Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 8

Văn bản gốc(Tây Tạng)

Trang 10 / 22 (50.000 ký tự/trang)
། བདག་ཉིད་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་
བྱང་ཆུབ་བོ། །ཧཱུཾ་གི་དངོས་པོ་ལ་དངོས་པོ་ཞེས་འདིར་བཤད་དོ། །ཧཱུཾ་གི་དངོས་པོ་ཞེས་ཐུགས་ཀྱི་རྡོ་རྗེའི་མཁའ་འགྲོ་ལས་སོ། །དངོས་པོ་ཞེས་བྱ་བ་ནི་གསུང་གི་རང་བཞིན། ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ། གསུམ་པའི་དངོས་པོ་ཞེས་བྱ་བ་ནི་

མཚན་དང་དཔེ་བྱད་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །སློབ་དཔོན་གཞན་མའི་གཞུང་གིས་ནི་གདུལ་དཀའ་འདུལ་བྱེད་ཀྱི་ཕྱིར། དཔལ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སྤྲུལ་པའི་ཀྱེའི་རྡོ་རྗེའོ། །དེ་རང་ལ་ཡེ་ཤེས་མཁའ་འགྲོ་ཞེས་བྱ་བའི་མཚན་ཉིད་དོ། །ཉི་མའི་དཀྱིལ་འཁོར་
གྱི་སྟེང་དུ་བཞུགས་ཞེས་བྱ་བ་ལ་མཆོག་གི་དགའ་བའི་གནས་ན་བཞུགས། ཉི་མ་བྱེ་བའི་འོད་ཅེས་བྱ་བ་ལ་རང་བཞིན་དགའ་བའི་གྲགས་པ་ཅན་འོད་རབ་ཆེན་པོའི་ངོ་བོ། ཁྱེད་དང་ལྷན་ཅིག་མཉམ་པར་འཁྱུད། །ཅེས་བྱ་བ་ལ། ལེགས་དགྱེས་ཆེན་མོའི་མཉམ་པར་གཉིས་སུ་མེད་
པའི་སྦྱོར་བས་བདག་མེད་མའི་ཁ་སྦྱར་གྱི་སྦྱོར་བའོ། །ཆུ་སྐྱེས་སྔོན་པོའི་གཟུགས་ཅན་ཞེས་བྱ་བ་ལ། ཡེ་ཤེས་ཆེན་པོ་ཡང་ནམ་མཁའི་རང་བཞིན་ནོ། །སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས་ནི་ཞལ་ལ་སྐད་ཅིག་རྣམ་པར་དག་པ་བཤད་དོ། །ཁ་ཅིག་དགའ་བའི་རྣམ་པར་དག་པ་
ལེན། ཕྱག་ལ་སྣ་ཚོགས་ཐབས་གསལ་བའི་ཕྱིར། སློབ་དཔོན་གྱི་ཞལ་སྔ་ནས་སྣ་ཚོགས་རྣམ་པར་དག་པ་བཤད་དོ། །དེ་ནི་རེ་ཞིག་བདག་པོ་རྫོགས་པའི་གཞུང་། འཁོར་རྫོགས་པའི་སྐབས་སུ་སློབ་དཔོན་ཛྙཱ་ན་མཱུརྟིའི་གཞུང་གིས་ནི། གང་ཞིག་བཅུ་གཉིས་པའི་བདག་ཉིད་
དེ་ནི་ཐབས་ཀྱི་དཀྱིལ་འཁོར། གང་ཞིག་བཞི་བཅུ་རྩ་བཞི་པ་དེ་ནི་ཐབས་ལས་བྱུང་བའི་དཀྱིལ་འཁོར། སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས་ནི་གང་ཞིག་བསྒྲུབ་པ་དང་སྒྲུབ་ཐབས་ཀྱིས་རོའི་དགའ་བ་ལས་རྫོགས་པ་དེ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར། གང་ཞིག་སྐད་ཅིག་གི་
རྣམ་པར་རྫོགས་པ་དེ་ནི་འབྱུང་བའི་དཀྱིལ་འཁོར། སློབ་དཔོན་ཤ་བ་རིའི་གཞུང་གིས་དང་པོ་འབྱུང་བ་དེ་ནི་རྟེན་གྱི་དཀྱིལ་འཁོར། གང་ཞིག་ཕྱི་ནས་འབྱུང་བ་དེ་ནི་བརྟེན་པའི་དཀྱིལ་འཁོར། གང་ཞིག་ཕྱག་ལ་ཉ་དང་ཆུ་སྲིན་ལ་སོགས་པ་དེ་ནི། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་
མན་ངག་གིས་ནད་ལ་སོགས་པ་འཇིག་པར་མཛད་པའོ། །སློབ་དཔོན་སླད་མ་ནི་སྒྲ་ཇི་བཞིན་ནོ། །གང་ཞིག་ཉི་ཤུ་རྩ་བཞིར་གནས། །དེ་ནི་ཚོགས་ལ་བཞུགས་པའི་ས། །ཞེས་བྱ་བ་ལ། འཁོར་ལོ་བཞི་གནས་པའི་ལྷ་མོ་སུམ་ཅུ་རྩ་གཉིས་ལ་གནས་དང་། ཉེ་བའི་གནས་

ལ་སོགས་པའི་བཞུགས་པའི་གནས་སོ། །གང་གི་ཕྱིར་ཞེས་ནང་གི་ལྷ་མོ་ལ་ནང་གི་གནས། ཕྱིའི་ལྷ་མོ་ལ་ཕྱི་རོལ་གྱི་སྒོ་ལ་སོགས་པ། དབུས་ནི་གནས་པ་ལ་རྟེན་མེད་པའི་ཕྱིར་གནས་ལ་སོགས་པ་བཞུགས་པའི་ས་ཞེས་སློབ་དཔོན་ཤ་བ་རིའི་གཞུང་ངོ་། །
འདི་རུ་ལྷ་མོ་སུམ་ཅུ་རྩ་གཉིས་ལ། གནས་ཉི་ཤུ་རྩ་བརྒྱད་ཇི་ལྟར་བཞུགས་པའི་ས་ཡིན་པར་གྱུར་པ་དེ་ལ་སློབ་དཔོན་གྱིས་འདི་ལྟར་བཤད་དེ། ལེའུ་ཉི་ཤུ་རྩ་བརྒྱད་པ་ལ་གང་ཞིག་སྦྱོར་བ་དང་། ཉེ་བའི་སྦྱོར་བ་བཞི་པོར་གསལ། དེས་སུམ་ཅུ་རྩ་གཉིས་ཚང་བར་འགྱུར་རོ། །
དེ་ནི་རེ་ཞིག་ལྷ་མོའི་གནས་ཀྱི་ཕུན་སུམ་ཚོགས་པ་བཤད། ད་ནི་རྣམ་པར་དག་པའི་བསྐྱེད་པའི་རིམ་པ་བྲི། དེ་ནས་བསྐྱེད་པའི་རིམ་པ་ཡིས། །རྩ་ཀུན་ལ་ནི་འབྱུང་བའི་ཚེ། །ཞེས་བྱ་བ་ལ་སློབ་དཔོན་མང་པོའི་གཞུང་གིས། རྡོ་རྗེ་སློབ་དཔོན་གྱིས་འདི་སྐད་བཤད་དེ། དང་པོ་རེ་ཞིག་
བསྒྲུབ་དང་སྒྲུབ་ཐབས་ལས། ཕྱི་དང་ནང་གི་བདག་ཉིད་ཀྱི་གསང་བའི་རྩ་ལས་འབྱུང་བའི་ཚེ། དེ་ལས་ལྷ་མོའི་རྣམ་པ་འབྱུང་བར་འགྱུར་རོ། །དེ་ནི་བསྐྱེད་པའི་རིམ་པའི་ཕྱོགས་སོ། །རྫོགས་པའི་རིམ་པའི་ཕྱོགས་སུ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ལ་གནས་པའི་
ལྷ་མོའི་ཚོགས་ལ་གཟུང་འཛིན་རྣམ་པར་སྤངས་པའི་ཕྱིར། གང་ནས་སྐྱེ་བ་དེར་རང་ཞུགས་ལ་རྩའི་རྣམ་པར་དག་པའོ། །འཛུམས་པ་དང་འབྱེད་པ་ལ་སོགས་ཞེས་བྱ་བ་ལ། རྩའི་ལྷ་མོའི་མཆོད་པ་སྤྲོ་བའི་བདག་ཉིད་ཅན། བདེ་བ་ཆེན་པོའི་དགའ་བ་འབྱུང་བ་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་ཁོང་དུ་
ཆུད་པའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ཞི་བ་ཆེན་པོའི་རང་བཞིན་སྤྲོས་པ་མེད་པ། བསྒྲུབ་དང་སྒྲུབ་ཐབས་ཆེན་པོ་ཁོང་དུ་ཆུད་པ་ལས། དེ་རང་གཏུམ་མོ། །སློབ་དཔོན་ཤ་བ་རིའི་གཞུང་གིས་ནི་ལས་དྲག་པོ་མཛད་པའི་ཕྱིར་གཏུམ་མོ། །སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས། མཆོག་གི་དགའ་
བ་རྒྱས་པར་བྱེད་པའི་ཕྱིར་གཏུམ་མོ། །སློབ་དཔོན་ཌོམྦི་པའི་གཞུང་གིས་ནི་འོད་ཟེར་རབ་ཏུ་ཆེ་བའི་ཕྱིར་གཏུམ་མོ། །སློབ་དཔོན་བདེ་བ་ཆེན་པོའི་གཞུང་གིས་ནི་རྡོ་རྗེ་ལ་འཛུམས་པ། པདྨོ་ལ་དབྱེ་བ། ལྷ་ལྕམ་ལཀྵྨཱིའི་གཞུང་གིས། འཛུམས་པ་ཞེས་བྱ་བ་ནི་གྱེན་ལ་འགུགས་པ། དབྱེ་བ་ནི་འོག་

ཏུ་གཤེགས་སུ་གསོལ་བ། དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས། འཛུམས་པ་ནི་ཤུ་ཀྲ། དབྱེ་བ་ནི་རཀྟ། དེ་དག་མཉམ་པར་སྦྱོར་བ་ནི་འདུས་པས་རྡོ་རྗེ་ཆེ། རྡོ་རྗེ་མེ་ལས་ཞི་བ་ཆེན་པོའི་རང་བཞིན་སྤྲོས་པ་མེད་པ་མ་ཡིན་ཡང་མཆོག་གི་དགའ་བའི་འོད་ཟེར་གྱིས་ཁྱབ་པའི་ཕྱིར་འབར་བ་དང་། སྲེག་
པར་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཞུ་བར་བྱེད་པ་དང་། རྩ་ལ་ཚིམ་པར་བྱེད་པ་དང་། དཀྱིལ་འཁོར་ལ་བྱ་བའི་མཆོད་པ་མཛད་དོ། །དེ་ལྟར་རྩ་ཆེན་པོ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་སྒྲོན་མ་རང་བཞིན་ཅན། རྩ་ཐམས་ཅད་རྟེན་བྱས་ནས། ཤེས་རབ་དང་གཟུགས་ཀྱིས་འཇིག་རྟེན་
ལས་འདས་པའི་ཤེས་རབ་ཡེ་ཤེས་ཀྱི་དོན་གྲུབ་པར་མཛད་ཅེས་བཤད་དོ། །སྔར་བསྟན་པའི་གཞན་མ་ནི་སྒྲ་ཇི་བཞིན་པའོ། །དེ་རང་བདེ་བ་ཆེན་པོ་ཡེ་ཤེས་ནི། དཀྱིལ་འཁོར་ལ་ནི་རྣམ་པར་བཞུགས། །ཞེས་བྱ་བ་ནི་གང་ཞིག་རྫོགས་པའི་རིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་། དེ་
རང་བདེ་བ་ཆེན་པོ། བསྐྱེད་པའི་རིམ་པའི་སྒྲ་ནི་སྒྲུབ་ཐབས་ཀྱི་དགོས་པས་བདེ་བ་ཆེན་པོ་ཐོབ་པ། བསྐྱེད་པའི་རིམ་པའི་ཕྱོགས་ལ་ནི་ཕྱིའི་ཤེས་རབ་བསྒྲུབ་པ་དང་། སྒྲུབ་ཐབས་ཙམ་ལ་འདོད་ཅེས་སློབ་དཔོན་སནྟ་གུཔྟའི་གཞུང་ངོ་། །གང་གི་ཕྱིར་ཞེ་ན་རྟག་ཏུ་མའི་ཤེས་རབ་བསྙེན་
པས། བསམ་གཏན་ལ་འགྲིབ་པ་འོང་བས། དེ་ལྟར་རྒྱུད་ཉིད་ལས་སྔར་འདི་ལྟར་བསྟན། བལྟ་བ་ཙམ་ནི་དགོས་པ་སྟེ། །དེ་བཞིན་ཀུན་ལ་རྟག་ཏུ་མིན། །ཕྱེ་ནས་རྣམ་རྟོག་སྐྱེ་བར་བྱེད། །དེས་ནི་དངོས་གྲུབ་མི་ཐོབ་པ། །དཀྱིལ་འཁོར་དུ་ནི་རྣམ་པར་བཞུགས། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་སྒྲས་
ནི་བདག་པོ་དེ་ལ། བདེ་བ་ཆེན་པོ་རྟག་ཏུ་ཤར། །ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ལ་ཡང་བདེ་བ་ཆེན་པོ་ལ། རྟེན་དང་བརྟེན་པ་ལ་དབྱེར་མེད་པ་དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་ངོ་། །ཀུན་རྫོབ་དང་ནི་དམ་པའི་དོན། །གཉིས་སུ་དབྱེ་བའི་བདེ་བ་ཆེན། །ཞེས་བྱ་བ་ནི་ཀུན་རྫོབ་
ཀྱི་གཟུགས་ཅན་བདེ་བ་ཆེན་པོའི་ཤེས་རབ་ཡེ་ཤེས་ལས་འབྱུང་ངོ་། །ཅིའི་ཕྱིར་ཞེ་ན་ཤེས་རབ་ཡེ་ཤེས་ལས། ཐ་མལ་པ་མ་ཡིན་པའི་དགའ་བ་རྣམས་ལ་ཤར་བའི་དུས། དགའ་བ་ལ་སོགས་པ་ལས་བདེ་བ་ཆེན་པོའི་རྣམ་པར་ཤེས་པའོ། །དོན་དམ་པར་ཞེས་བྱ་བ་ནི། རང་ལས་

འགྱུར་བ་དེ་རྣམས་སོགས། །ཞེས་བྱ་བ་ལ་སྒྲ་ཇི་བཞིན་ནོ། །སྣང་བ་རེག་བྱ་འདུས་པ་དང་། འགྲོ་བ་དེ་ནི་བཞི་པ་ཞེས་བྱ་བ་ནི་སྣང་བ་ཞེས་བྱ་བ་ཀུན་རྫོབ་ཀྱི་བདག་ཉིད། ཤེས་རབ་ཡེ་ཤེས་དབང་བསྐུར་བའི་དུས་སུ་བདག་མེད་མའི་རང་བཞིན་ཤེས་རབ་མ་ལ་སྤྱན་གཟིགས་པར་
བྱེད་པའི་བྱིན་རླབས་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་ཤ་བ་རིའི་གཞུང་གིས་ནི་དགའ་བ་བཞི་པ། སྣང་བ་ལ་སོགས་པ་བཞི་རྩ་བར་གྱུར་པ། རྒྱུར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་སྣང་བ་ནི་ལམ། རེག་བྱ་ནི་བྱེད་པ་པོ། འདུས་པ་ནི་བྱ་བ། འགྲོ་བ་ནི་འབྲས་བུ། གཞན་མ་སྲིད་
པ་དང་བྲལ་བ་ཞེས་མཐའ་ཡན་ཆད་སྒྲ་ཇི་བཞིན་གྱིས་དེ་བསྐྱེད་པའི་རིམ་པ་དགའ་བ་བཞིའོ། །དེ་ནི་རེ་ཞིག་དགའ་བ་བཞི་ལ་བསྟན་པ་ཙམ། ད་ནི་དགའ་བ་བཅུ་དྲུག་གི་བྱེ་བྲག་གིས། གང་ཞིག་དགའ་བ་བཞི་ལ་སྦྱོར་བ་དེ་ལ་དང་པོའི་དགའ་བ་རྣམས་ལ་རྒྱུད་ཀྱི་གོ་རིམས་ཀྱིས། སློབ་
དཔོན་ཛྙཱ་ན་མཱུ་རྟིའི་གཞུང་གིས་འདི་སྐད་བཤད་དེ། ཤེས་རབ་མ་ལ་སྤྱན་གཟིགས་པ་དང་། འཁྱུད་པས་དང་པོའི་སྦྱོར་བའི་དང་པོ་འདོད་པའི་དགའ་བ། གཉིས་པ་འདར་བའི་དགའ་བ། གསུམ་པ་འགྲོ་བའི་དགའ་བ། བཞི་པ་དགའ་བ་ཉིད། དེ་ནི་དང་པོའི་དགའ་བའོ། །པདྨ་དང་རྡོ་རྗེ་
གཉིས་ཀྱི་འདུས་པའི་འདོད་པ་རྒྱས་པ་ལས། སྦྱོར་བ་གཉིས་ཀྱི་དང་པོ་རྒྱས་པའི་དགའ་བ། གཉིས་པ་སྟོབས་ཀྱི་དགའ་བ། གསུམ་པ་འབྱུང་བའི་དགའ་བ། བཞི་པ་མཆོག་གི་དགའ་བ་ཉིད། དེ་ནི་སྦྱོར་བ་གཉིས་པའོ། །བྱང་ཆུབ་ཀྱི་སེམས་འགྲོ་བའི་སྐབས་སུ་གསུམ་པའི་སྦྱོར་བའི་དང་པོ་
འབར་བའི་དགའ་བ། གཉིས་པ་ཐིག་ལེའི་དགའ་བ། གསུམ་པ་མྱོས་པའི་དགའ་བ། བཞི་པ་ཆད་པའི་དགའ་བ་ཉིད་དོ། །སྦྱོར་བ་བཞི་པའི་དང་པོ། ཨུ་ཏའི་དགའ་བ། གཉིས་པ་ཚུལ་གྱི་དགའ་བ། གསུམ་པ་གཉིད་ལོག་པའི་དགའ་བ། བཞི་པ་རང་བཞིན་དགའ་བ་ཉིད། དེ་ལྟ་བུའི་སྦྱོར་བའི་
དགའ་བ་བཅུ་དྲུག་གོ། །སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས་རྩ་བས་ནི་དགའ་བ་བཞི། དེ་ལ་ཡང་ཤེས་རབ་མ་ལ་སྤྱན་གཟིགས་པའི་རྒྱུད་ལས་འབྱུང་ངོ་། །གང་ཞིག་འདོད་པའི་དགའ་བ་ལ་སོགས་པ་དེ་ནི་དགའ་བ་རྣམས་ངེས་པར་བསྟན་པའི་མཚན་ཉིད། གང་ཞིག་གཙོ་རབ་ཀྱི་དོན་དེ་ནི་

སོ་སོར་བསྟན་པའི་མཚན་ཉིད་དོ། །དེ་ནི་ཨུ་ཏའི་དགུག་པ་ལ་སོགས་ཞེས་བྱ་བ་ལ། དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི་ཨུ་ཏའི་དགུག་པ་ཞེས་བྱ་བ་ནི་རྫོགས་པའི་རིམ་པའི་སྦྱོར་བས་རྟེན་མེད་པའི་རང་བཞིན་བདེ་བ་གཉིས་སུ་མྱོང་བའོ། །སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས་ནི་ཤེས་རབ་ལས་
སླར་བདེ་བ་དགུག་པར་བྱེད་པ། གང་ཞིག་ཅེས་བྱ་བའི་སྒྲ་ནི་ཞུ་བ་པོ་རྣམས་ལ་ཁོང་དུ་ཆུད་པར་བྱ་བའི་ཚིག་གོ། །ཐིགས་པ་གསུམ་གྱི་མཐར་ཞེས་བྱ་བ་ལ། གསུམ་གྱི་སྒྲ་ནི་དགའ་བ་གསུམ། དེ་རྣམས་ཀྱི་མཐའ་ནི་བཞི་པའི་རང་བཞིན་གྱི་དགའ་བ། དེ་རུ་ཐིགས་པ་མཐར་ཞེས་བྱ་བ་ནི།
ཆད་པ་ལ་རབ་ཏུ་འཇུག་པར་བྱའོ་ཞེས་དགོངས་པའོ། །རང་བཞིན་རིམ་པར་ཤེས་པར་བྱ་བ་ལ་སོགས་པ་ལ། དགའ་བའི་སྦྱོར་བ་བཞི་ལ་རིམ་པས་རང་བཞིན་དགའ་བ་ཀུན་ལ་ཤར་རོ། །གཞན་མ་དགའ་བ་ལ་སོགས་པ་ལ་ཉམས་སུ་མྱོང་བའི་གནས་ནི། བདེ་བ་ཆེན་པོའི་གཙུར་ཏོར་ནས་
སྨིན་མཚམས་ཀྱི་འཁོར་ལོའི་དབུས་ཡན་ཆད་དྲང་བའི་དོན་གྱིས་བཅོམ་ལྡན་འདས་ཀྱི་བཀའོ། །དེས་དོན་གྱིས་བདེ་བ་ཆེན་པོའི་འཁོར་ལོ། གཙུར་ཏོར་ནི་བདེ་བ་ཆེན་པོའི་ཚོར་བའི་གནས་སོ། །སློབ་དཔོན་ཀུ་ཀུ་རིའི་གཞུང་གིས་ནི་གསང་བའི་རྡོ་རྗེའི་རིན་པོ་ཆེའི་སྨིན་མཚམས་ཀྱི་འཁོར་
ལོ་ནི་གསང་བའི་རྡོ་རྗེའི་རིན་པོ་ཆེའི་གདུ་བུའི་གནས་སོ། །དེ་རུ་དགའ་བའི་ཐིགས་པ་ལ་ཉམས་སུ་མྱོང་བའི་གནས་སོ། །སློབ་དཔོན་ཤ་བ་རིའི་གཞུང་གིས་ཤར་བའི་དུས་སོ། །སྨིན་མཚམས་སུ་འཁོར་ལོ་ནས་མགྲིན་པའི་གནས་སུ་ནི་ཅུང་ཟད་འོག་གི་ལམ་དེ་རུ་མཆོག་གི་གནས།
སྙིང་གའི་རྡོ་རྗེ་རིན་ཆེན་གྱི་གནས་དེ་རུ་ཆད་པའི་དགའ་བས་སོ། །དེ་ནི་བསྐྱེད་པའི་རིམ་པའི་ཕྱོགས་སོ། །རྫོགས་པའི་རིམ་པའི་ཕྱོགས་སུ་ནི་ལྟེ་བའི་འཁོར་ལོ་ལ་སོགས་ཞེས་བྱ་བ་ལ། ལྟེ་བའི་འཁོར་ལོ་ནི་དེ་མ་ཐག་ཏུ་སྨྲས་པའི་རྡོ་རྗེ་རིན་པོ་ཆེའི་དབུས་གནས་སོ། །མདོམས་ཀྱི་སྒྲས་ནི་
དེའི་སྤྱི་བོའི་ས། དེ་རུ་དགའ་བ་རྣམས་ཀྱིས་ཉམས་སུ་མྱོང་བའི་གནས་སོ། །མདུད་པའི་རྩ་བར་ནི་རྡོ་རྗེ་རིན་པོ་ཆེའི་འཁོར་ལོ་ཉིད། དེ་རུ་མཆོག་གི་དགའ་བའི་གནས་སོ། །རིན་པོ་ཆེ་ཁ་ཞེས་བྱ་བ་ནི་རིན་པོ་ཆེའི་འཁོར་ལོའི་ནང་གི་སྒོ་དེ་རུ་ཆད་པའི་དགའ་བའི་གནས་སོ། །རྡོ་རྗེ་རིན་པོ་

ཆེའི་ནང་གི་གནས་ཞེས་བྱ་བ་ལ་བླ་མའི་ཞལ་སྔ་ནས་གཞུང་མང་པོ་བཀའ་སྩལ་ཏེ། རབ་ནི་དཔལ་ཨིནྡྲ་བྷཱུ་ཏིའི་མན་ངག་གི་གཞུང་གིས་མདུད་པའི་གནས། ལྷ་ལྕམ་ལཀྵྨཱིའི་གཞུང་གིས་གསང་བ་རིན་པོ་ཆེའི་སྣོད་ཀྱི་དབུས་ནས། སློབ་དཔོན་བཛྲ་བྷཱུ་ཏིའི་གཞུང་གིས་རྡོ་རྗེ་རིན་པོ་
ཆེ་རངས་པའོ། །སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས་ནི་རིན་པོ་ཆེའི་ཁའི་ཉེ་བར་རོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་བཅུ་དྲུག་པའི་བཤད་པའོ།། །།ད་ནི་བཅུ་བདུན་པའི་ཚིགས་སུ་བཅད་པ་བྲི། ཐིག་ལེ་ཚུལ་དང་ཆ་ལ་སོགས། །ཞེས་བྱ་བ་ལ། ཀ་མ་ལ་ཤཱི་ལའི་གཞུང་
གིས། ཆའི་གནས་ནི་སྣང་བའི་ངོ་བོ་ཅན་དགའ་བ། ཐིག་ལེ་ཞེས་བྱ་བ་ནི་སྣང་བ་མཆེད་པའི་ངོ་བོ་མཆོག་གི་དགའ་བ། ཚུལ་གྱི་སྒྲ་ནི་སྣང་བ་ཐོབ་པའི་ངོ་བོ་ཅན་ཆད་པའི་དགའ་བ། དེ་རྣམས་ལ་ཡེ་ཤེས་ཀྱི་འོད་རབ་གྲགས་པའི་རང་བཞིན་གྱི་དགའ་བ། ཡེ་ཤེས་ཀྱི་སྒྲ་ནི་དགའ་བ་རྣམས་ལས་ནི་
ཡོངས་སུ་གྲུབ་པའི་མཚན་ཉིད། སློབ་དཔོན་ཌོམྦིའི་གཞུང་གིས་ཡེ་ཤེས་ནི་དགའ་བ་རྣམས་ལས་རྙེད་པའི་གཞི། སློབ་དཔོན་ཤ་བ་རིའི་གཞུང་གིས་ནི་ཉམས་སུ་མྱོང་བའི་གནས་སོ། །རྣམ་རྟོག་ལས་ནི་རྟོག་མེད་ལ། །ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་རྟོག་པ་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་རྟོག་པ་མེད་པ་ཞེས་
བྱ་བ་ནི་རྫོགས་པའི་རིམ་པ། དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས། རྣམ་པར་རྟོག་པ་ནི་མེ་ཏོག་ཀུནྡ་དང་མཚུངས་སོ། །རྟོག་པ་མེད་པ་ཞེས་བྱ་བ་ནི་གཟུགས་དང་བྲལ་བའི་རང་བཞིན་བདེ་བ། ཀླུ་སྒྲུབ་སྙིང་པོའི་གཞུང་གིས་རྣམ་པར་རྟོག་པ་ནི་དངོས་པོ་ཅན། རྟོག་པ་མེད་པ་ནི་དངོས་དང་བྲལ་
བ། སློབ་དཔོན་གཞན་མའི་གཞུང་གིས་རྣམ་པར་རྟོག་པ་ནི་སྲིད་པ། རྟོག་པ་མེད་པ་ནི་མྱ་ངན་ལས་འདས་པ། དཔལ་བདེ་བ་ཆེན་པོའི་གཞུང་གིས་རྣམ་པར་རྟོག་པ་ནི་མཆོག་གི་དགའ་བ། རྟོག་པ་མེད་པ་ནི་དགའ་བ་དང་བྲལ་བ། ལྟེ་བའི་གནས་ཞེས་བྱ་བ་ནི་དེ་དག་ལ་གཉིས་སུ་མེད་པའི་ངོ་
བོས་རང་བཞིན་དགའ་བ། གང་ཚེ་བདུད་རྩིའི་གནས་འགྲོ་བ། །ཞེས་བྱ་བ་ལ་རྫོགས་པའི་ཕྱོགས་སུ་བདུད་རྩིའི་གནས་ནི་མྱ་ངན་ལས་འདས་པའི་གནས། མྱ་ངན་ལས་འདས་པའི་གནས་ནི་སློབ་མས་ཡེ་ཤེས་རྫོགས་པ། བསྐྱེད་པའི་རིམ་པའི་ཕྱོགས་སུ་ནི་བདེ་བའི་བདག་ཉིད་བྱང་ཆུབ་

སེམས་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་རྣམས་གནས་ནི་བཞི་རུ་སྟེ། །དགའ་བའི་བྱེ་བྲག་གིས་ནི་ཐལ། །ཞེས་བྱ་བ་ལ་སློབ་དཔོན་ནག་པོ་པའི་གཞུང་གིས་དེ་རྣམས་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་བཞི་རུ་ཞེས་བྱ་བ་ནི་དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་
དང་། ལྟེ་བའི་གནས་སོ། །ཐལ་བ་ཞེས་བྱ་བ་ནི་འདི་སླེབ་པའོ། །དེ་ལ་དོན་ནི་འདི་ཡིན་ཏེ། གསང་བའི་རྡོ་རྗེ་རིན་པོ་ཆེའི་དཔྲལ་བ་ལ་ཚོགས་པའི་གནས་སུ། བྱང་ཆུབ་ཀྱི་སེམས་ཐིག་ལེ་བཞི་པ་སླེབ་པས་དགའ་བའི་ངོ་བོ་ཞེས་དགོངས་པའོ། །ཕྱི་ནས་ཡང་རྡོ་རྗེ་སློབ་དཔོན་གྱིས་འདི་ལྟར་
བཤད་དེ། གང་གི་ཚེ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་དངོས་པོ་ཅན་དུ་གྱུར་པ་དེའི་ཚེ་རྣམ་པར་རྟོག་པ་ཉིད། གང་གི་ཚེ་དགའ་བ་ཉིད། དེའི་ཚེ་རྟོག་པ་མེད་པ་ཉིད། རྩ་ཡི་ཀུན་སྤྱོད་སྦྱོར་བ་ཡིས། །ཞེས་བྱ་བ་སྒྲ་ཇི་བཞིན་པའོ། །དཔྲལ་བའི་སྟེང་གི་པདྨའི་གནས་ལ་སོགས་ཞེས་བྱ་བ་ནི། དཔྲལ་
བ་ཞེས་བྱ་བ་ནི་གསང་བའི་རྡོ་རྗེ་རིན་ཆེན་འཁོར་ལོའི་ཐོག་མའི་གནས། སྟེང་དུ་པདྨ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་གནས་པ་ཅན་བདེ་བ་ཆེན་པོའི་པདྨ་ཉིད་དོ། །དེའི་གཙུག་ཏོར་སྟེང་བཞིན་ཞེས་བྱ་བ་ནི་འཁོར་ལོའི་རྣམ་པ་ལས་ཕྱི་རོལ་གྱི་གནས་སུ། གང་ཞིག་འཛུམས་པའི་པདྨའི་དངོས་པོ་
ཅན་རིན་པོ་ཆེ་དེ་ནི་གཙུག་ཏོར་རོ། །སློབ་དཔོན་ནག་པོ་པའི་གཞུང་གིས་ཇི་ལྟར་སངས་རྒྱས་ཀུན་གྱི་དབུ་ལ། གཙུག་ཏོར་སངས་རྒྱས་རིན་པོ་ཆེའི་སྣོད་ལ་ཡང་དེ་ལྟར་རོ། །དེས་ན། བདེ་བ་ཆེན་པོ་ཚོར་བའི་གནས། །ཞེས་བྱ་བའི་དོན་ཏོ། །དཔལ་ཀུ་ཀུ་རིའི་གཞུང་གིས་གསང་བའི་རྩའི་གནས་བསྟན་པའོ། །
ལྟེ་བའི་འོག་མ་ལ་སོགས་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པའི་ཕྱོགས་སུ་སྒྲ་ཇི་བཞིན། རྫོགས་པའི་རིམ་པའི་ཕྱོགས་སུ་སློབ་དཔོན་ཛྙཱ་ན་བྷཱུ་ཏིའི་གཞུང་གིས། ལྟེ་བའི་གནས་ནི་གསང་བའི་རྡོ་རྗེ་རིན་པོ་ཆེའི་དབུས། འོག་ཅེས་བྱ་བ་ནི། སྒོའི་ཕྱི་རོལ་གྱི་གནས་སོ། །གྲུ་གསུམ་གྱི་རྣམ་པའི་ཕྱིར། དེ་
རང་སུམ་མདོའི་གནས་སོ། །དེའི་སྟེང་ནི་འདི་ལྟར་བཤད་དེ། གྲུ་གསུམ་གྱི་སྟེང་ན། ལྟེ་བའི་སྒྲས་ནི་གསང་བ་རིན་པོ་ཆེའི་སྣོད། མདོམས་ཞེས་བྱ་བའི་གསང་བའི་སྣོད་ཀྱི་དབུས། སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས། དབུས་ཀྱི་གནས་ནི་རིན་པོ་ཆེའི་འཁོར་ལོ་བདེ་བ་ཆེན་པོའི་མཛོད་

ཉིད་གྲུ་གསུམ་གྱི་འོག་ཏུ་ལྟེ་བའི་རྣམ་པ་ཅན་ཞེས་བྱ་བ་ལ། ཕྱི་ནས་ནི་དོན་གང་གིས་བཤད་ཅེས། སློབ་དཔོན་གྱིས་འདི་ལྟར་བཤད་དེ་བྱང་ཆུབ་ཀྱི་སེམས་འབབ་པའི་བདག་ཉིད་ལ་སོགས་རྣམས་ལ་གནས་ཀྱི་བདག་ཉིད་བསྟན་པའོ། །ལ་ལ་ནཱ་ལ་སོགས་གོ་སླ་བར་
གསུངས་སོ། །རྡོ་རྗེ་རྩེ་མོ་ལ་སོགས་ཞེས་བྱ་བ་ལ། སློབ་དཔོན་ཤ་བ་རིའི་གཞུང་གིས། རྡོ་རྗེ་རྩེ་མོ་ལ་སོགས་ཞེས་བྱ་བ་ལ། རྡོ་རྗེ་རྩེ་མོ་ཞེས་བྱ་བ་ནི་སྣང་བའི་གནས། ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་དེ་རུ་སྣང་བ་ཐོབ་པ། སུམ་མདོར་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་གནས། གསུང་ཡིན་ཞེས་བྱ་བ་ནི་
དེ་རུ་སྣང་བ་མཆེད་པ། ལྟེ་བ་ཞེས་བྱ་བ་ནི་དབང་གི་གནས། སྐུ་ཞེས་བྱ་བ་ནི་སྣང་བ། སྐུ་གསུམ་ལ་དེ་ལྟར་ངེས་པའི་ཞེས་བྱ་བ་ནི་སྣང་བ་ལ་སོགས་པའི་མཚན་ཉིད་ཀྱི་དགའ་བ། གསུམ་ལ་རིན་པོ་ཆེའི་ཁའི་མཐའ་ནས་འབྱུང་བའི་བཞི་བསྟན་པའོ། །ཕྱི་ནས་ཀྱང་དེ་རང་ལ་གྱེན་དུ་ལམ་གྱི་རིམ་
པས་རྒྱས་པར་བསྟན་པའི་དོན་བཤད་དེ། སྙིང་ག་ཞེས་བྱ་བ་ནི་གསང་བའི་རྡོ་རྗེ་རིན་པོའི་གནས། ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་དབང་གི་གྲགས་པ་ཅན་ཆོས་ཀྱི་སྐུ། མགྲིན་པ་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེའི་འཁོར་ལོ། །གསུང་གི་རྡོ་རྗེ་ཞེས་བྱ་བ་ནི། དེ་རུ་ལོངས་སྤྱོད་ཀྱི་རང་བཞིན་ལོངས་སྤྱོད་
རྫོགས་སྐུ། དཔྲལ་བ་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེ་འཁོར་ལོའི་གདན། སྐུའི་རྡོ་རྗེའི་མཆོག་ཅེས་བྱ་བ་ནི་མི་སྣང་བའི་གྲགས་པ་ཅན། སྤྲུལ་པའི་སྐུ་མི་སྣང་བའི་སྒྲས་ནི་གནས་ནས་གནས་སུ་འཕོ་བ། སློབ་དཔོན་བཛྲ་བྷཱུ་ཏིའི་གཞུང་གིས་ནི་དང་པོའི་གནས་སུ་འགྲོ་བ། དཔལ་པདྨ་ཤ་བ་
རིའི་གཞུང་གིས་ནི་སྐྱེ་མེད་དུ་འགྲོ་བ། དེའི་དབུས་ན་ཡོད་པའི་སྲོག་ལ་སོགས་ཞེས་བྱ་བ་ནི་དཔལ་བདེ་བ་ཆེན་པོའི་གཞུང་གིས། དེའི་སྒྲས་ནི་དེ་མ་ཐག་ཏུ་སྨྲ་བའི་གྲགས་པ་ཅན་དགའ་བ་གསུམ་སྲོག་ཅེས་བྱ་བ་ནི་བཞི་པ་རང་བཞིན་དགའ་བ། དེ་ཡང་ཀུན་རྫོབ་ཀྱི་བདེ་བ་ལ་བསྐྱེད་པའི་
རིམ་པའི་ཕྱོགས་སུའོ། །ཉེ་བའི་སྲོག་ཅེས་བྱ་བ་ནི་དགའ་བྲལ། སྙིང་གའི་གྱེན་ལས་སྲོག་གི་རླུང་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེའི་དཀྱིལ་ནས་ཀུན་རྫོབ་ཀྱི་བདེ་བའི་བདག་ཉིད་རང་བཞིན་དགའ་བ་ཤར་བ། ཀུན་དུ་སྣང་བ་ཞེས་བྱ་བའི་དོན་ཏོ། །ལྟེ་བའི་འོག་ནས་རྡོ་རྗེ་རིན་ཆེན་ཁའི་གནས་

ནས། ཚིམ་བྱེད་ཀྱི་རླུང་གི་སྒྲས་ནི་དགའ་བྲལ་ལ་ཤར་བའི་ཚེ། གང་གི་ཚེ་དགོངས་པས་དགའ་བྲལ་ནི་ཚིམ་བྱེད་རླུང་གི་མཚན་ཉིད་ཅན། དེ་རུ་སློབ་དཔོན་ནག་པོ་པའི་གཞུང་གིས། ཐ་མལ་པའི་ཆགས་པའི་དགའ་བ་རྣམས་ལ། མགུ་བ་སྐྱེ་བའི་དོན་གྱི་ཕྱིར། གང་གི་ཚེ་རྐང་མཐིལ་ནས་
ཚིམ་བྱེད་ཀྱི་རླུང་འབྱུང་བར་འགྱུར་བ་དེའི་ཚེ་སྲོག་གི་རླུང་གྱེན་དུ་འགྲོ། རྐང་མཐིལ་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེའི་སྒོ། དེ་ལས་སྲོག་གི་རླུང་རང་བཞིན་གྱི་དགའ་བ། རང་གི་སྟོབས་ནུས་ཀྱིས། ཚིམ་བྱེད་པའི་རླུང་ཡང་གྱེན་དུ་འགུགས་པར་མཛད། ཚིམ་བྱེད་པའི་རླུང་ནི་ལྟེ་བའི་གནས་སུ་གཞི་
བགྱིད་པར་ཞེས་སློབ་དཔོན་ཝ་སནྟ་ཏི་ལ་ཀའི་ཞལ་སྔ་ནས་ནི། རྡོ་རྗེ་རིན་པོ་ཆེའི་ལྟེ་བའི་གནས་སུ་བཞུགས་པའི་གསང་བའི་པདྨའི། དེ་རུ་ཚིམ་པར་བྱེད་པའི་རླུང་འགྲོ་བ་ཙམ་གྱིས་གསང་བ་ཆེན་པོའི་ངོ་བོར་འགྱུར། རང་བཞིན་དགའ་བ་ཉིད་རྫོགས་པ་ཞེས་བྱ་བའི་དགོངས་པའོ། །
དེ་རྫོགས་པའི་རིམ་པའི་ཕྱོགས་སོ། །བསྐྱེད་པའི་རིམ་པའི་ཕྱོགས་སུ་ནི་འདི་ལྟར་བཤད་དེ། རྡོ་རྗེ་རིན་པོ་ཆེའི་འཁོར་ལོའི་གནས་ཀྱི་རྩ་བ་ནི་གཙུག་ཏོར་གྱི་གནས་ནས་གང་གི་ཚེ། མེ་ཏོག་ཀུནྡ་དང་འདྲ་བ་རང་བཞིན་གྱི་དགའ་བ་ཤར་བ་དེའི་ཚེ། དགའ་བྲལ་གྱི་ངོ་བོ་ཅན་བྱང་ཆུབ་ཀྱི་སེམས། རྡོ་རྗེ་རིན་ཆེན་གྱི་
ཁ་སྒོའི་གནས་སུ་གཤེགས་སོ། །དེའི་ཚེ་དེ་ནི་སྲོག་གི་རླུང་། ལྟེ་བའི་གནས་སུ་བརྟེན་པར་འགྱུར། །ཞེས་བྱ་བ་ལ། གང་གི་ཚེ་དགའ་བྲལ་འབྱུང་བ་དེའི་ཚེ། ཡང་དག་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དེ་ཁོ་ན་ཉིད་རྣལ་འབྱོར་པས་ཐོབ་ན། དེའི་ཚེ་སྲོག་གི་རླུང་ལ་རེག་པར་བྱེད་པར་ནུས།
དེ་ལས་དེའི་སྐད་ཅིག་གིས་རང་བཞིན་གྱི་དགའ་བ་རྡོ་རྗེ་རིན་པོ་ཆེའི་ལྟེ་བའི་གནས་སུ་བསྟན་པར་འགྱུར་རོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་བཅུ་བདུན་པའི་བཤད་པའོ།། །།ད་ནི་བཅོ་བརྒྱད་པ་ལ་ཟབ་པའི་ཚིགས་སུ་བཅད་པ་བྲི། ཁ་སྦྱོར་རྣམ་པའི་སྦྱོར་བ་ཡིས། །ཞེས་བྱ་
བ་ལ་སོགས་པ་ལ་སྡོམ་པའི་རྒྱ་མཚོའི་གཞུང་གིས། རྡོ་རྗེ་སློབ་དཔོན་གྱིས་འདི་ལྟར་བཤད་དེ། ཁ་སྦྱོར་གྱི་སྒྲས་ནི་སྲོག་གི་དབྱུག་པ་ལ། སྤྲོས་མེད་མ་ལ། ཙནྡན་གོ་ཤིཪྵའི་ཤིང་གི་ནང་དུ་སྦྲུལ་མོ་བཞིན་དུ་མཉམ་པར་འཁྱུད་པ། སློབ་དཔོན་ཌོམྦིའི་གཞུང་གིས་ནི་བདུད་རྩི་མ་དང་། དེ་བཞིན་

བདུད་རྩི་འབབ་པ་མའི། །སེམས་ལ་གང་གི་རིམ་པས་ནི། །འོང་བ་དང་ནི་འགྲོ་བར་འགྱུར། །ཞེས་འདི་ལྟར་བཤད་དེ། རྣམ་པར་ཤེས་པའི་རླུང་གི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས། སྲོག་གི་རླུང་ལ་ཞོན་ནས་ལེགས་དགྱེས་ཆགས་པ་ཆེན་པོ་འབྱུང་དུས་སུ། རྡོ་རྗེ་
དབྱིངས་ཀྱི་དབང་ཕྱུག་མའི་སྙིང་གའི་ལམ་གྱིས་མི་སྣང་བ་དང་ལོངས་སྤྱོད་དང་། དབང་ལ་ཤར་བར་བྱེད་ཅེས་ལུང་ངོ་། །ལེགས་དགྱེས་ཀྱི་ཆགས་པ་ཆེན་པོའི་སྒྲ་ནི་མཆོག་གི་དགའ་བའོ། །ལྟེ་བའི་རྩ་བར་སྲོག་གི་རླུང་། །ཞེས་བྱ་བ་ནི་གང་ཞིག་ལྟེ་བ་དེ་ནི་མཆོག་དང་། ཆད་པ་གཉིས་སུ་མེད་
པའི་གནས་སོ། །སློབ་དཔོན་ཌོམྦིའི་གཞུང་གིས་ནི་ཀུན་རྫོབ་ཀྱི་རང་བཞིན་དགའ་བའི་གནས་སོ། །སྲོག་གི་རླུང་ནི་སྣང་བ་ཐོབ་པའི་རང་གི་ངོ་བོ་ཅན། བདེ་བ་ཆེན་པོའི་རིན་པོ་ཆེ་དེ་ནི་སྐད་ཅིག་ཙམ་ལ་གཏོར་བས། ཉམས་སུ་མྱོས་བས་རེག་བྱའི་རྩའི་རང་བཞིན་ཅན། པདྨ་རྣམས་
ལ་གྱེན་དུ་འགྲོ་བ་དང་། རྒྱས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་ལྟེ་བའི་དབུས་སུ་གནས། །ཞེས་བྱ་བ་ལ་རྒྱས་པའི་རྣམ་པ་ཅན། རེག་བྱའི་པདྨ་ལ་ལྟེ་བའི་གནས་སུ། ལེགས་དགྱེས་ཆེན་པོའི་སྣང་བ་ཆེན་པོ་ཅན། བདེ་བའི་རིན་ཆེན་རྟག་ཏུ་ཤར། །ཞེས་བྱ་བའི་དོན་ཏོ། །
དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་བཅོ་བརྒྱད་པའི་བཤད་པའོ།། །།ད་ནི་བཅུ་དགུ་པ་ལ་ཟབ་པའི་ཚིགས་སུ་བཅད་པ་བྲི། བཅུ་དྲུག་ལོན་པ་དང་ལྷན་ཅིག་གང་ཞིག་ཁ་སྦྱོར་བ་དེ་ནི་སློབ་དཔོན་བདེ་བ་ཆེན་པོའི་གཞུང་གིས་ནི་གསང་བའི་རིན་ཆེན་གྱི་ལྟེ་བ་གཉིས་ལས་འབྱུང་བའི་
ཤཱུ་ཀྲ་འབབ་པ་ལ་སོགས་པ་འདུས་པ་ཕྲད་པ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་ལས་འབྱུང་བ་པདྨའི་ནང་དུ་དབབ་པར་བྱ་ཞེས་བྱ་བ་ལ་འདི་ལྟར་བཤད་དེ། པདྨ་ནི་གཞོན་ནུ་མའི་ཀཱ་ལིའི་སྙིང་པོའི་བུམ་པ། དེ་རུ་བྱང་ཆུབ་ཀྱི་སེམས་དབབ་པར་བྱའོ། །གང་གི་ཕྱིར་ཞེ་ན། དེ་ལྟ་བུའི་བུམ་པའི་
དབང་བསྐུར་བས་སློབ་དཔོན་ཉིད་དུ་ཐོབ། སློབ་དཔོན་བི་ལ་ས་བཛྲའི་གཞུང་གིས་སློབ་དཔོན་ཉིད་དུ་ནི་ཆད་པའི་དགའ་བ་ལ་དབང་། དབང་ལས་ཕྱི་ནས་གསང་བ་ལ་སོགས་པའི་འབྲས་བུ་རྙེད། དེའི་ཕྱིར་སློབ་དཔོན་གྱི་དབང་མཆོག་ཅེས་ཉིད་མཆོག་གི་དབང་ཕྱུག་གིས་གསུངས་སོ། །དེ་

ལྟར་མིན་ན་པདྨའི་ཕྱི་རོལ་དུ་བབས་པས་གཅིག་པུའི་ཆད་པའོ། །དེས་ཇི་ལྟར་དབང་ཉིད་དུ་འགྱུར་རོ། །ད་ནི་གསང་བའི་དབང་བསྐུར་བ་ལ་དོན་བྲི། གང་ཚེ་གསང་བའི་གནས་སུ་སེམས། །ཞེས་བྱ་བ་ནི་གང་ཞིག་རྟེན་མེད་པའི་བདག་ཉིད་པའི་བདེ་བ་ཉམས་སུ་མྱོང་བ་དེ་ནི། ཡང་དག་གསང་བ་དེ་ནི་
རེ་ཞིག་དོན་དམ་པའི་ཕྱོགས་སུ། ཀུན་རྫོབ་ཀྱི་ཕྱོགས་སུ་དཔལ་བདེ་བ་ཆེན་པོ་གཞུང་གིས་ནི་ཐབས་དང་ཤེས་རབ་གཉིས་ཀྱིས་གསང་བ་རིན་པོ་ཆེའི་ནང་དུ་བྱང་ཆུབ་ཀྱི་སེམས་གཟུང་བ། སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས། གང་ཞིག་ཕྱི་རོལ་མ་ཡིན་སྤྲོས་པ་དེ་ནི་གསང་བ། དེའི་ཕྱིར།
སེམས་ནི་པདྨའི་ནམ་མཁའ་མིན། །ཞེས་རྒྱུད་ལས་གསུངས་སོ། །ནམ་མཁའི་པདྨའི་སྒྲ་ནི་རྡོ་རྗེ་སློབ་དཔོན་གྱིས་བར་མ་བཤད་དོ། །ད་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བྲི། ཤེས་རབ་ནི་བྱང་ཆུབ་ཀྱི་སེམས་ཟླ་བ་རྒྱས་པའི་ཞལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ཡེ་ཤེས་ནི་མེ་ཏོག་
ལ་དྲི་བཞིན་དངོས་པོ་དང་བྲལ་བའི་བདེ་བ། དབང་བསྐུར་ནི་ཉམས་སུ་མྱོང་བ། དེ་ནི་རྫོགས་པའི་རིམ་པ། བསྐྱེད་པའི་རིམ་པའི་ཕྱོགས་སུ་ནི། ཤེས་རབ་ནི་གསང་བའི་པདྨ་ལས་བབས་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ནི་རྡོ་རྗེ་ལས་བྱུང་བ། དབང་བསྐུར་ནི་ཕན་ཚུན་འདུས་པ། རྒྱུད་ཀྱི་
མན་ངག་གི་གོ་རིམས་ཀྱི་མན་ངག་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་གཞུང་འདི་ལྟ་སྟེ། དབང་བསྐུར་ནི་རྡོ་རྗེ་བུམ་པ་རིན་ཆེན་རྒྱུད་ལས་འབེབས་པ། དེ་ཡང་ཤེས་རབ་པདྨའི་ཡན་ལག་རབ་ལ། ཡེ་ཤེས་ཀྱི་ཆད་པའི་ཕྱག་རྒྱ་དེའི་ཕྱིར། ཡེ་ཤེས་ཀྱི་སྐབས་ལས་དེ་མ་ཡིན་པ་ཉིད། དཔལ་རྡོ་རྗེ་འཛིན་པ་
ཆེན་པོས་དབང་བསྐུར་བའི་དོན་གསུངས་སོ། །སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས་ཤེས་རབ་མ་ལས། ཐབས་ལ་གང་ཞིག་ཡེ་ཤེས་ཀྱི་དབང་བསྐུར་བ་དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། ཤེས་རབ་ཀྱི་དབང་གི་སྒྲས་ནི་བཅོས་པ་མེད་པའི་བདེ་བའི་དབང་། སླད་མ་སྔར་བསྟན་པ་དེ་ནི་སྒྲ་ཇི་བཞིན་
ནོ། །དེའི་འགོག་པ་བཞི་པར་གྲགས་ཞེས་བྱ་བ་ནི། གང་ཞིག་དགའ་བྲལ་གྱི་ཐིག་ལེ་འགོག་པ་དེ་ནི་རང་བཞིན་དགའ་བའི་མཚན་ཉིད་ཅན་བཞི་པའོ། །སློབ་དཔོན་གཞན་མའི་གཞུང་ནི་དགའ་བྲལ་གྱི་ཐིག་ལེ་གང་ཞིག་ངོ་བོ་ཉིད་མེད་པ་དེ་ནི་བཞི་པའོ། །ཐིག་ལེའི་སྒྲ་ནི་ཡེ་ཤེས་

ཞབས་ཀྱི་གཞུང་གིས་ནི། ཕྲ་མོའི་རྣལ་འབྱོར་གྱི་རྟེན་བཤད་དོ། །སློབ་དཔོན་ཤ་བ་རིའི་གཞུང་གིས་ནི་སྣང་བ་དང་། ལོངས་སྤྱོད་དང་དབང་དང་། ཡེ་ཤེས་ཀྱི་རིམ་པས་དབང་བསྐུར་ཏེ། རེ་རེ་ལ་བྱང་ཆུབ་སེམས་ཀྱི་ཐིག་ལེ་བཞི། དབང་བསྐུར་བཞི་ལ་བཅུ་
དྲུག་གི་གྲངས་སོ། །དེ་ཡང་ནང་གི་བདག་ཉིད་ཀྱི་ཨཱ་ལི་ཀཱ་ལིའི་ངོ་བོ་ཅན། དེ་ནི་བསྐྱེད་པའི་རིམ་པའི་ཕྱོགས་སོ། །དེ་ནི་རྫོགས་པའི་རིམ་པའི་ཕྱོགས་སུ་བཞི་པའི་རང་བཞིན་ཡེ་ཤེས་ཀྱི་མཚན་ཉིད་ཀྱི་ཕྱིར་ཐིགས་པ་དང་བྲལ་བ། དེ་རུ་དབང་བསྐུར་བ་གསུམ་གྱི་གྲངས་ཀྱིས། ཐིག་
ལེ་བཅུ་གཉིས་དེ་ཡང་། ནང་གི་བདག་ཉིད་ཨཱ་ལིའི་རང་བཞིན། དེ་ལ་རིམ་པ་ནི་འདི་ཡིན་ཏེ། འོད་དང་། སྟོབས་དང་། སྤྲིན་དང་། ཚུལ་དང་། དབུགས་དང་། ཨུཏྤལ་དང་། མགུ་དང་། ཡིད་དང་། སྙིང་དང་། ཟླ་བ་དང་། ཉི་མ་དང་། དྲག་པོ་དེ་ནི་རང་བཞིན་དགའ་བའི་ཐིག་ལེ་བཞི་
མེད་པའི་བཅུ་གཉིས། མཆོག་གི་དགའ་བའི་ཀཱ་ལི་ཐིག་ལེའོ། །ཆད་པའི་དགའ་བ་ཤར་བའི་དུས་སུ་བྱང་ཆུབ་ཀྱི་འོད་དུ་ཞུ་བའི་ཕྱིར་གཞི་འཕེལ་བ། འཕེལ་བས་ཟླ་བའི་ཕྱིར། དེ་དང་ཨཱ་ལིའི་ཐིག་ལེ་ཞེས་མཚན་དུ་གྱུར་ཏོ། །སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས་ནི། ཨཱ་ལི་ཡེ་ཤེས་
ལས་ནི་སྐྱེ་བའི་ཕྱིར། ཨཱ་ལིའི་ཡེ་ཤེས་འབྲས་བུ་འཕེལ་བའོ། །སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་གཞུང་གིས། བྱང་ཆུབ་ཀྱི་སེམས་རྩ་བའི་ཕྱིར་རྒྱུའི་མཚན་ཉིད་ཅན་ཨཱ་ལིའི་ཡེ་ཤེས་དེ་རང་རྣམ་པར་སྨིན་པས་འབྲས་བུ་ཀཱ་ལིའི་ཡེ་ཤེས་དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས། ཨཱ་ལི་ཀཱ་ལིའི་
སྦྱོར་བའི་གཉིས་སུ་མེད་པའི་རང་བཞིན་ཚངས་པའི་སྒོ་ནས་མགྲིན་གནས་ལ་སོགས་ཞེས་བྱ་བ་ལ། བསྐྱེད་པའི་རིམ་པའི་ཕྱོགས་ལ་ནི་ཚངས་པའི་སྒྲ་ནི་བདེ་བ་ཆེན་པོའི་ཡན་ལག་རབ། དེ་ནས་ནི་དེའི་གནས་ནས་གསང་བའི་ལྟེ་བ་ཡན་ལག་ཡན་ཆད་ཚངས་པའི་དབྱུག་པའི་དབུས་ཀྱི་ལམ་
གྱིས་ཨཱ་ལི་ཀཱ་ལིའི་དགའ་བའི་ཐིག་ལེ་རྣམས་ལས། མི་སྣང་བ་དང་། ལོངས་སྤྱོད་དང་། དབང་དང་། ཡེ་ཤེས་སོ། །ཡེ་ཤེས་ཐུབ་པ་མེད་པའི་རེ་རེའི་སྐབས་སུ་རེག་བྱའི་རོའི་ཉམས་གཉིས་གཉིས་འབྱུང་བར་འགྱུར་རོ། །འཁོར་ལོ་བཞིའི་རིམ་པ་ཞེས་བྱ་བ་ལ། འོག་ཏུ་བཤད་

པའི་དབང་བསྐུར་བ་བཞི། ཕྱིའི་ཤེས་རབ་མ་དགོས་པ་མེད་པས་ནང་གི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་དབང་བསྐུར་བའི་རིམ་པར་བྱ་ཞེས་སློབ་དཔོན་ཨ་ཀྲ་པུ་ཏིའི་མན་ངག་གོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། བདེ་བ་ཆེན་པོའི་འཁོར་ལོར་དགའ་བའི་ཐིག་ལེ་བཞི་སྤྲོས་པས་
བུམ་པའི་དབང་། ལོངས་སྤྱོད་འཁོར་ལོར་མཆོག་གི་དགའ་བ་ནི་ཐིག་ལེ་བཞི་སྤྲོས་པས་གསང་བའི་དབང་། ཆོས་ཀྱི་འཁོར་ལོར་དགའ་བྲལ་ཐིག་ལེ་བཞི་སྤྲོས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་། སྤྲུལ་པའི་འཁོར་ལོ་བདེ་བ་ཆེན་པོའི་ཚོར་བའི་གནས་སུ། རང་བཞིན་དགའ་བའི་ཐིག་
ལེ་བཞི་སྤྲོས་པས། དེ་ལྟར་དེ་བཞིན་བཞི་པའོ། །དེ་ནི་བསྐྱེད་པའི་རིམ་པའི་ཕྱོགས་སོ། །རྫོགས་པའི་རིམ་པའི་ཕྱོགས་སུ་ནི་དབང་བསྐུར་གསུམ་ལ། རྡོ་རྗེ་རིན་པོ་ཆེ། དེའི་རིམ་པ་ནི་འདི་ཡིན་ཏེ། བུམ་པའི་དབང་ནི་རྡོ་རྗེ་རིན་པོ་ཆེའི་ཁ་རུ། གསང་བའི་དབང་ནི་རིན་པོ་ཆེའི་ལྟེ་བའི་དབུས་
སུ། དེ་ཡེ་ཤེས་ཀྱི་དབང་ནི་རྡོ་རྗེ་རིན་པོ་ཆེ་འཁོར་ལོའི་དབུས་སུ། བཞི་པ་ནི་དེ་ལྟར་དེ་བཞིན་བཤད་པར་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་འབྲས་བུའོ། །ཚངས་པའི་ཞལ་དང་བྲལ་ཞེས་བྱ་བ་ནི་གང་ཞིག་ལྷའི་བུ་ཚངས་པ་དེ་ལ། ཞལ་བཞི། དེས་རྣམ་པ་དང་བྲལ་པའི་རོ་ཆེན་པོ་དང་ལྡན་པའི་
བཅོམ་ལྡན་འདས་ཀྱི་ཞལ་རྣམས་སོ། །དེ་ནི་ཨཱ་ལིའི་ཐིག་ལེ་བཅུ་གཉིས་ཀྱི་གྲངས་ལ་བསྟན་པའོ། །དཔལ་པྲ་ཧ་རིའི་གཞུང་གིས་ནི། རོ་ཆེན་པོ་བརྒྱད་ཀྱི་རང་བཞིན་ཧེ་རུ་ཀའི་ཞལ་ལོ། །དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས། ཚངས་པའི་ཞལ་ནི་བྱང་ཆུབ་ཀྱི་སེམས་མཆོག་གི་ཐིག་
ལེའོ། །ལྷ་ལྕམ་ལཀྵྨཱིའི་གཞུང་གིས་ནི་རོ་ཆེན་པོ་ཞེས་བྱ་བ་ནི་ཚངས་པའི་ཡེ་ཤེས་ཀྱི་ངོ་བོ་ཅན། བྱང་ཆུབ་ཀྱི་སེམས་ཐིག་ལེ་དང་བྲལ་བ། གང་གི་ཕྱིར་ཞེ་ན་རང་བཞིན་དགའ་བ་འབྱུང་བའི་ཚད་མའི་ཕྱིར་རོ། །བཅུ་གཉིས་ཕྱེད་ལ་སོགས་ཞེས་བྱ་བ་ནི་དཔལ་བདེ་བ་ཆེན་པོའི་གཞུང་གིས་ནི་
ཐིག་ལེ་བཅུ་གཉིས་ཀྱི་ནང་ནས། དབང་བསྐུར་དགའ་བ་རེ་རེ་ལ་གསུམ་གསུམ་དུ་ཤེས་པར་བྱའོ། །བཞི་པའི་རང་བཞིན་གྱི་ཕྱིར་ཐིག་ལེ་དང་། དགའ་བ་དང་བྲལ་ཞེས་སྔར་གདམས་སོ། །གཞན་མ་ནི་གོང་མ་དང་འོག་མའི་དོན་སྒྲ་ཇི་བཞིན་གསུངས་སོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་

ལེ་ལས་ལེའུ་བཅུ་དགུ་པའི་བཤད་པའོ།། །།ད་ནི་ཉི་ཤུ་པ་ལ་ཟབ་པའི་དོན་བྲི། རྣལ་འབྱོར་པ་ལ་སྤྱོད་པ་ཞེས་བྱ་བ་ནི་འདི་ལྟར་བཤད་དེ། རྣལ་འབྱོར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་དབང་ཕྱུག་ཅེས་བྱ་བ་ནི་ཕྱོགས་གཅིག་པའི་བཏང་སྙོམས། སྤྱོད་པ་ནི་བྱེ་བྲག་
གསུམ་པའི་ཐུགས་རྗེའི་རྟེན་བྱེད་པ། སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས། ཡང་དག་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་འབྲས་བུ་ཉམས་སུ་མྱོང་ཟིན་པ་གང་ཞིག །རིན་པོ་ཆེའི་གང་ཟག་དེ་ནི། རྣལ་འབྱོར་གྱི་དབང་ཕྱུག་གི་སྤྱོད་པ་ནི་རང་གིས་སྤྱོད། དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་
གིས་ནི་ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་པའི་རྣལ་འབྱོར་དབང་ཕྱུག་ངེས་པར་བསྟན་ཏོ། །སློབ་དཔོན་གཞན་མའི་གཞུང་གིས་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ལ་རྣལ་འབྱོར་དབང་ཕྱུག་ཉིད་དུ་བསྟན་ཏོ། །གཞན་མ་ནི་སྒྲ་ཇི་བཞིན་ནོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་
ཉི་ཤུ་པའི་བཤད་པའོ།། །།ད་ནི་ཉི་ཤུ་རྩ་གཅིག་པ་ལ་ཟབ་པའི་ཚིགས་སུ་བཅད་པ་བྲི། སྔར་བསྟན་པའི་དྲུག་ལ་སོགས་པ་སྒྲ་ཇི་བཞིན་གསུངས་སོ། །གཞན་མ་ནི་ཕྱིའི་དོན་གྱིས་སྔགས་ཀྱི་དོན་གྱི་ས་བོན་ཡི་གེ་བཏུ་བའི་དུས་སུ། ལེགས་པར་མཉམ་པའི་ས་ཆ་རུ། །ཆང་ལ་
སོགས་པས་མཆོད་པར་བྱ། །ཞེས་སྒྲ་ཇི་བཞིན་ནོ། །གསང་བའི་དོན་གྱིས་ནི་མཆོག་གི་དགའ་བའི་ངོ་བོ་ཅན་ཡིད། སའི་ཆ་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས། ལེགས་པར་མཉམ་པའི་སྒྲ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཉིད། མཆོད་པའི་སྒྲ་ནི་བསྒྲུབ་དང་སྒྲུབ་ཐབས་མཛད་པ།
དེའི་ཕྱིར། མཆོག་གི་དགའ་བའི་སྦྱོར་བ་ཡི། །རྩེ་གཅིག་པས་ནི་མཉེས་པར་བྱ། །ཞེས་བྱ་བ་ལ་ཉིད་རྒྱུད་ལས་བསྟན་ཏོ། །བསྙེན་པས་གང་ཞིག་བྱུང་བའི་མེ་ཏོག་ལས་བསྟན་པའོ། །གསང་བར་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཀྱི་མཆོད་པའི་ངེས་པར་བསྟན་པའོ། །གཞན་
མ་ནི་སྒྲ་ཇི་བཞིན་ནོ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །ཞེས་བྱ་བ་ལ། ཕྱིའི་དོན་གྱིས་མི་མཉམ་པ་མ་ཡིན་པ་དང་། ཉུང་བ་མིན་པ་བྲི་བར་བྱ་བའི་དོན་ཏོ། །གསང་བའི་དོན་གྱིས་ནི་མཆོག་དང་ཆད་པ། དེ་དག་མཉམ་པར་བྱ་ཞེས་སློབ་དཔོན་ཨིནྡྲ་བྷཱུ་ཏིའི་གཞུང་ངོ་། །སློབ་དཔོན་ཤ་

བ་རིའི་གཞུང་གིས་ནི་དམར་པོ་འབྱུང་བའི་ནང་དུ་དཀར་པོའི་རོ་མཉམ་པར་ཞེས་བྱ་བའི་དོན་ཏོ། །ཐུབ་པ་བདུན་ནི་དྲང་བར་བྱ། །ཞེས་བྱ་བ་ལ། འདབ་མ་བདུན་སྡེ་ཚན་དང་པོ་བྲི་བར་བྱས་ནས། ཕྱི་ནས་ཧའི་ཡིག་འབྲུ་ཡན་ཆད། ཉི་ཤུ་རྩ་དྲུག་གསལ་བར་བྱེད་པ་བྲི་བར་བྱའོ། །དང་
པོར་རྣམ་པར་སྣང་མཛད་བྲི། ཞེས་བྱ་བ་ནི། ཨོཾ་གྱི་ཡིག་འབྲུ་ལྔ་པའི་ལྔ་པ་ཞེས་བྱ་བ་ནི་ཡིག་འབྲུ་མ། ཨུཥྨ་ཎ་ཡི་བཞི་པ་ཞེས་བྱ་བ་ནི་ཡིག་འབྲུ་ཧ། བཅུ་དྲུག་པ་ཡི་གཉིས་པར་ལྡན། །ཞེས་བྱ་བ་ནི་ཨཱ་རིང་པོ་སྦྱར་རོ། །དང་པོའི་དང་པོ་ཞེས་བྱ་བ་ནི་ཡིག་འབྲུ་ཀའོ། །མེས་ལྡན་པ་ཞེས་བྱ་
བ་ནི་འོག་ཏུ་ཡི་གེ་ར་སྦྱར་བའོ། །དབྱངས་ཡིག་བཅུ་གསུམ་པ་ནི་སྦྱར། །ཞེས་བྱ་བ་ནི་ཨོའི་ཡིག་འབྲུ་མགོ་བོར་བརྒྱན་པའོ། །བཞི་པའི་བཞི་པ་ཞེས་བྱ་བ་ནི་ཡིག་འབྲུ་ངྷའོ། །དབྱངས་ཡིག་བཅུ་གཅིག་པ་དང་ལྡན། །ཞེས་བྱ་བ་ནི་ཨེའི་ཡིག་འབྲུས་བརྒྱན་པའོ། །ཨུཥྨ་ཎ་ཡི་དང་པོ་ཞེས་བྱ་
བ་ནི་ཡིག་འབྲུ་ཤའོ། །ཨནྟསྠ་ཡི་བཞི་པ་ཞེས་བྱ་བ་ནི་ཡིག་འབྲུ་ཝའོ། །མེ་ཡི་ས་བོན་ཞེས་བྱ་བ་ནི་ཡིག་འབྲུ་རའོ། །གཉིས་པའི་གསུམ་པ་ཞེས་བྱ་བ་ནི་ཛའོ། །ཨནྟསྠའི་དང་པོ་ནི་ཡའོ། །ཨནྟསྠའི་བཞི་པ་ནི་ཝའོ། །དབྱངས་ཡིག་གསུམ་པ་དང་ལྡན་ཞེས་བྱ་བ་ནི་ཨིའི་ཡིག་འབྲུ་སྦྱར་བའོ། །
གཉིས་པའི་གསུམ་པ་ཞེས་བྱ་བ་ནི་ཛའོ། །བརྒྱད་པའི་དང་པོ་ཞེས་བྱ་བ་ནི་ཡའོ། །དབྱངས་ཡིག་གཉིས་པ་དང་ལྡན་ཞེས་བྱ་བ་ནི་ཨཱ་རིང་བ་དང་སྦྱར་བའོ། །གསུམ་པའི་དང་པོ་ཞེས་བྱ་བ་ནི་ཏ་ལོག་གོ། །ལོག་ཡང་དེ་རང་སྦྱོར་ཞེས་བྱ་བ་ནི་ཏ་ལོག་པས་སོ། །ཕྱི་ནས་ཡང་ནི་དེ་རང་སྦྱིན། །ཞེས་
བྱ་བ་ནི་ཏ་ལོག་གཉིས་པར་བྲི་བར་བྱའོ། །ཨུཥྨ་ཎ་ཡི་བཞི་པ་ཞེས་བྱ་བ་ནི་ཧའོ། །དབྱངས་ཡིག་གཉིས་པ་དང་ལྡན་ཞེས་བྱ་བ་ནི་ཨཱ་རིང་པོ་དང་སྦྱར་བའོ། །ཨུཥྨ་ཎ་ཡི་གསུམ་པ་ཞེས་བྱ་བ་ནི་སའོ། །ལྔ་པའི་ལྔ་པ་ནི་མའོ། །ཨུཥྨ་ཎ་ཡི་བཞི་པ་ནི་ཧའོ། །དབྱངས་ཡིག་གཉིས་པ་ནི་ཨཱ་རིང་
བ་དང་སྦྱར་བའོ། །དང་པོའི་དང་པོ་ཞེས་བྱ་བ་ནི་ཀའོ། །ཨནྟསྠའི་གསུམ་པ་ཞེས་བྱ་བ་ནི་ལའོ། །ལྔ་པའི་དང་པོ་ཞེས་བྱ་བ་ནི་པའོ། །དབྱངས་ཡིག་གཉིས་པ་དང་ལྡན་པ། །ཞེས་བྱ་བ་ནི་ཨཱ་རིང་བའོ། །དང་པོའི་གསུམ་པ་ནི་གའོ། །ཉི་ཤུ་པ་སྦྱར་ཞེས་བྱ་བ་ནི་ནའོ། །དབྱངས་

ཡིག་གསུམ་པ་དང་སྦྱར་ཞེས་བྱ་བ་ནི་ཨི་དང་སྦྱར་བའོ། །ཁྲོ་བོའི་གཟུགས་ནི་ཆེ་བས་ཆེ། །ཞེས་བྱ་བ་ནི་དེ་རང་ལ་མཐུ་རབ་ཏུ་བསྟན་ཏོ། །ཨུཥྨ་ཎ་ཡི་གསུམ་པ་ཞེས་བྱ་བ་ནི་སའོ། །བཞི་པའི་ལྔ་པ་ཞེས་བྱ་བ་ནི་ནའོ། །འོག་ཏུ་དེ་དང་སྦྱར་ཞེས་བྱ་བ་ནི་ན་དང་ལྡན་པའོ། །ལྔ་
པའི་བཞི་པ་ནི་བྷའོ། །དབྱངས་ཡིག་གཉིས་པ་དང་ལྡན་ཞེས་བྱ་བ་ནི་ཨཱ་རིང་པོ་དང་སྦྱར་བའོ། །བརྒྱད་པའི་དང་པོ་ནི་ཡའོ། །ཨུཥྨ་ཎ་ཡི་བཞི་པ་ནི་ཧའོ། །དབྱངས་ཡིག་དྲུག་པ་དང་ལྡན་ཞེས་བྱ་བ་ནི་ཨཱུ་དང་སྦྱར་ཞེས་སོ། །ཆ་དང་ཐིག་ལེར་ལྡན་ཞེས་བྱ་བ་ནི་ཟླ་ཚེས་དང་ལྡན་པའི་ཐིག་ལེ་
མགོ་བོར་བྲི་བར་བྱའོ། །ཕྱི་ནས་དེ་རང་སྦྱིན་པར་བྱ། །ཞེས་བྱ་བ་ནི་ཧཱུཾ་གི་ཡིག་འབྲུ་གཉིས་པ་བྲི་བར་བྱའོ། །ལྔ་པའི་གཉིས་པ་ཞེས་བྱ་བ་ནི་ཕའོ། །གསུམ་པའི་དང་པོ་ཞེས་བྱ་བ་ནི་ཏ་ལོག་གོ། །ཨུཥྨ་ཎ་ཡི་གསུམ་པ་ནི་སའོ། །ཨནྟསྠའི་བཞི་པ་དང་ལྡན། །ཞེས་བྱ་བ་ནི་འོག་ཏུ་ཝ་དང་སྦྱར་བའོ། །
དབྱངས་ཡིག་གཉིས་པ་དང་བཅས་ཞེས་བྱ་བ་ནི་ཨཱ་རིང་བ་དང་སྦྱར་བའོ། །ཡའི་སྡེ་ཚན་བརྒྱད་པ་ནི་ཧའོ། །དབྱངས་ཡིག་གཉིས་པ་དང་ལྡན་པ། །ཞེས་བྱ་བ་ནི་ཨཱ་རིང་བ་དང་སྦྱར་བའི་དོན་ཏོ། །དོན་ཐམས་ཅད་གྲུབ་པར་བྱེད་པ། །ཞེས་བྱ་བ་ནི་སྔགས་ཀྱི་དངོས་གྲུབ་སྟེར་ཞེས་བྱ་བའི་དོན་
ཏོ། །གཞན་མའི་གཞུང་གིས་ནི་ཞི་བ་ལ་སོགས་པའི་ལས་འགྲུབ་པར་བྱེད་དོ། །བདག་གིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྔགས་བསྟན་པའོ། །དང་པོ་གཟུགས་ཀྱི་བདག་པོ་ཞེས་བྱ་བ་ནི་ཨོཾ་གྱི་རྣམ་པའོ། །ཨནྟསྠ་ཡི་བཞི་པ་ཞེས་བྱ་བ་ནི་ཝའོ། །གཉིས་པའི་གསུམ་པ་ནི་ཛའོ། །
མེའི་ས་བོན་གྱིས་བརྒྱན་ཞེས་བྱ་བ་ནི་འོག་ཏུ་རའི་ཡིག་འབྲུ་དང་ལྡན་པའོ། །བཞི་པའི་དང་པོ་ཞེས་བྱ་བ་ནི་ཏའོ། །དབྱངས་ཡིག་བཅུ་གཅིག་པ་དང་ལྡན་ཞེས་བྱ་བ་ནི་ཨེ་དང་སྦྱར་བའོ། །གཉིས་པའི་གསུམ་པ་ཞེས་བྱ་བ་ནི་ཛའོ། །དབྱངས་ཡིག་བཅུ་གསུམ་པ་དང་ལྡན་ཞེས་
བྱ་བ་ནི་ཨོཾ་དང་ལྡན་པའོ། །དང་པོའི་གསུམ་པ་ནི་གའོ། །མེའི་ས་བོན་གྱིས་འོག་དང་ལྡན་ཞེས་བྱ་བ་ནི་ར་དང་སྦྱར་བའོ། །ཨུཥྨ་ཎ་ཡི་བཞི་པ་ཞེས་བྱ་བ་ནི་ཧའོ། །ཉི་མས་སྦྱར་ཞེས་བྱ་བ་ནི་འོག་མའི་ཆའི་ཡིག་འབྲུ་ར་དང་ལྡན་པའོ། །དབྱངས་ཡིག་བཞི་པ་དང་ལྡན་ཞེས་བྱ་བ་ནི་ཧཱུཾ་

གི་རྣམ་པའོ། །ལྔ་པའི་གཉིས་པ་ཕའོ། །གསུམ་པའི་དང་པོ་ཞེས་བྱ་བ་ནི་ཏ་ལོག་གོ། །ཉེ་བའི་སྙིང་པོ་ཞེས་བྱ་བ་ནི་རྩ་བའི་སྔགས་ཡན་ལག་གོ། །དང་པོ་རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཨོཾ་གྱི་རྣམ་པའོ། །ཨུཥྨ་ཎ་ཡི་གསུམ་པ་ཞེས་བྱ་བ་ནི་སའོ། །དབྱངས་ཡིག་ལྔ་པ་ཞེས་བྱ་བ་ནི་
ཨུ་དང་ལྡན་པའོ། །མེའི་ས་བོན་ཞེས་བྱ་བ་ནི་རའོ། །བཞི་པའི་དང་པོ་ཞེས་བྱ་བ་ནི་ཏའོ། །ཨུཥྨ་ཎ་ཡི་གསུམ་པ་ཞེས་བྱ་བ་ནི་སའོ། །ཉི་ཤུ་རྩ་ལྔ་ཞེས་བྱ་བ་ནི་མའོ། །རླུང་གི་ས་བོན་ཞེས་བྱ་བ་ནི་ཡའོ། །དབྱངས་ཡིག་བཅུ་གཅིག་པ་དང་སྦྱར། །ཞེས་བྱ་བ་ནི་ཨེ་དང་ལྡན་ཞེས་བྱ་བའི་དོན་
ཏོ། །ཨུཥྨ་ཎ་ཡི་དང་པོ་ཞེས་བྱ་བ་ནི་ཤའོ། །ཨནྟསྠའི་བཞི་པས་ལྡན་པ་ནི་ཝའོ། །ཉི་མའི་ས་བོན་ཞེས་བྱ་བ་ནི་རའོ། །དབྱངས་ཡིག་གསུམ་པ་ཞེས་བྱ་བ་ནི་ཨི་དང་ལྡན་པའོ། །ཨུཥྨ་ཎ་ཡི་བཞི་པ་ཞེས་བྱ་བ་ནི་ཧའོ། །དབྱངས་ཡིག་དྲུག་པ་ཞེས་བྱ་བ་ནི་ཨུ་དང་ལྡན་པའོ། །ཆ་དང་ཐིག་ལེས་བརྒྱན་པ་
ཞེས་བྱ་བ་ནི་ཟླ་ཚེས་དང་ལྡན་པའི་ཐིག་ལེས་བརྒྱན་པའོ། །ཕྱི་ནས་དེ་རང་བཞིན་ཞེས་བྱ་བ་ནི་ཧཱུཾ་གི་རྣམ་པ་གཉིས་བྲི་བར་བྱའོ། །གཞན་མ་ནི་སྔགས་འབིགས་པར་བྱེད་པ་ཞེས་བྱ་བ་ནི་དེ་རང་ལ་ནུས་པའི་མཐུ་བསྟན་ཏོ། །ལྔ་པའི་གཉིས་པ་ཞེས་བྱ་བ་ནི་ཕའོ། །གསུམ་པའི་དང་པོ་ཞེས་བྱ་བ་ནི་ཏ་ལོག་གོ། །
ཨུཥྨ་ཎ་ཡི་གསུམ་པ་ཞེས་བྱ་བ་ནི་སའོ། །ཨནྟ་སྠའི་བཞི་པ་ཞེས་བྱ་བ་ནི་ཝའོ། །དབྱངས་ཡིག་གཉིས་པ་དང་ལྡན་ཞེས་བྱ་བ་ནི་ཨཱ་རིང་བའོ། །ཡའི་སྡེ་ཚན་བརྒྱད་པ་ཞེས་བྱ་བ་ནི་ཧའོ། །དབྱངས་ཡིག་གཉིས་པ་དང་ལྡན་ཞེས་བྱ་བ་ནི་ཨཱ་རིང་བའོ། །ཁྱེད་ཀྱི་ཞེས་བྱ་བ་ནི་བཅོམ་
ལྡན་འདས་མའི་སྙིང་པོ་བསྟན་པའོ། །དང་པོ་ལྷའི་བདག་པོ་ཞེས་བྱ་བ་ནི་ཨོཾ་གྱི་རྣམ་པའོ། །དང་པོའི་དང་པོ་ཞེས་བྱ་བ་ནི་ཀའོ། །ས་ཡི་ས་བོན་དང་ལྡན་པ། །ཞེས་བྱ་བ་ནི་ལའོ། །དབྱངས་ཡིག་བཞི་པ་དང་ལྡན་ཞེས་བྱ་བ་ནི་ཨཱིའོ། །ཆ་དང་ཐིག་ལེས་བརྒྱན་ཅེས་བྱ་བ་ནི་སྔར་བསྟན་
པའོ། །ཨནྟསྠའི་བཞི་པ་ཞེས་བྱ་བ་ནི་ཝའོ། །ས་ཡི་ས་བོན་འོག་ཏུ་ལྡན། །ཞེས་བྱ་བ་ནི་ལ་ཡིས་སོ། །དབྱངས་ཡིག་བཞི་པ་དང་ལྡན་པ། །ཞེས་བྱ་བ་ནི་ཨཱི་ཡིས་སོ། །ཆ་དང་ཐིག་ལེས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གཉིས་པའི་གསུམ་པ་ཞེས་བྱ་བ་ནི་

ཛའོ། །སའི་ས་བོན་འོག་ཏུ་ལྡན་ཞེས་བྱ་བ་ནི་ལའོ། །དབྱངས་ཡིག་བཞི་པ་དང་ལྡན་པ། །ཞེས་བྱ་བ་ནི་ཨཱི་ཡིས་སོ། །ཟླ་ཚེས་ཐིག་ལེས་བརྒྱན་པ་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་ནོ། །ལྔ་པའི་གཉིས་པ་ཞེས་བྱ་བ་ནི་ཕའོ། །གསུམ་པའི་དང་པོ་ཞེས་བྱ་བ་ནི་ཏ་ལོག་
གོ། །སྭཱ་ཧཱ་མཐར་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་ནོ། །ཉེ་བའི་སྙིང་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མའི་རྩ་བའི་སྔགས་ཡན་ལག་ཅེས་བྱ་བའི་དོན་ཏོ། །གཞན་མ་ནི་སྒྲ་ཇི་བཞིན་ནོ། །ཧྲི་དྷིཾ་ཁཾ་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ས་བོན་གྱི་སྔགས་ཀྱིས་བདུད་རྩི་ལྔ་བྲིམས་པར་བྱའོ། །བྱིན་
གྱིས་རློབ་པའི་དོན་ཏོ། །ཡ་ར་ལ་ཝ་ཡི་གེ་ས་བོན་གྱིས་གསོལ་བར་བྱ་བ་དགོངས་པའོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། ལེའུ་ཉི་ཤུ་རྩ་གཅིག་པའི་བཤད་པའོ།། །།ད་ནི་ཉི་ཤུ་རྩ་གཉིས་པ་ལ་ཟབ་པའི་ཚིགས་སུ་བཅད་པ་བྲི། སེམས་ཅན་ལ་བསྲུང་བ་ལ་སོགས་
ཞེས་བྱ་བ་ལ། སློབ་དཔོན་ཤ་བ་རིའི་གཞུང་གིས་གསང་བའི་དོན་ལ་བཤད། སེམས་ཅན་གྱི་དོན་ནི་ཐ་མལ་པ་མ་ཡིན་པའི་བསྒྲུབ་པ་དང་སྒྲུབ་ཐབས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སྲུང་བ་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེའི་འཁོར་ལོར་ཡང་དག་པར་འཛིན་པ། གཏོར་མ་ཞེས་བྱ་བ་ནི་
མཆོག་གི་དགའ་བ་ཉིད་ཀྱིས་དེ་ལ་ཉམས་སུ་མྱོང་བ། དོན་དུ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་ཤེས་པའི་ཕྱིར་རོ། །དུར་ཁྲོད་ལ་སོགས་ཞེས་པ་ནི་འདོད་ཆགས་ཀྱི་རྣམ་པར་རྟོག་པ་བསྲེག་པའི་གནས་སུ། ཆུ་ངོགས་ཞེས་བྱ་བ་ལ་བྱང་ཆུབ་ཀྱི་སེམས་འཕོ་བའི་གནས་སུ། སློབ་
དཔོན་གཞན་མའི་གཞུང་གིས་ནི་སྲོག་གི་རྩ་བའི་གནས་སུ། །ཡུལ་གྱི་མཐའ་ཞེས་བྱ་བ་ནི་མཆོག་གི་དགའ་བ་ལས་གནས་གཞན་དུ། ཅིའི་ཕྱིར་ཞེ་ན་ཡུལ་ན་གནས་པ་རྟག་ཏུ་མི་ཆེ་བས་དགའ་བ་མེད། འཚེ་བར་བྱེད་པ་དེའི་ཕྱིར། དགའ་བྲལ་མེད་པའི་གནས་སུ་གསང་བའི་གཏོར་མ་གཏང་
བར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ན་རི་ལ་ཞེས་བྱ་བ་ནི་སངས་རྒྱས་རིན་པོ་ཆེ་མཐོ་བའི་གནས་སུ་ཞེས་སློབ་དཔོན་ཨ་ཀྲ་བྷཱུ་ཏིའི་གཞུང་གིས་སོ། །ཤིང་གཅིག་གནས་སུ་ཞེས་བྱ་བ་ནི་སྤྲོས་པ་མེད་པ་རྟེན་གྱི་དབྱུག་པ་རུ། ཁང་སྟོང་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་གནས་རང་

བཞིན་དགའ་བའོ། །གཞན་མ་མོ་ལ་སོགས་ཞེས་བྱ་བ་ནི་ཕྱིའི་དོན་གྱིས་ཀུན་སྒྲ་ཇི་བཞིན་ནོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་ཉི་ཤུ་རྩ་གཉིས་པའི་བཤད་པའོ།། །།ད་ནི་ལེའུ་ཉི་ཤུ་རྩ་གསུམ་པ་ལ་ཟབ་པའི་ཚིགས་སུ་བཅད་པ་བྲི། གསང་བ་མཆོག་དང་དགྱེས་གནས་སུ། །
དེ་རུ་འཁོར་ལོ་རབ་ཏུ་བསྐོར། །ཞེས་པ་ལ། དཔལ་བདེ་བ་ཆེན་པོའི་གཞུང་གིས་ནི་གསང་བ་ཞེས་བྱ་བ་ནི་འདོད་ཆགས་འགེགས་པའི་གནས་སུ། མཆོག་ཅེས་བྱ་བ་ནི་སྲོག་གཅོད་པའི་གནས་སུ། དགྱེས་པ་ཞེས་བྱ་བ་ནི་རྒྱལ་པོ་འགུགས་པའི་གནས་སུ། དེ་རུ་འཁོར་ལོ་རབ་ཏུ་བསྐོར། །ཞེས་
བྱ་བ་ནི་ཚོགས་ཀྱི་འཁོར་ལོ་བྱ་ཞེས་མདོར་བསྟན་པའོ། །ཕྱི་ནས་ཀྱང་དེ་ལྟར་སྨྲ་བ་ལ་རྒྱས་པར་བཤད་པའི་དོན་བཤད་དེ། འདོད་ཆགས་འགེགས་པའི་གནས་སུ་ནི་གནང་བའི་དབང་བསྐུར་བའི་དུས་སུ། སྲོག་གཅོད་པའི་གནས་སུ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སུ། རྒྱལ་
པོ་དབང་བསྐུར་བའི་གནས་སུ་ནི་ཤེས་རབ་ཡེ་ཤེས་འགོག་པའི་དུས་སུ། ཚོགས་ཞེས་བྱ་བ་ནི་རེག་བྱའི་རྩ་འདུས་པ། འཁོར་ལོ་ཞེས་བྱ་བ་ནི་དེའི་རྟེན་གྱི་གནས་སངས་རྒྱས་རིན་པོ་ཆེའི་སྣོད། རབ་ཏུ་བསྐོར་ཞེས་བྱ་བ་ནི་ཀུན་སྤྱོད། སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས་ནི་ཚིམ་བྱེད་པའོ། །དཔལ་
ཨིནྡྲ་བྷཱུ་ཏིའི་གཞུང་གིས་གསང་བ་ཞེས་བྱ་བ། གསང་བ་པདྨ་ཨཱ་ལིའི་དགའ་བ་མི་སྣང་བའི་གནས་སུ། མཆོག་ཅེས་བྱ་བ་པདྨའི་ལྟེ་བའི་དགའ་བ། ཀཱ་ལི་ལོངས་སྤྱོད་ཀྱི་གནས་སུ། དགྱེས་པའི་ཞེས་བྱ་བ་ནི་ལྟེ་བའི་དབུས་སུ་དགའ་བ་རབ་ཀྱི་རབ། ཨཱ་ལི་ཀཱ་ལི་གཉིས་སུ་མེད་པའི་དབང་གི་
གནས་སུ། ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་དགའ་བ་དང་རྩ་ཐམས་ཅད་རྒྱས་པ་ཉིད་མངོན་སུམ་དུ་ཉམས་སུ་མྱོང་བའོ། །དེ་ནི་བདག་ཉིད་ཀྱི་ཕྱོགས་སུ། ཕྱིའི་ཕྱོགས་སུ་ནི་ཕྱག་རྒྱའི་དངོས་གྲུབ་སྒྲུབ་པའི་དོན་གྱི་ཕྱིར། ཐབས་དང་ཤེས་རབ་མི་མཉམ་པ་མ་ཡིན་པའི་རྡོ་རྗེ་ཧེ་རུ་ཀའི་རྣམ་པས།
རྡོ་རྗེ་སློབ་དཔོན་ཚོགས་ཀྱི་གཙོ་བོ་ཉིད་དུ་མེ་ཏོག་ལ་སོགས་པའི་དཀྱིལ་འཁོར་གྱི་དབུས་སུ། སྣ་ཚོགས་གདན་གྱི་སྟེང་དུ་བཞུགས་སུ་གསོལ་བར་བྱས་ནས། མཆོད་པའི་མཆོད་སྦྱིན་ལ་སོགས་ཀྱིས་མཆོད་པར་བྱ་སྟེ། ཚོགས་དང་ལྷན་ཅིག་རྣམ་པར་རྟོག་པ་སྤང་བའི་དོན་དུ་གསང་བ་

ཚོགས་གསོལ་ནས། ཡེ་ཤེས་གྲུབ་པའི་དོན་དུ་ནི། རྡོ་རྗེ་གླུ་ཡིས་རྡོ་རྗེའི་གར་བྱའོ། །མྱུར་དུ་དངོས་གྲུབ་སྒྲུབ་པའི་དོན་དུ་བརྩོན་པར་བྱེད་པའི་ཕྱིར། སློབ་དཔོན་ལ་མཆོད་པའི་དུས་སུ་ཆོས་ཐམས་ཅད་བདག་མེད་མའི་རང་བཞིན་གྱི་ཕྱིར། མདུང་རྩེའི་མཚོན་ཆས་བསྐུམ་པའི་རོ་
གདན་དུ་དབུལ་བར་བྱའོ། །གཞན་མ་ནི་སྒྲ་ཇི་བཞིན་ནོ། །ལྟེ་བ་ལ་སོགས་ཞེས་བྱ་བ་ལ་ལྟེ་བའི་སྒྲ་ནི་རི་དགས་ཀྱི་བཅུད། རྡོ་རྗེ་ཆུ་ཞེས་བྱ་བའི་དོན་ཏོ། །རི་བོང་ཅན་ཞེས་བྱ་བ་ནི་ཟླ་བ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །དགའ་བ་ཞེས་བྱ་བ་ནི་འོད་དང་ལྡན་པ་རང་ལས་འབྱུང་བའོ། །
མཆོག་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་དྲི་ཆེན་ཞེས་བྱ་བའི་དོན་ཏོ། །རྟ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་རང་བཞིན་ས་ལུ་ཞེས་བྱ་བའི་དོན་ཏོ། །ས་བོན་གྱི་བཀོད་པ་ནི་སྒྲ་ཇི་བཞིན་ནོ། །ནང་གི་རོ་མ་ལ་སོགས་ཞེས་བྱ་བ་ལ། སློབ་དཔོན་བཱི་ར་བྷཱུ་ཏིའི་གཞུང་གིས་ནི་ནང་གི་སྒྲས་ནི་ནང་གི་བདག་ཉིད་ཀྱི་པདྨ།
ནང་གི་བདག་ཉིད་ཀྱང་གསང་བ་ཡིན་ཞེས་བཤད་དོ། །རོ་མ་ཞེས་བྱ་བ་ནི་བྱ་གདོང་གི་རྣམ་པ་ཅན། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཆེན་མོའི་རྩའོ། །པདྨའི་འདབ་མར་བཀོད་པ་ཞེས་བྱ་བ་ནི་ཡོ་ནི་པདྨའི་ནང་དུ་བསྒོམ་པར་བྱའོ། །ཕྱི་དང་ནང་གི་བདག་ཉིད་ལ་སོགས་ཞེས་བྱ་བ་ལ་དེ་མ་ཐག་ཏུ་སྨྲ་
བའི་པདྨ་གཉིས་རོ་མཉམ་པར་རབ་ཏུ་ཚིམ་པར་བྱ། བྱང་ཆུབ་སེམས་ཀྱིས་རྒྱས་པར་བྱ། །ཞེས་བྱ་བའི་དོན་ཏོ། །འཁོར་ལོ་བཞིའི་བྱེ་བྲག་ཅེས་བྱ་བ་ནི་ཀུན་དུ་རྩ་བ་ལས་ཁ་སྦྱོར་བས་བྱ་ཞེས་དགོངས་པའོ། །དང་པོ་དཔའ་བོའི་རོ་ཚོར་མ་ལ་སོགས་པ། སློབ་དཔོན་ཛྙཱ་ན་མཱུརྟིའི་གཞུང་གིས་
ནི། དཔའ་བོ་ཞེས་བྱ་བ་ནི་རང་བཞིན་གྱི་དགའ་བ། བདུད་རྩིའི་བུམ་པས་དབང་བསྐུར་བའི་དུས་སུ། རོ་ཚོར་མའི་སྐབས་སུ་གསང་བའི་སྣའི་སྒོ་རུ་འཇུག་པར་བྱའོ། །དཔའ་བོའི་དཔའ་བོ་དབུས་དང་ཞེས་བྱ་བ་ནི། དཔའ་བོ་ཞེས་བྱ་བ་ནི་རང་བཞིན་གྱི་དགའ་བ། དཔའ་བོ་ཞེས་མཆོག་གི་
དགའ་བའི་བདུད་རྩིའི་གསང་བའི་དབང་བསྐུར་བའི་དུས་སུ། གསང་བའི་སྣའི་དབུས་སུ་ཉམས་སུ་མྱང་བར་བྱའོ། །དཔའ་བོའི་དབང་པོ་ཁ་ལ་ཞེས་བྱ་བ་ནི་རང་བཞིན་གྱི་དགའ་བ། དགའ་བ་དང་དཔའ་བོ་ཞེས་བྱ་བ་ནི་ཆད་པའི་དགའ་བའི་རོ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ།

གསང་བའི་སྣ་བཅོམ་ལྡན་འདས་མ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རིན་པོ་ཆེའི་ཁ་རུ། དེ་མ་ཐག་ཏུ་སྨྲ་བའི་ཆད་པས་དགའ་བའི་རོ་བདུད་རྩི་མེ་ཏོག་གིས་མཆོད་པར་བྱའོ། །རིམ་གྲོར་བྱ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཞེ་ན་ཚོགས་ཀྱི་འཁོར་ལོ་ལ་ཡང་དག་པར་དབང་བསྐུར་ལྡན་པ་ལ་
འགྲོ་བའི་དབང་། ཡང་ན་དེའི་དུས་སུ་དབང་བསྐུར་མེད་པ་རྣམས་ལ་དབང་བསྐུར་སྦྱིན་པར་བྱ་ཞེས་སློབ་དཔོན་ཨ་ཀྲ་པུ་ཏིའི་གཞུང་ངོ་། །ལྟེ་བ་གཉིས་དབུས་གནས་ཞེས་བྱ་བ་ནི་དཔའ་བོ་དགའ་བ་རྣམས་ལ། རྡོ་རྗེ་དང་པདྨ་གཉིས་ཀྱི་རིན་ཆེན་ལྟེ་བའི་གནས་སུ། བླ་མའི་མན་ངག་གིས་དབང་བསྐུར་
བའི་དོན་ཤེས་ནས་ཉམས་སུ་མྱོང་བར་བྱའོ་ཞེས་གཞན་མ་ནི་སྒྲ་ཇི་བཞིན་ནོ། །མ་དང་སྲིང་མོ་ཞེས་བྱ་བ་ནི་གཟུང་འཛིན་གྱི་རྣམ་པར་རྟོག་པ་སྤང་བའི་དོན་དུ་ཐབས་དང་ཤེས་རབ་ཀྱི་ཚོགས་མཆོད་པར་བྱ་ཞེས་ལྷ་ལྕམ་ལཀྵྨཱིའི་གཞུང་ངོ་། །གཞན་མ་ནི་སྒྲ་ཇི་བཞིན་གྱིས་བཤད་དོ། །དཔལ་ཕྱག་རྒྱ་
ཆེན་པོའི་ཐིག་ལེ་ལས་ལེའུ་ཉི་ཤུ་རྩ་གསུམ་པའི་བཤད་པའོ།། །།ད་ནི་ཉི་ཤུ་རྩ་བཞི་པ་ལ་ཟབ་པའི་ཚིགས་སུ་བཅད་པ་བྲི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་ལ། དེ་ནས་སྒྲ་ནི་ཕྱི་ནས་བཤད་པ། གསང་བའི་བདག་ཉིད་ཚོགས་ཀྱི་འཁོར་ལོའི་ཕྱི་ནས་ལས་མཆོག་
བསྒྲུབ་པར་བྱ། ལས་མཆོག་གི་སྒྲས་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོ་མཉམ་པའི་སྐབས་སུ། ཚོགས་ཀྱི་འཁོར་ལོ་ཐམས་ཅད་གསང་བར་བྱ། ངོ་བོ་ཉིད་མེད་པ་ཉིད་དུ་བྱ་ཞེས་པའི་དོན་དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི། སྣང་བ་མེད་པ་ཉིད་དུ་བྱ། སྐྱེ་བ་བདུན་ལ་སོགས་
ཞེས་བྱ་བ་ནི་རྟེན་བདུན་གྱི་ངོ་བོ། །གསང་བའི་ཚོགས་ཀྱི་འཁོར་ལོས་ཐམས་ཅད་ཚིམ་པར་བྱ་ཞེས་སོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། སྦྱོར་བའི་རྟེན་དང་། དམ་ཚིག་གི་རྟེན་དང་། ཚུལ་གྱི་རྟེན་དང་། བསྐྱོད་པའི་རྟེན་དང་། དུས་ཀྱི་རྟེན་དང་། རྣམ་པར་སྨིན་པའི་རྟེན་ནོ། །སྐྱེ་བ་གསུམ་པ་ལ་
ཚོགས་ཞེས་བྱ་བ་ནི། ལམ་གསུམ་པ་འབྱུང་བའི་གང་ཞིག་སྣང་བ་གསུམ་གྱི་བྱང་ཆུབ་ཀྱི་སེམས། དེས་གསང་བའི་བདག་ཉིད་ཚོགས་ཀྱི་འཁོར་ལོར་ཚིམ་པར་བྱེད་པས་ལས་མཆོག་གོ། །གཞན་མ་ནི་གོ་སླ་བའི་ཕྱིར་སྒྲ་ཇི་བཞིན་ནོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་ཉི་ཤུ་རྩ་བཞི་

པའི་བཤད་པའོ།། །།ད་ནི་ཉི་ཤུ་རྩ་ལྔ་པ་ལ་ཟབ་པའི་ཚིགས་སུ་བཅད་པ་བྲི། སྲོག་དང་བརྔུབ་པའི་མཉམ་སྦྱོར་བས། །ཞེས་བྱ་བ་ལ་སོགས་པ་ལ། སློབ་དཔོན་ཤ་བ་རིའི་གཞུང་གིས་དགའ་བའི་གནས་ནས། གཞན་མའི་གནས་སུ་སློབ་མའི་ཡིད་ཀྱི་རྣམ་པར་ཤེས་པ་རང་གི་
ངོ་བོའི་བྱང་ཆུབ་ཀྱི་སེམས། བརྔུབ་པ་ཞེས་བྱ་བ་གཞན་མའི་ཞེས་བྱ་བ་ལ། རང་བཞིན་དགའ་བའི་གནས་སུ་གནས་པ་བྱས་ནས་ཞེས་བྱ་བ་ནི་བླ་མའི་མན་ངག་ལས་ཉེ་བར་བརྟགས་ཏེ། མཆོག་དང་ཆད་པའི་དགའ་བ་ཉིད། །སྲོག་དང་བརྔུབ་པ་བཟའ་བར་བྱ། །ཉམས་སུ་མྱོང་བར་བྱ་ཞེས་པའོ། །དེ་ནི་
བསྐྱེད་པའི་རིམ་པའི་ཕྱོགས། །རྫོགས་པའི་རིམ་པའི་ཕྱོགས་སུ་ནི། །མཆོག་དང་ཆད་པའི་བདག་ཉིད་པའི་རྣམ་པ་དང་བྲལ་བའི་བདེ་བ་འགོག་སྟེ། སྣང་བ་མེད་པར་བྱས་ཏེ། སྲོག་དང་བརྔུབ་པ་མཉམ་པར་བལྟ། །སྟོང་པ་ཆེན་པོ་ཉིད་ཡེ་ཤེས་ཀྱིས་གཟིགས་པར་བྱ་ཞེས་པའི་དོན་ཏོ། །དེ་ནང་གི་
བདག་ཉིད་ཀྱིས་རིམ་པ་གཉིས་ཀྱིས་བཤད་པའོ། །ཕྱིའི་དོན་གྱིས་པདྨའི་ཁ་སྦྱོར་བའི་ཐབས་དང་ཤེས་རབ་ཡང་དག་པར་སྤྱོད་པར་བྱའོ། །གསང་བའི་དོན་གྱིས་སྙིང་གའི་སྙིང་པོའི་ནམ་མཁའ་རུ། དྲི་མེད་ཤེལ་གྱི་ཡི་གེ་བཞིན་དུ། བྱང་ཆུབ་སེམས་ཀྱི་ཕྲེང་བ་སྤྲུལ་པའི་འཁོར་ལོ་ནས་བཟློག་པར་
བྱས་ནས། སྟེང་གི་འཁོར་ལོ་མན་ཆད་འདྲེན་པར་བྱ་ཞེས་བྱ་བའི་དོན་ཏོ། །གསང་བའི་དོན་གྱི་ནི་ཧའི་ཡིག་འབྲུ་བཏོན་ནས། བཟླས་པའི་རིམ་པ་བཤད་པ་དེ་ནི་དཔལ་ཨ་ཝ་དྷཱུ་ཏཱིའི་གཞུང་ངོ་། །འཇམ་པ་ཞེས་བྱ་བ་ནི་མཆོག་གི་དགའ་བ་འབྱུང་བའི་དུས་སུ་ཤིན་ཏུ་ཕྲ་མོ་རེག་བྱའི་ཚུལ་དུ་འདོན་
པར་བྱའོ། །འདོན་པ་ཞེས་བྱ་བ་ནི་བཟླས་པ་ཀུན་སྤྱོད་ཀྱི་དོན་དུའོ། །མགྲིན་པ་ཡ་རྐན་འགུལ་མེད་ཅེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་གནས་པ་རྩ་མི་འགུལ་བས་སོ། །སྙིང་ག་རུ་ནི་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ཚོར་བའི་གནས་ནས། གཞན་མར་ནང་གི་རེག་བྱ་འཇམ་པ་ཉམས་སུ་མྱོང་བའི་ཐབས་
ཀྱིས། གསང་བའི་བཟླས་པ་མི་བྱ་ཞེས་སློབ་དཔོན་ཨ་ཀྲ་པུ་ཏིའི་མན་ངག་གོ། །གང་གི་ཕྱིར་ཞེ་ན། ཀུན་རྫོབ་ཀྱི་བདེ་བའི་བདག་ཉིད་ལ་དོན་དམ་པས་འགོག་པའི་ཕྱིར་ཞེས་དགོངས་པའོ། །ཡེ་ཤེས་ཀྱི་དོན་གྱིས་ཤེས་རབ་ནི་གཏུམ་མོའི་ངོ་བོ། །ཐབས་ནི་གཏན་མེད་པའི་བདེ་བ་དེ་ནི་སློབ་

དཔོན་དྲི་མེད་བཤེས་གཉེན་གྱི་གཞུང་ངོ་། །རྡོ་རྗེ་སྐྱིལ་ཀྲུང་བྱས་ནས་སེམས་ལ་སོགས་ཞེས་བྱ་བ་ནི་རྡོ་རྗེ་བཞིན་དུ་མི་ཤིགས་པའི་ཡེ་ཤེས་ཀྱི་ཐུག་པ་མེད་པས་སྐྱེ་བ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །སློབ་དཔོན་གཞན་མའི་གཞུང་གིས་ནི་ཐབས་དང་ཤེས་རབ་གཉིས་ལས་བྱུང་བ། གང་ཞིག་ཀུན་
རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་རང་བཞིན། བྱང་ཆུབ་ཀྱི་སེམས་དེ་ནི་འགོག་པའི་གཏན་ལས་གཡོ་བ་མེད་པར་བྱའོ། །ཡེ་ཤེས་འབྱུང་བའི་དོན་གྱིས་དཔལ་བདེ་བ་ཆེན་པོའི་གཞུང་གིས། གསང་བའི་བཟླས་པ་ནི་ཆ་དང་ཐིག་ལེ་དང་ཚུལ་དང་མེད་ཅེས་བྱ་བ་ལ། སྣང་བ་ལ་སོགས་དང་བྲལ་
བའི་བདེ་བའི་རྒྱལ་པོ། །བདེ་བ་ཆེན་པོ་ཚོར་བའི་གནས་སུ་མྱོང་བར་བྱའོ། །དེ་ནི་ཡེ་ཤེས་ལས་བྱུང་བའི་སོ་སོར་བསྟན་པའོ། །དཔལ་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི་ཐིག་ལེ་དང་། ཚུལ་དང་། ཆ་དང་བྲལ་བའི་སྣང་བ་གསུམ་གང་ཞིག་ཡེ་ཤེས་དེ་ནི་གཞན་མ་ཡིན་པའི་རང་བཞིན་དགའ་བའོ། །དེ་ནི་
ནང་གི་བདག་ཉིད་ཀྱི་ཕྱོགས་སུ། ཐིག་ལེ་དང་ཚུལ་དང་ཆའི་བདག་ཉིད་པའི་གང་ཞིག་ལོངས་སྤྱོད་དང་། མི་སྣང་བ་དང་། དབང་གི་གྲགས་པ་ཅན་ཡེ་ཤེས་དེ་ཡང་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་རང་བཞིན་དགའ་བའོ། །དེ་ནི་ཕྱོགས་ཕྱོགས་སུའོ། །གསུམ་པ་ནི་ཐིག་ལེ་དང་། ཚུལ་
དང་ཆའི་ནང་ན་གནས་པའི་གང་ཞིག་དགའ་བ་གསུམ་གྱི་བདག་ཉིད། ཡེ་ཤེས་ཆེན་པོ་དེ་ཡང་དག་པའི་རང་བཞིན་དགའ་བའོ། །དེ་ནི་གསང་བའི་ཕྱོགས་སུའོ། །དེ་ནི་རྫོགས་པའི་འབྲས་བུའི་དོན་གྱིས། བཟླས་པའི་རིམ་པའི་བརྡ་བཤད་པར་བྱ་སྟེ། ཆའི་ནང་ན་སེམས་ལ་སོགས། །ཞེས་
བྱ་བ་ནི། ཆའི་སྒྲ་ནི་ཤིན་ཏུ་ཡང་ཟབ་པའི་ཕྱིར་ཆད་པའི་དགའ་བ། སེམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ནང་དུ་ཞེས་བྱ་བ་ནི་དེའི་ཡན་ལག་ལ་སླེབས་པ། སེམས་ཚུལ་གྱི་ནང་དུ་འདི་ལྟར་བཤད་དེ། ཐིག་ལེ་ནི་མཆོག་གི་དགའ་བ། སྟོང་པ་ཉིད་ནི་རང་བཞིན་གྱི་དགའ་བ། རང་བཞིན་
དགའ་བ་ལ་མཆོག་གི་དགའ་བའི་གྲགས་པ་ཅན། ཡེ་ཤེས་རབ་ཏུ་འཇུག་པར་བྱ། །རྣམ་པ་ཐམས་ཅད་ཀྱིས་རང་བཞིན་དགའ་བ་གཅིག་པུ་ཉམས་སུ་མྱོང་བར་བྱ་ཞེས་པའི་དོན་ཏོ། །དགའ་བ་གསུམ་དང་བྲལ་བའི་ཕྱིར་སྟོང་པ་ཉིད་ཀྱི་རང་བཞིན་ཞེས་བསྟན་པ་དེ་ནི་ངེས་པའི་དོན་གྱིས་བཅོམ་ལྡན་

འདས་ཀྱི་བཀའོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་ཉི་ཤུ་རྩ་ལྔ་པའི་བཤད་པའོ།། །།ད་ནི་ཉི་ཤུ་རྩ་དྲུག་པ་ལ་ཟབ་པའི་ཚིགས་སུ་བཅད་པ་བྲི། དུས་ནི་ཆ་ཞེས་རབ་ཏུ་བསྟན། །དེ་དག་སྦྱོར་བའི་དགོངས་པ་ཞེས་བྱ་བ་ལ། དཔལ་བདེ་བ་ཆེན་པོའི་ཞལ་སྔ་
ནས་ཀྱི་མན་ངག་གི་གཞུང་གིས་འདི་ལྟར་བཤད་དེ། དུས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་དགའ་བ་ཉམས་སུ་མྱོང་བ། ཆ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ཉིད། སློབ་དཔོན་ཌོམྦི་པའི་ཞལ་སྔ་ནས་ཀྱི་མན་ངག་གི་གཞུང་གིས། ཆ་ནི་སྤྲོས་མེད་མ། དུས་ནི་བྱང་ཆུབ་ཀྱི་སེམས་སོ། །སློབ་དཔོན་
ནག་པོའི་གཞུང་གིས་ཆ་ནི་ཤེས་རབ། དུས་ནི་ཐབས། ལྷ་ལྕམ་ལཀྵྨཱིའི་གཞུང་གིས། ཆ་དང་དུས་ཞེས་བྱ་བ་ནི་བདེ་བ་ལ་ཤར་པ་དང་ནུབ་པ་དཔལ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཀྱི་མན་ངག་གི་གཞུང་གིས་ནི་ཇི་ལྟར་བརྒྱུད་ལ་རྒྱུད་པས་གསུངས་སོ། །དེ་ལ་དོན་ནི་འདི་ཡིན་ཏེ། བཅོ་ལྔའི་བདག་ཉིད་ཀྱི་
གང་ཞིག་ཟླ་བ་རྒྱས་པ་དེ་ནི་རྟེན་གྱི་ཆ། གང་ཞིག་དགའ་བ་བཅུ་དྲུག་པའི་བདག་ཉིད་ཀྱི་ཉི་མ་དེ་ནི་བརྟེན་པའི་དུས་དེ་དག་སྦྱོར་བ་ནི་དགོངས་པ་གཅིག་ཏུ་གྱུར་པ་ཉིད། བཞི་དང་བཞི་རུ་དབྱེ་བ་ཞེས་བྱ་བ་ནི་འདི་ལྟར་བཤད་དེ། བཅུ་དྲུག་པའི་བདག་ཉིད་གང་ཞིག་སྲོག་གི་དབྱུག་པའི་རྟེན་གྱི་
སྦྱོར་བ་བཞི། དེ་ཡང་བཞི་རུ་དབྱེ་བ་དེ་ལྟར། གྲངས་ཀྱི་རིམ་པ་བཅུ་དྲུག་པའི་བདག་ཉིད་པ་ཞེས་བྱ་བའི་དོན་ཏོ། །ཡན་ལག་གཅིག་གི་རྣམ་པ་དང་བྲལ་བར་ཞེས་བྱ་བ་ནི་འདི་ལྟར་བཤད་དེ། བཅུ་དྲུག་པའི་བདག་ཉིད་གང་ཞིག་སྦྱོར་བ་དེ་ནི་ཐམས་ཅད་རྒྱས་པའི་ཕྱིར་སྐྱེ་བ་མེད་པའི་ཕྱིར་
མི་རྟོག་ཅེས་ལུང་ངོ་། །དེ་ཡང་བཅོ་ལྔའི་བདག་ཉིད་པ་ལ་འདི་ཉིད་ཉམས་སུ་མྱོང་བའི་དགོངས་པའོ། །བྱིས་པ་རྣམས་ཁོང་དུ་ཆུད་པའི་དོན་གྱི་ཕྱིར། ཕྱིའི་གྲངས་ཀྱི་སྦྱོར་བ་བཅུ་དྲུག་པ་ལ་སྐྱོན་དང་ཡོན་ཏན་མེད་དོ། །ད་ནི་བཅུ་དྲུག་པའི་ཡེ་ཤེས་ལ། གནས་ཀྱི་ཕུན་སུམ་ཚོགས་པ་བྲི།
སྲོག་ནི་བྱང་ཆུབ་ཀྱི་སེམས། དབྱུག་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་ནས། སྤྲུལ་པའི་འཁོར་ལོ་ཡན་ཆད། བཀའི་དངོས་པོས་ཁྱབ་པའོ། །དེའི་ཕྱིར་རྟེན་གྱིས་བསྟན་པའོ། །སློབ་དཔོན་ཌོམྦི་པའི་གཞུང་གིས་ནི། སྲོག་གི་དབྱུག་པ་ནི་བྱང་ཆུབ་ཀྱི་སེམས། རྟེན་ནི་རྣམ་པར་ཤེས་

པའི་རླུང་། སློབ་དཔོན་ཤ་བ་རིའི་གཞུང་གིས་ནི་སྲོག་གི་དབྱུག་པ་ནི་སྤྲོས་མེད་མའི་དངོས་པོ། །རྟེན་ནི་བྱང་ཆུབ་ཀྱི་སེམས། སློབ་དཔོན་ནག་པོ་པའི་གཞུང་གིས་ནི་སྲོག་གི་དབྱུག་པ་ནི་སྲོག་གི་རྩའི་དངོས་པོ། །རྟེན་ནི་སྤྲོས་མེད་མ། སློབ་དཔོན་ཨིནྡྲ་བྷཱུ་ཏིའི་གཞུང་གིས་ནི། དབྱུག་པ་ནི་ཨའི་
རྣམ་པ་དེ་རང་ཐམས་ཅད་གྲུབ་པར་བྱེད་པའི་ཕྱིར་དེ་རུ་སྦྱོར་བའི་དོན་སྔར་བསྟན་པར་བྱས་པས། སྲོག་གི་དབྱུག་པ་དབུས་སུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བདུད་རྩི་མཆོག་གི་ལས་ནི་གསུམ་དུ་དབྱེ་བ། ཕྱི་དང་ནང་དང་གསང་བའི་བདག་ཉིད་དོ། །ནང་གི་བདག་ཉིད་ནི་དབུས་ཀྱི་གནས།
གསང་བ་ནི་དེ་ཡི་ནང་དུ་ཕྱིའི་འདོད་པའི་གནས། འདོད་པའི་གནས་སུ་ཕྱིའི་རྩ་ལ་སོགས་པའི་མཉམ་པར་སྦྱོར་བ། དབུས་ཀྱི་གནས་སུ་རེག་བྱའི་རྩ་ལ་སོགས་པའི་སྦྱོར་བ། གསང་བའི་གནས་སུ་གསང་བའི་རྩ་ལ་སོགས་པའི་སྦྱོར་བ་ཞེས་སློབ་དཔོན་ཨིནྡྲ་བྷཱུ་ཏིའི་གཞུང་ངོ་། །དཔལ་ཨིནྡྲ་བྷཱུ་
ཏིའི་གཞུང་གིས་ནི་གསང་བ་དང་དབུ་མའི་གནས་གཉིས་ལ་མདུད་པའི་སྦྱོར་བ་མེད། འོན་ཀྱང་དགའ་བ་ལ་སོགས་པ་ལ་ཡོད་པ་དེའི་ཕྱིར་རོ་མ་ནི་མདུད་པ་སུམ་ཅུ་རྩ་གཉིས་དང་ལྡན། ནང་དུ་མིན་ཞེས་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །མདུད་པའི་སྒྲས་ནི་ཕྱི་དང་ནང་
གི་བདག་ཉིད་པ། རྩ་རྣམས་ལ་ཕན་ཚུན་ཡན་ལག་བསྒྲིལ་ཞེས་སློབ་དཔོན་ཨོ་ཀྲ་པུ་ཏིའི་གཞུང་ངོ་། །མདུད་པའི་ནང་དུ་སྦྱོར་བ་ཡིན། །ཞེས་བྱ་བ་ལ། ལྷ་ལྕམ་ལཀྵྨཱིའི་གཞུང་གིས་ནི་ཕྱི་དང་ནང་གི་བདག་ཉིད་ཀྱི་རྩ་རྣམས་ལ། མདུད་མའི་སྤྱན་གྱིས་དབུས་སུ། བྱང་ཆུབ་སེམས་དང་
དགའ་བ་དེ་དག་ལ་གཉིས་སུ་མེད་པ་ཉིད་དེ་ནི་ཆ་རྣམས་དགོས་པ་ཞེས་བྱ་བ་ནི་རྩ་རྣམས་ཀྱི་ཕྲད་པའོ། །ཆའི་སྦྱོར་བ་ནང་དུ་མིན། །ཞེས་བྱ་བ་ནི་གསང་བའི་གནས་སུ་ཕྲད་པ་དགག་པའོ། །དེ་བས་སྤྲོས་པ་མེད་པའི་རང་བཞིན་གྱི་ཕྱིར། སྤྲོས་མེད་མ་ཞེས་ཉིད་མཆོག་གི་དབང་ཕྱུག་གིས་
གསུངས་སོ། །གཡས་གཡོན་མདུད་པའི་ནང་དུ་ནི་ལ་ལ་ནཱ་དང་། ར་ས་ནཱ་བཞུགས་ཞེས་བྱ་བ་ནི་སྲོག་གི་དབྱུག་པ་ལ་གང་ཞིག་དབུས་ཀྱི་གནས། དེ་རུ་གཡས་གཡོན་ལ་ལ་ནཱ་དང་ར་ས་ནཱ་གཉིས། བཅོམ་ལྡན་འདས་བདག་མེད་མ་ཨ་ཝ་དྷཱུ་ཏཱི་ལ། གསུང་དང་ཐུགས་ཀྱི་ངོ་བོ། །སྲོག་གི་

རྩ་ནི་སྐུ་བཅོམ་ལྡན་འདས་མ་བདག་མེད་མ་ཨ་ཝ་དྷཱུ་ཏཱིའི་ཉིད་སྐུ་གསུང་ཐུགས་དང་བྲལ་བ་དེ་ནི་དང་པོའི་རྒྱུད་ཀྱི་མན་ངག་གི་གཞུང་ངོ་། །མདུད་པ་གཉིས་དབུས་རེ་རེ་ནི། །སུམ་ཅུ་རྩ་གཉིས་བཅུ་དྲུག་དྲན། །ཞེས་བྱ་བ་ནི་ཕྱི་རོལ་ནས་སུམ་ཅུ་རྩ་གཉིས། མདུད་པའི་
བདག་ཉིད། གང་ཞིག་སྲོག་གི་དབྱུག་པ་དེ་ལ་མདུད་པ་གཉིས་གཉིས་ཀྱི་དབུས་སུ། རྩ་རེ་རེ་དང་དགའ་བ་རེ་རེ་འདུས་པས་མདུད་པ་སུམ་ཅུ་རྩ་གཉིས་ཀྱི་དབུས་སུ་བཅུ་དྲུག་གི་རྣམ་པ་ཅན་ཆའོ། །དེ་བཞིན་དགའ་བ་བཅུ་དྲུག་པ་དེ་རོ་གཅིག་ཏུ་གྱུར་པས། སྦྱོར་བ་ཞེས་བྱ་བའི་དོན་ཏོ། །མདུད་
པ་སུམ་ཅུ་རྩ་གཉིས་ཀྱི་དངོས་པོ་ལ་དཔལ་ཡེ་ཤེས་ཐིག་ལེའི་གཞུང་གི་གྲངས་ནི། དང་པོ་ནི་ཟུར་གསུམ་གྱི་དངོས་པོ་ཅན། གཉིས་པ་ནི་པུཎྜ་རཱི་ཀའི་སྤྱན་ཅན། གསུམ་པ་ནི་དྲག་པའི་སྤྱན་ཅན། བཞི་པ་ནི་ཛཱ་ཏིའི་མེ་ཏོག་བཞིན། ལྔ་པ་ནི་ཚངས་པའི་མིག་བཞིན། དྲུག་པ་ནི་དུང་མིག་
བཞིན། བདུན་པ་ནི་རྣ་མིག་བཞིན། བརྒྱད་པ་ནི་བ་མིག་བཞིན། དགུ་པ་ནི་དུང་གི་ལྟེ་བ་བཞིན། བཅུ་པ་ནི་གླང་པོ་ཆེའི་ལྟེ་བ་བཞིན། བཅུ་གཅིག་པ་ནི་ཨུཏྤ་ལའི་ལྟེ་བ་བཞིན། བཅུ་གཉིས་པ་ནི་པདྨའི་ལྟེ་བ་བཞིན། བཅུ་གསུམ་པ་ནི་བུང་བའི་ཁ་བཞིན། བཅུ་བཞི་པ་ནི་རྨ་བྱའི་ཁ་བཞིན། བཅོ་
ལྔ་པ་ནི་རྡོ་རྗེའི་ཁ་བཞིན། བཅུ་དྲུག་པ་ནི་རྒྱས་པའི་ཏིལ་གྱི་མེ་ཏོག་འདྲ་བར་བྱའོ། །གཞན་མ་ནི་མདུད་པ་བཅུ་དྲུག་དེའི་ནང་ན་གནས། དེ་ཡང་མི་གསལ་བའི་ཕྱིར་རེག་བྱའི་རྩའི་རྣམ་པ་ལ་རྟེན་ཞེས་སློབ་དཔོན་བི་ལས་བཛྲའི་གཞུང་ངོ་། །སོར་བཅུ་གཉིས་པའི་སྐུད་པའི་མདུད་པ་མེད་པ་གཅིག་
པུ་ཞེས་བྱ་བ་ལ་བདེ་བ་ཆེན་པོའི་འཁོར་ལོའི་མཐའ་ནས། མགྲིན་པའི་སྟེང་ཡན་ཆད་དེ་ཙམ་ནི་ཕྱི་དང་ནང་གི་བདག་ཉིད་ཀྱི་རྩ་རྣམས་ལ་སྦྱོར་བ་མེད་དོ། །གང་གི་ཕྱིར་ཞེ་ན་ཤིན་ཏུ་ཕྲ་བར་སྦྱོར་བར་ཡང་མི་འགྱུར་ཞེས་སློབ་དཔོན་ཨོ་ཀྲ་པུ་ཏིའི་གཞུང་ངོ་། །དེ་ལས་གཞན་མ་མདུད་པ་
དང་ལྡན་ཞེས་བྱ་བ་ནི་སྒྲ་ཇི་བཞིན་ནོ། །རླུང་གི་འཁོར་ལོ་ཡན་ཆད་ཅེས་བྱ་བ་ལ། གསང་བའི་པདྨའི་ལྟེ་བའི་ནང་ཞེས་བྱ་བའི་དོན་ཏོ། །མགྲིན་པའི་ལྟེ་བ་ནས་རིན་ཆེན་རྐེ་ཡན་ཆད་དུ། དེ་ཙམ་སྦྱོར་བ་བཅུ་དྲུག་གི་གནས་བསྟན་ཏོ། །ད་ནི་རྒྱུད་ལས་བསྟན་པའི་གོ་རིམས་ཀྱིས་སྦྱོར་བ་

བཅུ་དྲུག་བྲི། འདོད་པའི་དགའ་བ་དང་། དེ་བཞིན་ཤུལ་མའི་ཆའི་རྩ་ལས། རོ་གཅིག་ཏུ་གྱུར་པས་སྦྱོར་བ་དང་པོའོ། །གཉིས་པ་ནི་འདས་པའི་དགའ་བ་དང་། སྟོབས་མ་ལ། གསུམ་པ་ནི་འགྲོ་བའི་དགའ་བ་དང་། བདུད་རྩི་མ་ལ། བཞི་པ་ནི་དགའ་བ་དང་། དེ་བཞིན་དཔལ་མོ་ལ་ལྔ་པ་ནི་
རྒྱས་པ་དང་། དེ་བཞིན་རྡུལ་མ་ལ། དྲུག་པ་ནི་སའི་དགའ་བ་དང་། དེ་བཞིན་མྱོས་པ་མོ་ལ། བདུན་པ་ནི་འབྱུང་བའི་དགའ་བ་དང་། དེ་བཞིན་མཚན་མོ་ལ། བརྒྱད་པ་ནི་མཆོག་གི་དགའ་བ་དང་། དེ་བཞིན་རོ་མ་ལ། དགུ་པ་ནི་འབར་བའི་དགའ་བ་དང་། དེ་བཞིན་ཞི་བ་མ་ལ། བཅུ་པ་ནི་ཐིག་
ལེའི་དགའ་བ་དང་། དེ་བཞིན་ནག་མོ་ལ། བཅུ་གཅིག་པ་ནི་མྱོས་པའི་དགའ་བ་དང་། དེ་བཞིན་ཟད་པ་མ་ལ། བཅུ་གཉིས་པ་ནི་ཆད་པའི་དགའ་བ་དང་། དེ་བཞིན་སྣུར་མ་ལ། བཅུ་གསུམ་པ་ནི་ཨུ་ཏིའི་དགའ་བ་དང་། དེ་བཞིན་གཡོ་མ་ལ། བཅུ་བཞི་པ་ནི་ཚུལ་གྱི་དགའ་བ་དང་། དེ་
བཞིན་རླུང་མ་ལ། བཅོ་ལྔ་པ་ནི་གཉིད་ལོག་དགའ་བ་དང་། དེ་བཞིན་མེ་ལྕེ་མ་ལ། བཅུ་དྲུག་པ་ནི་རང་བཞིན་དགའ་བ་དང་། དེ་བཞིན་བསྐྱེད་མ་ལ། རིན་ཆེན་མགྲིན་པར་སླེབ་པ་ཙམ། །རྒྱས་པའི་ཟླ་བ་ཞེས་སུ་དྲན། །ཞེས་སྔར་བསྟན་པའོ། །དེ་རང་ཤར་བ་ཞེས་བྱ་བ་ལ་སོགས་པ་ནི་ཡོངས་
སུ་རྫོགས་པ་ཉིད། རབ་ཏུ་གསལ་བ་ཞེས་སློབ་དཔོན་ཨོ་ཀྲ་པུ་ཏིའི་མན་ངག་གོ། །བཅུ་དང་ལྔ་ནི་སྐྱེ་བའི་རྒྱུ། །བཅུ་དྲུག་པ་ལ་རྟོག་མེད་ཅེས་སྔར་བསྟན་པས་སོ། །ཤར་བ་དང་ནུབ་པ་མེད་པའི་ཕྱིར་དེ་ལ་སྦྱོར་བ་མེད་པ་ཞེས་ལུང་ལས་སྒྲ་ཇི་བཞིན་ནོ། །ད་ནི་རྩའི་མཚན་ཉིད་ཅན་རྩ་རྣམས་ལ་བསྐྱེད་
པའི་སྦྱོར་བ་བྲི། བཅུ་དྲུག་པ་དང་། དེ་བཞིན་ཉིད་མ་ཞེས་བྱ་བ་ལ། རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཀྱི། ཉིད་ལས་སྐྱེ་བའི་དཔལ་པདྨ་ཤཱི་ཀ་རིའི་གཞུང་གིས་འདི་ལྟར་བཤད་དེ། བཅུ་དྲུག་པ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་ངོ་བོ་ཅན་བྱང་ཆུབ་སེམས་ཀྱི་དངོས་པོ། །
ཉི་མ་ཞེས་བྱ་བ་ནི་དེ་དང་འདྲ་བ་སྟེ། འོན་ཀྱང་འོད་ཆེ་བའི་ཕྱིར་རའི་དངོས་པོ། །གང་དུ་གཉིས་ཀའི་སྦྱོར་བར་འགྱུར་ཞེས་བྱ་བ་ནི་གཉིས་ཀ་ཞེས་བྱ་བ་ནི་ཏའི་རྣམ་པ་དང་། རའི་རྣམ་པའོ། །གང་དུ་སྦྱོར་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་བདག་མེད་མ་ཉིད་ཨ་ཝ་དྷཱུ་ཏིའི་གྲགས་པ་ཅན་སྐྱེ་བ་མེད་

མའོ། །རང་བཞིན་དེ་ནི་མཚན་ཉིད་ཅེས་བྱ་བ་ལ། བཅོམ་ལྡན་འདས་བདག་མེད་མ་ལ། དབྱེར་མེད་པའི་ངོ་བོ་རང་བཞིན་དགའ་བའི་རྗེ་བཙུན། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱལ་པོའོ། །བཅུ་དྲུག་པ་དང་དེ་བཞིན་ཉིད། །ཆ་རྣམས་ཀྱི་ནི་སྐྱེ་བའི་རྒྱུ། །ཞེས་བྱ་བ་ལ་
སོགས་པ་ནི་གོ་སླ་བའི་ཕྱིར་སྒྲ་ཇི་བཞིན་གྱིས་བཤད་དོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་ཉི་ཤུ་རྩ་དྲུག་པའི་བཤད་པའོ།། །།ད་ནི་ལེའུ་ཉི་ཤུ་རྩ་བདུན་པ་ལ་ཚིགས་སུ་བཅད་པ་བྲི། སྦས་པའི་སྔགས་ལ་གསལ་བ་ཞེས་བྱ་བ་ནི། མི་དགེ་བ་བཅུ་བྱེད་པའི་གང་ཟག་ལ་གསང་
བའི་སྔགས་སྦས་པ། ཡི་གེ་གྲགས་པ་ཅན་ཡང་དེ་བཞིན་ནོ། །དགེ་བ་བྱེད་པའི་གང་ཟག་དང་། །དེ་བཞིན་གསང་བའི་ཚིག་བསྲུང་བ་ལ། ཐམས་ཅད་རབ་ཏུ་གསལ་བར་བྱ། དེའི་ཕྱིར་དད་པ་ཅན་དང་། དད་པ་མེད་པ་ཉིད་དཔལ་རྡོ་རྗེ་འཛིན་པས་གསུངས་སོ། །དཔལ་ཕྱག་རྒྱ་ཆེན་
པོའི་ཐིག་ལེ་ལས་ལེའུ་ཉི་ཤུ་རྩ་བདུན་པའི་བཤད་པའོ།། །།ད་ནི་ཉི་ཤུ་རྩ་བརྒྱད་པ་ལས་ཟབ་པའི་ཚིགས་སུ་བཅད་པ་བྲི། ཉོན་ཅིག་ལྷ་མོ་ཕྱག་རྒྱ་ཆེ། །མཆོག་གི་རྣམ་པ་བདེ་བའི་རབ། །ཅེས་བྱ་བ་ལ། སློབ་དཔོན་ཤ་བ་རིའི་གཞུང་གིས་ནི། བདེ་བའི་རབ་ཀྱི་དོན་གྱིས་ནི་ཤིན་ཏུ་
བདེ་བ་ཆེན་པོ་སྣང་བ་ཆེན་པོ་ཉིད་ངེས་པར་བསྟན་ཏོ། །རྣལ་འབྱོར་མ་ལ་དེ་ཀ་མིན། །ཞེས་བྱ་བ་ལ་ནི། སློབ་དཔོན་བཱི་ར་པུ་ཏིའི་གཞུང་གིས་ནི་རྣལ་འབྱོར་མ་ཞེས་བྱ་བ་ནི་ཐབས་ཀྱིས་དབང་བསྐུར་རྙེད་པའི་ཤེས་རབ་མ་ལ་བདེ་བ་སྐྱེ་བའི་རང་བཞིན་ནང་ན་ཡོད་པའི་ཕྱིར། ཅུང་ཟད་ཕྱག་རྒྱ་
ཆེན་པོ་ལས་མྱུར་དུ་དངོས་གྲུབ་བྱེད་པ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་པ་ལ་ཅུང་ཟད་དཀའ། །ཞེས་བྱ་བ་ནི་ཐབས་ནི་ཤེས་རབ་ཀྱི་དབང་བསྐུར་རྙེད་ན་ཡང་། དེ་ལྟ་མོད་ཀྱི་བདེ་བ་འབྱུང་བའི་གནས། ཕྱི་རོལ་དུ་གྱུར་པས་ན་ཞེས་བྱ་བའི་དོན་ཏོ། །སློབ་པའི་ཐབས་ཀྱིས་རྙེད་ཅེས་
བྱ་བ་ལ་སོགས་པ་ནི་གང་ཞིག་སྤྲོས་པ་དང་བྲལ་བའི་རང་བཞིན་ཕྱག་རྒྱ་ཆེན་པོའི་དོན་དེ་ནི་རྟེན་དང་བཅས་པའི་ཐབས་ཀྱིས་ནམ་ཡང་མི་རྙེད་ཅེས་བྱ་བའི་དོན་ཏོ། །ཐབས་མ་ཡིན་པས་ཀྱང་མི་རྙེད་དོ། །གང་གི་ཕྱིར་ཞེ་ན་ཉམས་སུ་མྱོང་བའི་དུས་སུ་རེག་བྱའི་བདེ་བ་ཁོང་དུ་ཆུད་པའི་

ཐབས། གང་གི་ཚེ་མེད་པ་དེའི་ཚེ་ཐམས་ཅད་མཁྱེན་པས་ཀྱང་མི་རྙེད་དེ། འོན་ཀྱང་གྲུབ་པར་བྱེད་པའི་རྣལ་འབྱོར་པས་གང་ལས་སོ། །དེ་ལྟར་ཡང་འདི་རུ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་ཐབས་འདི་གསུངས་ཏེ། རླུང་གི་འཁོར་ལོའི་ཆའི་གནས་སུ་ཞེས་བྱ་བ་ནི་རང་བཞིན་
གྱི་རླུང་འབྱུང་བའི་གནས་སུའོ། །རླུང་མ་གཉིད་མ་ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་འབབ་པའོ། །གཡས་དང་གཡོན་གྱི་ཕྱོགས་ཀྱིས་ནི། །ཆ་ནི་ཤིན་ཏུ་བསྐོར་བར་བྱ། །ཞེས་བྱ་བ་ནི། ཆའི་སྒྲས་ནི་བཅོམ་ལྡན་འདས་བདག་མེད་མ། ཨ་ཝ་དྷཱུ་ཏཱི། དེའི་གཡོན་ཕྱོགས་སུ་ཁུ་བ་འབབ་
མ། གཡས་ཕྱོགས་སུ་ཁྲག་འབབ་མ། དེ་དག་རབ་ཏུ་བསྐུལ་བས་གང་ཞིག་བདེ་བ་སྐྱེ་བ་དེ་ནི་ཐབས་ཀྱིས་བླ་མའི་མན་ངག་ལས་ཕྱག་རྒྱ་ཆེན་པོ་རྙེད་ཅེས་ཉིད་མཆོག་གི་དབང་ཕྱུག་གིས་གསུངས་སོ། །ཆ་ཡི་དབུས་ནི་རྩ་བར་བཞུགས། །ཞེས་བྱ་བ་ནི་འདི་ལྟར་བཤད་དེ་ཨ་ཝ་དྷཱུ་ཏཱི་
གྲགས་པ་ཅན་ནོ། །པདྨའི་གྲགས་ཅན་དབུས་གནས་སུ། སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཚད་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོའོ། །རྩའི་གནས་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོ་ལས། རྩའི་གནས་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་དེ་ཙམ་ཁྱབ་པར་བཞུགས་ཞེས་སློབ་
དཔོན་ཚངས་པའི་ཞལ་སྔ་ནས་ཀྱི་མན་ངག་གི་གཞུང་ངོ་། །དེ་ལ་ཡང་སོགས་ཞེས་བྱ་བ་ནི་སྒྲ་ཇི་བཞིན་ནོ། །ཕྱི་དང་ནང་གི་བདག་ཉིད་རྣམ་པར་བཞུགས་ཞེས་བྱ་བ་ནི་ཕྱི་རོལ་པའི་ཕྱག་དང་ཞབས་ལ་སོགས་པ་དང་མཉམ་པར་ལྡན་པའི་འཁྱུད་པའི་སྦྱོར་བས་སོ། །ནང་གི་བདག་ཉིད་
ནི་གཟུགས་ལ་སོགས་པ་དང་བྲལ་བའོ། །ཚངས་པའི་ཞལ་སྔ་ནས་ཀྱི་མན་ངག་གི་གཞུང་གིས་ནི་ཕྱི་རོལ་གྱི་རེག་བྱ་མཆོག་གི་གྲགས་པ་ཅན་ཨ་ཝ་དྷཱུ་ཏཱི། ནང་གི་བདག་ཉིད་ཀྱི་ངོ་བོ་ཅན་ནི་རེག་བྱ་དགའ་བ། ཡེ་ཤེས་སྣང་བའི་སྐད་ཅིག །ཐིག་ལེ་ཚུལ་མེ་ཆུ། རླུང་ནམ་མཁའ་ལ་
སོགས་པ་དང་བྲལ་བའོ། །གང་ཞིག་མི་ཤེས་པ་ལ་སོགས་ཞེས་བྱ་བ་ནི་དཔལ་ཨིནྡྲ་བྷཱུ་ཏཱིའི་ཞལ་སྔ་ནས་ནི་དེ་ལྟར་གྱུར་པའི་ཕྱག་རྒྱ་ཆེན་པོ་གང་ཞིག་མི་ཤེས་པ་ནི་བཅོམ་ལྡན་འདས་སངས་རྒྱས་ཡིན་ཀྱང་རྣལ་འབྱོར་ཆེན་པོ་མ་ཡིན། དཔལ་རྡོ་རྗེ་སེམས་དཔའ་ཆེན་རང་ངོ་བོ་མི་མཁྱེན་

ཅེས་བྱ་བའི་དོན་ཏོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ཞེས་བྱ་བ་ནི་གོ་སླ་བའི་ཕྱིར་སྒྲ་ཇི་བཞིན་གྱིས་གསུངས་སོ། །དེ་སྐད་ཐོས་ནས་ལ་སོགས་པ་ནི་འདི་སྐད་གསུངས་ཞེས་བྱ་བ་ཡན་ཆད་སྡུད་པ་པོས་བསྟན་པ་གོ་སླ་བའི་ཕྱིར་སྒྲ་ཇི་བཞིན་ནོ། །རྩ་བའི་རྒྱུད་དུ་ཞེས་
བྱ་བ་ནི་ཚངས་པའི་ཞལ་སྔ་ནས་ཀྱི་མན་ངག་གི་གཞུང་གིས། རིགས་ཆེན་པོའི་རྒྱུད། སློབ་དཔོན་ནག་པོའི་གཞུང་གིས་ནི་འབུམ་ལྔའི་བདག་ཉིད་ཀྱི་རྒྱུད། དེ་རུ་གཞན་གྱི་གནས་དང་བདག་གི་གནས་ཀྱི་མདོར་བསྟན་པ་ཙམ། བཅོམ་ལྡན་འདས་བདག་ལ་གསུངས་ཞེས་བཅོམ་ལྡན་
མོའི་ཞུ་བའི་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་མའི་གནས་ནི་བྷ་གར་བསྟན། ནང་གི་གནས་ནི་ལྟེ་བའོ། །དེ་རུ་དཔལ་ལྷ་མོ་ཡན་ལག་རབ་ཀྱི་མན་ངག་གི་གཞུང་གིས། བྱང་ཆུབ་སྤྲོ་བ་ཁྱབ་པའི་ཕྱིར། །གཞན་མའི་གནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་
མ། ལྟེ་བའི་ནང་ན་བཞུགས་པའི་ཕྱིར་བདག་ཉིད་ཀྱི་གནས་སོ། །གཞན་མས་སྒོའི་ཕྱི་རོལ་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་ཐབས་ཀྱི་རིན་པོ་ཆེ་དང་འཁོར་ལོའི་གནས་ཞེས་རྣལ་འབྱོར་མ་བུང་བའི་མངལ་གྱི་མན་ངག་གོ། །གཞན་མའི་གནས་ནི་སྦྱོར་བ་འམ། །ཞེས་བྱ་བ་ལ་འདུས་པ་ལ་
སོགས་པའི་རྒྱུད་ལས་བསྟན་ཏོ། །ནང་གི་བདག་ཉིད་ཀྱི་གནས་རྣལ་འབྱོར་མ་ཞེས་ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ལ་སོགས་པ་ལས་བསྟན་ཏོ། །ཡང་ནི་སྦྱོར་བ་དང་། ཉེ་བའི་སྦྱོར་བ་བཞི་སྔར་ཉི་ཤུ་རྩ་བརྒྱད་པའི་གནས་སོ། །རྫོགས་པའི་དོན་དུ་མཐོ་རིས་དང་མི་ཡུལ་དང་། ས་འོག་
དང་རི་རབ་ཀྱི་རྩེ་མོ་དེ་ནི་ནང་གི་བདག་ཉིད་དང་ཕྱི་རོལ་གྱིའོ། །ནང་གི་བདག་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའི་སྙིང་ག་དང་། ལྟེ་བའི་སྙིང་ག་དང་། སྤྲུལ་པའི་འཁོར་ལོའི་སྙིང་ག་དང་། གསང་བའི་སྣའི་སྙིང་གའོ། །སྤྲུལ་པའི་འཁོར་ལོའི་སྙིང་ག་ཞེས་བྱ་བ་ནི་སངས་རྒྱས་རིན་པོ་ཆེའི་
སྣོད་ཅེས་ཀི་ལ་རིའི་ཞལ་སྔ་ནས་ཀྱི་མན་ངག་གི་གཞུང་ངོ་། །ལྷག་མ་ནི་གོ་སླ་བའི་ཕྱིར་དོན་ཇི་ལྟ་བ་བཞིན་གྱིས་བཤད་དོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་ཉི་ཤུ་རྩ་བརྒྱད་པའི་བཤད་པའོ།། །།འདི་ནི་དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ཟབ་པའི་དོན་གསལ་བ་རྨད་

དུ་བྱུང་བ་ཞེས་བྱ་བ། ནང་དང་གསང་བ་རྒྱ་ཆེར་བཤད་པ། ཨུ་རྒྱན་གྱི་སློབ་དཔོན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ། སློབ་དཔོན་ཟབ