་བོང་ཅན་གྱི་གཟུགས་ནི། ག་པུར་དངོས་པོ་ཕུར་དང་བྲལ། །ཞེས་བྱའོ། །ཤེས་རབ་ཀྱི་སྐྱེ་གནས་ཀྱི་ཁྱད་པར་དེ་བཞིན་ཐབས་ལ་ཡང་ཡིན་པའི་རང་བཞིན་གནས་ནི་སྐྱེ་གནས་ཡིན་ཞེས་བྱའོ། །དེ་དག་ལ་

བརྟེན་པ་བྱམས་པས་དགའ་བ་ལ་སོགས་པའི་འབྲས་བུའི་དོན་འབྱུང་བ་བཅོམ་ལྡན་མོ་ལ་གསུངས་པ་ནི། དགའ་པ་སྦྱིན་པ་མོ་ཕྱག་རྒྱ། །ཞེས་བྱ་བའོ། །དེ་ལ་གསང་བའི་དོན་ནི་རྒྱུའི་རང་བཞིན་འབྲས་བུ་དང་བཅས་པ་གསུམ་གྱི་དབྱེ་བས་རབ་འབྲིང་དང་། ཐ་མའི་དོན་བསྟན་པ་ཡིན་
ནོ། །བཅོམ་ལྡན་མོ་ཡུམ་གྱིས་ཐ་མལ་པའི་འདོད་ཆགས་དང་འབྲས་བུ་དང་། ཐབས་དང་གསུམ་གྱི་དབྱེ་བས་རབ་དང་། འབྲིང་དང་། ཐ་མའི་དོན་བསྟན་པ་ཡིན་ནོ། །བཅོམ་ལྡན་མོ་ཡུམ་གྱིས་ཐ་མལ་པའི་འདོད་ཆགས་དང་། གོས་ཀྱིས་དོགས་པའི་ཕྱིར། བཅོམ་ལྡན་འདས་ལ་
གསོལ་བའོ། །བྱང་ཆུབ་སེམས་ནི་ག་པུར་གཟུགས། །ཞེས་བྱ་བ་ལ་སོགས་པ་ལ། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་གང་ཟག་སོ་སོའི་སྐྱེ་བོ་ཐམས་ཅད་ལ་ཡོད་པའི་ཕྱིར་དང་། ཕོ་དང་མོའི་སྐྱེ་གནས་ཀྱིས་ཕྱེ་ནས། འདོད་ཆགས་ལ་སོགས་པའི་སྤྱོད་པ་ཀུན་བྱེད་ཅིང་གནས་
ཀྱང་མཚུངས་པ་ཡིན་པའི་ཕྱིར། གང་ཟག་ཀུན་གྱི་གསང་བའི་དོན་ངེས་པ་ཁོ་ནར་ཤེས་ཤིང་ཁོང་དུ་ཆུད་པའི་དོན་གྱིས་དབང་བསྐུར་བའི་དོན་དང་དམ་ཚིག་དང་། ཐོས་པ་ལ་སོགས་པ་མི་དགོས་པར་འགྱུར་བས་ན་ཅི་ཞིག་བྱ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་
ཞེས་བྱ་བ་ལ་སོགས་པ་འོན་ཀྱང་ནི། མ་རངས་པའི་ཚིག་ཏུ་རིག་པར་བྱའོ། །དྲང་བའི་དོན་གྱི་ཚིག་གིས་ལྡན། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ག་པུར་ཀུན་རྫོབ་ཀྱི་དངོས་པོའི་གཟུགས་ལ་ཡང་ཡོན་ཏན་ཡོད་པ་ཡིན་པ་དང་། དེ་བཞིན་དུ་གནས་ལ་ཡང་སྦྱར་བར་བྱ་སྟེ།
རྟེན་གྱི་དོན་གྱི་ཕྱིར་ཡང་དག་ངེས་པའི་དོན་ཞེས་བྱ་བ་ནི། རྟེན་ཀུན་རྫོབ་ཀྱི་གཟུགས་གནས་དང་། བྱང་ཆུབ་ཀྱི་སེམས་ག་པུར་དྲང་བའི་དོན་གྱི་ཚིག་ལ་བརྟེན་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ངེས་པའི་དོན་ཡང་དག་པའི་ཚིག་དང་། རྟེན་ལ་སོགས་པའི་མཚན་ཉིད་
སྤངས་པ། རྟེན་དང་རྟེན་ལས་རྙེད་པ་དེ་ནི། རྒྱུ་དང་འབྲས་བུའི་བདག་ཉིད་དོ། །དེའི་ཕྱིར་རྟེན་མེད་ན་འབྲས་བུ་ཇི་ལྟར་རྙེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ལུས་ཀྱི་དངོས་མེད་ཇི་ལྟར་འདི་རུ་སེམས། །ཞེས་བྱ་བ་ནི། དཔེར་ན་ལུས་མེད་པར་སེམས་གནས་པའི་གཞི་མེད་པ་

བཞིན་ཁུ་བའི་གཟུགས་མེད་ན་བདེ་བའི་རང་བཞིན་མེད་པ་ནི་བདེ་བ་ཁོ་ན་ཉིད་ཡིན་ནོ། །དེ་སྐད་དུ། ལུས་ཀྱི་དངོས་མེད་ཅི་སྟེ་བདེ། །བདེ་བ་བརྗོད་པར་ཡོང་མི་ནུས། །ཁྱབ་བྱ་ཁྱབ་བྱེད་རང་བཞིན་དུ། །འགྲོ་བ་རྣམས་ལ་བདེ་བས་ཁྱབ། །ཇི་ལྟར་མེ་ཏོག་ལ་གནས་དྲི། །
མེ་ཏོག་དངོས་མེད་ཤེས་མི་འགྱུར། དེ་བཞིན་གཟུགས་སོགས་དངོས་མེད་ན། །བདེ་བ་དམིགས་སུ་མེད་པ་ཉིད། །ཅེས་གསུངས་པ་དང་། ཡང་། ཁུ་བ་མེད་ན་བདེ་མེད་འགྱུར། །བདེ་དང་བྲལ་ནའང་དེ་མེད་འགྱུར། །ལྟོས་བཅས་ནུས་པ་མེད་པའི་ཕྱིར། །ལྷ་ཡི་སྦྱོར་བས་བདེ་བའོ། །ཞེས་
གསུངས་སོ། །ཇི་ལྟར་དོན་མཐུན་གསང་ཚིག་དེ་ནི་གསང་། །ཞེས་བྱ་བ་ནི། ལུས་དང་མེ་ཏོག་ལ་སོགས་པའི་བདེ་བ་དཔེ་བསྟན་པ་རྣམས་དང་། དེ་བཞིན་འདིར་མཐུན་པར་བཤད་པའི་ཚིག་དང་འབྲེལ་བར་དོན་མཐུན་པ་འདི་ནི། རྟེན་གྱི་རྒྱུའི་གསང་བའོ། །ད་ནི་འབྲས་བུའི་གསང་
བའི་དོན་བཤད་པར་བྱ་སྟེ། དྲང་བའི་དོན་མིན་ངེས་པའི་དོན་ཡང་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་ཐབས་དང་བཅས་པའི་གསང་བའི་དོན་བཙལ་བར་བསྟན་ཏེ། ཡང་ན་མོས་པ་འབྲིང་གི་དོན་གྱིས་སུ། །ཞེས་བྱ་བ་ལ་སོགས་པ་ལ། མཆོག་གི་དགའ་བ་ཞེས་བྱ་བ་ནི།
དགའ་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི། རང་བཞིན་དགའ་བའི་ངོ་བོ་བཞི་པ་འདི་ཡིན་ནོ། །སྦྱིན་པ་ནི་ཆད་པའི་དགའ་བའི་རྒྱུའི་མཚན་ཉིད་ཀྱིས་བཞི་པའི་འབྲས་བུ་གཟུགས་སུ་སྟེར་བའི་དོན་ཏོ། །དེའི་ཕྱིར། འབད་པས་ཆད་དགའ་སྲུང་བར་བྱེད། །ཅེས་བྱ་བ་ལ་སོགས་པ་
ལ་ཆད་པའི་དགའ་བའི་གནས་སུ་ཤེས་རབ་དང་ཐབས་ཀྱི་སྦྱོར་བ་བྱས་པ་ལས། བྱང་ཆུབ་སེམས་བབས་པ་དེ་རྡོ་རྗེའི་འཁོར་ལོར་མཆོག་གི་དགའ་བ་དེ་ལས་འཕོས་པ་ཉིད་འབད་པ་སྟེ། ཡེ་ཤེས་ཀྱི་རླུང་འགུགས་པའི་སྲུང་བར་བྱེད་པའོ། །དེ་ཉིད་ལས་རང་བཞིན་དགའ་བ་ཉམས་
སུ་མྱོང་བ་རྙེད་པར་འགྱུར་རོ། །དེའི་འབྲས་བུ་ནི་གསང་བའི་དོན་ཏེ། བཞི་པའི་རྡོ་རྗེའི་སྐུ་ཟག་པ་མེད་པ་བདེ་བ་དུས་ཐམས་ཅད་པར་རྒྱ་ཆེ་བ། སྤྲོས་པའི་མཚན་མ་མི་མངའ་བའི་རང་བཞིན་གྱི་ཡེ་ཤེས་ཏེ། རབ་ཀྱི་གསང་བ་ཞེས་བྱ་བ་འབྲས་བུའི་དོན་ཏོ། །གཞན་ན་རེ་ཆད་པའི་དགའ་

བ་ནས་རང་བཞིན་དགའ་བར་འོག་ཏུ་འཕོ་བ་སྟེ། དེ་ཡང་གོང་མ་པའི་ཡོན་ཏན་གྱིས་འོག་མ་ཐུབ་པ་དེ་ལས་འབྲས་བུའི་དོན་རྙེད་ཀྱི་སྐྱེ་བ་མ་ཡིན་ནོ་ཞེས་ཟེར་རོ། །ནོར་མདུད་སྙིང་ག་ཡི་ནི་གསང་། །ཞེས་བྱ་བ་ནི། རིན་པོ་ཆེའི་ནོར་བུའི་མདུད་པའི་དཀྱིལ་གྱི་ལྟེ་བའི་སྙིང་གའི་གནས་ནི་
གསང་བའི་གཞི་དང་བཅས་པའི་དོན་བསྟན་པའོ། །བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞེས་བྱ་བ་ནི། གནས་ཁྱད་པར་ཅན་དུ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང་རང་བཞིན་དགའ་བ་དང་ལྡན་པར་བཞུགས་པའི་ཐ་ཚིག་གོ། །ཐབས་ཀྱི་གཟུགས་ལ་གནས་ཀྱི་བྱེ་བྲག་དང་།
བྱང་ཆུབ་སེམས་ཀྱི་རྣམ་པ་ཇི་ལྟ་བ་བཞིན་ཤེས་རབ་མ་ལ་ཡང་གནས་པ་ནི། ཤེས་རབ་མ་ཡི་དེ་བཞིན་ནོ། །ཞེས་བྱ་བའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ཉི་ཤུ་གཉིས་པའི་བཤད་པའོ།། །།གསང་བའི་དོན་རང་བཞིན་དགའ་བའི་
མཚན་ཉིད་དུ་གསུངས་པའི་རྗེས་སུ་བར་ཅིས་ཀྱང་མཆོད་པ། དེ་ནས་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོ་ཡང་ཞུ་བར་བྱེད་དོ་ཞེས་བྱ་བ་ནི། སྔར་ཞུས་པ་དེ་ཡིན་པའི་དོན་ལ་ཡང་ཞུ་ཞེས་བྱ་བར་སྦྱར་བར་བྱའོ། །མགོན་པོ་ཐམས་ཅད་གཏན་ལ་ཕབ། །ཇི་ལྟར་རང་བཞིན་ཡིན་པ་ལས། །
ཞེས་བྱ་བ་ནི། སྐྱབས་མེད་པ་རྣམས་ཀྱི་སྐྱབས་མགོན་བྱེད་པ་ཁྱོད་ཡིན་ཞེས་བོས་ནས། རྒྱུད་ཀྱི་རིམ་པ་འདི་ཉིད་ཀྱི་ཕྱི་དང་ནང་ལ་སོགས་པའི་ཆོས་རྣམས་ཐམས་ཅད་གསུངས་ཤིང་བཤད་དེ་གཏན་ལ་ཕབ་ན། དེ་རྣམས་ཐམས་ཅད་ཀྱི་གསང་བའི་དོན་རང་བཞིན་དགའ་བ་མཆོག་ཏུ་གྱུར་
པ། དབང་པོ་ལས་འདས་པ། ཟག་པ་མེད་པའི་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཇི་ལྟ་བུ་ལགས་ཞེས་ཞུས་པའི་ཕྱིར་རོ། །དེ་ཇི་ལྟ་བུའི་ཚིག་ཐོས་ནས་ཞེས་བྱ་བ་ལ་སོགས་པ་ནི། ཞུས་པའི་ཚིག་ལ་ལན་བཀའ་མ་སྩལ་པར་ཅང་མི་གསུང་བར་མཚན་མ་མེད་པའི་རང་
བཞིན་གྱིས་མི་སྣང་བའི་ངོ་བོ་བདེ་བ་ཆེན་པོ་གཉིས་སུ་མེད་པའི་དོན་ལ་བཞུགས་པ་ཙམ་གྱིས་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་དོན་ཏོ། །འདིའི་དོན་ནི་འདི་རང་གི་འོག་ནས་རྒྱས་པར་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་བརྗོད་དུ་མེད་པ་དང་། རྟོག་གེ་མེད་པ་དང་། བཙལ་

དུ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་འཕགས་པ་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་གཉིས་སུ་མེད་པའི་དོན་སླར་དྲིས་པས། དྲི་མ་མེད་པར་གྲགས་པ་ཅང་མི་གསུང་པའི་
ཚུལ་དང་མཚུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་གསུངས་པ་རྣམས་ནི་གོ་སླའོ། །འདིའི་རྒྱུད་ལས་བདག་ལས་གཞན་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཡེ་ཤེས་ཐིག་ལེའི་རྒྱུད་འདིར་བཅོམ་ལྡན་འདས་ཀྱི་རང་བཞིན་
གྱི་དོན་དང་དཔའ་བོ་རྣམས་ཀྱི་རང་བཞིན་གྱི་དོན་གྱི་མཚན་བརྡར་བསྟན་པ་ཐ་དད་པ་རུ་ཡོད་པ་ནི་མ་ཡིན་ཏེ་གཅིག་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། དཔའ་བོ་རྣམས་དང་ལྟ་སྨོས་ཀྱང་ཅི་དགོས་བཅོམ་ལྡན་འདས་ཉིད་ལས་འདིའི་ཆོས་ཐམས་ཅད་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་
བསྟན་པའི་ཕྱིར་རོ། །དེ་ནི་ལྟེ་བའི་གསང་བའི་པད། །ཅེས་བྱ་བ་ལ་སོགས་པའི་སྒྲའི་དབྱི་གཞུག་གིས་སྔོན་བཞིན་ནོ། །ན་མའི་དོན་གྱིས་ཤེས་རབ་ཀྱི་པདྨ་དང་། ཐབས་ཀྱི་ནོར་བུ་རིན་པོ་ཆེའི་སྒྲས་ཆད་པའི་དགའ་བ་དང་མཆོག་གི་དགའ་བའི་རྒྱུ་དེ་དག་སྦྱོར་བ་ལས་རང་བཞིན་
དགའ་བའི་རྒྱལ་པོ་ཉིད་ནི། བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེའི་མཚན་ཉིད་ཀྱི་དོན་དང་། དཔའ་བོ་རྣམས་ཀྱི་ཡང་གསུངས་པ་ཡིན་ནོ། །དེའི་ཕྱིར་ཆོས་ཐམས་ཅད་ཀྱི་གསང་བའི་འབྲས་བུའི་དོན་དང་རང་བཞིན་དགའ་བ་བཅོམ་ལྡན་འདས་ཀྱིས་དོན་དུ་བསྡུས་པ་འདི་
ཡིན་ནོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ཉི་ཤུ་གསུམ་པའི་བཤད་པའོ།། །།བཅོམ་ལྡན་འདས་མོས་གསོལ་བ་ཞེས་བྱ་བ་ལ་སོགས་པ་ནི། ཆུའི་དབང་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ལ་སོགས་པའི་
དབང་བསྐུར་བའི་དུས་སུ། དཀྱིལ་འཁོར་གྱི་བྱེ་བྲག་དང་། རྡོ་རྗེ་སློབ་དཔོན་བླ་མས་ཆོ་ག་གང་གིས་དབང་བསྐུར་བ་སྦྱིན་ཞིང་། སློབ་མས་ཚུལ་ཇི་ལྟར་ཞུ་ཞིང་བླང་ཞེས་ཞུས་པའོ། །ཆུ་ལ་སོགས་པའི་དབང་དུས་སུ། །ཞེས་བྱ་བ་ནི། ཆུའི་དབང་དང་། དབུ་རྒྱན་དང་། རྡོ་རྗེ་

དང་དྲིལ་བུ་དང་། མིང་ལ་སོགས་པའི་དབང་བཅུ་གཅིག་པོ་རྣམས་བསྐུར་བའི་དུས་སུ། དཀྱིལ་འཁོར་གྱི་རྣམ་པ་ནི། རྡུལ་ཚོན་ལ་སོགས་ཞེས་བྱ་བ་ནི། སོགས་པའི་སྒྲས་ཐང་ཀའི་དཀྱིལ་འཁོར་དང་། འབུར་དང་། ལུགས་མ་བཤད་པར་ཤེས་སོ། །གསང་བའི་དབང་
བསྐུར་དུས་སུ་ནི། །ཞེས་བྱ་བ་ལ་སོགས་པ་ནི། པདྨ་དང་། ཀུ་མུ་ད་དང་། ཨུཏྤལ་དང་། མན་དཱ་ར་བ་དང་། དེ་བཞིན་དུ་མེ་ཏོག་གི་ཁྱད་པར་གང་ཡང་རུང་བའི་དཀྱིལ་འཁོར་བྱས་པ། གསང་བའི་དབང་བསྐུར་སྦྱིན་པར་བྱའོ། །ཡང་ན་མེ་ཏོག་ནི། པདྨ་དང་། ཀུ་མུ་ད་ཡིས་
མཚོན་ནས་དཀྱིལ་འཁོར་བྲི་བར་བྱ། དགྲམ་པར་བྱ་ཞིང་གཟོར་བྱའོ། །ཞེས་འདིའི་བརྡར་བསྟན་པའོ། །དེ་བཞིན་དུ་རྡུལ་ཚོན་ལ་སོགས་པའི་ཡང་བཤད་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུས་སུ་ཞེས་པ་ལ་སོགས་པ་ནི། ཙནྡན་དང་། གླ་རྩི་དང་། གུར་ཀུམ་
དང་། ག་པུར་དང་། ཨ་ཀ་རུ་ལ་སོགས་པ་དྲི་ཞིམ་པོ་སྣ་ཚོགས་པའི་དཀྱིལ་འཁོར་བྱས་ལ་དབང་བསྐུར་སྦྱིན་པར་བྱའོ། །ཡང་ན་གུར་ཀུམ་དང་། ག་པུར་གྱིས་དཀྱིལ་འཁོར་བྲི་བར་བྱ་ཞེས་ནང་དུ་བསྟན་པའོ། །ད་ནི་དབང་བསྐུར་བའི་མཚན་ཉིད་སྟོན་ཏེ། ལས་དང་པོའི་དང་
པོ་ལ་ཞེས་པ་ལ་སོགས་པའོ། །སྦྱང་བ་མ་བྱས་པའི་སེམས་ཅན་རྣམས་ལ། ཆུ་དང་། དབུ་རྒྱན་དང་། རྡོ་རྗེ་དང་། དྲིལ་བུ་དང་། མིང་དང་། དམ་ཚིག་གསུམ་དང་། བརྟུལ་ཞུགས་དང་། ལུང་བསྟན་པ་དང་། སྐྱབས་སྦྱིན་དེ་རྣམས་ངེས་པའི་དོན་དུ་སྦྱིན་པར་བྱའོ། །ཤེས་
རབ་ཅན་དྲང་བའི་དོན་ཏེ་ཞེས་བྱ་བ་ནི། སྦྱང་བ་བྱས་པའི་ཤེས་རབ་ལྡན་པ་ལ་དྲང་བའི་དོན་དུ་དེ་རྣམས་སྦྱིན་པའོ། །ཅིའི་ཕྱིར་ཞེ་ན། དབང་པོ་རབ་ཀྱི་ཡང་རབ་ཡིན་པའི་ཕྱིར་ན། བསོད་ནམས་ཆེན་པོས་ཡོངས་སུ་སྨིན་པའི་མཚན་ཉིད་ཅན། ཇི་ལྟར་པདྨ་ཡོངས་སུ་སྨིན་པ་ལས་
ཉི་མའི་འོད་ཀྱིས་རེག་པ་ཙམ་གྱིས་རྒྱས་པར་གྱུར་པའོ། །པདྨ་ཡོངས་སུ་མ་སྨིན་པ་རྣམས་ནི། རྒྱས་པ་མ་ཡིན་ཡང་། འོན་ཀྱང་དུས་ཕྱིས་རྒྱས་པར་འགྱུར་རོ། །དེ་བས་ན་ས་ལ་སོགས་པའི་འབྲས་བུ་ཐོབ་ཅིང་སྦྱང་བ་བྱས་པའི་དོན་ཏེ། མཆོག་གི་བླ་མ་དང་འཛོམ་པའོ། །ད་ནི་

གསང་བའི་དབང་བསྐུར་བ་བསྟན་ཏེ། ནོར་བུའི་མགྲིན་པར་བྱང་ཆུབ་སེམས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ་མའི་གསང་བའི་དབང་བསྐུར་བའི་དུས་སུ་ཡེ་ཤེས་བསྐྱེད་པའི་རིམ་པ་ནི་འདི་ཡིན་ཏེ། རྐེ་ཡི་དབུས་སུ་རྩ་གཉིས་ནི། །ཞེས་བྱ་བ་ལ་
སོགས་པ་ནི་གོ་སླའོ། །མཐེ་བོ་མཐའ་ལྟག་གཉིས་ཀྱིས་མནན། །ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་རྡོ་རྗེ་དང་པདྨའི་བདག་ཉིད་ཀྱི་རང་བཞིན་དུ་བསམས་ཏེ། རྩ་བཙིར་བ་ལ་རྟོག་པ་མེད་པའི་ཡེ་ཤེས་སྐྱེ་བ་འདི་ནི། གསང་བའི་དབང་གི་དོན་ཡིན་ཏེ། དེ་ནས་ཡེ་ཤེས་
འབྱུང་བར་འགྱུར། །ཞེས་གསུངས་སོ། །དེའི་དཔེ་ཡི་རང་བཞིན་ནི། བུ་མོས་རྙེད་པའི་བདེ་ཇི་བཞིན། །ཞེས་བྱ་བ་ནི། སྐྱེས་པ་དང་ཕྲད་པའི་བུ་མོ་གཞོན་ནུ་མའི་བདེ་བ་དེ་གཞན་དག་ལས་བསྟན་ཞིང་བརྗོད་པར་མི་ནུས་པ་ཇི་ལྟ་བ་བཞིན་དུ། རྩ་མནན་པའི་ཡེ་ཤེས་ཀྱང་དོན་
དེ་ལྟར་རོ། །གཞན་ཁ་ཅིག་ནི་མ་ནིང་ལ་སོགས་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཐབས་དང་། ཡེ་ཤེས་སུ་བཅས་པ་ཡིན་ནོ་ཟེར་རོ། །འདི་སྐད་དུ། ཇི་ལྟར་གཞོན་པའི་ཆགས་དགའ་དང་། །ཇི་ལྟར་ལྐུགས་པའི་རྨི་ལམ་བཞིན། །ཞེས་བྱ་བ་གསུངས་སོ། །ཡང་
ཁ་ཅིག་ན་རེ། རྐེ་ཡི་དབུས་སུ་རྩ་གཉིས་ནི། །ཞེས་བྱ་བ་ལ་སོགས་པ་ནི། རྒད་པོ་དང་སྐྱེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཡེ་ཤེས་ལ་བྲལ་བའི་དགའ་བ་ཉམས་སུ་མྱོང་བ། དུལ་བའི་མཐེ་བོང་དང་མཐའ་ལྟག་གི་རྩོལ་བ་ལས་སྐྱེ་བའི་དོན་ཏོ་ཞེས་ཟེར་རོ། །ད་ནི་
ཤེས་རབ་ཡེ་ཤེས་ཀྱི་དབང་སྟོན་ཏེ། རེག་བྱ་ཆེན་པོས་དགའ་བ་ཆེ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སློབ་དཔོན་གྱིས་གཞོན་ནུ་མ་ལ། རྡོ་རྗེ་དང་པདྨ་སྦྱོར་བ་ལས་ནང་གི་རེག་བྱ་ཆེན་པོའི་མཚན་ཉིད་དགའ་བའི་དོན་ཉམས་སུ་མྱོང་བ་དང་། དེ་ལས་མཆོག་གི་དགའ་བ་ལ་
སོགས་པའི་བདེ་བ་བདག་དང་ཤེས་རབ་མ་གཉིས་ཀས་མྱོང་བའི་དོན་རང་བཞིན་དགའ་བ་རྫོགས་པའི་རིམ་པས་དབང་རྫོགས་པར་བསྐུར་བས་ཤེས་རབ་ཀྱི་དད་པ་སྐྱེད་པ་དང་། ཡང་སློབ་མ་དེ་ལྟ་བུའི་དོན་བསྟན་ཅིང་། ཕན་འདོགས་ནུས་པའི་ཕྱིར། དགའ་བ་རྣམས་དང་།

སྐད་ཅིག་མ་རྣམས་ཀྱི་དོན་བསྟན་ཅིང་དོན་དུ་ཡང་གཞུག་པ་ནི། དགའ་སོགས་བྱེ་བྲག་མགུ་བར་བྱ། །ཞེས་བྱ་བའི་དོན་ཏོ། །གཞན་མ་བཤད་པ་ནི། རྩ་བ་ནས་གསལ་བའི་དོན་གྱིས་སོ། །ད་ནི་སློབ་མ་དབང་བསྐུར་ཞིང་སྐྱབས་སྦྱིན་གྱི་ཆོ་ག་གཞན་དུ་སྟོན་ཏེ། དེ་ནས་
སློབ་མ་ལ་སྦྱིན་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་བསྐུར་བའི་རིམ་པ་དེ་རྣམས་ནི་ལས་དང་པོ་པ་རྣམས་ལ་སྦྱིན་ནོ། །ཤེས་རབ་ཅན་གྱི་སློབ་མ་ལ་ནི། བྱ་བ་དང་བྲལ་བའི་དབང་སྦྱིན་པ་ཡིན་ཏེ། ནང་ལ་སོགས་པ་བུམ་པ་དང་། གསང་བ་དང་ཤེས་རབ་ཡེ་ཤེས་དང་
བཞི་པ་རྣམས་སོ། །འོན་ཀྱང་རྒྱུད་ལས་ནི་འདི་སྐད་དུ། དང་པོའི་དགའ་བ་དང་ལྡན་པ། །ལས་དང་པོ་ལ་སྦྱིན་པར་བྱ། །གཉིས་པ་དགའ་བ་དང་ལྡན་པ། །སྣང་བ་གསུམ་ནི་ཐབས་ལ་སྦྱིན། །གསུམ་པ་དགའ་བ་དང་ལྡན་པ། །ཆོས་ཀྱི་སྤྲིན་རྙེད་ངེས་པས་སོ། །བཞི་པའི་དགའ་
བ་དང་ལྡན་པའི། །ཀུན་དུ་འོད་རྙེད་ས་ལ་སྦྱིན། །ཞེས་གསུངས་སོ། །བླ་མའི་ཞལ་སྔ་ནས་ལས་དང་པོ་པ་དེ་གཉིས་ནི་གཅིག་ལ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ས་དང་པོ་པ་དང་། སློབ་བཞིན་པའི་ཁྱད་པར་གྱི་ཕྱིར་ནི་རྒྱུ་གཉིས་སུ་མིང་ཙམ་མཐུན་
ཡང་། དོན་ནི་དེ་ལྟ་མ་ཡིན་ནོ། །དཔེར་ན་ལྷའི་བུ་ཚངས་པ་དང་། དེ་བཞིན་གཤེགས་པའི་ཚངས་པ་བཞིན་ནོ་ཞེས་གསུངས་སོ། །མཐའ་ནི་རྣམ་པར་འབྱེད་པར་ཤེས། །ཞེས་བྱ་བ་ནི། ཆད་པའི་དགའ་བའི་ཕོ་བྲང་ཡེ་ཤེས་བཅོ་ལྔའི་རྣམ་པ་ལ་འབྱེད་པ་ནི། རྣམ་པར་འབྱེད་
པའི་ཡེ་ཤེས་ལ་རྟེན་དང་བཅས་པའི་དངོས་པོ་རྣམས་ཀྱི་བྱེ་བྲག་གོ། །བཅོམ་པའི་ཕྱིར་ཞེས་བྱ་བ་ནི། དེ་རྣམས་ཀུན་གྱི་ཉོན་མོངས་པའི་རྣམ་པར་རྟོག་པའི་མཚན་མ་ཇི་སྙེད་བཅོམ་པའི་ཕྱིར་ནི། རང་བཞིན་དགའ་བའི་མཚན་ཉིད་དུ་འགྱུར་བའོ། །དེའི་རྟེན་གྱི་ཁྱད་པར་དང་།
བསྐྱེད་པའི་རིམ་པར་རྫོགས་པའི་ཡེ་ཤེས་ཆེན་པོ་མཐོང་བཞིན་རྙེད་པར་འགྱུར་བར་བཤད་པའོ། །དེའི་ཕྱིར་ན་རྣམ་པར་འབྱེད་པ་བཅོམ་མཐར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་སྐད་དུ། ཡེ་ཤེས་ཆེན་པོ་སྐུ་དང་བྲལ། །གཉིས་སུ་མེད་པར་ནམ་མཁའ་བཞིན། །ཞེས་

གསུངས་སོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ཉི་ཤུ་བཞི་པའི་བཤད་པའོ།། །།མངོན་སུམ་ཞེས་བྱ་བ་ནི། ཉིད་ཀྱིས་མངོན་སུམ་དུ་ཉམས་སུ་མྱོང་ནས། གཞན་ལ་ཡང་དེ་བཞིན་གཤེགས་པའི་དོན་བསྟན་
པའམ། རྗེས་སུ་དཔག་པ་ནི་ཉམས་སུ་མྱོང་བར་དགོངས་པའི་དབང་གིས་གཞན་དག་ལ་རྟགས་ཀྱི་མཚན་ཉིད་ལ་བརྟེན་ནས་གསུངས་པ་ཡིན་པའམ། རྒྱུ་དང་འབྲས་བུ་མཐུན་པ་མ་ཡིན་ན་ནི། འགལ་བར་འགྱུར་བ་ཡིན་པས། དཔེར་ན་འབྲས་ཀྱི་ས་བོན་ལས་འབྲས་འབྱུང་བ་ནི་
རིགས་པ་ཡིན་པ་དང་། ས་བོན་ལས་འབྲས་བུ་སཱ་ལུ་སྐྱེ་བ་ནི་མི་རིགས་པའི་ཕྱིར། ས་བོན་དང་འདྲ་འབྲས་བུའམ། །ཞེས་བྱ་བ་ལ་སོགས་པའི་དོན་གསུངས་པ་ནི་དགོངས་པས་བཤད་པའོ། །གསང་སྣ་པདྨའི་སྙིང་པོ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཐབས་རྣལ་འབྱོར་པའི་
གསང་བའི་རྡོ་རྗེ་རིན་པོ་ཆེའི་རྩེ་མོར་རང་གི་གནས་ན་ཆུ་སྐྱེས་པདྨ་བརྒྱད་པའི་འོག་ན་གསུམ་པ་ལྟེ་བ་དང་བཅས་པའི་སྙིང་པོ་ནི་ཚིག་རྒྱས་པའི་གནས་ཡིན་ཏེ། ཕྱག་རྒྱ་རྣམས་ལས་གང་ཡང་རུང་བ་གཅིག་གིས་སྦྱོར་བ་བྱས་པ་ལས། ཡེ་ཤེས་ཀྱི་མེ་འབར་བར་འགྱུར་བ་དང་།
ཡང་དབྱེར་མེད་པའི་རྡོ་རྗེ་བདེ་བ་བྱང་ཆུབ་ཀྱི་སེམས་སླར་རང་གི་གསང་བའི་རྡོ་རྗེའི་རང་བཞིན་དགའ་བའི་གནས་སུ་གཤེགས་པ་ཉིད་ཀྱིས་རྒྱས་པའི་དོན་ནི་རིམ་གྱིས་ཡེ་ཤེས་སྙིང་པོའི་བདག་ཉིད་རྒྱལ་པོའོ། །ཡང་ན་ཐམས་ཅད་ཀྱི་ནི་ཚིག །ཅེས་བྱ་བ་ལ་སོགས་པ་ལ། སྙིང་པོ་ནི་གཟུང་བ་
དང་འཛིན་པ་གཉིས་སྤངས་པའི་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དབྱེར་མི་ཕྱེད་པའི་མཚན་ཉིད་ཅན་རྡོ་རྗེ་བྱ་གདོང་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་དབྱིབས་ཁ་ཁྭ་མུ་ཁའི་རྩ་དབྱིབས་ནི་ཤེས་རབ་མའི་དབང་དུ་བྱས་ཏེ། འདབ་མ་དང་ལྟེ་བ་ལ་སོགས་པ་ནི་སྔར་
བཞིན་ནོ། །དེ་ལ་རྡོ་རྗེ་རྩེ་མོ་ཡིས། །ཞེས་བྱ་བ་ནི། ཐབས་ཀྱི་གསང་བའི་རྡོ་རྗེ་རིན་པོ་ཆེ་དང་། སངས་རྒྱས་རིན་པོ་ཆེ་གཉིས་ཁ་སྤྲད་པ་ལས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུགས་ཀྱི་བདག་ཉིད་ལ་རྒྱུ་བྱེད་པའི་དངོས་པོ