Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 8

Văn bản gốc(Tây Tạng)

Trang 18 / 22 (50.000 ký tự/trang)
འོ། །ཕྱེ་བ་དེ་ནི་རྒྱས་པར་མཛོད། །ཅེས་བྱ་བ་ནི། རྡོ་རྗེ་དང་

པདྨའི་དོན་གྱིས་སྙིང་པོ་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཀྱི་བྱ་གདོང་མ་ཁོང་དུ་ཆུད་པ་ནི། ཚིག་རྒྱས་པའི་དོན་ཏོ། །ཨེ་ཏ་བི་གལ་གཉིས་ཀྱི་དབུས། །ཞེས་བྱ་བ་ནི། གཡས་པ་ནི་གཡོན་པའི་རྩ་གཟུང་འཛིན་གྱི་དངོས་པོ་དང་བཅས་པས་རྟོག་པ་ཅན་གྱི་མཚན་ཉིད་དང་གཅིག་པ་མ་
ཡིན་པའི་རང་བཞིན་དབུས་ན་གཉིས་དང་བྲལ་བ། གཉིས་པའི་བདག་ཉིད་བདེ་བ་དང་བཅས་པའི་ཕྱིར་རྟོག་མེད་མའོ། །སོ་ཤོ་མ་ཡེ་ཤེས་ངོ་བོ་ཉིད་ཅེས་བྱ་བ་ནི། ཀུན་རྫོབ་དང་དོན་དམ་པའི་གཟུགས་ཀྱི་ཞུ་བ་མེད་པ་ཤིན་ཏུ་ཕྲ་བའི་ཡེ་ཤེས་རྒྱུན་མི་འཆད་པ་ནི་འབབ་པའི་རྒྱུ་
བ། གཟུང་འཛིན་སྤངས་པའི་རྩ་ཉིད་ཀྱི་མིང་གི་རྣམ་གྲངས་ནི་མཚན་ཉིད་སྤངས་པའི་གཟུགས་སུ་གནས་ཞེས་བྱའོ། །ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་དོན་རྟོགས་པར་བྱ་བ་གསུངས་པ། བསྲུབ་དང་བསྲུབ་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པའོ། །ལས་ཀྱི་
ཕྱག་རྒྱ་ལ་ལྟོས་པ་མེད་པར་ཚིག་རྒྱས་པའི་སྙིང་པོའི་དོན་བཤད་པ་ནི། ལྟེ་བའི་དབུས་ནས་སྨིན་འཁོར་ལོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁ་ཅིག་ན་རེ་ལས་ཀྱི་ཕྱག་རྒྱའི་བསྲུབ་པ་དང་བསྲུབ་པའི་རྒྱུས། ལྟེ་བའི་གནས་ནས་སྨིན་འཁོར་ལོ། །ལ་སོགས་པ་ཡིན་
པར་འགྱུར་བའོ་ཞེས་ཟེར་རོ། །ད་ནི་རང་བཞིན་དགའ་བ་བདེ་བ་ཆེན་པོའི་རྒྱལ་པོའི་དོན་བཤད་ཚིག་རྒྱས་པའི་ཞེས་བྱ་བའི་སྒྲས་གསལ་བར་སྟོན་ཏེ། མ་ནི་བསྲུབ་དང་བསྲུབ་པ་སྟེ། །ཞེས་བྱ་བ་ལ་སོགས་པའི་སྒྲས་གསུངས་པའི་དོན་ནི། ལེའུ་བཅུ་བཞི་པའི་སྒྲའི་དབྱི་གཞུག་
བསྟན་པ་བཞིན་དུ་བྱའོ། །བསྲུབ་པ་དང་བསྲུབ་པ་ནི་ཐབས་དང་ཤེས་རབ་ལ་བརྟེན་པའི་དོན་སྟོན་པ་ནི་དགའ་བ་ལ་སོགས་པའི་འབྲས་བུའི་དོན་ནི་གོ་སླ་བས་མ་བཤད་དོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ཉི་ཤུ་ལྔ་པའི་
བཤད་པའོ།། །།དེ་ཁོ་ན་ཉིད་ཀྱི་སྙིང་པོའི་དོན་སྟོན་པའི་ལེའུ་འབྱུང་བ་ལ་ནི། དེ་ནས་གཞན་ཉོན་བདག་གིས་བཤད། །ཅེས་བྱ་བ་སྟེ། བཅོམ་ལྡན་འདས་ཀྱིས་སྡུད་པ་པོ་ལ་བོས་ནས་འདིའི་ཟབ་མོའི་དོན་ཉིད་དུ་བསྡུས་ཏེ་གསུངས་པའོ། །ཡེ་ཤེས་རབ་མཆོག་

བཤད་ཅེས་བྱ་བ་ནི། རྒྱུད་འདི་དབུ་ནས་ཞབས་སུ་གཉིས་སུ་མེད་པའི་ཡེ་ཤེས་རྒྱུ་ལ་སོགས་པ་གསུངས་སོ། །འདི་རྣམས་ནི་རྒྱུད་ཀྱི་དོན་གྱི་སྙིང་པོ་བསྡུས་པ་ཡིན་པས། ཕྱི་མ་ལ་སོགས་པ་ནི་འདི་དང་རང་རང་གི་ལེའུའི་སྐབས་སུ་གསལ་ལ། དེ་ཁོ་ན་ཉིད་ཀྱི་སྐབས་
འདི་ནི། དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་དུ་གསལ་བར་གསུངས་པས་དེར་བལྟ་བར་བྱ་ཞིང་། ཤེས་པར་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདིར་མངས་པས་འཇིགས་པ་དང་འཕོ་བ་དང་འབྱུང་བའི་ཆོས་ཅན་གྱི་ཕྱིར་ན། བཅོམ་ལྡན་འདས་ཉིད་ཀྱིས་འདིའི་དོན་དེར་ཞིབ་ཏུ་བཤད་
པའི་དོན་གྱིས་མ་བྲིས་པ་ཡིན་ནོ། །འོན་ཀྱང་འདིར་དགའ་བའི་དོན་ནི་འདི་ལྟ་སྟེ། དེ་ནི་བདེ་བ་ཆེན་པོའི་མཐའ། །ཞེས་བྱ་བ་ནི། བདེ་བ་ཆེན་པོའི་ཡེ་ཤེས་རང་བཞིན་དགའ་བའི་མངའ་བདག་སྤྲོས་པ་དང་བྲལ་བའི་དོན་ལ། དེ་ཁོ་ན་ཉིད་བཞི་བཅུའི་བདག་ཉིད་བདེ་བ་ཆེན་པོའི་
རྒྱལ་པོ་བདུད་རྩིའི་གཏེར་ལ་ཡང་དག་པའི་དོན་བསྟན་པའོ། །དེ་བས་ན། དེ་ཉིད་བསྡུས་པའི་སྙིང་པོའི་དོན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་སུམ་ཅུ་དྲུག་བདག་པོ། །ཞེས་བྱ་བ་ནི། དེ་ཁོ་ན་ཉིད་གང་ཡང་རུང་བའི་སྒོ་ནས་ཞུགས་ཤིང་། བསྒོམ་པ་ལ་འབད་པའི་
སྟོབས་ཀྱིས་རང་བཞིན་གྱི་ཡེ་ཤེས་བདེ་བ་ཆེན་པོ་ཉིད་ཐོབ་པར་འགྱུར་བ་དང་། དེ་བཞིན་དུ་བཞི་བཅུས་ཀྱང་དེ་ཉིད་ཐོབ་པར་འགྱུར་བ་དང་། ཡང་གཅིག་ཀྱང་ཀུན་གྱི་བདག་ཉིད་དང་ལྡན་པ་དང་། ཀུན་ཀྱང་དེའི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བ་ཁོང་དུ་ཆུད་པར་བྱ་བ་ཡིན་ནོ། །འདིར་སྦྱོར་
བ་དྲུག་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེར་གསུངས་པས། དེ་རང་བཞིན་བཅུ་པོ་སྤྱིར་བཞག་པའི་དོན་བསྟན་པ་ནི། ཆ་ཡི་ཡེ་ཤེས་ཚོར་བྱེད་དོ། །ཞེས་སོ། །སྦྱོར་བ་རྣམས་དེ་ཁོ་ན་ཉིད་རྣམས་ནི་ཐབས་དང་ཐབས་ལས་བྱུང་བའི་ཡེ་ཤེས་ཀྱི་རང་བཞིན་གྱིས་བཅོམ་ལྡན་འདས་དཔལ་
ཡེ་ཤེས་ཐིག་ལེའི་དེ་ཁོ་ན་ཉིད་དུ་འགྱུར་བ་དེ་བཞིན་དུ་འགྱུར་རོ་ཞེས་སོ། །འདི་ནི་འབྲས་བུའི་དོན་ཡིན་པའི་ཕྱིར། རྣམ་པར་དག་པ་དེ་ཉིད་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་དུ་སའི་རིམ་པ་དང་སྦྱར་ནས་ཡང་འདིར་བཤད་པ་ནི་སྔ་མ་བཞིན་ནོ། །དཔལ་ཡེ་

ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ཉི་ཤུ་དྲུག་པའི་བཤད་པའོ།། །།བཅོམ་ལྡན་འདས་ནི་མཆོག་དགའ་ལ། །ཀུན་དགའ་བ་ཡི་རྣམ་པའི་སྐུ། །ཞེས་བྱ་བ་ནི། དགའ་བ་ཐམས་ཅད་ཀྱི་བདག་ཉིད་མཆོག་གི་དགའ་བ། རབ་ལས་རབ་མཆོག་
ཏུ་འགྱུར་བའི་དགའ་བ་དེ་ཉིད་ནི། བཅོམ་ལྡན་འདས་ཀྱིས་དང་གཉིས་སུ་མེད་པའི་ཕྱིར་ན་ཀུན་དགའ་བ་སྟེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པའི་འཕགས་པའི་ཁོངས་སུ་གཏོགས་པ་ཐམས་ཅད་དང་།
འགྲོ་བ་ཐམས་ཅད་དགའ་བར་མཛད་པའི་སྐུ་ཉིད་བཅོམ་ལྡན་འདས་ཀྱི་སྐུ་ལྟ་བས་ཆོག་མི་ཤེས་པའི་རང་བཞིན་ནོ། །དེ་ཉིད་ཀྱི་ནི་ཞལ་བརྒྱད་པོ། །ཞེས་བྱ་བ་ནི། དེ་ཁོ་ན་ཉིད་བཞི་བཅུ་དང་། སྦྱོར་བ་དྲུག་གི་བདག་ཉིད་བཅོམ་ལྡན་འདས་ཉིད་ཀྱི་སྐུ་ཡིན་པ་དེའི་ཞལ་བརྒྱད་དང་ལྡན་
པའི་རྣམ་པར་དག་པའི་མཚན་ཉིད་རྣམས་ཀྱི་དོན་འདྲི་བ་ནི། རྣམ་པར་དག་པ་ཇི་ལྟར་ལགས། །ཞེས་བྱ་བའོ། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཅེས་བྱ་བ་ནི། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི། རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་
ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པ་ཉིད་དུ་མོས་པ་འདི་ནི་གསུམ་པའོ། །དེའི་གཟུགས་ནི་ཐོགས་པ་དང་བཅས་པའོ་སྙམ་ནས་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ནམ་མཁའ་མཐའ་ཡས་སོ་སྙམ་པ་འདི་ནི་
བཞི་པའོ། །ནམ་མཁའ་མཐའ་ཡས་སོ་སྙམ་པའི་འདུ་ཤེས་ལས་འདས་ཏེ། རྣམ་ཤེས་མཐའ་ཡས་སོ་སྙམ་པ་འདི་ནི་ལྔ་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་འདས་ཏེ། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་དྲུག་པའོ། །ཅི་ཡང་མེད་པའི་སྐྱེ་
མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་མིན་བསྒྲུབས་ཏེ་གནས་པ་འདི་ནི་བདུན་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་། འགོག་པ་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ། །འདི་རྣམས་

རྣམ་པར་དག་པ་ནི་ཞལ་བརྒྱད་དོ། །ནང་གི་སྟོང་པ་དེ་ཁོ་ན་ཉིད་ཅེས་པ་ནི། གསང་བའི་དོན་འོག་ནས་བཤད་པའི་ཞལ་འདི་ཡིན་ཏེ། སྟོང་པ་དང་ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། ཐམས་ཅད་སྟོང་པ་དང་། བདག་ཉིད་ཀྱི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་
ཉིད་དང་། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་བརྒྱད་རྣམ་པར་དག་པའི་ཞལ་བརྒྱད་པའོ། །སྤྱན་ཉི་ཤུ་རྩ་བཞི་ནི། ས་དང་སྟོབས་དང་། ཡེ་ཤེས་སོ་ཞེས་བྱ་བ་ནི་ས་བཅུ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ནས། ས་བཅུ་པའི་བར་ཏེ་སྟོབས་བཅུ་པོ་དང་། ཡེ་ཤེས་བཞི་པོ་དང་།
རྣམ་པར་དག་པའི་འབྲས་བུ་སྤྱན་རྣམས་སོ། །ཕྱག་རྣམས་སྟོང་ཞིང་རྣམ་པར་དག །ཅེས་བྱ་བ་ནི། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། དོར་བ་མེད་པ་
དང་། ཐོག་མ་དང་ཐ་མ་མེད་པ་དང་། མཐའ་ལས་འདས་པ་དང་། རང་བཞིན་དང་། རང་གི་མཚན་ཉིད་དང་། ཆོས་ཐམས་ཅད་དང་། དངོས་པོ་མེད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དེ་རྣམས་རྣམ་པར་དག་པ་ཕྱག་བཅུ་དྲུག་པ་རྣམས་སོ། །སྦྱངས་པའི་
ཡོན་ཏན་བདེན་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ཡང་གོ་སླ་བས་མངས་པས་འཇིགས་པའི་ཕྱིར་ཞེས་དགོངས་པའོ། །འོན་ཀྱང་མདོར་བསྡུས་པ་ཙམ་བཤད་དེ། སྦྱངས་པའི་ཡོན་ཏན་བཅུ་གཉིས། བདེན་པ་ནི་བཞིའོ། །ཐོད་པ་ནི་ཕྱག་མཚན་རྣམས་ཏེ། བཅོམ་
ལྡན་འདས་ལ་ཡུམ་གྱིས་གནང་བའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་གཉིས་སྤངས་པ། འཇིགས་བྱེད་མ་ཆེན་པོ་བཅུ་དྲུག་ཁྲག་ཁ་ནས་འཛག་པ། ཐོད་པའི་སྣོད་བཀང་བའོ། །གནས་བརྒྱད་ཀྱི་དབང་གིས་ཀླུ་བརྒྱད་རྣམ་པར་དག་པ་ནི་སྣ་ཚོགས་པདྨ་བརྒྱད་པའི་གདན་ནོ། །
ཐབས་ཀྱི་དངོས་པོར་འཛིན་པ་སྤངས་པ་ནི་མེད་པའི་མཚན་ཉིད་ཡིན་ལ། དེ་རང་མེད་པ་ཡང་མེད་པ་ནི་མི་དམིགས་པས་གཉིས་སུ་མེད་པའི་ཡེ་ཤེས་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ནི་གཟུགས་མེད་པའི་བདག་ཉིད་ཀྱི་འདུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །དཔལ་

ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ཉི་ཤུ་བདུན་པའི་བཤད་པའོ།། །།དེར་རྣམ་པར་དག་པའི་དོན་གྱིས་དེ་ཁོ་ན་ཉིད་བསྟན་པའི་རྗེས་སུ་ནི་དེ་ནས་ཞེས་བྱ་བའོ། །བཅོམ་ལྡན་མོས་ཞེས་བྱ་བ་ནི། །སྡུད་པ་པོ་ཞུ་བ་བྱེད་པའི་དངོས་ཀྱིས་བསྟན་པའོ། །
མ་མཆུའི་བདུད་རྩིའི་རོ་ཕུལ་ནས། །ཞེས་བྱ་བ་ནི། ཞལ་གྱི་ཚེམས་ཀྱིས་མཆུ་བཙིར་བ་དང་། གཞིབས་པས་བདེ་བའི་རོ་བསྟར་བ་དང་། དེ་བཞིན་དུ་གསང་བའི་པདྨའི་ཡེ་ཤེས་ཀྱི་རོས་བདེ་བ་རྒྱས་ཤིང་མཉེས་པར་མཛད་པའི་ཚུལ་གྱིས་གདུལ་བྱ་ལ་དགོངས་ཏེ། ཡེ་ཤེས་སྒྱུ་
མའི་གཟུགས་ཀྱིས་སྒྱུ་མའི་བདེ་བས་སྒྱུ་མ་ཉིད་ལ་རོལ་ཅིང་སྤྱོད་པའི་ཕྱིར་རོ། །ཉི་མ་དང་ཟླ་བའི་མེ་ཏོག་གིས་མཆོད་ནས་ཞེས་བྱ་བ་ནི། མེ་ཏོག་པདྨ་དང་། ཀུ་མུ་དའི་རྒྱུའི་རྐྱེན་ཉི་མ་དང་ཟླ་བ་དེ་ཉིད་ག་པུར་དང་སིཧླ་དགའ་བ་རྣམས་ཀྱིས་མཉེས་པར་བྱས་ཏེ་ཞུས་སོ་ཞེས་བྱ་བ་དང་། སེམས་
ཅན་ཀུན་གྱི་ལས་སུ་བཤད། །ཅེས་བྱ་བའི་བར་དུ་སྦྱར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི། དུས་ཕྱིས་དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་འདི་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་དུས་བཤད་ཅིང་སྟོན་པས་གསུངས་སོ། །དཔལ་ཕྱག་ན་རྡོ་རྗེ་མགོན་
པོས་བཤད་པར་བྱེད་དོ་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་ཀྱི་མཛོད་འཛིན་པ་ནི། དཔལ་ཕྱག་ན་རྡོ་རྗེ་དེ་ཉིད་དང་མཚུངས་པ་དཔལ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བ། སྤྲུལ་པའི་སྐུ་དེ་ཉིད་ཀྱིས་མ་འོངས་པའི་དུས་སུ་ཡང་དག་པར་གསང་བའི་རྒྱུད་འདི་
སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་བཤད་ཅིང་སྟོན་པར་གྱུར་པའོ། །དེ་སྐད་དུ། མ་འོངས་དུས་ན་བྱང་ཕྱོགས་སུ། །དཔལ་ལྡན་རྡོ་རྗེ་འཛིན་པའི་གནས། །ཨུ་རྒྱན་ཡུལ་ཞེས་བྱ་བ་རུ། །རྒྱལ་པོའི་རིགས་སུ་སྐྱེས་པ་ཡི། །ཨིནྡྲ་བྷཱུ་ཏི་ཞེས་བྱ་བས། །ཤེས་པ་དང་ནི་
བཤད་པ་དང་། །སེམས་ཅན་རྣམས་ལ་གསལ་བྱེད་འགྱུར། །ཞེས་གསུངས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་ཀྱི་བདག་པོ་ཡིན་པའི་དོན་ནི། དཔལ་ཕྱག་ན་རྡོ་རྗེའི་མཚན་ཉིད་གསུངས་པ། ཕྱག་ན་རྡོ་རྗེ་མགོན་པོ་ཆེ། །ཐམས་ཅད་རྡོར་འཛིན་

གྱི་བདག་པོ། །ཞེས་གསུངས་སོ། །མཐའ་ཡས་པ་ཡི་འཇིག་རྟེན་ཁམས། །ཞེས་བྱ་བ་ནི། རྒྱུ་བ་དང་མི་རྒྱུ་བས་བསྡུས་པའི་འཇིག་རྟེན་པ་དང་ཆགས་པས་བསྡུས་པའི་ཁམས་གསུམ་གྱིས་བསྡུས་ན་ཡང་དེའི་བྱེད་པ་ནི། བྱེ་བ་མཐའ་ཡས་བགྲང་བ་ལས་འདས་
པའི་འཇིག་རྟེན་པའི་ཁམས་ཐམས་ཅད་དོ། །སྐྱེ་བ་དང་འཇིག་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་དང་། འགག་པ་མེད་པ་ལས་ཀུན་ནས་ཉོན་མོངས་པའི་དབང་གིས་སྐྱེ་བ་དང་། འཇིག་པ་དང་། འཕོ་བ་དང་། འགྱུར་བའི་ཆོས་ཅན་དང་།
རྣམ་པར་བྱང་བའི་བདག་ཉིད་ཀྱི་ངོ་བོ་སྐྱེ་བ་དང་། འགག་པ་དང་། འཕོ་བ་དང་། འཇིགས་པ་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་གཟུགས་དེ་རྣམས་མེད་པའོ། །དེའི་ཕྱིར་དེ་ལ་སྐྱེ་བ་གང་ཡང་མེད། རང་བྱུང་མཆོག་གི་དབང་ཕྱུག་གོ། །ཞེས་གསུངས་སོ། །དེ་ཡང་འདི་
སྐད་དུ། སེམས་ཅན་ཀུན་ནས་ཉོན་མོངས་པས་ན། སེམས་ཀུན་ནས་ཉོན་མོངས་པར་སྣང་ངོ་། །སེམས་ཅན་རྣམ་པར་བྱང་བས་ན་སེམས་རྣམ་པར་བྱང་བར་སྣང་ངོ་ཞེས་གསུངས་སོ། །དེའི་དོན་ལ་འདིར་གསུངས་པ། དེ་ཡི་ཕྱག་ན་རྡོ་རྗེ་གང་། །ཞེས་བྱ་བ་ནི་དྲིས་པའོ། །ལན་དུ།
ཡེ་ཤེས་བཅུ་གཉིས་སྐྱེ་བ་མེད། །ཅེས་བྱ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔ་ནི། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་ལྔའི་གཟུགས་སུ་སྣང་བ་དང་། དེ་རྣམས་ཀྱིས་སངས་རྒྱས་སྤྱན་ལ་སོགས་པའི་ཤེས་རབ་ཀྱི་གཟུགས་ཀྱིས་སྣང་བ་སྟེ།
ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བ་མེད་པ་ཉིད་ནི། དབྱེར་མེད་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་ཉིད་གདུལ་བྱའི་དབང་གིས་སྐལ་བ་དང་ལྡན་པ་ལ། ཇི་ལྟ་བ་བཞིན་དུ་སྣང་བ་སོ་སོ་ནས་གསལ་བར་མཐོང་བའོ། །རྟགས་ཀྱི་དོན་གསུངས་པ། ཐོག་མ་ཡི་ནི་ར་ལྔ་
ལས། །ཞེས་བྱ་བ་ལ་སོགས་པའོ། །ཆོས་ཉིད་དབྱེར་མེད་པའི་ཡེ་ཤེས་ཀྱི་ཕྱིར་ན། རྡོ་རྗེ་འདི་ཉིད་ཡེ་ཤེས་ལྔ་དང་ལྡན་ནས་བདག་ཉིད་གནས་པའམ། དེ་རང་གི་དབྱེ་བའི་ཕྱིར་ར་ལྔ་ཕྱི་ནང་གཉིས་ཀྱི་བདག་ཉིད་དོ། །འོན་ཀྱང་ཐབས་དང་ཤེས་རབ་ཀྱིས་འདུལ་བའི་ཕྱིར་དེ་བཞིན་

གཤེགས་པ་ལྔ་འབྱུང་ཞིང་། ཡང་རྡོ་རྗེ་འཛིན་པའི་གཟུགས་སུ་ཀུན་བཞུགས་པའོ། །མཐའ་ནས་འབྱུང་བ་ཆེན་པོ་ལྔ། །ཞེས་བྱ་བ་ནི། གཉིས་སུ་མེད་པའི་རང་བཞིན་ལས་སྤྱན་མ་ལ་སོགས་པའི་བདག་ཉིད་ཀྱིས་འབྱུང་བའི་ཕྱིར་ན་ཆེན་པོ་སྟེ། བདེ་བ་ཆེན་པོ་སྐུའི་མངའ་
བདག་ཆེན་པོའོ། །དེ་འགྲོ་བའི་དོན་མཛད་ཀྱང་མི་འགྱུར་བ་དང་ཉམས་པ་ལ་སོགས་པའི་རྐྱེན་མི་མངའ་བར། ཡོན་ཏན་ཐམས་ཅད་དང་བདེ་བའི་ཡེ་ཤེས་ཀུན་རྫོབ་པའི་ཕྱིར་ན། འགྲོ་བའི་དོན་དུ་སེམས་དཔས་ན་རྡོ་རྗེ་སེམས་དཔའོ། །དབུས་ནས་འགྲོ་བ་རིས་དྲུག་འབྱུང་། །
ཞེས་བྱ་བ་ནི། དེ་བཞིན་ལྷ་ལ་སོགས་པའི་གཟུགས་འབྱུང་བ་དེ་རབ་ཏུ་བཤད་པ་བཞིན་ནོ། །ཕྱག་ན་རྡོ་རྗེ་སྟོབས་ཆེན་པོ། །ཐམས་ཅད་རྡོར་འཛིན་གྱི་བདག་པོ། །མཐའ་ཡས་པ་ཡི་འཇིག་རྟེན་ཁམས། །སྐྱེ་དང་འཇིག་པའི་རྒྱུ་ཡིན་ནོ། །དེ་ལ་སྐྱེ་བ་གང་ཡང་མེད། །རང་འབྱུང་མཆོག་
གི་དབང་ཕྱུག་གོ། །ཞེས་བྱ་བ་ནས། སྣ་ཚོགས་པ་ཡི་གཟུགས་སུ་སྦྱོར། །ཞེས་བྱ་བ་ལ་སོགས་པའི་དོན་ནི། འདི་སྐད་དུ་གསུངས་ཏེ། རྡོ་རྗེ་སེམས་དཔའ་བདེ་ཆེན་ཏེ། །གནས་ནི་གང་དུ་བཞུགས་འགྱུར་བ། །བརྟན་གཡོ་ཀུན་ལ་རོལ་མཛད་པ། །བཅོམ་ལྡན་ལྷ་ཡིས་བཤད་
དུ་གསོལ། །སློབ་དཔོན་ཉིད་ཀྱིས་འདི་སྐད་གསུངས། །རྡོ་རྗེ་སེམས་དཔའ་རྣམ་འཕྲུལ་བ། །ཤཱཀྱ་ཚུལ་བཞིན་པ་ཡིས་ཉོན། །ཐམས་ཅད་བདག་ཉིད་རྟག་བཞུགས་པ། །སྔར་ནི་གང་ཞིག་བཤད་པ་ཉིད། །སྒོ་དགུ་དང་ནི་ལྡན་པ་ཡིས། །ལུས་ཀྱི་དཀྱིལ་འཁོར་མཆོག་ཡིན་ཏེ། །དེ་ལ་
ལྟེ་བའི་འཁོར་ལོ་ནི། །ཐམས་ཅད་མཁྱེན་ཅེས་བྱ་བར་གསུངས། །རྡོ་རྗེ་ཅན་ནི་དེར་བཞུགས་པ། །ལུས་ཅན་གྱི་ནི་ནང་ན་རོལ། །ཆ་མེད་ཆ་ནི་རྣམ་པར་སྤངས། །ལུས་ལས་འདས་ཤིང་གོས་པ་མེད། །ལ་ལར་ལུས་དག་ཅན་དུ་ཞུགས། །ལ་ལར་རྣ་བར་སྒྲ་དག་དང་། །ལ་ལར་སྣ་
དང་དྲི་དག་དང་། །ལ་ལར་དྲི་ཆེན་རྡོར་ཆུ་དང་། །ལ་ལར་ཚོར་དང་བཅས་སེམས་སུ། །བཀྲེས་དང་སྐོམ་པ་གང་ལ་ལར། །ལ་ལར་བདེ་བ་རྣམ་པར་གཟིགས། །ལ་ལར་ཞི་དང་ལ་ལར་ཁྲོས། །ལ་ལར་བུད་མེད་ཆགས་པ་དང་། །ལ་ལར་འཇིགས་ཤིང་ལ་ལར་དགོད། །ལ་ལར་

རོལ་མོ་མཛད་པ་དང་། །ལ་ལར་རོལ་ཅིང་ལ་ལར་གསོད། །ལ་ལར་མེ་ཏོག་འབྲས་བུར་གནས། །ལ་ལར་སྲོག་ཏུ་རྣམ་པར་གནས། །ས་ཆུ་མེ་རླུང་མཁའ་ལ་ལར། །ལ་ལར་འབྱུང་བ་ཆེན་པོ་ལྔ། །ལ་ལར་རིགས་ཀྱི་བྱེ་བྲག་གིས། །བྲམ་ཟེ་དང་ནི་གདོལ་བ་དག །
ལ་ལར་མ་དང་ལ་ལར་སྲིང་། །ལ་ལར་ཆུང་མ་ཉིད་ཀྱིས་སོ། །དེ་བཞིན་ལ་ལར་བུ་མོའི་གཟུགས། །ལ་ལར་ཚངས་པ་ལ་ལར་ནི། །ཁྱབ་འཇུག་དབང་ལྡན་ཉི་མ་དང་། །ཟླ་བ་སྐར་མ་དེ་བཞིན་ནོ། །ལ་ལར་ཉིན་དང་མཚན་ལ་ལར། །ལ་ལར་ཁམས་གསུམ་པ་རྣམས་ཀུན། །ལ་ལར་
བྱེད་པ་པོ་དང་ནི། །མི་བཟད་རྒྱལ་ནི་གང་ལ་ལར། །ལ་ལར་ཤི་བའི་དབང་གིས་ཞུམ། །མི་གསལ་སྟོན་པ་རྡོ་རྗེ་ཅན། །ལ་ལར་རྒད་པོ་ལོ་མང་ངོ་། །ལ་ལར་བྱིས་པའི་གཟུགས་རང་བཞིན། །ལ་ལར་ནད་ཆེར་གདུངས་པ་དང་། །ལ་ལར་བྱང་ཆུབ་ཆེན་པོར་གཤེགས། །བདུད་
ལས་རྒྱལ་བ་གང་ལ་ལར། །ལ་ལར་རྒྱུ་དང་མི་རྒྱུ་ཉིད། །ལ་ལར་དཀར་དང་ལ་ལར་སེར། །ལ་ལར་སྔོ་དང་ལ་ལར་དམར། །ལ་ལར་སངས་རྒྱས་རྣམ་སྣང་མཛད། །ལ་ལར་སྒྲོལ་མ་ལ་ལར་སྤྱན། །ལ་ལར་གོས་དཀར་མཱ་མ་ཀཱི། །ལ་ལར་ཞི་བ་དཀའ་བཟློག་མ། །མཁས་ནས་འདབ་ཆགས་
གང་ལ་ལར། །ནམ་མཁའ་མཁའ་འགྲོ་གང་ལ་ལར། །ལ་ལར་ཀླུ་དང་ལ་ལར་སྦྲུལ། །ལ་ལར་སྨད་འཚོང་ལ་ལར་སྤྲེའུ། །ལ་ལར་རྨི་ལམ་མཐོང་བ་དང་། །ལ་ལར་གཉིད་ནི་ལོག་པ་དང་། །ལ་ལར་རླུང་དང་ལ་ལར་མཁྲིས། །ལ་ལར་པགས་པ་ལ་ལར་ཁྲག །ལ་ལར་སྲེག་བྱེད་མེ་
དག་དང་། །ལ་ལར་མྱ་ངན་ངུ་བ་དང་། །ལ་ལར་མཐོ་རིས་སྐྱེ་བ་དང་། །ལ་ལར་འཕྲུལ་པ་འདི་ལྟ་བུ། །ཐམས་ཅད་བདག་ཉིད་ཞུགས་འདི་ལ། །ཨིནྡྲ་བྷཱུ་ཏིས་བཤད་པ་ཡིན། །ཞེས་གསུངས་སོ། །དེ་རྣམས་ཀྱི་དོན་གྱིས་ཐམས་ཅད་ལ་ཁྱབ་ཅིང་བཞུགས་པའི་རང་བཞིན་
གྱིས། སྐུ་གསུམ་དང་ལྡན་པ་བདེ་བ་ཆེན་པོའི་སྐུས། འགྲོ་བ་ལ་སོགས་པ་ལ་ཁྱབ་པའི་ཕྱག་ན་རྡོ་རྗེའི་དོན་གསུམ་པ་ཡིན་ནོ། །ལ་ལར་རྡོ་རྗེ་འཛིན་པ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་

ཅེས་བྱ་བ་ལེའུ་ཉི་ཤུ་བརྒྱད་པའི་བཤད་པའོ།། །།དེ་ནས་དེའི་དུས་སུ་འཁོར་ཐམས་ཅད་ལངས་ཏེ་ཞེས་བྱ་བ་ནི་དཔལ་ཕྱག་ན་རྡོ་རྗེའི་དོན་དང་། བསྐྱེད་པ་དང་། དཀྱིལ་འཁོར་བཤད་ནས། བར་ཅིས་ཀྱང་མཆོད་པ་དེ་མ་ཐག་ཏུ་ནི། འཁོར་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་འཁོར་
ཐམས་ཅད་ལངས་ནས། བཅོམ་ལྡན་འདས་ལ་བསྐོར་བ་བྱེད་པ་ནི། ཁུ་བའི་གཟུགས་ལ་བསྐོར་བ་དང་། བསྟོད་པའི་དོན་གྱིས་སྦྱོར་བ་དྲུག་གི་མཚན་ཉིད་ཀྱིས་ཐབས་བདེ་བ་ཆེན་པོའི་རྣམ་པ་གཡས་པ་བཤད་དོ། །བསྐོར་བ་ནི་འཁོར་རྣམས་ཀྱིས་བསྐོར་བ་བྱས་པའི་དོན་དེ་དུས་གསུམ་
པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ལན་གསུམ་ནི་སྐུ་གསུང་ཐུགས་ཀྱི་དབྱེ་བས་གསུམ་དུ་བསྟན་པའོ། །དེ་བཅོམ་ལྡན་འདས་ཉིད་ལ་མངའ་བ་བྱས་ནས་ཞེས་སོ། །ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། །ཞེས་བྱ་བ་ནི། དྲང་བའི་དོན་གྱིས་སྒྲ་ཇི་བཞིན་ནོ། །ཡང་ན་ཞབས་དང་མགོ་བོའི་
སྒྲ་ཡིས་བསྟན་ཏོ། །སྦྱོར་བ་དྲུག་གི་དོན་ཡང་དོན་གཉིས་ཀྱིས་ཁོང་དུ་ཆུད་པར་བྱ་བ་ཡིན་ཏེ། འོན་ཀྱང་རྒྱུ་དང་འབྲས་བུ་དང་། ཐབས་ཀྱི་རིམ་པའི་དབྱེ་བ་ནི་ལོས་ཀྱང་མོས། དེ་ཉིད་གསུངས་པ། མགོན་པོ་ཁྱོད་ཀྱི་བཀའ་དྲིན་བདག་ཅག་དག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བལྟ་
བར་དཀའ་བ་ནི་འགྲོ་བ་ཐམས་ཅད་ལ་རྒྱུའི་མཚན་ཉིད་དུ་ཡིད་ཀྱིས་ཀྱང་སེམས་ཀྱི་རང་བཞིན་དངོས་པོ་དང་མཚན་མ་མ་སྤངས་པས་མི་མཐོང་བའི་ཕྱིར་རོ། །ཤེས་པར་དཀའ་བ་ནི་སྦྱོར་བ་དྲུག་པོ་ལ་སོགས་པའི་མན་ངག་འདི་ཀུན་གྱི་ཐུན་མོང་མ་ཡིན་པས། ལས་འཕྲོ་དང་སྐལ་བར་ལྡན་
པ་འགའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །གཟུང་བར་དཀའ་བ་ནི། འོད་རབ་ཀྱི་ངོ་བོ་འབྲས་བུའི་རང་བཞིན་མཐའ་གཉིས་ལ་མི་གནས་པའི་ཕྱིར་ན། དབང་པོ་ལ་སོགས་པའི་ཡུལ་ལས་འདས་པ། གཟུང་འཛིན་དང་བྲལ་བའི་འདི་ཉིད་དེ་ཁོ་ན་ཉིད་དམ་པའོ། །དེའི་ཕྱིར་ན། གསང་བའི་
རང་བཞིན་གྱིས་གསང་བ་དང་། འཇིག་རྟེན་ཉན་ཐོས་ལ་སོགས་པ་རྣམས་ལ་གསང་བའོ། །གསང་བའི་མཆོག་ནི་དམ་ཚིག་དང་མི་ལྡན་པ་རྣམས་དང་། ཐེག་པ་ཆེན་པོ་པ་རྣམས་ལ་གསང་བ་དང་། བསྐྱེད་པའི་རིམ་པ་ལ་སྤྱོད་པ་ལ་སོགས་པ་རྣམས་ལས་མཆོག་ཏུ་གྱུར་པ་ནི།

ཐབས་ཁྱད་པར་ཅན་འདིའོ། །མཆོག་རབ་རྙེད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་དེ་ཉིད་དམ་པ་འདི་ནི་ཀུན་གྱིས་ཐོབ་པར་བྱ་བར་འོས་པའི་འབྲས་བུའི་ཕྱིར་མཆོག་གོ། །རབ་བོ། །རྙེད་པའོ། །ཐོབ་ཅེས་བྱ་བ་ལ་སོགས་པའི་
རྣམ་གྲངས་སུ་གསུངས་སོ། །དེ་བས་ན་བཅོམ་ལྡན་འདས་དཔའ་བོ་དབང་ཕྱུག་ཆོས་དབྱིངས་ཕྱག་འཚལ་བསྟོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་སྦྱར་ཞིང་རྒྱ་ཆེར་བཤད་དོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ཉི་ཤུ་
དགུ་པའི་བཤད་པའོ།། །།ཡང་བཅོམ་ལྡན་འདས་ཀྱིས་འཁོར་ཐམས་ཅད་དང་བཅས་པའི་བཅོམ་ལྡན་མ་བོས་ཏེ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་ཡང་དག་པའི་དོན་ངེས་པར་སྟོན་པའི་རྒྱུད་འདི་ནན་ཏན་དང་བཅས་ནས་གཏད་པའི་ཆོ་ག་གསུངས་པས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་མ་ཞེས་བྱའོ། །སྦྱོར་བ་དྲུག་གི་གྲགས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དཔལ་མཆོག་གི་བླ་མའི་ཞལ་ནས་འབད་པས་བཙལ་ཏེ་ཞེས་བྱ་བ་ནི། དཔལ་ཨིནྡྲ་བྷཱུ་ཏི་རྒྱལ་པོ་ཆེན་པོ་ལས་བར་མ་ཆད་པའི་མན་ངག་ཐོབ་པ་དང་། དབང་བསྐུར་བ་ཡིན་ཞིང་གྲུབ་པ་བརྙེས་
པ་དང་ལྡན་ན། སྦྱོར་བ་དྲུག་ལ་སོགས་པའི་རྒྱུད་ཤེས་པས་དེ་ལྟ་བུ་ལ་བླངས་ལ། དམ་ཚིག་དང་ལྡན་པས་འགྲུབ་པར་འགྱུར་བའོ། །དེ་ཡང་འདི་སྐད་དུ་བསམ་གཏན་ལ་སོགས་པའི་ས་ཡང་དག་པར་ཐོབ་པར་བྱ་ཞེས་གཏན་ལ་ཕབ་པའོ། །ཞེས་གསུངས་སོ། །དེ་བཞིན་དུ་ཐབས་ཀྱི་རྒྱུད་
འདི་ཡང་ནན་ཏན་དུ་བྱ་བ་དང་མཆོད་པ་དང་། བཀུར་སྟི་དང་། རིམ་གྲོ་ལ་སོགས་པ་དང་། ཆུ་དང་མེ་ལ་སོགས་པ་དང་། ཆུད་མི་གསན་པར་སྦ་བ་དང་། མི་བཙོང་བ་དང་། བཅང་བར་བྱའོ་ཞེས་བྱ་བའི་དོན་གྱིས་བཤད་པ་ཡིན་ནོ། །ཡང་དེ་བཞིན་དུ་ཕྱི་རབས་རྣམས་ཀྱིས་ཀྱང་། བསམ་
གཏན་ལ་སོགས་པས་ཉམས་སུ་བླང་ཞིང་ཐ་ན་སྐད་ཅིག་ཙམ་ཡང་མཉམ་པར་གཞག་པས་བདེ་བ་ཐོབ་པར་འགྱུར་བའོ། །བསྒོམས་ཤིང་བསྒྲུབས་པས་འབྲས་བུ་ཐོབ་པ་ནི། གཏན་ལ་ཕབ་པ་སྟེ། གཞན་དུ་ན་ལོག་པར་འགྱུར་བ་ཡིན་ནོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་

གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་སུམ་ཅུ་པའི་བཤད་པའོ།། །།གང་ཚེ་ཡང་དག་མཆོག་གི་ལུས་ལ་མ་བརྟེན་པར། །དེ་ཙམ་ཐོས་དང་སྒྲ་སོགས་ཆོས་ནི་ཇི་སྙེད་ཀུན། །རྒྱུད་ཀྱི་དོན་ནི་ཇི་བཞིན་ཤེས་པར་ནུས་མ་ཡིན། །དེ་བས་བདག་གིས་དཀའ་འགྲེལ་འདི་ནི་བྱས་པའོ། །
ཇི་ལྟར་རྡོ་རྗེས་ཕུག་པའི་ནོར་བུ་ནི། །སྲད་བུས་རྗེས་སུ་འཇུག་ཅིང་བདེ་བས་བསྟར། །དམ་པ་རྣམས་ཀྱིས་གསུངས་པའི་མན་ངག་ལ། །བདག་ཀྱང་དེ་བཞིན་འདིར་ནི་བརྟེན་པའོ། །རྩོད་དང་བག་མེད་གྱུར་པ་ཡིས། །གལ་ཏེ་འཁྲུལ་པར་འགྱུར་ན་ཡང་། །འཕགས་པས་རང་གི་སྲས་བཞིན་
དུ། །དེ་དག་ཐམས་ཅད་བཟོད་པར་གསོལ། །གང་དུ་བདག་གིས་མ་ཤེས་པ། །དེར་ནི་བདག་ལ་ཡོད་མིན་ན། །སངས་རྒྱས་སྲས་དང་བཅས་སོགས་རྣམས། །ཀུན་གྱིས་བཟོད་པར་དེ་ལ་མཛོད། །རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཡི། །མན་ངག་ལ་བརྟེན་དཀའ་འགྲེལ་འདི། །དམ་ཚིག་སྡོམ་པ་བསྲུང་བ་དང་། །
བླ་མ་ལ་གུས་བསྒོམ་ལ་བརྩོན། །ཤེས་རབ་རྣམ་གསུམ་དང་ལྡན་པས། །འདི་ཡི་དོན་ནི་འབད་ལ་གཟུང་། །མན་ངག་འདི་ལ་རིམ་ཇི་ལྟར། །གྲུབ་ཐོབ་པ་ནི་བདེ་བར་ངེས། །དེ་བས་གཞུང་ནི་མ་ནོར་བར། །དམ་པའི་དཔལ་ལྡན་བླ་མ་ལ། །འབད་པས་བཙལ་ནས་རང་ཉིད་བསྒྲུབ། །འོན་ཀྱང་
ཡིད་ཆེས་འཕྲལ་ལ་སྐྱེ། །དེ་ལྟ་མིན་ཏེ་ལོག་པ་ནི། །སྡུག་བསྔལ་མྱོང་ནས་ལྷུང་བ་ཡིན། །རྡོ་རྗེ་འཛིན་པའི་བཀའ་ཡིན་ཀྱང་ནི་འགྲེལ་སོགས་བྲལ། །དོན་ནི་བྱིས་པས་མ་ནོར་ཤེས་པར་ནུས་པ་ཡིན། །དེ་བས་འདི་བྱས་པ་ཡི་དགེ་བའི་བསོད་ནམས་ཀྱིས། །འགྲོ་བ་མ་ལུས་རྡོ་རྗེ་འཛིན་
པའི་གནས་ཐོབ་ཤོག །དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་སློབ་དཔོན་ཨཱ་ཙཱརྱ་ཛྙཱ་ན་བར་མ་ཡིས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་དགེ་སློང་བྱང་ཆུབ་འབྱུང་གནས་ཀྱིས་བསྒྱུར་བའོ། །རྒྱུད་རྒྱལ་ཡེ་ཤེས་ཐིག་ལེ་ལ། །
ཨིནྡྲ་བྷཱུ་ཏིའི་མན་ངག་གིས། །རིམ་གྱིས་བརྒྱུད་ནས་ལེགས་པར་བཤད། །དམ་ཚིག་ཅན་གྱིས་རྟོགས་པར་ཤོག། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨ་ན་བི་ལ་ནཱ་མ་ཏནྟྲ་པཉྩི་ཀ། བོད་སྐད་དུ། དཔལ་རྙོག་པ་མེད་པ་ཞེས་བྱ་བའི་རྒྱུད་ཀྱི་འགྲེལ་པ། དཔལ་རྙོག་

པ་མེད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་རྙོག་པ་མེད་པ་ལ། །བཏུད་དེ་རྙོག་མེད་དཀའ་འགྲེལ་འདི། །གཞོན་ནུ་ཟླ་བས་དྲི་མེད་པ། །འདིར་ནི་ཇི་བཞིན་བརྩམ་པར་བྱ། །རྙོག་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། རྙོག་པ་ནི་ཡིད་ལ་བྱེད་པའི་རྙོག་པའོ། །དེ་ཡང་མ་
རིག་པ་དང་བཅས་པའི་ཕུང་པོ་སྟེ། མ་རིག་པའི་བག་ཆགས་ཞེས་བྱ་བའི་དོན་ཏོ། །རྙོག་པ་མེད་པ་སྟེ། ཡིད་ལ་བྱེད་པའི་རྙོག་པ་སྤངས་པས་མ་རིག་པའི་བག་ཆགས་མེད་པ་ཞེས་བྱ་བའི་དོན་ཏེ། འདི་བག་ཆགས་དང་བཅས་པའི་སྡིག་པ་མ་ལུས་པ་སྤངས་པ་ཞེས་བྱ་བའི་ཐ་ཚིག་
གོ། །འདི་ལྟར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རབ་ཏུ་སྤངས་པའི་ཆེད་དུ་འབད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མ་རིག་པའི་བག་ཆགས་དང་བཅས་པ་ནི་ཉེས་པ་ཐམས་ཅད་ཀྱི་གླེང་གཞི་ཡིན་པའི་ཕྱིར་རོ། །གང་ལ་མ་རིག་པའི་བག་ཆགས་དང་
བཅས་པ་མེད་ན་དེ་ལ་ཇི་ལྟར་ཉེས་པའི་བག་ཆགས་གཞན་དག་འབྱུང་སྟེ། དེ་མེད་ན་ཉེས་པ་གང་ཞིག་ཡོད་པ་ཡིན། དེའི་ཕྱིར་རྙོག་པ་མེད་པ་སྟེ། སྒྲིབ་པ་གཉིས་བག་ཆགས་པ་ཐམས་ཅད་མེད་པ་ཉིད་དོ། །རྙོག་པ་དེ་ཡང་དཔལ་རྡོ་རྗེ་སེམས་དཔའ་སྟེ། བརྗོད་པར་བྱ་བ་བསྟན་ལ།
རང་གི་དོན་ཕུན་སུམ་ཚོགས་པ་སྟོན་ཏོ། །ཕན་འདོད་པས་ཞེས་བྱ་བ་ལ་རྡོ་རྗེ་འཛིན་པ་ཉིད་ཐོབ་པ་ནི་དགོས་པ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་འགྲོ་བའི་རྡོ་རྗེ་འཛིན་མཛད་པའོ། །དེ་དག་གིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཞེས་བརྗོད་དོ། །རྙོག་པ་མེད་པ་དེ་ཡང་རྙོག་པ་
མེད་པའི་ཁྱབ་པར་སྣང་བ་མེད་པ་ལ་སོགས་པ་བྱེ་བྲག་བརྒྱད་ཀྱིས་སྟོན་ཏེ། དེ་ལ་རྙོག་པ་ནི་ཁམས་གསུམ་གྱི་སྤྲོས་པ་ལ་དམིགས་པ་ཐམས་ཅད་དེ། དེ་འདི་ལ་ཡོད་པ་མ་ཡིན་པས། སྣང་བ་མེད་པ་འདི་ནི་སྤྲོས་པ་མེད་པ་ཞེས་བྱ་བའི་དོན་ཏེ། མི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །
སྣང་བ་མེད་པ་མ་ཡིན་པ་སྟེ། ཤེས་རབ་ཉིད་སྣང་བའི་རང་བཞིན་མ་ཡིན་པ་ཞེས་བྱ་བའི་དོན་ཏམ། འདི་ལ་སྣང་བ་མེད་པ་སྣང་བ་མ་ཡིན་པས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཡོད་པ་མ་ཡིན་ཞིང་། དེ་རང་ཉིད་ཀྱང་མེད་ལ། དེའི་རྒྱུར་ཡོད་པ་མ་ཡིན་པའི་ཕྱིར་རོ། །རྣམ་པ་གསུམ་

དུ་བཤད་པའོ། །དཔེ་མེད་པ་ནི་དེ་དང་མཉམ་པའི་གཉིས་པ་གཞལ་བྱ་མེད་པའི་ཕྱིར་དཔེར་ཉེ་བར་གཞག་པ་མེད་པས་མཉམ་ཞིང་མཚུངས་པ་མེད་པ་སྟེ། དཔེ་མེད་པ་ཞེས་བྱ་བའི་དོན་དང་། དེ་ལས་གཞན་པའི་གཞལ་བྱ་མེད་པའི་ཕྱིར། དཔེ་མེད་པ་ཞེས་བྱ་བའི་དོན་གྱིས་དེ་དང་
མཉམ་པ་གཉིས་མེད་པའོ། །དེའི་བདག་ཉིད་ཀྱིས་འགྲོ་བ་སྟེ། འགྲོ་བ་དེའི་བདག་ཉིད་ཡིན་པའི་ཕྱིར། ཅི་སྟེ་དཔེ་དང་ལྡན། བརྗོད་དུ་མེད་པ་ནི་བརྗོད་པར་བྱ་བ་མ་ཡིན་པ་སྟེ། ཚིག་གི་སྤྱོད་ཡུལ་མ་ཡིན་ཞིང་རྟོག་པ་དང་དཔྱོད་པའི་ཡུལ་ལས་འདས་པས། རང་ཡང་དག་པའི་རིག་པ་ཙམ་གྱི་
རང་བཞིན་གྱི་ལུས་ཀྱི་ཕྱིར་རོ། །བརྗོད་དུ་མེད་པ་མ་ཡིན་ཞིང་བརྗོད་པ་མ་ལུས་པ་མེད་པ་ཉིད་ཅེས་བྱ་བའི་དོན་ཏེ། བརྗོད་པར་མི་ནུས་པ་དང་། བསྟན་དུ་མེད་པ་ཉིད་ཅེས་བྱ་བའི་དོན་ཏོ། །ཡུལ་གྱི་བདག་ཉིད་མ་ཡིན་ལ། སངས་རྒྱས་ཀྱི་ཡང་བློའི་ཡུལ་མ་ཡིན་པའི་དོན་ཏོ། །རིག་པ་མི་ནུས་
པའི་ཕྱིར་རོ། །ཡུལ་གྱི་བདག་ཉིད་ཡོད་པ་མ་ཡིན་པའང་འདི་ནི་ཡུལ་ཅན་རང་བཞིན་མེད་པས་འཛིན་པའི་དོན་ཏོ། །འཁྲུལ་བ་མེད་པའི་ཕྱིར་རོ། །གཟུང་བ་མེད་པས་འཛིན་པ་མེད་པ་ཅན་ནི། འཛིན་པ་འཁྲུལ་པ་ཅན་ཏེ། རང་རིག་པའི་མངོན་སུམ་གྱི་རང་བཞིན་ནི། བཅོམ་ལྡན་འདས་
མ་འཁྲུལ་པའི་མཚན་ཉིད་དུ་བཤད་དོ། །བཟོད་པ་ཉིད་ནས་བཟུང་སྟེ་ངོ་བོ་ཉིད་ཀྱིས་དྲི་མ་མེད་པ་ལྟོས་པ་མེད་པས་ངོ་བོ་ཉིད་ཀྱི་སྐྱོན་ཐམས་ཅད་སྒྲིབ་གཡོགས་སྤངས་པས་ཉེ་བར་ཞི་བ་སྟེ། གཟོད་མ་ཉིད་ནས་ངོ་བོ་ཉིད་ཀྱིས་ཡོངས་སུ་དག་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ལྷན་ཅིག་སྐྱེས་
པའི་རྡོ་རྗེ་འཛིན་པའི་ལུས་བསྟན་ཏོ། །གློ་བུར་གྱི་དྲི་མ་མེད་པ་ཡང་གཉིས་ཏེ། ཉོན་མོངས་པའི་དྲི་མ་མེད་པ་དང་། ཤེས་བྱའི་སྒྲིབ་པའི་དྲི་མ་མེད་པའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་སྤངས་པས་བདག་མེད་པ་ཞེས་བྱ་བ་སྟེ། སྤངས་བ་ཕུན་སུམ་ཚོགས་པ་བརྗོད་དོ། །ཤེས་བྱའི་
སྒྲིབ་པ་སྤངས་པས་དག་པ་ཞེས་བྱ་སྟེ། ཐོབ་པ་ཕུན་སུམ་ཚོགས་པའོ། །འདི་དག་གིས་ནི་བཅོམ་ལྡན་འདས་ཀྱིས་སྤངས་པ་དང་། ཐོབ་པའི་བྱེ་བྲག་གིས་གཉིས་ཏེ། རང་གི་དོན་ཕུན་སུམ་ཚོགས་པ་སྟོན་ཏོ། །མཚན་གཞི་བརྟག་པར་བྱའོ། །དེ་དག་སྤངས་པ་ནི་རྣམ་པར་མི་རྟོག་

པའི་ཞེས་བྱ་བའི་དོན་ཏེ། མཚན་གཞི་ཡང་མཚོན་པར་བྱ་བའི་དངོས་པོས་བརྟག་པར་བྱེད་པའི་མཚན་ཉིད་ཀྱང་རྣམ་པར་རྟོག་པ་ཡིན་པས་བརྟག་པ་སྟེ། དེ་དག་སྤངས་པའོ། །དེ་ཉིད་རང་ཉིད་གང་གིས་ཀྱང་རྟག་པར་བྱ་བ་མ་ཡིན་ཏེ། གཞན་གྱི་རྟོག་པ་པོ་ཡང་མ་
ཡིན་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྟོག་པ་དང་བྲལ་བ་བསྟན་ཏོ། །ཆོས་ཀྱི་སྐུ་ལ་ལྟོས་ནས་ཀྱང་མཚོན་པར་བྱ་བའི་དངོས་པོ་ཡིན་པ་དང་། མཚན་ཉིད་ཀྱིས་ཀྱང་གཟུགས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་དང་སྐུ་སྤངས་པའོ། །དང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་གྱི་རིམ་པ་བཞིན་དུ་
སྦྱར་བ་སྟེ། དེ་ཉིད་སྣང་བ་མེད་པ་ཞེས་བྱ་བ་ལ་སོགས་པ་ཁྱད་པར་གྱི་ཁྱད་པར་དུ་བྱས་པའོ། །དེ་ཉིད་དཔལ་རྙོག་པ་མེད་པའི་བཅོམ་ལྡན་འདས་ཞེས་བྱ་བའི་དོན་ཏེ། རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་ངོ་བོ་ཉིད་ཀྱི་ཆོས་རྣལ་འབྱོར་མའི་དེ་ཁོ་ན་ཉིད་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ངོ་བོ་ཉིད་ཅན། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་དུ་ཡང་རྒྱལ་བའི་སྲས་པོ་དེ་ནི་སངས་རྒྱས་རྗེས་སུ་དྲན་པའི་གཟུགས་ལས་མ་མཚོན་པའི་ཆོས་ལས་མ་ཡིན་ཏེ། གང་ན་སེམས་མེད་པ་ཡིད་ཀྱི་རྒྱུ་བ་མེད་པ་དེར། དེ་ལྟར་སངས་རྒྱས་དབྱེར་མེད་རྗེས་སུ་དྲན་
པར་བྱའོ་ཞེས་གསུངས་པ་དང་། གང་གིས་ང་ལ་གཟུགས་སུ་མཐོང་། །གང་གིས་ང་ལ་སྒྲར་ཐོས་པ། །ལོག་པར་སོང་ལ་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་དུ་ནི་སངས་རྒྱས་ལྟ། །ཆོས་ཉིད་ཤེས་པར་བྱ་བར་ནི། །རྒྱལ་བས་ཀྱང་
ནི་མི་བསྐྱོད་དོ། །ཞེས་གསུངས་སོ། །གཟུགས་ནི་འདིར་མཚན་དང་དཔེ་བྱད་དོ། །ཆོས་ཉིད་ནི་བསྟན་པའི་ཆོས་སོ། །སེམས་ནི་རྣམ་པར་ཤེས་པའི་ཚོགས་བདུན་ནོ། །ཡིད་ནི་ཉོན་མོངས་པ་ཅན་གྱི་རྣམ་པར་ཤེས་པའི་ཚོགས་སོ། །གཟུགས་ནི་མཚན་དང་དཔེ་བྱད་ཀྱིས་ཏེ། གཉིས་
ཀས་ཀྱང་བཅོམ་ལྡན་འདས་ཉིད་ལ་འཇུག་པར་བྱེད་པས་སྤོང་བ་སྟེ། དེ་ཁོ་ན་ཉིད་མ་ཡིན་པར་མཐོང་བས་ཐམས་ཅད་འདིས་སྤོང་བར་བྱེད་པས་ཆོས་རྣམས་གྱི་ཆོས་ཉིད་དོ། །ཆོས་ཉིད་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དོ། །ཆོས་ཀྱི་སྐུ་ནི་ཆོས་ཀྱི་སྐུའོ། །ཤེས་པར་བྱ་བའི་ཉེ་བར་

མཚོན་པར་བྱའོ། །གང་རྒྱལ་བས་ཀྱང་མི་དཔྱོད་པ་ནི་གང་ཞིག་བློའི་ཡུལ་མ་ཡིན་པས་གང་ཡིན་པ་མཚོན་པར་བྱ་བ་མ་ཡིན་ཏེ། དེ་དག་གིས་ཆོས་ཀྱི་སྐུ་བཤད་དོ། །ཕན་པའི་སྒྲས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཏེ། དེ་དག་གིས་འགྲོ་བའི་དོན་བྱེད་པའི་ཕྱིར་སྐུ་
གསུམ་བསྟན་པའོ། །སྐུ་གསུམ་གྱི་ཚིག་གིས་ཀྱང་འདི་དག་དབྱེར་མེད་པར་འཇུག་པའི་ཡེ་ཤེས་ལྔ་བཤད་དེ་འདི་ནི་འབྲས་བུ་བསྟན་པའོ། །རྙོག་པ་མེད་པ་ཞེས་བྱ་བ་ལ་སོགས་པ་འདི་ཉིད་ཀྱིས་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་ཀྱི་ལམ་ཡང་བསྟན་ཏེ། རྙོག་པ་མེད་པ་ནི་མ་
བསླད་པ་ཡིན་པས་མ་བསླད་པའི་དོན་ཏོ། །གསལ་བའི་ཞེས་བྱ་བའི་བར་དུའོ། །ཕན་པ་ནི་འདིར་སྐུ་གསུམ་ཉིད་གང་དུ་ཡང་བསམ་དུ་ཡོད་པ་མ་ཡིན་ཏེ། གཟུང་བྱ་སྣང་བ་མེད་པས་འདིར་འཛིན་པ་མེད་དེ། བསམ་གྱིས་མི་ཁྱབ་པ་ཞེས་པའི་དོན་ཏོ། །དཔེ་མེད་པ་འདི་ནི་རྡོ་རྗེ་འཆང་
ཐོབ་པར་བྱེད་པའི་ལམ་གཉིས་མེད་པའོ། །བརྗོད་དུ་མེད་པ་སྟེ། བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ནང་དུ་ཡང་བསམ་པའི་ཡུལ་གྱི་རང་བཞིན་མ་ཡིན་པའི་དོན་ཏོ། །རྒོད་དང་བཅས་པས་ཞི་བའོ། །ཞུམ་པ་དང་རྨུགས་པ་དང་གཉིད་མེད་པས་བདག་མེད་པའོ། །འགྱོད་པ་དང་ཐེ་
ཚོམ་བྲལ་བས་དག་པའོ། །མཚན་གཞི་བསམ་པར་བྱ་བ་དང་། མཚན་ཉིད་སེམས་པར་བྱེད་པ་སྤངས་པ་ནི་བསམ་དུ་མེད་པ་སྟེ། སེམས་མེད་པའི་དོན་ཏོ། །སྔར་གྱི་སྣང་བ་མེད་པ་དང་ཡུལ་གྱི་བདག་ཉིད་དག་ལས་མཚན་གཞི་དང་མཚན་ཉིད་སྤངས་པའི་དོན་འདི་ནི་ལོག་པ་ཡིན་
ཏེ། གང་གི་ལམ་དེ་གཞན་གྱིས་བསམ་གྱི་མེད་པ་དང་། གཞན་དུ་སེམས་པ་མ་ཡིན་པས་སྣང་བ་མེད་པའི་དོན་ཏོ། །དེ་ཡང་ཅུང་ཟད་ཀྱང་ཡུལ་ཡོད་པ་མ་ཡིན་ཏེ། ཡུལ་མེད་པས་བདག་ཡུལ་གྱི་བདག་ཉིད་མ་ཡིན་པའི་དོན་ཏོ། །གཞན་སེམས་པ་མ་ཡིན་པས་གཞན་གྱི་སྒོ་ནས་
ཚིག་སྔ་མ་གཉིས་ཡིན་ནོ། །ལས་འདིས་ཡང་རང་ཉིད་ཀྱི་ཀུན་དུ་བརྟགས་པའི་དངོས་པོ་མེད་པས། རང་ཉིད་མེད་པའི་དོན་ཏེ། མཚན་ཉིད་མེད་པའི་ཐ་ཚིག་གོ། །རང་ཉིད་རྒྱུད་ལ་གནས་པའི་ཀུན་དུ་རྟོག་པ་མེད་པའི་དོན་ཏེ། རང་གིས་བརྟག་པར་བྱ་བ་མ་ཡིན་པས་མཚན་ཉིད་མེད་

པའི་དོན་གྱིས་རང་ཉིད་ཀྱང་བརྟག་པར་བྱ་བ་ནི་རང་བཞིན་མེད་པར་བྱ་བའི་ཐ་ཚིག་གོ། །རྒྱུན་གྱི་སྔ་མ་དང་ཕྱི་མའི་ཚུལ་གྱིས་རྒྱུན་དུ་གནས་པ་ལ་བསམ་བྱ་དང་སེམས་པ་གཉིས་ལ་རག་ལས་པ་མེད་པས་ན་རང་ལ་སེམས་པ་དང་བསམ་བྱའི་རང་བཞིན་མེད་དེ། རང་གི་
སྒོ་དེ་དག་གི་མཚན་གཞི་མེད་པ་དང་། མཚན་ཉིད་མེད་པའི་ཚིག་དག་གོ། །རང་གི་སྒོའི་དོན་གྱིས་ཀྱང་གཉིས་སུ་རིག་པར་བྱ་སྟེ། རྒྱུན་ལ་ལྟོས་པ་དང་། སྐད་ཅིག་མ་ལ་ལྟོས་པས་ནི། རང་དང་གཞན་གྱི་སྒོ་ནས་བྱས་པའི་ཁྱད་པར་རོ། །ཚིག་འདི་གཉིས་ཀྱིས་ནི་བསམ་གྱིས་མི་ཁྱབ་པའི་
ལམ་གྱི་ལུས་བསྟན་པ་སྟེ། འདིས་ནི་ལམ་བཤད་པའོ། །སངས་རྒྱས་ཏེ་སྒྲོ་འདོགས་པའོ། །དེ་ཉིད་དེ་ནི་བསམ་པར་བྱ་བ་མིན་ཞིང་བསམ་དུ་མེད་པའོ། །འོ་ན་ཅི་ཞིག་བྱ་སྙམ་པ་ལ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་སྔོན་གྱི་སྨོན་
ལམ་གྱི་ཤུགས་ཀྱིས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་དེ་དང་དེ་ལྟར་འགྲོ་བ་སྣ་ཚོགས་པའི་ཕན་པ་ལ་དམིགས་ནས། སྤྲུལ་པ་རྣམས་འབད་པ་མེད་པར་རང་གིས་རབ་ཏུ་འཇུག་པར་བྱ་བ་ཉིད་དོ། །རྒྱུན་མི་འཆད་པ་ཞེས་བྱ་བ་ནི་མཛད་པའོ། །དེ་ཁོ་ན་ཉིད་ལ་གནས་ནས་རྣམ་པར་
མི་རྟོག་པའི་ཏིང་ངེ་འཛིན་གྲུབ་པར་བྱ་བའི་ཕྱིར། ལྷུན་གྱིས་གྲུབ་པའི་སྦྱོར་བས་གནས་པར་བྱ་བའི་དོན་ཏོ། །ཁ་ཅིག་ཅེས་བྱ་བ་ལ་སོགས་པས་ནི་མངོན་པར་མི་འདོད་པ་འགེགས་པ་སྟེ། སྟོང་པ་ཉིད་ཤིན་ཏུ་སྟོང་པ་ནམ་མཁའི་མེ་ཏོག་ལྟ་བུ་དེ་དང་མི་འཇིགས་པ་ལ་སོགས་པ་སྤངས་
པས་སོ། །གྲག་ཅེས་བྱ་བ་ནི་མི་འདོད་པའོ། །དེ་བཞིན་ཞེས་བྱ་བ་ནི་སྟོང་པ་ལ་སོགས་པ་བར་མ་ཆོད་པའི་རང་བཞིན་ནོ། །རྒྱུའི་ཞེས་བྱ་བ་ནི་བློས་གཞག་པའོ། །འབྲས་བུ་ཞེས་བྱ་བ་ལ་སོགས་པ་ལྷན་ཅིག་སྐྱེས་པའི་རྡོ་རྗེ་འཆང་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པའི་ཆོས་དབྱིངས་
ཀྱི་རང་བཞིན་ཏེ། ངོ་བོ་ཉིད་ཀྱི་སྐུ་དང་དེ་ཁོ་ན་ཉིད་ཀྱི་རང་བཞིན་མཐོང་བའོ། །བྱང་ཆུབ་ནི་འབྲས་བུ་སྟེ། མངོན་དུ་བྱ་བ་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །བསྒོམ་པ་ནི་ལམ་མོ། །འབྲས་བུ་ནི་བྱ་བའོ། །རྒྱུ་ནི་བྱེད་པའོ། །དེ་དག་མ་གྲུབ་པས་ལྷན་ཅིག་སྐྱེས་པ་མ་ཡིན་པ་དང་།

རྫོགས་པ་མ་ཡིན་པ་དང་། དངོས་པོ་མེད་པ་དང་། ཚད་མས་བཀག་པས་དེ་དག་ཉིད་རང་བཞིན་མེད་པ་འདི་དེས་བརྗོད་པའོ། །འབྲས་བུ་ལ་ལྟོས་ནས་རྒྱུ་ཡིན་ལ་རྒྱུ་ལ་ལྟོས་ནས་འབྲས་བུའོ། །ལྟོས་ནས་གྲུབ་པ་གང་ཡིན། མ་གྲུབ་པ་སྟེ། འདི་ལྟ་སྟེ། བཅོམ་ལྡན་འདས་ཐོག་མ་སྟེ་སྐྱེ་བ་
ཡིན་ལ། ཐ་མ་ནི་འགག་པའོ། །གང་ལ་དེ་དག་མེད་པས་དེ་ཉིད་ཀྱི་རང་བཞིན་གང་ཡིན་པ་དེ་ལ་དེ་སྐད་བརྗོད་དེ། རྒྱུ་དང་རྐྱེན་དང་བྲལ་བའི་ཕྱིར་རོ། །མཐོང་བ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་འདི་དངོས་གྲུབ་གྱི་སྤྲུལ་པ་སྟོན་པ་ཡིན་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གསལ་བའི་
མཐའ་ལས་བྱུང་བས། ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་བྱ་བའི་རང་བཞིན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མཁྱེན་པ་ཉིད་སྒྱུ་མ་ལྟ་བུའི་ཡེ་ཤེས་སོ། །ཡེ་ཤེས་དེ་བསྒོམས་པའི་སྟོབས་ཀྱིས་རྣམ་པ་སྣ་ཚོགས་པའི་སྒྱུ་མ་ལྟ་བུའི་ཡེ་ཤེས་འབྱུང་སྟེ།
ཡེ་ཤེས་དེ་དང་ལྡན་ན་དེ་དང་དེར་སྤྲུལ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བརྟག་པ་སྟེ་ཉེ་བར་བརྟགས་པའི་ཆའོ། །སངས་རྒྱས་ནི་དེ་བཞིན་གཤེགས་པའོ། །རྡོ་རྗེ་ཅན་ནི་རྡོ་རྗེ་འཛིན་པའོ། །སོགས་པའི་སྒྲས་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པས་སོ། །དེ་དག་གིས་བརྟགས་པ་
སྟེ་སྤྲུལ་པ་འགྱེད་པའོ། །ད་ནི་དཀྱིལ་འཁོར་རྣམ་པར་གཞག་པ་བརྗོད་པར་བྱ་སྟེ། དེ་ལ་ལེགས་པར་གནས་ནས་ཞེས་བྱ་བ་ལ་སོགས་པས་བསྒོམ་པར་བྱ་བའི་དཀྱིལ་འཁོར་གྱི་རྣམ་པར་གཞག་པ་རེ་ཞིག་སྟོན་ཏོ། །ལེགས་པར་གནས་པ་ནི་གནས་པ་སྟེ་མི་གཡོ་བའོ། །ཐེ་ཚོམ་ལ་སོགས་
པའི་སྐྱོན་སྤངས་པའི་དོན་ཏོ། །དེ་བཞིན་ཉིད་ཀྱི་རྣམ་པ་ནི་གཟོད་མ་ནས་མ་སྐྱེས་པ་ཐོག་མ་ནས་ཞི་བ་དང་། ནམ་མཁའི་མཉམ་པ་ཞེས་བྱ་བ་ལ་སོགས་པ་དེའི་ཆོས་ཐམས་ཅད་བསྡུས་པའི་ཕྱིར་རོ། །རྣམ་པ་དེའི་སྤྱོད་ཡུལ་ཡིན་པས་ན་ཡུལ་ཏེ། དམིགས་པའི་ཆོས་ཐམས་ཅད་གང་
ཡིན་པ་དེ་ནི་དེ་བཞིན་དུའོ། །ཆོས་ཞེས་བྱ་བ་ནི་དམིགས་པའོ། །ངོ་བོ་ཉིད་དེ་རང་བཞིན་གྱིས་འོད་གསལ་བ་སྟོང་པའོ། །གདོད་ནས་དག་ཅེས་བྱ་བ་ནི་བསྟན་པའོ། །རྙོག་པ་མེད་ཅེས་བྱ་བ་ནི་བཤད་པ་སྟེ། རང་བཞིན་གྱིས་ཡོངས་སུ་དག་པའི་དོན་ཏོ། །འདི་ནི་རྣམ་པར་བརྗོད་པའོ། །རང་དང་

གཞན་ལ་ཕན་པར་འདོད་པའི་རྣལ་འབྱོར་པས་སོ། །དེ་ཉིད་ཀྱིས་ན་སེམས་ཀྱི་དཀྱིལ་འཁོར་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་གསུངས་སོ། །ཕུང་པོ་ལ་སོགས་པ་ནི་རྡུལ་ཚོན་གྱིའོ། །སོགས་པའི་སྒྲས་ནི་སྐྱེ་མཆེད་དོ། །ཁྱད་པར་ནི་རྟོགས་པའི་ཁྱད་པར་རོ། །ཕུང་པོ་
ལ་སོགས་པ་མཚོན་པར་བྱེད་པ་བསྟན་པའི་ཕྱིར། ལུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་ལ་སོགས་རྣམས་ལ་ལུས་ལ་སོགས་པ་ཐ་མི་དད་པ་ཞེས་བྱ་བའི་དོན་ཏོ། །ལུས་ལ་སོགས་པ་ལ་གསུམ་མ་གཏོགས་པར་ཁམས་དང་སྐྱེ་མཆེད་རྣམས་ཡོད་པ་མ་ཡིན་པའི་ཕྱིར་
ཏེ། རྡོ་རྗེ་གསུམ་པོ་ཉིད་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་དོན་ཏོ། །དེ་ཞེས་བྱ་བ་ནི་དཀྱིལ་འཁོར་དེ་ཉིད་དོ། །བརྗོད་པ་ནི་བཤད་མ་ཐག་པའི་ཚོགས་ཀྱི་དཀྱིལ་འཁོར་དུ་བསྟན་ཏོ། །དེ་ཉིད་ཀྱིས་ནི་ཕུང་པོ་ལ་སོགས་པ་བཤད་པས་གཉིས་སུ་མེད་པ་བསྟན་ཏེ། སོགས་
པའི་སྒྲ་ནི་གཅིག་གིས་ནི་སྐྱེ་མཆེད་དུ་གཟུང་ཞིང་གཉིས་པས་ནི་ཁམས་ཏེ། ཟག་པ་དང་བཅས་པ་ཡང་ལམ་གྱི་རང་བཞིན་དཀྱིལ་འཁོར་དུ་བརྗོད་དོ། །འབྲས་བུར་གྱུར་པས་ཡང་ཟག་པ་མེད་པའི་དཀྱིལ་འཁོར་འདི་དག་ཉིད་ཟག་པ་མེད་པའི་ཕུང་པོ་རྣམས་ལྟ་བ་དེ་ལ་ཚུལ་
ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་ཕུང་པོའོ། །ཐོད་རྒལ་ལ་སོགས་པ་ནི་སྐྱེ་མཆེད་ལ་སོགས་པའོ། །སྐྱེ་མཆེད་དེ་བྱམས་པ་ལ་སོགས་པའི་ཁམས་རྣམས་རང་བཞིན་མེད་པ་ཉིད་དོ། །འདི་དག་ནི་རང་བཞིན་བསྟན་
བའོ། །མེ་ལོང་ལྟ་བུ་ལ་སོགས་པས་ནི་གང་གི་ཕྱིར་དེ་ནི་དཀྱིལ་འཁོར་གྲུ་བཞི་པར་གྱུར་པ་སྟེ། འདི་ནི་དཀྱིལ་འཁོར་གྲུ་བཞི་པར་བསྟན་པའོ། །ཡེ་ཤེས་བཞི་ནི་རྩིབས་བཞིར་བསྡུས་པའི་དོན་ཏོ། །རྩིབས་ཀྱི་སྒྲ་འདིས་ཕྱོགས་བརྡར་བཏགས་པའོ། །མེ་ལོང་ལྟ་བུའི་
ཡེ་ཤེས་ནི་དང་པོར་ཤར་གྱི་རྩིབས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ལྷོའི་རྩིབས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་བྱང་གི་རྩིབས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ནུབ་ཀྱི་རྩིབས་ཏེ་ལོགས་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་གྲུ་བཞི་པར་བརྟགས་པ་སྟེ། རྣམ་པར་གཞག་པའོ། །

སངས་རྒྱས་ཐམས་ཅད་རྡོ་རྗེ་འཛིན་པས་སོ། །ཡེ་ཤེས་ཉིད་གོའུ་སྟེ། མིག་གིས་དེ་དང་དེའི་རང་གི་ཡུལ་དུ་མཐོང་བས་སོ། །སྤྱོད་ཡུལ་ཡང་བསྟན་པ་མ་ཡིན་པའི་ཕྱིར་རམ། ཇི་སྲིད་དུ་རང་གི་ཡུལ་སྤྱོད་པས་གསུངས་སོ། །ལུས་དང་ཚོར་བ་དང་། སེམས་དང་ཆོས་བཞི་ནི་དྲན་པ་ཉེ་
བར་གཞག་པ་བཞི་སྟེ་སྒོའོ། །བརྗོད་ཅེས་བྱ་བ་ལ་སོགས་པ་ནི་གྲུ་བཞི་སྟོན་པ་སྟེ། ཆོས་དང་ཟང་ཟིང་མི་འཇིགས་བྱམས་པ་དང་། དེ་དག་བཞི་སྦྱིན་པ་ནི་གྲུ་བཞི་སྟེ། མཚམས་ཀྱི་དོན་ཏོ། །དབུས་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་སྙིང་པོར་བལྟ་སྟེ། ཆོས་ཀྱི་དབྱིངས་ཤིན་ཏུ་
རྣམ་པར་དག་པའི་ཡེ་ཤེས་ཉིད་དཀྱིལ་འཁོར་གྱི་དབུས་སོ། །འདི་ལྟ་བུའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལམ་གྱི་དུས་སུ་ངེས་པར་གྲུབ་པ་སྟེ། ངེས་པར་བྱས་ནས་ཉམས་སུ་བླངས་ནས། འབྲས་བུའི་དུས་སུ་ངེས་པར་འགྱུར་རོ། །ཞི་བའི་ཆོས་ནི་ལམ་བསྡུས་པ་སྟེ། ཚུལ་ཁྲིམས་དང་
ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པའི་ཕུང་པོ་ལམ་ལ་སྒྲིབ་པ་ཉེ་བར་ཞི་བའི་ཕྱིར་དང་། སངས་རྒྱས་ཀྱི་མཛད་པ་སྟེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་དེ་དག་ཉིད་ནི་དོན་ཏེ། སྐྱེས་བུའི་དོན་ཏོ། །དེ་དག་སྙིང་པོ་ཡིན་པས་ན་དཀྱིལ་འཁོར་རོ། །དཀྱིལ་འཁོར་ཞེས་བྱ་བ་ལ་
སོགས་པ་ཉིད་ཀྱིས་ཀྱང་ཆོས་ཀྱི་དབྱིངས་ཉིད་དོན་དམ་པའི་དཀྱིལ་འཁོར་དུ་བསྟན་ཏོ། །ཀུན་ཏེ་དུས་གསུམ་དུ་ཡང་གྲུབ་པ་ནི་ལྷན་ཅིག་སྐྱེས་པ་དྲུག་པ་སྟེ་ཡོངས་སུ་གྱུར་པའོ། །ཞི་བ་ནི་གདོད་ནས་ཞི་བ་སྟེ། ངོ་བོ་ཉིད་ཀྱིས་དྲི་མ་མེད་པ་ལ་ལྟོས་པ་དང་། ཉེས་པ་ཐམས་ཅད་ཉེ་བར་ཞི་
པའོ། །ཆོས་ཏེ་ཆོས་ཀྱི་དབྱིངས་སོ། །དེ་ཉིད་དོན་གྱི་དགོས་པ་སྟེ། ངོ་བོ་ཉིད་ཀྱི་སྐུ་སྟེ་དྲ་བ་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པ་སྟེ། ཏིང་ངེ་འཛིན་གྱི་ཡན་ལག་ཉིད་དྲ་བ་ལ་སོགས་པའི་བསྡུས་པའི་དོན་ཏོ། །རྟ་བབས་ཞེས་བྱ་བ་སོགས་པ་ནི་ཏིང་ངེ་འཛིན་གྱི་ཡན་ལག་རྒྱས་པར་བཤད་
དེ། སེམས་ཀྱི་ཏིང་ངེ་འཛིན་གསལ་བའི་མཐའ་ཕྱིན་པ་ཉིད་ནི་རྟ་བབས་སོ། །སེམས་ཀྱི་ཏིང་ངེ་འཛིན་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་ཉིད་ནི་དོ་ཤལ་ཏེ། འབབ་པ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པ་ལ། གལ་ཏེ་མངོན་པར་

འདུ་བྱེད་པ་མེད་པ་ནི་དྲ་བ་ཕྱེད་པའོ། །བྲག་ཅ་ལྟ་བུ་ཐམས་ཅད་ཀྱི་ཆོས་རྟོགས་པ་ཉིད་དྲིལ་བུའོ། །ལྷག་པར་མོས་པའི་ཆོས་ཐམས་ཅད་སྐྱེད་པ་སྟོན་པ་ཉིད་རྡོ་རྗེའི་ཕྲེང་བའོ། །ཆོས་ཐམས་ཅད་ནི་གཉིས་ཏེ། སྟོན་པའི་ལུང་དང་ལྷག་པར་རྟོགས་པའི་བདག་ཉིད་ཀྱི་ཚུལ་
གྱིས་སོ། །དངོས་པོ་མེད་པ་ལ་སོགས་པའི་འཛིན་པ་ལས་གྲོལ་བས། ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་མཉམ་པ་ཉིད་དུ་འཇུག་ཅིང་ཁེབས་པ་སེམས་ཉིད་བླ་རེའོ། །ད་ནི་སྐད་ཅིག་མ་དང་དགའ་བ་བཞི་བཤད་པར་བྱའོ། དེ་ལ་ཕྲེང་བ་ཞེས་བྱ་བ་ལ་སོགས་པས་དགེ་བ་བསྟན་ཏེ།
རྣམ་པ་སྣ་ཚོགས་པའི་སྐད་ཅིག་ལ་ཉེ་བར་མཚོན་པར་དགའ་བའི་རང་བཞིན་བདེ་བའི་རྣམ་པའི་སྣང་བ་ཉིད་ཐམས་ཅད་དུ་ཕྲེང་བ་དང་གོས་དང་རྔ་ཡབ་ལ་སོགས་པའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་མཆོག་ཏུ་དགའ་བའི་ཡེ་ཤེས་ཏེ། རྣམ་པར་སྨིན་པའི་སྐད་ཅིག་མ་ལ་མཚོན་པའོ། །རྡོ་རྗེ་
པདྨ་རིག་པ་ལ་སོགས་པའི་དུས་སུ་དགའ་བ་བདེ་བའི་རྣམ་པའི་སེམས་ཉིད་ཀྱིས་དགའ་བ་རྣམས་གྲྭར་སོན་རྡོ་རྗེའི་དོན་དེའི་ཞེས་བྱ་བ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པ་སྟེ། དེ་དག་གིས་བརྟག་པར་བྱ་བ་མ་ཡིན་པའི་དོན་གྱིས་བེམས་པོ་སྟེ། མཚན་ཉིད་དང་བྲལ་བ་ཞེས་བྱའོ། །ལྷན་ཅིག་
སྐྱེས་པའི་མཁའ་འགྲོ་མའི་ཕྱག་རྒྱ་རྣམས་ནི་བསྒོམ་པར་བྱ་བ་སྟེ། རང་གི་ཆའི་རང་བཞིན་ནི་བསྒོམ་པ་སྟེ་བདེ་མཆོག་འབྱུང་བའོ། །བསྒོམ་པ་ལས་སྐྱེས་པའི་བདེ་མཆོག་ཅེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་ནི་བཅོམ་ལྡན་འདས་མའོ། །སྡོམ་པ་ནི་བཅོམ་ལྡན་འདས་ཏེ་རྡོ་རྗེ་སེམས་
དཔའ་འམ་གཞན་དག་ཀྱང་ངོ་། །དེ་དག་ཤར་བས་ནི་བཞེངས་པ་སྟེ་མཚན་ཉིད་དང་བྲལ་བའི་སྐད་ཅིག་ལ་ལྷན་ཅིག་སྐྱེས་པ་ཉིད་མཁའ་འགྲོ་མ་དང་བདེ་མཆོག་ཤར་བས་དང་ཞེས་བྱ་བའི་དོན་ཏོ། །གྲྭ་དང་ཞེས་བྱ་བ་ལ་སོགས་པས་ནི་དགའ་བྲལ་ཏེ། རྡོ་རྗེ་སྟེ་རིན་པོ་ཆེ་ནི་ནོར་བུ་སྟེ་བདེ་བ་ལ་
སྤྱོད་པའི་བདག་ཉིད་ཅན་ཡིན་པས་དམིགས་ཀྱིས་དགར་བའི་ཕྱིར། རྣམ་པ་མེད་པའི་སྐད་ཅིག་མ་ལ་དགའ་བའི་དགའ་བ་རྟོགས་པ་ཉིད། གྲྭ་བའི་མཚམས་ཐམས་ཅད་དུ་རྡོ་རྗེ་རིན་ཆེན་གྱིས་སྤྲས་པ་སྟེ་ཟུར་ཐམས་ཅད་དུ་ཉེ་བར་མཚོན་པ་ཉིད་དུ་པདྨོ་རྣམས་འདུས་ཏེ། ནང་དུ་ཆུད་པའོ། །

རྡོ་རྗེ་རིན་ཆེན་སྤྲས་པས་མཛེས་པ་ཉིད་ནི་དཀྱིལ་འཁོར་ཏེ། རྡོ་རྗེ་རིན་པོ་ཆེའི་ཏོག་གོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དོན་ནི་དོན་དམ་པ་དེ་ཁོ་ན་ཉིད་དོ། །ཤེས་རབ་ཀྱི་དེ་ཉིད་མཐོང་བ་ནི་ཟླ་བའོ། །ཐབས་ཀྱི་དེ་ཉིད་མཐོང་བ་ནི་ཉི་མའོ། །ཤེས་རབ་ལ་སོགས་པ་ཉེ་བར་སྡུད་པ་སྟེ།
དེའི་བདག་ཉིད་ནི་དེའི་རང་བཞིན་ནོ། །དེ་ལྟར་བཤད་མ་ཐག་པ་ཡེ་ཤེས་ནི་ཐམས་ཅད་རྟོགས་པའོ། །མཉམ་སྦྱར་ཏེ་འདུས་པའོ། །མཚན་ཉིད་མེད་པ་སྟེ། དེ་དང་དེ་ལྟར་རྣམ་པ་ཐ་དད་པའི་མཚན་ཉིད་སྤངས་པས་དཀྱིལ་འཁོར་དུ་ཞུགས་པའོ། །དེ་ཉིད་བཤད་མ་ཐག་པའི་རྟོག་པ་
ཐམས་ཅད་དེ་བརྗོད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་འཛིན་པའི་སའོ། །དེས་ན་དཀྱིལ་འཁོར་བསྟན་ནས། སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་ལ། རྣམ་པར་མི་རྟོག་པ་སྟེ་ཐ་མལ་པའི་རྟོག་པ་མ་ལུས་པར་སྤངས་པའོ། །མཚོན་པ་ནི་དྲན་པའོ། །དཔྱོད་པ་སྟེ་རང་རང་གི་རང་བཞིན་
ལས་སོ་སོར་རྟོགས་པར་གྱུར་པ་སྟེ། དངོས་པོ་ཐམས་ཅད་བདག་ཉིད་གང་ཡིན་པ་དེས་དཔྱོད་པའོ། །དངོས་པོ་ཀུན་གྱི་འཇོམས་པར་བྱེད་པ་སྟོང་པ་ཉིད་ཀྱི་ཤེས་རབ་ཅེས་པའི་དོན་ཏོ། །རྣམ་པར་འབྱེད་པས་དཔྱོད་པ་སྟེ་རྣམ་པར་ཕྱེ་བ་ཉིད་དོ། །རང་རང་གི་རྣམ་པར་ཤིན་ཏུ་སྟོང་པ་
ཉིད་མེ་སྟེ། དངོས་པོར་འཛིན་པ་ཐམས་ཅད་བསྲེགས་པའི་ཕྱིར་རོ། །བསྲེག་པར་བྱ་བ་ནི་རང་བཞིན་མེད་པར་བྱེད་པ་སྟེ། དེ་ལྟར་རབ་ཏུ་གནས་པར་བྱ་བའི་དོན་ཏོ། །སེམས་ལས་བྱུང་བ་ནི་སེམས་ཀྱིས་གཞག་པའོ། །གཟུགས་ལ་སོགས་པའི་དངོས་པོ་ནི་སེམས་ཀྱིས་སྦྱར་བ་
སྟེ། སེམས་ལས་བྱུང་བ་ཡང་གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པའོ། །སོགས་པའི་སྒྲས་ཁམས་ཀྱང་ངོ་། །རབ་ཏུ་གནས་པ་ཞེས་བྱ་བ་ལ་སོགས་པ་ལ། དང་པོའི་དོན་གྱི་རྐྱེན་ཅན་ནོ། །བརྟན་པར་གྱུར་པར་སེམས་མི་གཡོ་བ་སྟེ། སེམས་ནི་ཡོད་དོ། །ལུས་ངག་ཡིད་ཀྱི་རྣམ་པ་དེ་
ཉིད་ངོ་བོ་སེམས་སོ་ཞེས་གསུངས་ཏེ། སྟོན་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུའོ། །གཅིག་ཏུ་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་དོ། །ད་ནི་ཞེས་བྱ་བ་ལ་སོགས་པ་ལ། གསང་ཆེན་གང་ཡིན་པ་དེ་ནི་སྔགས་ཀྱི་མཚན་ཉིད་ཅེས་ཉེ་བར་བསྟན་པ་ཡིན་ནོ། །སྐྱེ་བ་མེད་ཅིང་སྣང་བ་

ཞེས་བྱ་བ་ལ་སོགས་པ་ནི་ངེས་པར་བསྟན་པ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་གསང་བ་ཆེན་པོའི་དོན་ཏོ། །ལྷ་ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་ཕུང་པོ་ཉིད་དང་སྐྱེ་བ་འཛིན་པ་ཉིད་རིགས་སོ། །དེས་གང་གནས་པའི་འཇིག་རྟེན་པའི་བློ་ལ་ཡང་དག་པའི་
དེ་ཁོ་ན་ཉིད་དེ་ཡང་དག་པའི་བྱང་ཆུབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྟགས་པ་སྟེ་གྲུབ་མཐར་བྱས་པའོ། །མཚོན་པ་སྟེ་ངེས་པར་རོ། །ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་ཉིད་ལ་ཡང་དག་པའི་བྱང་ཆུབ་བོ། །འདེབས་པ་ནི་རོ་གཅིག་པར་བྱེད་པའོ། །ལྷ་རྣམས་
ཞེས་བྱ་བ་ལ་སོགས་པ་ལ། མཆོད་པ་སྟེ་སྒྲུབ་པའོ། །སྦྱོར་བ་ནི་ཏིང་ངེ་འཛིན་ཏེ་ཞི་གནས་དང་ལྷག་མཐོང་ངོ་། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་སེམས་བསྒོམས་ཞེས་པའི་དོན་ཏོ། །གསང་ཆེན་ནི་ཐམས་ཅད་ཀྱི་བདག་ཉིད་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་སྟེ། ཨེའི་ཆ་བྱད་
ཀྱི་རྣམ་པའོ། །མཆོག་གི་དགྱེས་པ་ནི་གཞལ་ཡས་ཁང་སྟེ། རྟག་ཏུ་གནས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་དུས་གསུམ་དུ་མི་འགྱུར་བའི་ཚུལ་གྱི་ཕྱིར་རོ། །སངས་རྒྱས་ཀུན་བདག་ནི་ཡེ་ཤེས་གཤེགས་པ་ལྔའི་རང་བཞིན་ཡོན་ཏན་རྣམས་ཉིད་འདི་ལ་ཡོད་པས་སེམས་དཔའ་སྟེ།
བླ་ན་མེད་པའི་ཡོན་ཏན་ཐམས་ཅད་ཀྱི་གནས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནི་སྟོང་པ་ཉིད་དོ། །སེམས་དཔའ་ནི་སྙིང་རྗེ་སྟེ་དེ་དག་སྦྱར་བས་ནི་རྡོ་རྗེ་སེམས་དཔའོ། །སྐུ་གང་ཡིན་པ་དེ་གསུངས་པ། བདེ་བའི་མཆོག་སྟེ་བདེ་བ་ཆེན་པོའི་སྐུའོ། །གསང་ཆེན་ནི་ཆོས་ཉིད་དོ། །མཆོག་ནི་
ལོངས་སྤྱོད་རྫོགས་པའོ། །དགྱེས་པ་ནི་སྣ་ཚོགས་སྤྲུལ་པའོ། །ཐམས་ཅད་བདག་ཉིད་ནི་ངོ་བོ་ཉིད་སྐུའོ། །རྟག་ཏུ་བཞུགས་པ་སྟེ་སྐུ་བཞི་བོར་ནས་གང་དུ་ཡང་མི་འགྲོ་བའོ། །སངས་རྒྱས་ཀུན་བདག་ཉིད་ཆོས་དང་ལོངས་སྤྱོད་དང་སྤྲུལ་པ་དང་། ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་གང་
ཡིན་ན་སེམས་དཔའོ། །དེ་ཉིད་གང་ཞེ་ན་རྡོ་རྗེ་སེམས་དཔའོ། །དེ་ལྟ་བུ་ཉིད་གང་བདེ་བའི་མཆོག་སྟེ། བདེ་བ་ཆེན་པོ་ཞེས་པ་སྐུ་ལྔ་པར་བརྗོད་དོ། །སྐྱིལ་ཀྲུང་ཞེས་བྱ་བ་ལ་སོགས་པས་ནི་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་གསུངས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་

བསྒོམ་པ་ལ། སྐད་ཅིག་ཙམ་གྱིས་སེང་གེའི་གདན་ལ་བཞུགས་ནས་སྐྱེ་བ་ནི་དབྱུག་པ་འཛིན་པ་སྙིང་པོའི་རྣལ་འབྱོར་གྱིས་བསྒྱིངས་པའི་ཚུལ་དུ་རྡོ་རྗེ་དྲིལ་བུ་འཛིན་པ་སེར་པོ། །ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བདག་བསམ་གྱིས་མི་ཁྱབ་པ་སྒྱུ་མ་ལྟ་བུ་བསྒོམ་པར་
བྱའོ། །ཇི་ལྟར་སྒྱུ་མ་ལྟ་བུ་བསྒོམ་པ་ནི་མ་ཡིན་ནོ། །ཇི་ལྟར་འདི་ལྟར་བསྒོམ་པའོ། །གང་དུས་གསུམ་དུ་འབྱུང་བའི་ཡེ་ཤེས་སྐྱེས་པ་དང་བསྐྱེད་པ་དང་། སྐྱེ་བ་ལ་དེ་བཞིན་དུ་བདག་གིས་ཀྱང་བསྐྱེད་པར་བགྱི་ཡིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རྡོ་རྗེའི་རྣལ་འབྱོར་མ་
རྣམས་ཀྱིས་བདག་ལ་བྱིན་གྱིས་རློབས་ཤིག་ཅེས་བདེན་པའི་བྱིན་གྱི་རླབས་བརྗོད་དེ་གསོལ་བ་གདབ་པར་བྱའོ། །ཐམས་ཅད་དེ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་བསྒོམས་པ་ལ་བརྟེན་པར་བྱའོ། །དེ་ནས་དེ་ལ་ཡང་རྟོག་པར་མི་བྱ་སྟེ། བསམ་དུ་མེད་པའི་རྣལ་འབྱོར་
གྱིས་མངོན་པར་གནས་པར་བྱའོ་ཞེས་བྱ་བའི་མན་ངག་གོ། །འཇིག་རྟེན་པའི་དོན་ལ་རྟོག་པ་དང་། འཇིག་རྟེན་ལས་འདས་པའི་དོན་ལ་རྟོག་པ་ནི་གཉུག་མ་མ་ཡིན་ཏེ། འོན་ཀྱང་གྱུར་པའོ། །གཉུག་མ་ནི་གཉི་གའི་རྟོག་པ་མེད་པའོ། །རང་གི་གཉུག་མའི་རང་བཞིན་གྱི་རྣལ་འབྱོར་
གྱིས་ཆོས་རྣམས་ལ་རྣམ་པར་སྦྱོར་བ་སྤངས་པས་གནས་པར་བྱའོ། །དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པ་ནི་དྲུག་ཅེས་བྱ་བ་ལ་སོགས་པ་ལ་འདིའི་དོན་ནི་འདི་ཡིན་ཏེ། འཁོར་ལོས་སྒྱུར་བ་དྲུག་གིས་གཟུགས་ཀྱི་རང་བཞིན་དུ་བསམ་པར་བྱ་སྟེ། རིགས་དྲུག་ཁ་སྦྱོར་བར་གྱུར་པའི་བློས་ལག་
པ་གཉིས་ཐལ་མོ་སྦྱར་བར་བྱའོ། །ནམ་མཁའི་ཁམས་ཐམས་ཅད་ཁེངས་པའི་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་མཁྱེན་ཅིང་དགོངས་པར་བསམས་ལ། རྣམ་པར་རྟོག་པའི་རང་བཞིན་ཀུན་ནས་ཉོན་མོངས་པ་ཐམས་ཅད་དང་། རྣམ་པར་བྱང་བ་
ཐམས་ཅད་ཇི་སྙེད་པ་སྣ་ཚོགས་ཀྱི་རྟོག་པ་སྤངས་ཏེ། མདུན་གྱི་སངས་རྒྱས་དེ་དག་ཐམས་ཅད་བསྡུས་པ་ནི་འདུས་པ་སྟེ། རྡོ་རྗེ་འཆང་གཅིག་ཏུ་གྱུར་ཏེ། དེ་དག་གཅིག་ཏུ་གྱུར་པའི་སྐུ་ཅན་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ནི་བསྟན་པའོ། །དེ་ལ་འདི་བཤད་པ་ནི་རང་བཞིན་

ཞེས་བྱ་བ་ལ་སོགས་པ་ནི་རང་སྟེ། སངས་རྒྱས་རྡོ་རྗེ་འཛིན་པ་རྣམས་ཐམས་ཅད་མཁྱེན་པ་གཅིག་གིས་གནས་ཤིང་དགོངས་པའོ། །འགྱུར་བ་ནི་བཞུགས་པའོ། །འདི་རྒྱས་པར་བཤད་པ་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་རྣམས་ཀྱི་བདག་
ཉིད་རང་བཞིན་འདུས་པར་གཅིག་པ་ཉིད་དུ་འགྱུར་བ་སྟེ། སངས་རྒྱས་ཀུན་གྱི་སྡོམ་པ་གཅིག་པའི་བདག་པོའོ། །དེའི་ཕྱིར་རྣལ་འབྱོར་པ་རྫོགས་པའི་བྱང་ཆུབ་ཉིད་དོ། །ཡང་གི་སྒྲས་ནི་དེ་ཁོ་ན་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །གང་ཞིག་སྔོན་མར་མེ་མཛད་ལ་སོགས་པ་རྣམས་
ཀྱིས་ཀྱང་གསུངས་ལ། ཤཱཀྱ་ཐུབ་པ་ངས་ཀྱང་བཤད་པར་མཛད་པའོ། །དེ་ཉིད་ཅེས་བྱ་བ་དེ་ཉིད་སྔགས་ཀྱི་བསྟན་བཅོས་ལས་རབ་ཏུ་སྒྲུབ་པ་གོ་ཀུ་ད་ཧ་ན་ལ་སོགས་པའི་དམ་ཚིག་ཅེས་བྱ་བའི་དོན་ཏོ། །འདི་ཙམ་གྱིས་ནི་བ་གླང་ལ་སོགས་པ་ཚད་བཟུང་བ་སྟེ། གལ་ཏེ་ཞེས་བྱ་བ་
གལ་ཏེ་གང་གི་ཚེ་ཡིན་ན་དེའི་ཚེ་འཁོར་བ་ལས་ཁྱད་པར་དུ་གྱུར་པ་བླ་ན་མེད་པ་རྣལ་འབྱོར་པའི་ཀུན་རྫོབ་བོ། །དོན་དམ་པར་བདེན་པར་འཇོག་པའི་རྒྱུ་མཆོག་ཏུ་ཡོངས་སུ་དག་པ་འདོད་པའི་ཡོན་ཏན་མ་ལུས་པས་འདོད་པར་བྱ་བའི་རྒྱུར་གྱུར་པ་གང་ཡིན་པ་སྟེ། གོང་ན་མེད་པའི་
མྱ་ངན་ལས་འདས་པ་ནི་མ་ཡིན་ནོ། །མྱ་ངན་ལས་འདས་པའི་ཚུ་རོལ་འཁོར་བ་ཉིད་དོ། །ཕུང་པོ་བསྣན་པ་ནི་མེད་པའི་ཕྱིར་རོ། །ད་ནི་དམ་ཚིག་སྒྲུབ་པའི་ཐབས་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། གང་དང་ཡང་མི་རྟོགས་སོ། །དེ་ལ་མོས་པ་ནི་ཤིན་ཏུ་བསྟན་པ་
བདུན་པ་སྟེ། མངོན་པར་ཡིད་ཆེས་པ་དེས་བསྒྲུབ་པར་བྱ་སྟེ། དམ་ཚིག་གི་དོན་དུ་འཇུག་པས་སོ། །འདིས་མཚོན་པར་བྱེད་ཅིང་མངོན་སུམ་བྱེད་པས་ན་དམ་ཚིག་སྟེ། དེ་བཞིན་གཤེགས་པའི་ཚོགས་ལམ་གྱི་གནས་སྐབས་སོ། །བསྒྲུབ་པར་བྱ་བ་སྟེ། འབྲས་བུ་སྟེར་བ་ལ་མངོན་
དུ་ཕྱོགས་པར་བྱེད་པའམ། རྟོགས་པར་བྱ་བ་སྟེ། མངོན་དུ་བྱ་བ་འདི་ནི་དམ་ཚིག་སྟེ། དེ་ཉིད་འབྲས་བུའི་གནས་སྐབས་སོ། །ལམ་ལས་གཞན་པའི་རིགས་ཀྱི་འབྲས་བུ་མེད་དེ། གསེར་གྱི་ཚོགས་སྔ་མ་ལ། འདི་དག་ནི་གསེར་བཙོ་མ་ལྟ་བུ་ཡིན་ནོ། །གང་གི་ཕྱིར་ལམ་

སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་རབ་ཏུ་སྤངས་པ་སྒྲིབ་པ་གཉིས་མཐར་ཐུག་གི་བར་གྱི་གནས་སྐབས་ལས་ཕ་རོལ་ཉིད་འབྲས་བུར་གྱུར་ནས་མངོན་པར་གནས་སོ། །བསྒྲུབ་བྱ་སྟེ་མངོན་དུ་ཕྱོགས་པར་བྱ་བ་ལམ་གྱི་གནས་སྐབས་ལའོ། །མངོན་པར་བྱང་ཆུབ་པ་ཡང་
འབྲས་བུའི་གནས་སྐབས་ལ་འདིར་དངོས་གྲུབ་ནི་མངོན་དུ་བྱའོ། །ཀླ་ཀློའི་བརྡས་ཐ་སྙད་ཉིད་དེ་རྣལ་འབྱོར་པའི་ཀུན་རྫོབ་ཉིད་དུའོ། །མཉམ་པ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་རིན་ཆེན་འབྱུང་ལྡན་གསུངས་པ་སྟེ། མཉམ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་འཇུག་པ་སྟེ།
མཉམ་པར་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་པ་དང་། ཆོས་ཉིད་དོ། །དེ་ལ་ཐུན་མོང་དུ་བསྟན་པའི་ཕྱིར། ཆགས་པ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ཆེན་པོས་ཆགས་པས་ནི་ཆགས་པའོ། །ཆོས་ཉིད་སྟོན་པ་ནི་མ་ཆགས་པའི་ཡུལ་གྱི་སེམས་ཅན་ཉིད་ཡོད་པ་མ་ཡིན་
ནོ། །ཡོད་པ་མ་ཡིན་པ་ཉིད་ནི་མཉམ་པ་ཉིད་ཅེས་བྱ་བའི་གྲུབ་མཐའོ། །ཆོས་ཉིད་ལ་ནི་སེམས་ཅན་དམིགས་པར་མི་འགྱུར་ལ། དེ་ལྟ་ན་ཡང་སྙིང་རྗེ་དེའི་དོན་བྱེད་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ནི་སེམས་དཔའ་སྟེ། དང་པོ་ནས་བཞི་པའི་སེམས་ཅན་མཐོང་བ་དེ་ཡང་དེའི་
དོན་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་སྙིང་རྗེ་ཉིད་མེད་དེ་ཡུལ་མེད་པའི་ཕྱིར་རོ་ཞེ་ན། ཡོད་དེ་ཇི་ལྟར་བྱེད་ཅེ་ན། དེ་ཉིད་རེ་ཞིག་སེམས་ཅན་རང་མེད་ན་དེ་ཡང་སྡུག་བསྔལ་ལ་སོགས་པ་ཤིན་ཏུ་འབྱུང་ངོ་ཞེས་བྱ་བ་ནི་ངོ་མཚར་བ་སྟེ། བདག་ཉིད་རང་མི་ཤེས་པ་དེ་སྲིད་དུ་རང་གི་སྡུག་
བསྔལ་བ་ལ་སོགས་པས་སྡུག་བསྔལ་བས་ཕྱིན་ཅི་ལོག་ཏུ་བྱེད་པའོ། །ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ལ་ཤིན་ཏུ་སྙིང་རྗེར་འཇུག་པའོ། །ཆགས་པ་ཞེས་བྱ་བ་ནི། ཤེས་རབ་ཀྱིས་ཆགས་པའི་སྙིང་རྗེ་རིན་ཆེན་འབྱུང་ལྡན་ནོ། །སྤྱད་པ་སྟེ་ཟོས་ཤིང་འཐུངས་པ་སྟེ་རྟོགས་པ་ཞེས་བྱ་བའི་
དོན་ཏོ། །ཆགས་ཆེན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལུས་ཏེ། འོད་དཔག་མེད་ནི་མཐའ་ཡས་པའི་སེམས་ཅན་རྣམས་དངོས་པོ་ཡོད་པ་མ་ཡིན་པས། ཐ་དད་པའི་བློ་གང་ལ་མེད་པ་གང་ཡིན་པ་སྟེ། དེ་བཞིན་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་སྙིང་པོ་རིན་ཆེན་ཞེས་བྱ་བའི་དོན་ཏོ། །དེར་

སོན་པ་ནི་རྟོགས་པ་སྟེ་དེའི་དོན་དུ་ཡེ་ཤེས་སྐྱེ་བ་མེད་པ་སྟེ། དེ་ནི་སོ་སོར་རྟོག་པ་ཞེས་བྱ་བ་ཉིད་དུ་འདོད་པའི་དོན་ཏེ། ཆོས་མ་སྐྱེས་པ་ཉིད་སོ་སོར་རྟོག་པ་སྣང་བ་མཐའ་ཡས་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཆོས་དེ་དཔལ་རྡོ་རྗེའི་ཆོས་རྣམས་སོ། །ཡོད་པ་མ་ཡིན་ཏེ་
བསྐྱེད་པ་གང་ཡིན་པ་སྟེ། དེ་ནི་དེ་ལྟ་བུའི་རང་བཞིན་ནོ། །དེ་ལྟར་ཡང་། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་ཏེ།
སྐྱེ་བ་མེད་པའི་རང་བཞིན་སྣང་བ་མཐའ་ཡས་ཞེས་བྱ་བར་དགོངས་སོ། །དེ་ཉིད་བཤད་པ་ནི་སྐྱེ་བ་མེད་པ་སྟེ། མངོན་པར་རྟོགས་པ་སྟེ། ཡོངས་སུ་ཤེས་པའམ། དེ་སྟེ་ཆོས་རྣམས་ཀྱི་རྟོགས་པའོ། །ཁུ་བ་སྟེ་སྣང་བ་མཐའ་ཡས་ཟ་བ་སྟེ། རང་གིས་མངོན་དུ་བྱེད་པའོ། །མཉམ་
པ་ཉིད་ཅེས་བྱ་བ་ལ་སོགས་པ་དོན་ཡོད་གྲུབ་པ་སྟེ། དངོས་པོ་རྣམས་ཏེ་སེམས་ཅན་རྣམས་ཀྱི་དངོས་པོ་རྣམས་ནི། གང་དོན་ཡོད་གྲུབ་པས་མཉམ་པ་ཉིད་དེ། སེམས་ཅན་ཐུན་མོང་དུ་འཇུག་པས་འདིར་བཏགས་ནས་མཉམ་པ་ཉིད་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །མཉམ་པ་ནི་
སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་བྱ་བ་ནན་ཏན་གྲུབ་པའི་དངོས་པོ་ལ། བརྟེན་པའི་ཡེ་ཤེས་ནི་མཉམ་པ་ཉིད་དོ། །དངོས་པོ་རྣམས་ནི་ཕྲག་དོག་སྟེ། དངོས་པོ་ཞེས་པ་ནི་དངོས་པོ་ཉིད་ཀྱི་དོན་ཏོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་དོན་ཡོད་གྲུབ་པའོ་ཞེས་བྱ་བའི་ཐ་ཚིག་
གོ། །ཤ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་དོན་ཡོད་པའི་མི་དམིགས་པའི་རྣལ་འབྱོར་གྱིས་ཟོས་པ་སྟེ། རང་དབང་དུ་བྱེད་པའོ། །ཡང་ནི་དངོས་པོ་རྣམས་ཏེ་སེམས་ཅན་རྣམས་ལ་མི་དམིགས་པའི་སྦྱོར་བས་བྱ་བ་ཉམས་སུ་ལེན་པས་སེམས་ཅན་ཡང་དམིགས་པ་མེད་
ཅེས་བྱ་བའི་དོན་ཏོ། །རབ་ཏུ་རྒྱས་པས་ཞེས་བྱ་བ་ལ་སོགས་པ་ནི་མི་བསྐྱོད་པ་སྟེ། ཇི་སྲིད་ནམ་མཁའི་ཁམས་ཀྱི་མཐས་ཀླས་པ་ནི་རྒྱས་པའོ། །རབ་ཏུ་འཕྲོ་བ་ནི་དེ་དང་དེ་ཐམས་ཅད་དུ་འགྲོ་བའི་སེམས་ཅན་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པའོ། །

རྟོགས་པ་ནི་མངོན་པར་བྱ་བ་སྟེ། རྫོགས་པའི་བྱང་ཆུབ་ཉིད་ཀྱིས་སོ། །དམ་ཚིག་ནི་ཐམས་ཅད་འགྲོ་བའི་ཆོས་ཀྱི་དབྱིངས་ཏེ། དེ་ཉིད་ཀྱི་དོན་ནི་མངོན་པར་བྱང་ཆུབ་པའི་ཡུལ་ལོ། །དེ་ལ་གང་དག་སྦྱོར་བ་ལས། །ཞེས་བྱ་བ་ནི་ཉེ་བར་བགྲོད་པ་ལས་སོ། །དམ་ཚིག་ཀྱང་ཤིན་ཏུ་
དག་པའི་ཡེ་ཤེས་མངོན་པར་བྱང་ཆུབ་པའོ། །དོན་ཡང་ཆོས་ཀྱི་དབྱིངས་ཏེ་མངོན་པར་རྟོགས་པར་བྱའོ། །དེ་དང་རྗེས་སུ་མཐུན་པའི་རྣལ་འབྱོར་ནི་རོ་གཅིག་པར་སོན་པ་སྟེ། དེ་བདག་ཉིད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་
བདག་ཉིད་མི་བསྐྱོད་པ་ཉིད་དུ་ཞེས་བྱ་བའི་དོན་ཏོ། །མཐུན་པ་ནི་རང་གི་རྒྱུད་ལ་འཇུག་པར་བྱེད་པའོ། །ལས་ནི་བྱ་བར་བརྗོད་དེ། ཇི་བཞིན་པའི་དོན་རྟོགས་པའོ། །དེའི་སྦྱོར་བའི་ལས་ནི་ཡི་དམ་དང་རབ་ཏུ་སྦྱོར་བའོ། །ཅུང་ཟད་ཅེས་བྱ་བ་ལ་སོགས་པས་ནི་རྣམ་པར་སྣང་མཛད་
བཤད་པ་སྟེ། ཅུང་ཟད་མེད་པ་ནི་དེ་དང་འདི་ཡིན་ཞེས་ཉེ་བར་འཇོག་པའི་རྣམ་པར་འགོག་པའི་སེམས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །བརྟེན་པ་ནི་མི་བསྐྱོད་པ་སྟེ། གཡོ་བ་མེད་པར་གནས་པས་རྒྱུན་དུ་མཉམ་པར་གཞག་པ་སྟེ། ཐུན་མོང་མ་ཡིན་པའི་བདག་ཉིད་དུ་སྣང་བས་
མངོན་པར་སྣང་བའི་རྣམ་པར་རྟོག་པ་སྟེ། དེ་མེད་པས་མངོན་པར་མི་སྣང་བ་སྟེ། རྟོག་པ་ཉིད་ཀྱིས་སེམས་ཀྱི་གཡོ་བས་རྣམ་པར་མི་རྟོག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མ་ཆད་པར་སྣང་བ་དང་། གསལ་བར་སྣང་བ་དང་། ཡུལ་དང་དུས་རྣམ་པར་བཅད་པས་གཞལ་བྱ་ཉུང་
ཟད་འགའ་ཞིག་ཏུ་གསལ་བ་དེ་མེད་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཇི་སྲིད་དུ་ཤེས་བྱའི་དཀྱིལ་འཁོར་གྱི་མཐར་གཏུགས་པའི་ཕྱིར་རོ། །ཤེས་བྱའི་ཕུང་པོ་མཐའ་ཡས་པ་ཐམས་ཅད་ཀྱི་མཐར་གཏུགས་པར་རབ་ཏུ་གསལ་བའི་དོན་ཏོ། །མ་བསམས་པར་ཡང་ཤེས་བྱའི་དཀྱིལ་འཁོར་
མ་ལུས་པར་མཁྱེན་པ་ཞེས་བྱ་བར་དགོངས་སོ། །གཅིག་ལ་ཡང་ཅུང་ཟད་ཀྱང་བསམ་པ་མེད་ཀྱི། འོན་ཀྱང་ཐམས་ཅད་མཁྱེན་པ་ཞེས་བྱ་བར་དགོངས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་སྣང་མཛད་ཉིད་སྨན་ཆེན་པོ་ཞེས་བྱ་བའི་དོན་ཏོ། །བཟའ་བ་ནི་བླ་ན་མེད་པའི་

ཡེ་ཤེས་ཀྱིས་ཚིམ་པར་བྱས་པའོ། །སྤངས་པའི་དོན་གྱིས་དེ་མ་ཐག་པར་རྟོག་པ་དང་འགལ་བར་རྟོགས་པ་ནི་ལོག་པར་རྟོགས་པ་སྟེ། རབ་ཏུ་འབྱུང་བ་མ་ཡིན་པ་བཞིན་ནོ། །དེ་གཞིན་ཏེ་ལོག་པར་རྟོགས་པ་མེད་པ་ནི་དེ་དག་གི་དེ་མ་ཐག་པར་ཇི་བཞིན་པ་རྟོགས་པའོ། །ཡང་
འདིར་བཤད་མ་ཐག་པའི་རྣམ་པར་སྣང་མཛད་ཀྱི་ལུས་ཀྱི་ཡང་རྟོག་པ་མེད་པ་སྟེ། དམིགས་སུ་མེད་པའི་ཡེ་ཤེས་ཀྱིས་དམིགས་སུ་མེད་པའོ། །དེའི་ཕྱིར་གལ་ཏེ་ཡང་མཉམ་པ་ཉིད་དེ་ལམ་དང་འབྲས་བུའི་གནས་སྐབས་ཉིད་མཉམ་པར་གྱུར་ཀྱང་སྔ་ཕྱི་ལ་ཁྱད་པར་མེད་དོ། །དེ་ལྟར་སྔར་
ནི་ཆོས་རྣམས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་བསྟན་ལ། ད་ནི་ཡང་ཆོས་རྣམས་དེ་བཞིན་གཤེགས་པ་སྟེ། ཆོས་དང་ཆོས་ཅན་གྱི་སྒོ་ནས་ཚིག་ཏུ་ཕྱེ་བའོ། །དེ་དག་སྟེ་གང་དུ་བཤད་མ་ཐག་པའི་དམ་ཚིག་ནི་ཇི་སྐད་གསུངས་པའི་ཡེ་ཤེས་ཏེ། རྟོགས་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། རྡོ་རྗེ་
འཆང་ཉིད་ཀྱི་རྣམ་པ་གཞན་གྱི་མིང་ཅན་ཞེས་བྱའོ། །མཚན་ཉིད་དེ་ངེས་པར་བྱས་པའོ། །དེ་དག་ཅེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་ཏེ། སངས་རྒྱས་ཀྱི་ཆོས་ནི་སྟོབས་དང་། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་སོ། །གོ་འཕང་སོ་སོར་ཐོབ་
པ་ཉིད་ནི་ཐོབ་པར་བྱ་བ་དང་། རྗེས་སུ་བགྲོད་པར་བྱ་བ་སྟེ། མི་བསྐྱོད་པའི་དོན་ཏོ། །དཔལ་ནི་གཉིས་སུ་མེད་པ་གསལ་བ་སྟེ་ཆོས་ཀྱི་སྐུའོ། །དེ་འདི་ལ་ཡོད་པས་དཔལ་ལྡན་ཏེ། རང་བཞིན་དང་། ལོངས་སྤྱོད་དང་། སྤྲུལ་པ་དང་། སྐུ་གསུམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བདེ་
བ་ནི་དེས་ཁྱད་པར་བྱེད་པའི་བདེ་བ་ཆེན་པོའི་སྐུའོ། །སྐུ་ལྔའི་བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་ཞེས་བྱ་བའི་དོན་ཏོ། །འབྲས་བུ་མཐར་ཐུག་པ་དེའི་རྟོགས་པ་ནི་གང་གིས་མངོན་དུ་བྱས་པ་དང་། ངེས་པར་བྱས་པ་གང་ཡིན་པ་དེ་ནི་དེ་ལྟ་བུའི་རྒྱུད་དོ། །གཞུང་ནི་
ལམ་སྟེ་འབྲས་བུ་མངོན་པར་རྗོད་པར་བྱེད་པའོ། །རྙོག་པ་མེད་པ་ཉིད་ཀྱང་དཔལ་དང་ལྡན་པ་བདེ་བ་ཆེན་པོ་ཞེས་གཞན་གྱི་མིང་ཅན་ནོ། །རྙོག་པ་མེད་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ་རྫོགས་སོ།། །།རྙོག་པ་མེད་པའི་དཀའ་འགྲེལ་ནི། །

བྱས་པ་ལས་སྐྱེས་བསོད་ནམས་གང་། །འཇིག་རྟེན་ཟླ་བ་དྲི་མེད་གཞོན་ནུ་བཞིན། །མ་ལུས་པ་རུ་རྙོག་མེད་ཤོག །སློབ་དཔོན་ཆེན་པོ་དགེ་སློང་གཞོན་ནུ་ཟླ་བས་མཛད་པའོ། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཏཏྟྭ་པྲ་དཱི་པཾ་ནཱ་མ་ཏནྟྲ་རཏྣ་མཱ་ལཱ་པཉྩི་ཀཱ།
བོད་སྐད་དུ། དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་ཀྱི་དཀའ་འགྲེལ་རིན་ཆེན་ཕྲེང་བ་ཞེས་བྱ་བ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །མི་གནས་རྣམ་རྟོག་ཀུན་བྲལ་བའི། །སངས་རྒྱས་ཀུན་གྱི་བདག་ཉིད་དངོས། །རང་རིག་བརྗོད་དུ་མེད་པ་ཡི། །ཡེ་ཤེས་ཆེན་པོ་ལ་ཕྱག་འཚལ། །
ཕལ་པའི་སྤྱོད་ཡུལ་མ་ཡིན་པའི། །བླ་ན་མེད་པའི་རྒྱུད་ཀྱི་མཆོག །འདི་ལ་གཞན་གྱིས་གསོལ་བསྐུལ་བས། །ཇི་བཞིན་དོན་གྱིས་གསལ་བར་བྱ། །དྲང་བ་དང་ནི་ངེས་པའི་དོན། །རྡོ་རྗེ་འཛིན་པས་གསུངས་པ་ལ། །ངེས་པ་ལ་ནི་རིམ་པ་བཞིན། །ཇི་བཞིན་དོན་གྱིས་དབྱེ་བར་བྱ། །
འདི་ལ་རྡོ་རྗེ་ཚིག་མང་ལྡན། །དེ་ཉིད་དམ་པ་འབྲས་བུའི་དོན། །ཡིད་བཞིན་རིན་ཆེན་ནོར་བུ་ཡི། །ཕྲེང་བ་ཉིད་ནི་ཁྱབ་པའི་བདག །དགོས་པའི་མཚན་ཉིད་སྒྲུབ་བྱེད་པ། །འགྲེལ་འདི་དེ་བཞིན་བདག་གིས་ཁྱབ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་ནི་
སྐྱོན་དང་བྲལ་བའི་ཚུལ་ཇི་ལྟ་བ་བཞིན་སྟོན་པ་ལའོ། །བདག་གིས་ཐོས་ཞེས་བྱ་བ་ནི་སྡུད་པར་བྱེད་པ་ཁོ་ནས་ཐོས་པ་ཡིན་གྱི། གཞན་དུ་བརྒྱུད་པ་དང་གཞན་ནས་ཐོས་པས་བྱུང་བ་མ་ཡིན་ནོ། །འཁྲུལ་པ་བསལ་བའི་དོན་གྱིས་རྡོ་རྗེ་འཛིན་པ་ཁོ་ན་ལ་ཐོས་པའོ། །དུས་གཅིག་ན་ཞེས་བྱ་བ་
ནི་ཤེས་རབ་ཀྱི་བྷ་ག་ལ་འཁོར་དང་བཅས་པ་བཞུགས་པའི་དུས་ནའོ། །དེ་ཡང་རྗེས་སུ་མཐུན་པའི་གནས་ཁྱད་པར་ཅན་ནི་འཁོར་དཔའ་བོ་དང་དཔའ་མོར་བཅས་པ་བཞུགས་པའི་དུས་གཅིག་གོ། །བཅོམ་ལྡན་འདས་ནི་བདུད་རྣམ་པ་བཞི་བཅོམ་པའི་ཕྱིར་རོ། །ཡང་ན་ལེགས་པའི་
ཡོན་ཏན་རྣམས་དང་ལྡན་པའི་ཕྱིར་ནའོ། །དེ་བཞིན་གཤེགས་པ་ནི་རིགས་ལྔའི་བདེ་བར་གཤེགས་པ་ལ་སོགས་པའོ། །རིགས་ཀྱིས་ཕྱེ་བ་ནི་བདེ་བ་ཆེན་པོ་ཉིད་ལས་གཤེགས་པ་སྟེ། གདུལ་བྱའི་དོན་མཛད་པའི་ཕྱིར་རོ། །ཡང་ན་དེ་བཞིན་ཉིད་དུ་གཤེགས་པ་སྟེ། སངས་

རྒྱས་རྣམ་པར་སྣང་མཛད་ལ་སོགས་པའོ། །ཐམས་ཅད་ན་ནི་ཇི་སྙེད་པ་བཞུགས་ལུས་མེད་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་མཚོན་པ་ཀུན་བསྡུ་བ་ཡིན་ནོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་
ཐུགས་རྡོ་རྗེ་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཉིད་པས་ན་རྡོ་རྗེ་འཆང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་དང་དེ་བཞིན་དུ་ལྷ་མོའི་གཟུགས་ཀྱིས་བཞུགས་པ་ནི། དཔའ་བོ་ཆེན་པོ་དང་དཔའ་མོའི་དབང་ཕྱུག་མའོ། །ས་བཅུ་ལ་གནས་པའི་ཚུལ་གྱིས་བྱང་
ཆུབ་སེམས་དཔའ་རྣམས་ནི་ཉིད་ལས་སྤྲུལ་པའི་འཁོར་གྱིས་བཅོམ་ལྡན་འདས་ལ་བསྐོར་ནས་བཞུགས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཤེས་རབ་ཀྱི་བྷ་གའི་ནང་གཞལ་ཡས་ཁང་ཁྱད་པར་ཅན་ན་བཞུགས་པའོ། །སྐུ་གསུམ་གྱི་བདག་ཉིད་ཅན་བཅོམ་ལྡན་འདས་འཁོར་
དང་བཅས་པ་རྣམས་བཞུགས་ཞེས་བྱའོ། །དེར་བཅོམ་ལྡན་མོ་ཞེས་བྱ་བ་ལ་སོགས་པ་ལ་བཞུགས་པའི་གནས་དེ་རུ་བཅོམ་ལྡན་འདས་ལ་རྣམ་པ་སྣ་ཚོགས་པའི་སྒོ་ནས་མཉེས་པར་བྱས་ཏེ། གསོལ་བ་འདེབས་པར་བྱེད་པའི་དོན་གྱིས་སོ། །འདི་སྐད་ཅེས་གསོལ་ཏེ་
ཞེས་བྱ་བ་ལ་སོགས་པ་ཞུས་པའོ། །གཞན་དག་ནི་འདི་རྣམས་ལ་ནང་ལ་སོགས་པའི་དོན་གྱིས་བཤད་པ་ཡིན་ཞེས་སྨྲའོ། །དེ་ནི་འགལ་ཏེ་རྒྱུད་ཀྱི་བཀའ་ཉམས་པའི་ཕྱིར་བསྟན་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་
ལ་ཨེ་ཝཾ་མ་ཡཱ་ཞེས་བྱ་བ་ནི་རྒྱུད་ཀྱི་དོན་ཐམས་ཅད་འདུས་པའི་ཕྱིར་ན་སྡོམ་པ་ཡང་གསུངས་སོ། །འདིར་བསྡུས་ནས་སྟོན་པ་ཡིན་ལ། རྒྱས་པ་ནི་འདི་ཉིད་ཀྱི་འོག་ནས་བསྟན་ཏོ། །རྒྱུད་གཞན་ནས་སྡོམ་པའི་དོན་གྱིས་ཤེས་རབ་ཐབས་དང་། ཨཱ་ལི་དང་ཀཱ་ལི་དང་། འཁོར་ལོ་
བཞི་དང་། ལྷ་མོ་དང་སྐད་ཅིག་བཞི་དང་། དགའ་བ་བཞི་དང་། དེ་ཁོ་ན་ཉིད་བཞི་དང་། བདེན་པ་བཞི་དང་། སྡེ་པ་བཞི་དང་། དབྱུ་གུ་ལ་སོགས་པར་ཡི་གེ་བཞི་པོ་འདི་དག་རྣམས་སྦྱར་བར་གསུངས་སོ། །གཞན་ནས་དེ་བས་ཀྱང་རྒྱས་པར་བསྟན་པ་ཡང་ཡོད་པ་ཡིན་ནོ། །འོ་ན་

ཡང་མི་འགལ་བར་བསྟན་དགོས་སོ། །སོགས་པའི་སྒྲས་བཞུགས་པ་ཡན་ཆད་བསྡུ་བ་སྟེ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ནས་ཤེས་རབ་ཀྱི་བྷ་ག་ལ་བཞུགས་སོ་ཞེས་བྱ་བའི་བར་རོ། །ཁམས་ཞེས་བྱ་བའི་སྒྲས་འབྱུང་བ་རྣམས་སོ། །ས་དང་ཆུ་དང་མེ་དང་
རླུང་ངོ་། །སྲིད་པ་གསུམ་གྱི་ངོ་བོ་ལུས་ངག་ཡིད་དང་ལྡན་པ་ནི་འདོད་ཁམས་དང་། གཟུགས་དང་གཟུགས་མེད་པ་དང་རང་རང་གི་ཡང་ཁམས་ཏེ་གསུམ་མོ། །འགྲོ་བ་ནི་རྣམ་པ་ལྔའི་རིགས་ཀྱི་སེམས་ཅན། མི་འགྲོ་བ་ནི་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན། ཡང་ན་མི་འགྲོ་བ་
ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་བྱའོ། །ཕྱག་རྒྱ་རྣམ་པ་བཞི་ནི་ཤེས་རབ་དེ་དང་ལྡན་པའི་ཐབས་ནི་དངོས་པོའི་ཡེ་ཤེས་སོ། །རང་བཞིན་གྱིས་ཞེས་བྱ་བ་ནི་རང་བཞིན་དགའ་བ་ཉིད་ཀྱིས་ཁྱབ་ཅིང་རྒྱས་བཏབ་ནས་བཞུགས་སོ། །དེ་ཡང་ཀུན་གྱི་སྙིང་
པོ་དམ་པ་སྟེ། ཀུན་ལ་གནས་པའི་ཕྱིར་རྒྱས་བཏབ་པའོ། །རྣམ་པར་རྟོག་པས་མི་འཕྲོགས་པ་རང་བཞིན་གྱིས་འོད་རབ་སྤྲོས་པ་དང་བྲལ་བ་ལ་ནི། གཞན་གྱིས་མ་ཡིན་ཀུན་རྒྱས་བཏབ། །ཅེས་བྱའོ། །དེ་སྐད་དུ། ཚངས་པའི་གཡུལ་ས་བྱེད་པ་མཐར། །ལེགས་དགྱེས་
ཁྱེད་ཀྱིས་རབ་བཏབ་ནས། །གྲངས་མེད་པ་ལ་རྒྱས་བཏབ་སྟེ། །དེ་བས་ཕྱག་རྒྱ་ཆེན་ཁྱོད་གྲགས། །ཞེས་གསུངས་སོ། །དྲི་མེད་རྫོགས་པའི་འབྲས་བུ་ཉིད། །ཅེས་བྱ་བ་ནི་དེ་ཉིད་ལ་འབྲས་བུ་ཞེས་བྱ་བ་དང་། དེ་ཁོ་ན་ཉིད་དང་མཆོག་ཏུ་གྱུར་པ་དང་། སྐྱེ་བ་མེད་པ་དང་འགག་པ་
མེད་པ་ལ་སོགས་པ་རྣམ་གྲངས་སུ་ཕྱེ་ན་མང་ཡང་ངོ་བོ་ནི་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོ་ཉིད་དོ། །དེ་རྒྱུད་འདི་ནས་གསལ་བར་སྟོན་པ་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་སྒྲོན་མར་གྲགས་ཞེས་བྱའོ། །དེའི་དོན་རྒྱས་པར་གསུངས་པ། འདི་སྐད་བདག་གིས་ཞེས་བྱ་བ་ལ་
སོགས་པ་ལ་ཨེ་ཝཾ་ཐབས་དང་ཤེས་རབ་ཀྱི་རྒྱུད་ཅེས་བྱ་སྟེ། རྒྱུད་ནི་རྒྱུན་གྱིས་རྟག་པར་གནས་པ་ཐབས་དང་ཤེས་རབ་ནི་ཡབ་ཡུམ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་བདེ་བ་དང་བཅས་པའི་རྣམ་པའོ། །སྐུ་མཚན་དང་དཔེ་བྱད་དང་གསུང་ཡིག་འབྲུའི་རྣམ་པ་དང་

ཐུགས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་དང་། རྡོ་རྗེའི་རང་བཞིན་བདེ་བའི་བྱེ་བྲག་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་རྒྱུད་དོ། །ཐབས་ནི་རྡོ་རྗེ་རིན་པོ་ཆེའི་བྱང་ཆུབ་སེམས་ཀྱི་དོན་གྱི་རྣམ་པ་ལ་སོགས་པའོ། །ཤེས་རབ་ནི་པདྨ་ཅན་གྱི་
རྣམ་པར་ཏེ་གནས་ཀྱི་ཁྱད་པར་གྱི་རིམ་པས་སོ། །དེ་སྐད་དུ། ཨེ་ཡི་ཡི་གེ་དབྱིབས་བཟང་གང་། །དེ་དབུས་ཝཾ་གྱིས་རབ་ཏུ་བརྒྱན། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་བ་ཐམས་ཅད་ཀྱི་ནི་གཞི། །ཞེས་གསུངས་སོ། །མ་ཡཱ་ཞེས་བྱ་བའི་སྒྲས་སྡུད་པ་པོ་ཉིད་བཅོམ་ལྡན་མོ་བདག་གིས་
ཐོས་པ་ཡིན་ལ། དེ་སྐུའི་རྣམ་པ་ལ་སོགས་པའོ། །དེ་ཡང་། འདི་སྐད་བདག་གིས་དེ་ཉིད་གསུམ། །ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་རྡོ་རྗེ་དང་བཅས་པའི་ཡིག་འབྲུའི་རང་བཞིན་ཟླ་བའི་རང་བཞིན་ག་བུར་དང་གསུམ་དུ་དབྱེ་བའི་ཆ་དང་། ཐིག་ལེ་དང་ཚུལ་
སྡུད་པ་པོ་དང་། རྒྱུད་བཅས་པ་ཕྱིའི་གནས་ལ་སོགས་པའི་དབྱེ་བས། བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་མོས་སྔོན་བསྐུལ་བ་བྱས་ནས་རྒྱུད་གསུངས་པ་དེ་བཞིན་དུ་འདིར་ཡང་བསྐུལ་ཞིང་གསོལ་བ་བཏབ་པ་ལས་ཐོས་པར་གྱུར་པ་ནི་གསང་བའི་པདྨའི་ལྟེ་བ་ལས་བཞེངས་ཏེ།
བདེ་བ་ཆེན་པོའི་བཅོམ་ལྡན་འདས་ལ་བསྐུལ་བ་བྱས་པས། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཡིན་པའི་ཚུལ་གྱིས་ཐོས་པའམ། གོ་བར་གྱུར་པ་ནི་ཟླ་བ་བདེ་བ་མཆོག་ཐོས་པ་དགའ་བའི་རྣམ་པ་ཉམས་སུ་མྱོང་བ་སྟེ། སྐུ་ལ་སོགས་པའི་དོན་གྱིས་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་
དང་། ཆོས་ཀྱི་དགའ་བ་གསུམ་མོ། །རང་བཞིན་བདེ་བ་ཆེན་པོ་དང་ལྡན་པ་ནི། བདག་ཉིད་ཀྱིས