Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 8

Văn bản gốc(Tây Tạng)

Trang 11 / 22 (50.000 ký tự/trang)
་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཤེས་རབ་གསང་བ་དང་། ལོ་ཙཱ་བ་གཡུང་དྲུང་སྙིང་པོས་བསྒྱུར་བའོ།། །།
༄༅༅།། །།རྒྱ་གར་སྐད་དུ། ཨཱ་ནནྡ་ཙཀྵུ་ནཱ་མ་ཊཱི་ཀཱ། བོད་སྐད་དུ། དགའ་བའི་སྤྱན་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་མ་ཡི་རྒྱུད་རྒྱལ་ཀུན། །རྒྱལ་དབང་རྨད་བྱུང་རྨད་དུ་བྱུང་། །དེ་ཉིད་རྒྱ་མཚོ་དཔལ་ཐིག་ལེ། །
གང་གསུང་དེ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བ་བཤད་བྱ་བ། །ཞེས་བྱ་བ་ཚིགས་སུ་བཅད་པ་དེའི་དོན་ནི་དང་པོ་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་མན་ཆད་བླ་མ་གྲུབ་པ་ཐོབ་པ་ཟམ་མ་ཆད་པའི་རིམ་པ་ལས། དབང་བསྐུར་བ་དང་མན་ངག་རྙེད་པའི་མཁས་པ་ཆེན་པོ་རྒྱལ་པོའི་
དབང་པོའི་རྒྱལ་པོ་མཆོག་གི་བླ་མ་ཁ་ཆེའི་མཁན་པོ་དཔལ་རིན་ཆེན་རྡོ་རྗེའི་ཞབས་ཀྱི་པདྨའི་བཀའ་དྲིན་ཇི་ལྟར་ཐོས་པ་དེ་བདག་ཉིད་དྲན་པའི་དོན་དུ་བྲིས་པ་ལ་སྐྱོན་ཅི། ཡང་ན་དམ་པ་སློབ་དཔོན་མ་བོད་ཡུལ་དབུས་སུ་སྐྱེས་པའི་དགེ་སློང་རིན་ཆེན་རྒྱལ་མཚན་གྱིས་དཔལ་ཕྱག་རྒྱ་ཆེན་
པོའི་ཐིག་ལེའི་རྒྱུད་ཀྱི་སྦྱོར་བ་དྲུག་གི་དོན་དམ་པའི་བསྐྱེད་རིམ་དང་རྫོགས་རིམ་ཇི་ལྟར་ལགས་ཞེས་བསྐུལ་བ་བྱས་པ་དེའི་དོན་དུ་བཤད་པའི་ཕྱིར་ཇི་ལྟ་བར་བྲིས་པ་ལ་སྐྱོན་གང་། གང་གི་ཕྱིར་མཁས་པ་རྣམ་པར་ཞེ་སྡང་། ཡང་ན་ལོག་པའི་ཤེས་པ་དང་ལྡན་པའི་ལོང་བ་རྣམས་ལམ་རབ་སྟོར་
བའི་ཕྱིར་བདག་གིས་དེ་ལ་དགའ་བའི་མིག་སྦྱིན་པ་དེ་ལ་ཡོན་ཏན་གྱི་དོན་ལས་གཞན་སྐྱོན་མེད་དོ། །ད་ནི་གང་ཞེས་པའི་དོན་དཔྱད་པར་བྱའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེའི་འོག་ཏུ་ཞེས་བྱ་བའི་དོན་ནོ། །དཔལ་དགྱེས་པའི་རྡོ་རྗེ་ཡེ་ཤེས་ཀྱི་རྒྱ་མཚོ་འབུམ་ལྔའི་བདག་ཉིད་ཀྱི་རྒྱུད་ལས།
རྒྱལ་བའི་མངའ་བདག་དཔལ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་རང་བཞིན་སྦྱོར་བའི་ངོ་བོ་བདེ་བ་ཆེན་པོའི་དགའ་བའི་གནས་ན་བཞུགས་པ་ལ། རྡོ་རྗེ་མཁའ་འགྲོ་མ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་ཀྱི་འཁོར་གྱི་དབུས་ནས་བཙུན་མོ་དཔལ་ལེགས་དགྱེས་དབང་མོས་ཞུས་

པའི་ངོར་མཛད་ནས། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ཕྱི་མའི་རྒྱུད་རྣལ་འབྱོར་མའི་རྒྱུད་ཀྱི་དབང་པོའི་རྒྱལ་པོ་མཆོག་གི་གསང་བ་རྨད་དུ་བྱུང་བ། ཡེ་ཤེས་བདུད་རྩིའི་འབྲས་བུ་ཤིན་ཏུ་སྨིན་པས་བཀའ་སྩལ་ཏོ། །ཡང་ན་དབང་པོའི་རྒྱལ་པོའི་རྒྱུད་འདི་ལས་ཐམས་ཅད་
ཀྱི་རྒྱུད་དང་། དབང་བསྐུར་བའི་ལེའུ་གཉིས་ཀྱི་འོག་ཏུ་སྦྱོར་བ་དྲུག་གི་རྣམ་པར་ཤེས་པའི་དོན་དམ་པ་བཤད་པ་ནི་དེའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་གསང་བ་ཡིན་ནོ། །ཡང་ན་ཉན་ཐོས་ལ་སོགས་པས་མ་རྙེད་པའི་ཕྱིར་དེ་ནི་གསང་བའོ། །རྟོགས་པར་དཀའ་བའི་རྡོ་རྗེའི་ཚིགས་
བཅད་རྣམས་ཕྱི་མའི་རིམ་པས་གསལ་བ་དེ་ནི་བཤད་པའི་དོན་ཏོ། །དོན་ནི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རང་བཞིན་དགའ་བ་སྣ་ཚོགས་པའི་ཐབས་ཀྱིས་རྙེད་པའོ། །དེ་ནི་ཡི་གེའི་དོན་ཏོ། །ད་ནི་དེར་བསྟན་པའི་ཀུན་དུ་ཡན་ལག་གི་དོན་བཤད་པར་བྱ་སྟེ། བྱ་བའི་རྒྱུད་ལ་སོགས་པ་ལས་
གཞན་པའི་རབ་མཆོག་གི་ལམ་ཤེས་རབ་ཐབས་ཀྱི་སྦྱོར་བའི་མཚན་ཉིད་དེ། དེ་ནས་ཀྱི་དོན་ཏོ། །ཤེས་རབ་དང་ཐབས་མཉམ་པར་སྦྱོར་བའི་ཡན་ལག་དང་ལོངས་སྤྱོད་དང་དབང་གིས་རང་གི་སྙིང་གའི་པདྨའི་ལྟེ་བའི་ནང་དུ། ཟླ་བ་དང་རྡོ་རྗེ་དང་ས་བོན་གྱིས་བསྐྱེད་པའི་རིམ་པའི་སྐུ་
མདོག་དང་ཕྱག་མཚན་ལ་སོགས་པའི་ལྷའི་རྣམ་པ་སྒོམ་པ་དེ་ནི་གསང་བའོ། །དེ་ལྷའི་རྣམ་པ་ལ་སྒྱུ་འཕྲུལ་ཆེན་པོའི་ཡེ་ཤེས་གཉིས་སུ་མེད་པའི་རྣམ་པ་ཤེས་རབ་ཀྱི་ཕྱག་རྒྱ་ལ་སྒོམ་པ་དེ་ནི་བཤད་པའི་དོན་ཏོ། །ད་ནི་སྔར་བཤད་པའི་སྙིང་པོའི་དོན་བཤད་པར་བྱ་སྟེ། དེ་ནས་
ནི་ཤེས་རབ་དང་ཐབས་ཀྱི་འོག་ཏུ་སྟེ། རྣམ་པར་སྨིན་ནས་རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་རྙེད་དོ། །རྒྱུའི་རབ་དེ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་ཅེ་ན། ཀུན་བརྟགས་དང་གཞན་
དབང་གི་གཟུགས་ཀྱི་ཕྱིར་རོ། །གཞན་ལ་བརྟེན་ཏེ་སྐྱེ་བའི་ཕྱིར་གཞན་དབང་ངོ་། །གཞན་གྱི་སྒྲ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །དེ་ལྟར་ཡང་ཐམས་ཅད་མཁྱེན་པས། གང་ཞིག་རྟེན་འབྱུང་དེ་ནི་སྐྱེ་བ་མིན། །ཞེས་གསུངས་སོ། །རང་གི་ངོ་བོ་དང་བྲལ་བའི་ཕྱིར་ཀུན་བརྟགས་

སོ། །གཅིག་དང་དུ་མས་རྣམ་པར་དཔྱད་ན་དོན་དམ་པར་ཕྱི་རོལ་གྱི་དངོས་པོའི་ངོ་བོ་ཉིད་ནི་རྙེད་པ་མ་ཡིན་ནོ། །མི་རྙེད་པའི་ཕྱིར་ཐམས་ཅད་སྟོང་པའི་ངོ་བོ་སྟེ། ནམ་མཁའ་བཞིན་ནོ། །ཇི་ལྟར་ལོག་པའི་ཤེས་པ་དང་ལྡན་པའི་ལོངས་སྤྱོད་པའི་མིས་ཅི་ཡང་མེད་པར་ཤེས་པ་དེ་ལྟར་མ་ཡིན་ནོ། །
ཅི་ཡང་མེད་པའི་ཕྱིར་ཐར་པའི་དོན་དུ་འབད་པའི་འབྲས་བུ་མེད་པར་འགྱུར་རོ། །བསོད་ནམས་ཀྱི་ལས་སུ་བྱ་བའི་དགེ་བའི་རྩ་བ་ལ་སོགས་པ་དོན་མེད་པར་འགྱུར་རོ། །དོན་མེད་པའི་ཕྱིར་ཐར་པ་རྙེད་པར་མི་འགྱུར་རོ། །དེ་ལྟར་ནི་རིགས་པ་མ་ཡིན་ནོ། །སྦྱིན་པ་ལ་སོགས་པའི་རྟོག་པ་རྙེད་
ན་ཡང་དེ་བཞིན་དུ་བཅོས་མ་མ་ཡིན་ནོ། །དེ་ལྟར་ན་ཡང་སློབ་དཔོན་ཆེན་པོ་དཔལ་རིན་ཆེན་རྡོ་རྗེའི་ཞལ་སྔ་ནས་མཛད་པའི་རྫོགས་པའི་རིམ་པ་ལ། དགེ་བའི་ཚོགས་ནི་རྒྱུ་ཡི་ཕྱིར། །བདེ་བར་གཤེགས་པའི་ལམ་ཡིན་ནོ། །འདི་ནི་ཐར་པ་བཅོས་མ་མིན། །རང་བཞིན་ཡེ་ཤེས་མཚན་
ཉིད་དོ། །གང་ཕྱིར་བསོད་ནམས་གྱིས་རྙེད་སྐྱེ་བ་མིན། །བསོད་ནམས་དེ་ལས་སྐྱེ་བ་མིན། །ཞེས་འབྱུང་ངོ་། །དེ་བཞིན་དུ་ཤེས་རབ་དང་ཐབས་འཁོར་བ་དང་མྱ་ངན་ལས་འདས་པ། ཀུན་བརྟགས་དང་གཞན་དབང་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་ཡོངས་སུ་ཤེས་ནས།
ཡོངས་སུ་གྲུབ་པའི་དྲི་མ་མེད་པ་རྙེད་ཀྱི་སྐྱེ་བ་མ་ཡིན་ནོ། །དེ་ལྟར་ཡང་གསང་བའི་ངོ་བོའི་རིམ་པ་དེ་ཁོ་ན་ཉིད་གྲུབ་པ་ལས། དབང་པོ་སྡེ་ཚན་ནང་དུ་བཞུགས། །འཁོར་བའི་ས་བོན་མ་རྫོགས་མོད་ཀྱི་སྐྱེ་བ་མེད། །དཀའ་བའི་དངོས་པོའི་སྦྱོར་བ་ཡིས། །ནམ་མཁའ་དང་མཉམ་དེས་ནི་བསིལ་
བ་མྱོང་། །ཞེས་འབྱུང་ངོ་། །དེ་བཞིན་དུ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། འཁོར་བ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་བཤད་དོ། །རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས། མྱ་ངན་འདས་པ་ཡོངས་ཤེས་པ། །དེ་ནི་ཡེ་
ཤེས་རང་བཞིན་མཁའ། །ཞེས་བཤད་དོ། །སློབ་དཔོན་ཀི་ལ་རི་བའི་ཞལ་སྔ་ནས་ནི། སྲིད་དང་མྱ་ངན་འདས་པ་ཡོངས་ཤེས་ན། རྟོག་པ་མེད་པའི་བདེ་བ་ཆེན་པོ་ཞེས་བཤད་དོ། །སློབ་དཔོན་ཀོངྐ་ནའི་ཞལ་སྔ་ནས་ནི། སྲིད་དང་མྱ་ངན་འདས་དག་པའི། །སྐད་ཅིག་ཙམ་

གྱིས་འདྲ་མེད་སྐྱེ། །ཞེས་བཤད་དོ། །དཔལ་རྣལ་འབྱོར་མ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་ལས་ནི། སྐྱེ་བ་དང་ནི་འགག་པ་མེད། །རྒྱུ་དང་དཔེ་དང་བྲལ་བ་ནི། །སྲིད་དང་མྱ་ངན་འདས་མེད་པ། །དེ་ནི་འདྲ་མེད་བློ་གྲོས་ཆེ། །ཞེས་གསུངས་སོ། །དེ་ནི་དེ་ནས་
ཀྱི་དོན་ཏོ། །ཕྱིའི་ཤེས་རབ་མི་དགོས་པར་འཛུམས་པ་དང་འབྱེད་པ་ལ་སོགས་པའི་ཤེས་རབ་ཀྱི་སྒོས་གཏུམ་མོ་རང་གི་མཚན་ཉིད་ཤེས་རབ་ཡེ་ཤེས་ལས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འབྱུང་བ་དེ་ནི་གསང་བའོ། །དེའི་རྡོ་རྗེའི་རྩ་བའི་ལྟེ་བའི་སྙོམས་པའི་དམ་ཚིག་གི་ཕྱག་རྒྱ་ཡེ་
ཤེས་ཀྱི་ཚོགས་ཏེ་བཤད་པའི་དོན་ཏོ། །ད་ནི་རང་བཞིན་གྱི་དོན་བཤད་དོ། །དེ་ནས་ཞེས་བྱ་བ་ནི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུའི་འོག་ཏུ་ཡོངས་སུ་ཤེས་པས་དྲི་མ་མེད་པ་འབྱུང་བ་ཡིན་ནོ། །ཡོངས་སུ་བོར་ནས་མ་ཡིན་ནོ། །དེ་གཉིས་ཡོད་པའི་ཕྱིར་རྡོ་རྗེ་རིན་
ཆེན་གྱི་བརྟ་ཀའི་ཡེ་ཤེས་ཀྱི་རླུང་འགོག་པས་དྲི་མ་མེད་པ་རྙེད་དོ། །དེ་ནི་གསང་བའོ། །དེ་རྙེད་པ་ཙམ་གྱིས་ཆོས་ཐམས་ཅད་མི་དམིགས་པ་དབའ་རླབས་དང་བྲལ་བའི་རྣམ་པའི་ངོ་བོ། །ཡང་དག་དྲི་མེད་མཆོག་གི་འོག་གི་རང་བཞིན་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱིས་ཐམས་ཅད་
མཐོང་བ་སྟེ། དེ་ནི་བཤད་པའི་དོན་ཏོ། །ད་ནི་ཡི་གེ་རེ་རེ་ལ་སྦྱོར་བ་དྲུག་གི་དགའ་བ་དང་སྐད་ཅིག་དང་ལྡན་པའི་དོན་བཤད་དོ། །ཆར་ཡང་ཐིག་ལེ་ཞེས་བྱ་བ་ལ་སོགས་པ་ལ་ཆར་ཡང་ནི་དུས་སོ། །ཡང་ན་ཆར་ཡང་དུས་སྦྱོར་གང་དང་གང་སྦྱོར། ཏའི་ཡིག་འབྲུ་དང་རའི་ཡིག་
འབྲུ་གཉིས་སུ་སྦྱོར་རོ། །ཏའི་ཡིག་འབྲུ་ནི་འཛིན་མ་ཤེས་རབ་ཀྱི་ངོ་བོ་རྣམ་པར་འཇོམས་པའི་གཟུགས་སོ། །རའི་ཡིག་འབྲུ་ནི་རོ་མ་ཐབས་ཀྱི་ངོ་བོ་རྣམ་པར་སྨིན་པའི་གཟུགས་སོ། །དེ་དག་སྦྱོར་བར་བྱེད་པའི་ཕྱིར་སྦྱོར་བ་མཛད་པ་རྟོག་མེད་མ་རྣམ་པའི་མཚན་ཉིད་ཀྱི་ངོ་བོ་
རླུང་གི་གནས་ན་བཞུགས་སོ། །རླུང་གི་འཁོར་བ་ནི་ལྟེ་བ་ནས་རྐང་པའི་མཐིལ་གྱི་བར་དུའོ། །དེ་ལྟ་མ་ཡིན་དགོངས་ན་ནི་སྐྱོན་ཆེན་པོ་འབྱུང་བར་འགྱུར་ཏེ། དེ་ནི་འབྲེལ་པའོ། །འཛིན་མ་དང་རོ་མ་དང་རྟོག་མེད་མ་ནི་གསང་བའི་པདྨའི་སྙིང་པོ་ལས་སྐྲའི་རྩེ་མོ་སྟོང་གི་ཆ་ཙམ་ཡང་ཕྱི་

རོལ་དུ་མི་འགྲོའོ། །མི་འགྲོ་བས་ན་གང་གི་ཕྱིར། འཁོར་ལོ་དྲུག་དྲངས་རླུང་གི་འཁོར་ལོའི་རྩ་དང་དགའ་བ་རྣམས་གཞན་གང་དུ་གནས་པར་འགྱུར། དེ་བས་ན་རླུང་གི་འཁོར་ལོ་རབ་ཀྱི་གནས་ནི་གསང་བའི་པདྨའི་ལྟེ་བའི་ནི་རིགས་པའི་གཞུང་ལུགས་སོ། །དེ་ནི་རྫོགས་པའི་རིམ་པའི་
ཕྱོགས་སོ། །བསྐྱེད་པའི་རིམ་པའི་ལུགས་བདེ་བ་ཆེན་པོའི་འཁོར་ལོའོ། །གང་གི་ཕྱིར་ཐམས་ཅད་འབྱུང་བའི་གནས་སོ། །འབྲས་བུ་སྦྱིན་པའོ། །འབྲས་བུ་རྙེད་པའི་དོན་དུ་དང་པོ་འདི་ལྟར་བསྒོམ་མོ། །ལྟེ་བའི་རྩ་བར་ཡཾ་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་
མདོག་སྔོན་པོ་དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་ལྟ་བུ་མདོག་དམར་པོ། །རླུང་བསྐྱོད་པས་ལྟེ་བའི་པདྨའི་ཡེ་ཤེས་ཀྱི་མེ་འབར་བའི་འོད་ཀྱི་གཟུགས་ཀྱིས་ཆོས་ཀྱི་འཁོར་ལོ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བསྲེགས་ནས། ལོངས་སྤྱོད་ལམ་
དུ་ཨུ་རྒྱན་གྱི་འདུ་ཤེས་གསེར་སྒོའི་ནང་མཚམས་ཀྱི་བུ་གའི་བདེ་བ་ཆེན་པོའི་འཁོར་ལོར་བཞུགས་ཏེ། རང་གི་འོད་ཀྱིས་བདུད་རྩི་ཞུ་བར་བྱས་ནས། དེ་ཉིད་ཁྱེར་ཏེ་ཞི་བའི་གཟུགས་ཀྱིས་སྔར་བསྲེགས་པ་རབ་ཏུ་ཚིམ་པར་བྱས་ནས་ལྟེ་བའི་པདྨར་བཞུགས་ས་བྱེད་དོ། །དེ་ལས་ཆགས་པ་ཆེན་
པོའི་ཡིད་དང་ལྡན་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་སྟེང་ན་གཅིག་གི་ངོ་བོར་ཤེས་སོ། །ཤིན་ཏུ་ཡང་བསམ་པར་བྱེད་དོ། །གང་གིས་འདི་ཀུན་རྫོབ་ཆར་ཡང་གི་དོན་གྱིས་སོ། །ཆར་ཡང་གཉིས་སུ་གྱེས་པའི་དོན་རབ་ཏུ་ཉེ་བའི་གནས་བྱེད་དོ། །རྒྱུ་ཡང་སྦྱིན་ནོ། །ཐིགས་པ་མངོན་པར་
འབྱུང་བ་ལའོ། །དེ་ནི་རྩ་དང་ཡི་གེ་སྦྱོར་བས་ཨའི་ཡིག་འབྲུ་འབྱུང་བ་ཡིན་ནོ། །འབྱུང་བ་ནི་འདིར་འགྲོ་བར་ཤེས་པར་བྱའོ། །གང་ཞིག་ཨའི་ཡིག་འབྲུ་བྱང་ཆུབ་སེམས་ཀྱི་ངོ་བོ་རྟག་ཏུ་རླུང་ལ་ཞོན་པའི་ཕྱིར་འགྲོ་བར་ཤེས་པར་བྱའོ། །དེ་འགྲོ་བ་ཙམ་གྱིས་ནི་འདར་བ་ཞེས་བྱ་བའི་རྟགས་
འབྱུང་བར་འགྱུར་རོ། །རྟགས་དེ་ལས་རྣམ་པ་སྣ་ཚོགས་ཀྱི་སྐད་ཅིག་རྣལ་འབྱོར་པས་ཤེས་སོ། །ཤེས་པ་ཙམ་གྱིས་ནི་སྤྱི་བོ་ན་ཡོད་པའི་བྱང་ཆུབ་ཀྱི་སེམས་དཔྲལ་བའི་གནས་སུ་འགྲོའོ། །དེ་ནི་གོམས་པ་ཡིས་སོ། །གོམས་པས་ལས་ཀྱི་ཕྱག་རྒྱ་མི་དགོས་པར་ཏིང་ངེ་འཛིན་ཤེས་སོ། །

དེ་ནི་བདེ་བ་ཆེན་པོའི་འཁོར་ལོའི་གནས་བྱང་ཆུབ་ཀྱི་སེམས་ལ་འདར་བའི་རོ་དང་རྣམ་པ་སྣ་ཚོགས་པའི་སྐད་ཅིག་དང་ལྡན་པའི་ཨའི་ཡིག་འབྲུའི་དོན་ཏོ། །ད་ནི་ཐའི་ཡིག་འབྲུའི་དོན་བཤད་དོ། །ཐའི་ཡིག་འབྲུའི་ཐིག་ལེའོ། །རབ་ཏུ་བདེ་བའི་རྣམ་པའི་གཟུགས་
ཀྱི་ཕྱིར་རོ། །ཡང་ན་ཚོར་བའི་ཕྱིར་རོ། །དེ་ཉིད་ཡང་གཉིས་སུ་གྱེས་པའི་དོན་རབ་ཏུ་འབྱེད་པར་གནས་བྱེད་དོ། །མ་འོངས་པའི་རྣམ་པར་སྨིན་པ་ལས་བྱུང་བའི་གསལ་བར་བྱེད་དོ། །རྒྱུ་ཡང་སྦྱིན་ནོ། །ཚུལ་མངོན་པར་འབྱུང་བ་ལའོ། །དེའི་དུས་སུ་རྡུལ་ཞེས་བྱ་བའི་རྟགས་འབྱུང་
ངོ་། །རྟགས་དེ་ལས་རྣམ་པར་སྨིན་པ་ཞེས་བྱ་བའི་སྐད་ཅིག་ཤེས་སོ། །དེ་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོ་གནས་པ་རྡུལ་དང་རྣམ་པར་སྨིན་པ་ལྡན་པའི་ཐའི་ཡིག་འབྲུའི་དོན་ཏོ། །ད་ནི་ཏུའི་ཡིག་འབྲུའི་དོན་བཤད་དོ། །ཏུའི་ཡིག་འབྲུའི་ཚུལ་ལོ། །རང་འབྱུང་བའི་ཕྱིར་རོ། །དེ་བས་
ན་རང་བྱུང་ངོ་། །ཐོག་མ་དང་བྲལ་བའི་ཕྱིར་རོ། །ཐོག་མ་བྲལ་བའི་ཕྱིར་ཐ་མ་ཡང་མེད་དོ། །ཐོག་མ་དང་བྲལ་བའི་ཕྱིར་དབུས་ཀྱང་མེད་དོ། །ཐོག་མ་དང་ཐ་མ་དང་དབུས་མེད་པའི་ཕྱིར་རང་བྱུང་ངོ་། །ཡང་ན་ཨ་ཀུན་དུ་གང་ཞིག་གིས་རིག་པ་མེད་པའི་བག་ཆགས་འབྱུང་བའི་གཏི་མུག་
མུན་ནག་བཅོམ་པའི་ཕྱིར་རང་བྱུང་གི་ཚུལ་ལོ། །དེ་ཉིད་གཉིས་སུ་གྱེས་པའི་དོན་རབ་ཏུ་བྱེད་པར་གནས་བྱེད་དོ། །རང་གི་ཡུལ་བྱེ་བྲག་གསལ་བར་བྱེད་དོ། །རྒྱུ་ཡང་སྦྱིན་ནོ། །ཚུལ་ཙམ་མངོན་པར་འབྱུང་བ་ལའོ། །དེ་ལས་མྱོས་པ་ཞེས་བྱ་བའི་རྟགས་འབྱུང་ངོ་། །རྟགས་དེ་ལས་རྣམ་
པར་འཇོམས་པ་ཞེས་བྱ་བའི་སྐད་ཅིག་ཤེས་སོ། །དེ་ཉིད་ཆོས་ཀྱི་འཁོར་ལོའི་གནས་ན་བྱང་ཆུབ་ཀྱི་སེམས་ཡོད་པའི་ཕྱིར་རོ། །དེ་ནི་ཆོས་ཀྱི་འཁོར་ལོའི་གནས་པ་མྱོས་པ་དང་རྣམ་པར་འཇོམས་པ་དང་ལྡན་པའི་ཏུའི་ཡིག་འབྲུའི་དོན་ཏོ། །ད་ནི་རའི་ཡིག་འབྲུའི་དོན་བཤད་དོ། །
རའི་ཡིག་འབྲུ་ནི་ཚུལ་ཙམ་མོ། །ཙམ་གྱི་སྒྲ་ནི་ཡོད་མེད་དང་བྲལ་བའི་དོན་གསལ་བའོ། །ཚུལ་གྱི་སྒྲ་ཡེ་ཤེས་ལ་སོགས་པའི་ངོ་བོ་ཡོད་པའི་དངོས་པོའོ། །ཙམ་གྱི་སྒྲའི་ཡེ་ཤེས་ལ་སོགས་པའི་ངོ་བོ་མེད་པའི་དངོས་པོའོ། །ཇི་ལྟར་ཆུ་ཟླ་ལྟ་བུའོ། །དེའི་ཕྱིར་ན་ཚུལ་ཙམ་མོ། །

དེ་ཉིད་གཉིས་སུ་གྱེས་པའི་དོན་རབ་ཏུ་བྱེད་པར་གནས་བྱེད་དོ། །རང་གི་ཡུལ་གྱི་བྱེ་བྲག་གི་འཛིན་པའི་རེག་བྱ་བྱེད་དོ། །རྒྱུ་ཡང་སྦྱིན་ནོ། །མཆོག་མངོན་པར་འབྱུང་བ་ལའོ། །དེའི་སྐད་ཅིག་གི་ཡན་ལག་མི་བརྟེན་པ་ཞེས་བྱ་བའི་རྟགས་འབྱུང་ངོ་། །རྟགས་དེ་ལས་རྣམ་པའི་མཚན་
ཉིད་ཤེས་སོ། །དེ་ཉིད་སྤྲུལ་པའི་འཁོར་ལོའི་གནས་སུ་བྱང་ཆུབ་ཀྱི་སེམས་ཡོད་པའི་ཕྱིར་རོ། །དེ་ནི་སྤྲུལ་པའི་འཁོར་ལོའི་གནས་པའི་ཡན་ལག་མི་བརྟེན་པ་དང་། རྣམ་པའི་མཚན་ཉིད་དང་ལྡན་པའི་རའི་ཡིག་འབྲུའི་དོན་ནོ། །ད་ནི་ཧའི་ཡིག་འབྲུའི་དོན་བཤད་དོ། །ཧའི་ཡིག་
འབྲུ་ནི་མཆོག་གི་རབ་པོ། །ཁ་ཁྭ་མུ་ཁའི་རྣམ་པའི་གཟུགས་ཅན་ནོ། །དེ་ཉིད་གཉིས་སུ་གྱེས་པའི་དོན་རབ་ཏུ་འབྱེད་པར་གནས་བྱེད་དོ། །ཐམས་ཅད་ལ་མཐའ་ཡས་དགའ་བའི་འཛིན་པའི་བདེ་བའི་རྣམ་པར་སྨིན་པ་བྱེད་དོ། །རྒྱུ་ཡང་སྦྱིན་ནོ། །མཆོག་གཞན་དུ་འབྱུང་བ་ལའོ། །དེའི་
དུས་སུ་འཕར་བ་ཞེས་བྱ་བའི་རྟགས་འབྱུང་ངོ་། །རྟགས་དེ་ལས་དང་པོའི་དགའ་བ་ཤེས་སོ། །དེ་ཉིད་རིན་པོ་ཆེ་སྐེའི་གནས་སུ་བྱང་ཆུབ་ཀྱི་སེམས་ཡོད་པའི་ཕྱིར་རོ། །དེ་ནི་རིན་ཆེན་སྐེའི་གནས་འཕར་བ་དང་དགའ་བ་དང་ལྡན་པའི་ཧའི་ཡིག་འབྲུའི་དོན་ནོ། །ད་ནི་སྱཾ་གི་ཡིག་འབྲུའི་དོན་
བཤད་དོ། །སྱཾ་གི་ཡིག་འབྲུ་ནི་མཆོག་གཞན་ནོ། །ཡང་ན་སངས་རྒྱས་རིན་པོ་ཆེའི་སྣོད་ཀྱི་དོན་ནོ། །ཉིད་ནི་མ་ཡིན་ནོ། །དེ་བས་ན་གཞན་ནོ། །དེ་ཉིད་གཉིས་སུ་གྱེས་པའི་དོན་རབ་ཏུ་འབྱེད་པར་བྱེད་དོ། །འདོད་པ་དང་མི་འདོད་པའི་དངོས་པོ་འཛིན་པར་བྱེད་དོ། །རྒྱུ་ཡང་སྦྱིན་ནོ། །ཆོས་
ཐམས་ཅད་མི་དམིགས་པ་ལའོ། །དེའི་དུས་སུ་དབུགས་རྒོད་པ་ཞེས་བྱ་བའི་རྟགས་འབྱུང་ངོ་། །རྟགས་དེ་ལས་མཆོག་གི་དགའ་བ་ཤེས་སོ། །དེ་ཉིད་ནང་གི་དཔྲལ་བའི་གནས་སུ་བྱང་ཆུབ་ཀྱི་སེམས་ཡོད་པའི་ཕྱིར་རོ། །དེ་ནི་ནང་གི་དཔྲལ་བར་དབུགས་རྒོད་པ་དང་མཆོག་གི་དགའ་
བ་དང་ལྡན་པའི་སྱཾ་གི་ཡིག་འབྲུའི་དོན་ཏོ། །ད་ནི་བའི་ཡིག་འབྲུའི་དོན་བཤད་དོ། །བའི་ཡིག་འབྲུ་ནི་གསང་བའི་རིན་ཆེན་བརྟའི་སྙིང་པོ། །ཡང་ན་སྙིང་ཉིད་སངས་རྒྱས་རིན་པོ་ཆེའི་སྣོད་ཤིན་ཏུ་འཇམ་པ། ཕྲ་བ། མི་བཟད་པ། རགས་པ་མ་ཡིན་པ། སྱཾ་གི་པདྨའི་ལྟེ་བའི་དོན་ཏོ། །དེར་

ཕྱིན་པ་ཙམ་གྱིས་ནི་བྱང་ཆུབ་ཀྱི་སེམས་གཉིས་སུ་གྱེས་པའི་དོན་རབ་ཏུ་འབྱེད་པའི་གནས་བྱེད་དོ། །རྒྱུ་ཡང་སྦྱིན་ནོ། །སྲོག་གི་རླུང་ལ་ཞོན་ནས་སངས་རྒྱས་འབྱུང་བའི་དོན་དུ་ཤེས་རབ་མའི་སྙིང་པོའི་ནང་དུ་འགྲོའོ། །དེའི་སྐད་ཅིག་ལ་བཀྲག་ཅེས་བྱ་བའི་རྟགས་འབྱུང་
ངོ་། །རྟགས་དེ་ལས་ཆད་པའི་དགའ་བའི་ནང་གི་རེག་བྱ་ཤེས་པའི་རྣལ་འབྱོར་པས་དུས་ཤེས་སོ། །འདི་ནི་ཆད་པའི་དགའ་བའི་དུས་ཀྱི་སྐད་ཅིག་གོ། །དེ་ནི་རྡོ་རྗེ་གཙུག་ཏོར་གྱི་ནང་ན་བྱང་ཆུབ་ཀྱི་སེམས་ཡོད་པའི་ཕྱིར་རོ། །དེའི་གནས་སུ་ཀྵའི་ཡིག་འབྲུ་དཔལ་རྡོ་རྗེ་སེམས་དཔའི་ངོ་བོ་
ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་དྲན་པར་བྱེད་དོ། །འགྲོ་བ་མེད་པའི་ཕྱིར་ཀྵའི་ཡིག་འབྲུ་རང་གི་སྙིང་རིན་ཆེན་གསང་བའི་པདྨའི་ལྟེ་བའི་ནང་ཡེ་ཤེས་ཀྱི་རླུང་འགོག་པའི་དྲོད་ཅེས་བྱ་བའི་རྟགས་འབྱུང་ངོ་། །རྟགས་དེ་ལས་སྐྱེ་མེད་འགག་མེད་རང་རིག་བརྗོད་མེད་བླ་མའི་ཞལ་སྔ་ནས་ཀྱི་བཀའ་
དྲིན་རང་བཞིན་དགའ་བ་རྙེད་པ་ནི་དེའི་དོན་ཏོ། །དེ་ནི་རང་གི་སྙིང་གའི་གསང་བའི་པདྨའི་ལྟེ་བའི་ནང་དྲོད་དང་རང་བཞིན་དགའ་བ་དང་ལྡན་པའི་བ་དང་ཀྵའི་ཡིག་འབྲུའི་དོན་ཏོ། །དེ་ནི། དེ་ནས་གསང་བ་བཤད་བྱ་བ། །ཞེས་བྱ་བའི་ཚིགས་བཅད་ཀྱི་དོན་རབ་ཀྱི་བླ་མའི་ཞལ་སྔ་ནས་ཀྱི་
བཀའ་དྲིན་གྱིས་ཤེས་རབ་དཔལ་གསང་བ་རང་གི་དྲན་པའི་དོན་དུ་བྲིས་སོ། །ད་ནི་ཡེ་གེ་བརྒྱད་དང་ལྡན་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རང་གི་སློབ་མ་རྣམས་ཡེ་ཤེས་གྲུབ་པའི་དོན་དུ་བསམ་གཏན་སྨྲའོ། །དང་པོར་རེ་ཞིག་སྙིང་གའི་ནམ་མཁར་ཨེའི་རྣམ་པའི་ཆོས་ཀྱི་དབྱིངས་ཀྱི་ཕྱག་
རྒྱ་དེའི་ནང་དུ་ཀ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ཀཱ་ལིའི་དཀྱིལ་འཁོར། ཨ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ཨཱ་ལིའི་དཀྱིལ་འཁོར། དེའི་སྟེང་དུ་བཾ་གྱི་ཡིག་འབྲུ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་དུ་ལྡན་པ་དེའི་དབུས་སུ་དོན་དམ་པའི་བྱང་
ཆུབ་ཀྱི་སེམས་རིན་པོ་ཆེ་ཡང་དག་དྲི་མེད་མཆོག་གི་འོད་ཀྱི་རང་བཞིན་བསྒོམ་པར་བྱའོ། །སྣ་ཚོགས་པདྨའི་ཤར་གྱིས་འདབ་མར་ཨའི་ཡིག་འབྲུ་ཆར་ཡང་གི་ངོ་བོ་དང་། རིན་ཆེན་མ་ཞེས་བྱ་བའི་རྩ་དང་། དེ་བཞིན་དུ་དགའ་བའོ། །བྱང་གི་འདབ་མར་ཐའི་ཡིག་འབྲུ་ཐིག་ལེའི་ངོ་

བོ་དང་པདྨ་ཆེན་པོ་ཞེས་བྱ་བའི་རྩ་དང་། དེ་བཞིན་དུ་མཆོག་ཏུ་དགའ་བའོ། །ནུབ་ཀྱི་འདབ་མར་ཏུའི་ཡིག་འབྲུ་ཚུལ་གྱི་ངོ་བོ་དང་། འཇིགས་ཆེན་མ་ཞེས་བྱ་བའི་རྩ་དང་། དེ་བཞིན་དུ་ཆད་པའི་དགའ་བའོ། །ལྷོའི་འདབ་མར་རའི་ཡིག་འབྲུ་ཚུལ་ཙམ་གྱི་ངོ་བོ་དང་། སྟོབས་ཆེན་མ་ཞེས་བྱ་
བའི་རྩ་དང་། དེ་བཞིན་དུ་རང་བཞིན་དགའ་བའོ། །མེའི་མཚམས་ཀྱི་འདབ་མར་ཧའི་ཡིག་འབྲུ་མཆོག་གི་ངོ་བོ་དང་། རྩེ་ཆེན་མོ་ཞེས་བྱ་བའི་རྩ་དང་། རྣམ་པ་སྣ་ཚོགས་པའི་སྐད་ཅིག་གོ། །བདེན་བྲལ་མཚམས་ཀྱི་འདབ་མར་སྱཾ་གི་ཡིག་འབྲུ་མཆོག་གཞན་གྱི་ངོ་བོ་དང་། མྱོས་ཆེན་
མ་ཞེས་བྱ་བའི་རྩ་དང་། རྣམ་པར་སྨིན་པའི་སྐད་ཅིག་གོ། །རླུང་གི་མཚམས་ཀྱི་འདབ་མར་བའི་ཡིག་འབྲུ་ཡེ་ཤེས་ཀྱི་ངོ་བོ་དང་། དགའ་ཆེན་མ་ཞེས་བྱ་བའི་རྩ་དང་། རྣམ་པར་འཇོམས་པའི་སྐད་ཅིག་གོ། །དབང་ལྡན་མཚམས་ཀྱི་འདབ་མར་ཀྵའི་ཡིག་འབྲུ་ཡེ་ཤེས་ཆེན་པོའི་ངོ་བོ་དང་།
དགའ་མེད་ཅེས་བྱ་བའི་རྩ་དང་རྣམ་པའི་མཚན་ཉིད་ཀྱི་སྐད་ཅིག་གོ། །དེ་ནི་ཡི་གེ་དང་། དགའ་བ་དང་། སྐད་ཅིག་རྣམ་པར་དག་པའི་ཕྱིར་སྣ་ཚོགས་པདྨའོ། །དཔལ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་མཛད་པའི་དགའ་བའི་མེ་ཏོག་གི་ཕྲེང་བ་ལས། དེ་ཉིད་ཁ་བུབ་ཤིན་ཏུ་འཛུམས་པ་ཡང་མ་ཡིན་
ཕྱེ་བ་ཡང་མ་ཡིན་སྡོང་བུ་དང་ལྡན་པའི་གཞོན་ནུ་ཆོས་ཀྱི་འཁོར་ལོ་ཞེས་བཤད་དོ། །གསང་བའི་ངོ་བོ་དེ་ཁོ་ཉིད་གྲུབ་པ་ལས་གསང་བའི་སྙིང་གའི་ལྟེ་བའི་ནམ་མཁར་འདབ་མ་བརྒྱད་པ་དམར་པོ་ནམ་མཁར་ཁ་བྱེ་བ་སྡོང་བུ་དང་ལྡན་པའོ་ཞེས་འབྱུང་ངོ་། །དེའི་སྡོང་བུའི་འོག་གི་བུ་གའི་ལམ་
དུ་འཛིན་མ་རོ་མ་རྟོག་མེད་མ་སའི་མྱུ་གུའི་རྣམ་པ་ལྟ་བུའི་སྲོག་གི་རྩ་དང་ལྷན་ཅིག་སྐྲ་རྩེའི་སྟོང་ཆ་ཙམ་གྱི་ཁ་གསལ་བར་བྱེད་དོ། །དེ་ནི་མཆོག་གི་དགའ་བའི་དུས་སོ། །པདྨ་ལྟེ་བའི་དབུས་སུ་སྙོམས་པའི་རྟོག་མེད་མའོ། །འཛིན་མ་དང་རོ་མ་ནི་གཡས་གཡོན་ན། །གཞན་དག་ན་རེ་དེ་ནི་འོག་གི་
ཆའི་སྲོག་གི་རྩའོ་ཞེས་ཟེར་རོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་མཛད་པའི་དགའ་བའི་མེ་ཏོག་གི་ཕྲེང་བ་ལས། སྲོག་རྩའི་ནང་དུ་ཞུགས་པའི་གཙོ་བོ་ནི་གསུམ་ཏེ། ནང་དུ་འགྲོ་བ་དང་། ཕྱིར་འགྲོ་བ་དང་། དབུས་སུ་འདུག་ས་བྱེད་པའོ། །

ཞེས་འབྱུང་ངོ་། །དཔལ་རིན་ཆེན་རྡོ་རྗེའི་ཞལ་སྔ་ནས་ནི་དེ་དང་གཞུང་གཅིག་གོ། །དེ་ལྟ་མོད་ཀྱི་ལུ་གུ་རྒྱུད་ཀྱི་རྣམ་པའི་ཁྱད་པར་ཡོད་དོ། །སློབ་དཔོན་མཁས་པ་ཆེན་པོ་ནཱ་རོ་པས་རྟོག་མེད་མ་ལ་སྲོག་གི་རྩ་ནི་སྐུའོ། །འཛིན་མ་ནི་གསུང་
ངོ་། །རོ་མ་ནི་ཐུགས་སོ། །རྟོག་མེད་མ་ཉིད་ནི་བདེ་བ་ཆེན་པོའི་རང་བཞིན་སྐུ་གསུང་ཐུགས་དང་བྲལ་བའོ་ཞེས་བཤད་དོ། །གཅིག་པུ་དེ་ནི་གསུམ་དུ་གྱེས་པར་འདོད་དོ། །སྲོག་གི་རྩ་སྐུའི་གཟུགས་སུ་མེད་པར་གྱུར་ན་གསུང་དང་ཐུགས་ཀྱི་འདུག་ས་མེད་དོ། །དེ་བཞིན་དུ་
དགྱེས་པའི་རྡོ་རྗེའི་རྒྱུད་ལས། སྐུ་མེད་ན་ནི་ཐུགས་ཀྱི་ནི། །དེ་ནི་འདུག་ས་མེད་པ་ཡིན། །ཞེས་འབྱུང་ངོ་། །དེ་བས་ན་སྐུ་ཡང་དགོངས་ཏེ་འབྲས་བུ་སྦྱིན་པའི་ཕྱིར་རོ། །ལུང་ནས་ནི་གསང་བའི་པདྨའི་ལྟེ་བའི་རིན་ཆེན་ནང་ན་ཡོད་པ་སྲོག་གི་རླུང་གིས་དགུག་པས་པདྨ་གྱེན་
ཞལ་ལྟ་བར་འགྱུར་རོ་ཞེས་གསུངས་སོ། །གྱེན་དུ་ཞལ་འགྲོ་བ་ཙམ་གྱིས་ནི་རྒྱལ་པོའི་སྲས་མོ་རབ་ཏུ་ལང་ཚོ་བབ་པ་ཇི་ལྟར་ལེགས་དགྱེས་བདེ་བ་དེ་བཞིན། རང་བཞིན་དགའ་བ་ཐེ་ཚོམ་མེད་པར་མྱུར་དུ་རྙེད་པར་འགྱུར་རོ། །དེ་རྙེད་པ་ཙམ་གྱིས་ནི་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་
དཔའ་ལྟ་བུ་རང་དབང་གི་སྤྱོད་པ་ལ་ཞུགས་སོ། །དེ་ནི་གཅིག་པུ་ཚངས་པར་སྤྱོད་པ་ཐམས་ཅད་ཀྱི་དབུས་སུ་ཚངས་པར་སྤྱོད་པའོ། །རང་གི་ཚངས་པར་སྤྱོད་པ་བྱེད་པའི་ཕྱིར་རོ། །ཚངས་པའི་སྒྲ་ནི་བྱང་ཆུབ་ཀྱི་སེམས་སོ། །སྤྱོད་པ་ནི་ཨ་ཀུན་དུ་གཟུང་བར་བྱེད། བོར་བར་མི་
བྱེད་དོ། །དེ་བས་ན་ཚངས་པར་སྤྱོད་པ་ཆེན་པོའོ། །གྱེན་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཕྱིར་རོ། །དེ་ནི་བླ་མ་རབ་ཀྱི་བཀའ་དྲིན་གྱིས་རྣལ་འབྱོར་མང་པོ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་སོགས་པ་དུས་རིང་པོ་མ་ལོན་པར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པོ། །དེ་ནི་གསང་མཆོག་དེ་
ཁོ་ཉིད། །བརྗོད་པ་ཡིས་ནི་འཇིགས་པའི་ཕྱིར། །གང་ཞིག་བྲེ་མོ་གཏམ་ཙམ་བྲིས། །མཁས་པ་ཆེན་པོས་བཟོད་པར་མཛད། །དེ་སྐད་ཤེས་ན་ཁྱེད་ཅག་ཀུན། །སྐྱེས་བུ་ཡང་དག་དགའ་བ་ཡིས། །འདི་ཡི་དོན་ནི་འབད་པས་ཟུང་། །བྱིས་པ་འདྲ་བའི་ངག་ཡིན་

ཡང་། །དེ་བཞིན་ངེས་པར་འབྲས་འཕེལ་སྦྱིན། །དགེ་བ་ཡང་དག་རྨད་བྱུང་ངོ་། །བླ་མའི་བཀའ་ལས་བདག་གིས་ནི། །ཅུང་ཟད་ཀྱིས་མྱོང་དོན་མེད་མིན། །སྔོན་མེད་པ་ནི་འདིར་བྲིས་མིན། །གང་ཞིག་རྒྱུད་ལ་མཐོང་བ་མིན། །འདི་བྱས་པ་ཡི་ཡིག་དོན་ནི། །གང་
ཞིག་བདག་གིས་རྙེད་པ་ཡིས། །སྲིད་པར་བསྡམས་ཤིང་བཅིངས་པ་ཀུན། །དེ་ཡིས་འགྲོ་བ་འགྲོལ་བར་ཤོག །གང་ཞིག་བརྡ་བྱེད་མཆོག་གི་རྨད་བྱུང་རྟོགས་དཀའ་བའི། །དེ་ཉིད་རང་བཞིན་སྦྱོར་བའི་ངོ་བོ་མཉམ་སྦྱོར་གནས། །དགའ་རྒྱས་བདེ་ཆེན་ཉིད་བཞུགས་དཔའ་
བོ་རབ་ཀྱི་བླ། །དཔལ་ལྡན་རིན་ཆེན་རྡོ་རྗེ་དེ་ལ་བདག་ཕྱག་འཚལ། །ཨེ་མའོ་ཤཱཀྱའི་རྒྱལ་པོ་དཔལ་རྡོ་རྗེ་སེམས་དཔས་བསྡུས་པའི་རྒྱུད་རྒྱལ་ཀུན་གྱི་རྒྱལ་ཆེན་རྣལ་འབྱོར་མ་རྒྱུད་རྣམས་ཀྱི་རྒྱལ་པོའི་དབང་པོའི་འོད་གསལ་རྒྱ་མཚོ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ཆེན་ངོ་
མཚར་རབ་རྨད་ཆེ། །ཨེ་མའོ་རྒྱལ་ཆེན་ཨིནྡྲ་བྷཱུ་ཏི་རྣལ་འབྱོར་དབང་ཕྱུག་གྲུབ་པ་བརྙེས་པར་མ་ཆད་པ་ཡི་རིམ་པའི་སློབ་དཔོན་མཁས་ཆེན་གྲུབ་ཐོབ་རིན་ཆེན་རྡོ་རྗེ་སློབ་མ་དམ་པ་རྣལ་འབྱོར་དབང་ཕྱུག་ཤེས་རབ་དཔལ་གསང་རྨད་བྱུང་དམ་པ་ཆེ། །ཨེ་མའོ་ཕྱག་རྒྱ་
ཆེན་པོའི་ནམ་མཁས་དགའ་བའི་རྒྱ་མཚོར་ཤེས་རབ་སྐྱེས་བུས་དཔལ་གྱི་སྲུབ་ཤིང་སྦྱོར་དྲུག་གསང་བའི་བཤད་པ་བཞི་ཡི་སྲུབ་ཐབས་བསམ་གཏན་བསྲུབས་པས་རང་བཞིན་དགའ་བའི་བདུད་རྩིའི་འབྲས་བུ་དགའ་སྤྱན་གསལ་ཐིག་ངོ་མཚར་ཆེ། །ཨེ་མའོ་
དེ་ཡི་ཞབས་ཀྱི་པད་རེག་རིན་ཆེན་རྒྱལ་མཚན་བདག་གིས་གཞན་དོན་ལྷུར་བྱས་དད་ཅིང་གུས་པས་མང་དུ་གསོལ་བཏབ་དྲི་མེད་དགེ་བས་འགྲོ་ཀུན་རང་འོད་གསལ་བས་ངེས་པར་རོལ་པར་ཤོག་ཅིག་རྨད་མཆོག་ཆེ། །དགའ་བའི་སྤྱན་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་སློབ་
དཔོན་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཤེས་རབ་དཔལ་གསང་བའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་པྲཛྙཱ་ཤྲཱི་གུཔྟ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

༄༅༅། །རྒྱ་གར་སྐད་དུ། ཤྲཱི་ས་ཧ་ཛ་ཨཱ་ནན་ད་པྲ་དཱི་པཾ་ནཱ་མ་པཉྩི་ཀཱ། བོད་སྐད་དུ། དཔལ་ལྷན་ཅིག་སྐྱེས་པའི་དགའ་བའི་སྒྲོན་མ་ཞེས་བྱ་བའི་དཀའ་འགྲེལ། དཔལ་ཡེ་ཤེས་ཐིག་ལེ་ལ་ཕྱག་འཚལ་ལོ། །ཤེས་རབ་མྱ་ངན་འདས་པ་ཁྱད་དགའ་མཁའ། །
ཡེ་ཤེས་འཁོར་བ་མཆོག་དགའ་འགྲོ་བ་སྟེ། །གཉིས་མེད་རིན་ཆེན་ཕྲོག་མའི་དབང་ཕྱུག་འདི། །རང་གིས་དྲན་དང་སློབ་མའི་དོན་སོགས་བརྩམ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པའི་དོན་ནི་ཡིག་འབྲུ་བཞིའི་དོན་དུ་རྒྱ་ཆེར་སྦྱར་ཏེ་དྲང་དོན་ངེས་དོན་དུ་དབྱེའོ། །
དེ་ཡང་འདི་སྐད་དུ་སྟོན་ཏེ། སངས་རྒྱས་མཁའ་འགྲོ་ལ་སོགས་ལྔའི། །བདག་པོ་གང་ཡིན་ངོ་བོ་དེ། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། །དེ་ནི་ངོ་བོ་ཡིན་པར་འདོད། །རྒྱུད་འདི་དབུ་ནས་ཞབས་ཀྱི་བར། །དོན་དང་ཡོན་ཏན་བརྗོད་པ་ནི། །དེ་ཕྱིར་རྡོ་རྗེ་སེམས་དཔའ་ཡིན། །དེ་ཡང་
འབྲེལ་བའི་ཕྱིར་ན་རྒྱུད། །ཨ་ཡི་རིགས་ནི་གཅིག་ཉིད་ལས། །རིགས་ཀྱི་ཡི་གེ་མང་པོར་དགྱེས། །དེ་བཞིན་སླར་ལ་གཅིག་ཏུ་འདུས། །འདི་ནི་རྒྱུད་ཀྱི་མཐུན་པའི་དཔེ། །དོན་གྱི་རང་བཞིན་རོ་གཅིག་ལ། །ཤེས་རབ་ཐབས་ནི་གཉིས་སུ་དབྱེ། །དེ་ཡང་གཉིས་གཉིས་
ཕྱེ་བ་ལས། །གཅིག་ལའང་ལྔ་ལྔར་ཕྱེ་བས་དབྱེ། །དོན་དང་ཚད་ལ་སོགས་པ་ནི་གོ་སླ་བས་མ་བཤད་དོ། །འདི་སྐད་ལ་སོགས་པ་ལ། ཨེ་ཝཾ་ཞེས་པའོ། །ཨེ་གྲུ་གསུམ་ཆོས་ཀྱི་འབྱུང་གནས་ཤེས་རབ་ཀྱི་རང་བཞིན་ནོ། །ཝཾ་ཟླུམ་པོ་ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ་རྒྱ་
ཆེར་སྦྱར་རོ། །དེ་ཡང་། ཨེ་ཡི་ཆ་བྱད་བཟང་པོ་ལ། དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །ཅེས་གསུངས་སོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་ནི་རྒྱུད་ལ་སོགས་པའི་ཕུན་སུམ་ཚོགས་པ་རྣམས་ཏེ། རྒྱུད་དང་སྡུད་པ་པོ་ལྷའི་
དབང་ཕྱུག་དང་འདས་པའི་དུས་ལ་སོགས་པ་དང་བྲལ་བ་སྟེ་དམིགས་སུ་མེད་པའི་དུས་དང་། སྟོན་པ་བཅོམ་ལྡན་འདས་ཉིད་དང་། འཁོར་དཔའ་བོ་དང་དཔའ་མོ་ལ་སོགས་པ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་དང་། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཁའ་དབྱིངས་ཆོས་ཀྱི་

འབྱུང་གནས་ཀྱི་གནས་ལ་སོགས་པས་བསྟན་ཏོ། །ཡང་ན་འདི་སྐད་བདག་གིས་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་དང་། སྤྲུལ་པའི་འཁོར་ལོ་ལ་སོགས་པའམ། སངས་རྒྱས་སྤྱན་ལ་སོགས་པའི་འབྱུང་བ་བཞིའི་ལྷ་མོ་ལ་
སོགས་པར་བཤད་དོ། །ཐོས་པ་ནི་བདག་རང་གིས་ཐོས་པ་སྟེ། གཅིག་ནས་གཅིག་ཏུ་བརྒྱུད་པ་ལྟ་བུ་མ་ཡིན་པའོ། །དུས་གཅིག་ན་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོ་མཐའ་རྡོ་རྗེ་སེམས་དཔའི་གནས་སུ་ཐམས་ཅད་དེར་གཅིག་པ་ལ་ནི་ཤིན་ཏུའི་དུས་ཤེས་པར་བྱའོ། །བཅོམ་ལྡན་
འདས་ཞེས་པ་ནི་འཁོར་ལོ་བཞི་ལ་སོགས་པའི་བདུད་བཅོམ་པ་སྟེ་བརླག་པ་ལ་སོགས་པའི་དགའ་བ་དྲུག་གི་ཡེ་ཤེས་ཡོན་ཏན་དང་ལྡན་པའི་ངོ་བོའོ། །དེ་བཞིན་གཤེགས་པ་ནི་སྔར་གཤེགས་པ་ལྟར་རྩ་རྣམས་རྣམ་པར་དག་ནས་གཤེགས་པས་ལྷ་དང་ལྷ་མོ་རུ་གནས་པའོ། །
ཐམས་ཅད་ནི་རྩ་ལ་སོགས་པའི་སྔར་གྱི་རྣམ་པ་མ་ལུས་པའོ། །སྐུ་དང་གསུང་དང་ཐུགས་ནི་བདེ་བ་ཆེན་པོའི་འཁོར་ལ་སོགས་པ་གསུམ་སྟེ་རིགས་གསུམ་གྱི་འཁོར་ལོའོ། །རྡོ་རྗེ་ནི་སྤྲུལ་པའི་འཁོར་ལོ་སྟེ་ལྟེ་བའམ་སྙིང་གའོ། །དཔའ་བོ་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའི་
གཡས་ཀྱི་རྩ་བཅུ་དྲུག་གམ་ཡང་ན་ཐབས་ཀྱི་རྩ་རྣམས་སོ། །དཔའ་མོ་རྣམས་ནི་བདེ་ཆེན་གྱི་གཡོན་གྱི་རྩ་རྣམས་དང་། ལོངས་སྤྱོད་འཁོར་ལོའི་རྣམ་པར་དག་པ་འམ། ཡང་ན་གཡོན་གྱི་ཤེས་རབ་ཀྱི་རྩ་རྣམས་སོ། །རྣམ་པར་བསྐོར་བ་ནི་དེ་རྣམས་ཐམས་ཅད་ཀྱིས་བསྐོར་བ་མཁའ་
འགྲོ་མ་ལ་སོགས་པའོ། །བཙུན་མོ་ནི་བུད་མེད་དེ་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ཤེས་རབ་མའོ། །དེའི་གནས་ན་དུས་རྟག་ཏུ་བཞུགས་སོ། །ཡང་ན་དཔའ་བོ་ལ་སོགས་པ་རྣམས་ནི་བྱང་ཆུབ་ཀྱི་སེམས་ཁུ་བ་དང་བདེ་བའི་དབྱེ་བས་ཤེས་པར་བྱའོ། །དེར་དཔལ་ནམ་མཁའ་དྲི་མེད་དག་དང་
ཞེས་བྱ་བ་ནས་ནམ་མཁའི་ཞལ་ཞེས་བྱ་བའི་བར་གྱིས་ནི་དཔའ་བོ་བཅུ་དྲུག་གི་མཚན་བསྟན་ནས་ཡང་ནི་དཔའ་མོའི་དབང་ཕྱུག་མ་ལཱ་མ་ཞེས་བྱ་བ་ནས་ཡུམ་མོ་ཞེས་བྱ་བའི་བར་དང་། ཡང་ནི་མ་ར་ཏའི་ཞེས་བྱ་བ་ནས་འདོད་གཟུགས་མའོ་ཞེས་པའི་བར་གྱིས་དཔའ་མོ་རྣམས་ཀྱི་

མཚན་བསྟན་ཏོ། །དེ་ལྟ་བུའི་རབ་ཞལ་ལ་སོགས་པ་ཞེས་པ་ནི་སྐུ་མདོག་ལ་སོགས་པའི་དབྱིབས་དང་ཁ་དོག་བསྟན་པ་སྟེ། འོག་ནས་སྟོན་པས་འདིར་མ་བསྟན་ནོ། །མ་མོའི་བཙུན་མོ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཞེས་པ་ཡང་སྔར་བཤད་པ་བཞིན་ཤེས་པར་
བྱའོ། །དབུས་སུ་ཞེས་པ་ནི་འཁོར་ལོ་དེ་རྣམས་ཐམས་ཅད་ཀྱི་དབུས་སུའོ། །ལེགས་དགྱེས་ཆེན་མོའི་སྦྱོར་བ་ཞེས་པ་ནི་ཤེས་རབ་དང་ཐབས་གཉིས་སུ་སྦྱོར་བའི་རོལ་པ་ལས་བྱུང་བའི་བདེ་བའོ། །བཅོམ་ལྡན་འདས་ཀྱིས་ཞེས་པ་ནི་ཉིད་ཀྱིས་སྡུད་པ་པོ་བོས་ནས་གསུངས་པའོ། །ཅིའི་ཕྱིར་ཞེ་
ན་དཔལ་ཡེ་ཤེས་ཐིག་ལེའི་དོན་ལྷའི་དབང་ཕྱུག་གིས་མ་རྟོགས་པས་བོས་ནས་གསུངས་པ་ཡིན་ནོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པའི་དོན་ལྷའི་དབང་ཕྱུག་གིས་ཁོང་དུ་མ་ཆུད་པ་དེ་ཆུད་ཅིང་རྟོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ལྷའི་དབང་ཕྱུག་ལ་བོས་ཏེ། ཀྱེ་ཞེས་བྱ་བ་ནས་ལྷའི་དབང་ཕྱུག་དེ་ཁོ་ན་ལ་སོགས་པ་གསུམ་དུ་ཕྱེ་ནས་གསུངས་ཏེ། དེ་ཡང་བྱང་ཆུབ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ལ་སེམས་རྩེ་གཅིག་ཏུ་བསམ་པ་ནི་སེམས་དཔའོ། །དེ་བདག་ཉིད་ལྷུན་གྱིས་གྲུབ་ནས་སེམས་ཅན་གྱི་
དོན་བྱེད་པ་ནི་ཡང་སེམས་དཔའོ། །ཆེན་པོ་ནི་སེམས་ཅན་གྱི་དོན་སྤྱོད་ནུས་པའོ། །དེ་ཡང་འདི་སྐད་དུ། གཟུང་འཛིན་སྤངས་པའི་ཡེ་ཤེས་གང་། །འདི་ནི་བྱང་ཆུབ་སེམས་དཔའ་སྟེ། །ཕྱག་ན་རྡོ་རྗེ་ལ་སོགས་པའོ། །དེ་ནི་སེམས་དཔའ་ཆེན་པོ་ཡིན། །ཞེས་སོ། །དེ་ལྟར་ལྷའི་
དབང་ཕྱུག་ཀྱང་ཡིན་ནོ། །དེ་སྐད་གསུངས་པའི་བཅོམ་ལྡན་འདས་ལ་ཞེས་པ་ནི་སྟོན་པ་ཉིད་དཔལ་ཡེ་ཤེས་ཐིག་ལེའོ། །ལྷའི་དབང་ཕྱུག་ཅེས་པ་ནི་མཚན་ཡིན་ཏེ། ལྷ་ཐམས་ཅད་ཀྱི་མངའ་བདག་བཅོམ་ལྡན་འདས་དང་མཚུངས་པའོ། །འཁོར་ཐམས་ཅད་ཅེས་པ་ནི་བྱེ་བྲག་བདུན་ཅུ་རྩ་
གཉིས་ལ་སོགས་པའི་མཁའ་འགྲོའོ། །ལྷན་ཅིག་ཏུ་ཞེས་པ་ནི་ལྷའི་དབང་ཕྱུག་དང་འཁོར་ཐམས་ཅད་དུས་གཅིག་ཏུ་བསྐོར་བ་བྱ་བ་དང་དེའི་རྗེས་སུ་ཕྱག་འཚལ་བ་ལ་སོགས་པ་བྱས་པའོ། །ཡང་ན་བཅོམ་ལྡན་འདས་ནི་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་སོ། །ལྷའི་དབང་ཕྱུག་ལ་སོགས་པ་ནི་

རྩ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པའི་འཁོར་གྱིས་བསྐོར་བའོ། །ལན་གསུམ་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་ལན་གསུམ་དུ་གཡས་ཕྱོགས་སུ་བསྐོར་བའོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཞེས་པ་ནི་བདེ་ཆེན་འཁོར་ལོའི་བྱང་ཆུབ་སེམས་རྡོ་རྗེ་ཞབས་ཀྱི་
གདན། རིན་པོའི་ཆེའི་ཕོ་བྲང་ན་གནས་ཙམ་ན་འཁོར་ཐམས་ཅད་ཀྱིས་ཕྱག་བྱས་པའོ། །དེ་ཡང་ལུང་ལས། ཡེ་ཤེས་ཟབ་མོ་རང་གིས་རྟོགས། །རྡོ་རྗེ་དེ་ནི་རིན་ཆེན་དབུས། །རྣམ་རྟོག་མེད་པའི་བདེ་ཆེན་མཐའ། །གསལ་ཞིང་རྟོགས་པས་ཕྱག་ཡིན་ནོ། །ཞེས་གསུངས་སོ། །
སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་པ་ལྔ་པ་ལས་ཀྱང་། རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་གསུངས་སོ། །དེ་ནི་བཅོམ་ལྡན་འདས་རྡོ་རྗེ་གདན་ལ་བཞུགས་ཙམ་ན་ཕྱག་འཚལ་བར་དོན་གྱིས་ཤེས་པར་
བྱའོ། །ས་ལ་ལྟ་བ་ནི་ལན་གླན་པས་མི་ཐེབས་པའི་ཕྱིར་ས་ལ་ལྟ་ཞིང་གནས་པའོ། །ཅང་མི་སྨྲ་བར་ཞེས་པ་ནི་དོན་དམ་པའི་རང་བཞིན་དགའ་བ་ལ་བརྗོད་པ་ལ་སོགས་པའི་ཆོས་ཐམས་ཅད་ལས་འདས་པའི་ཕྱིར་མི་སྨྲ་བར་འདུག་པའོ། །དེའི་དུས་ན་ཞེས་བྱ་བ་ལ་སོགས་པ་ནི་ཕྱག་འཚལ་བའི་དུས་
སོ། །ནམ་མཁའ་ལ་ནི་བར་སྣང་སྟོང་པ་ལ་ཞེས་པ་བཤད་དོ། །མནྡཱ་ར་བ་ཞེས་བྱ་བ་ནི་མེ་ཏོག་སྣ་ཚོགས་དང་རིན་པོ་ཆེ་ལ་སོགས་མང་པོ་སྤྲུལ་པའི་མཆོད་པའོ། །ཡང་ན་ནམ་མཁའ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པའི་རྩའི་མཁའོ། །མནྡཱ་ར་བ་དང་མནྡཱ་ར་བ་ཆེན་པོ་ཞེས་པ་ལ་སོགས་
པ་ནི་རྩའི་མཁའ་སྟོང་པའི་གནས་ན་རླུང་བཅུ་ལ་སོགས་པའི་རིམ་པ་བཞིན་སྦྱར་རོ། །དྲི་ཆེན་པོ་མེ་ཏོག་དང་ལྡན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བའི་དྲི་དང་རླུང་དེ་རྣམས་དང་ལྡན་ནས་ནམ་མཁའ་ནས་འབབ་པའོ། །དེ་ཡང་ཞབས་ཀྱི་རྩ་བར་བབ་པོ་ཞེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་
ཞེས་གོ་བར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་བོས་ཏེ་ཞེས་པ་ལ་སོགས་པ་ནི་སྔར་ལན་མེད་པས་དེ་ལ་ཡང་མཚན་སྐྱེས་ནས་ཕྱི་ནས་ཡང་བསྐྱར་ནས་ལྷའི་དབང་ཕྱུག་ལ་བོས་པའོ། །ལྷའི་དབང་ཕྱུག་གིས་གསོལ་བ་ཞེས་པ་ནི་བཅོམ་ལྡན་འདས་ལ་གསོལ་བའོ། །དེ་ཡང་འདི་སྐད་བསྟན་ཏོ། །

བཅོམ་ལྡན་འདས་དེ་ཁོ་ན་ཉིད་གསུམ་ཞེས་པ་ལ་སོགས་པ་ནི་མཚན་མའམ་དངོས་པོ་ལ་སོགས་པའི་བརྗོད་པ་ཡང་མེད་དམ་ཅི་ཞེས་སོ། །དེ་ལ་བདག་ཡ་མཚན་དུ་གྱུར་ཏོ་ཞེས་པ་ནི་མཚན་མ་དང་དངོས་པོ་ལ་སོགས་པ་མེད་པ་ལ་ནི་མཚན་ལ་སོགས་པའི་
དངོས་པོར་གསུངས་པ་ལ་ནི་ཡ་མཚན་སྐྱེས་པའོ། །ཨེ་མའོ་ནི་ངོ་མཚར་རྨད་དུ་བྱུང་བའོ། །དཔའ་བོ་ནི་གདུག་པ་ཐམས་ཅད་ལ་སོགས་པ་འཇོམས་པའི་བདག་ཉིད་དོ་ཞེས་པའོ། །ཆེན་པོ་ཞེས་པ་ནི་སེམས་ཅན་གྱི་དོན་མཛད་པ་དང་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྱིས་བརྒྱན་པ་ལ་བྱའོ། །
ལྷའི་དབང་ཕྱུག་ནི་སྔར་གྱིས་དོན་དེ་རྣམས་ལྡན་པ་མཚན་ནས་བཅོམ་ལྡན་འདས་ཀྱིས་བོས་པའོ། །མཆོག་གི་རྡོ་རྗེ་འཛིན་པས་ཞེས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཆོག་ཏུ་གྱུར་པ་དབྱེར་མི་ཕྱེད་པའི་སྐུ་རྡོ་རྗེ་དེའི་ངང་མ་གཡེངས་པར་འཛིན་པས་ནི་བྱེད་པ་པོར་བརྗོད་དོ། །འདི་
གསུངས་སོ་ཞེས་པ་ནི་འོག་ན་མར་འབྱུང་བ་འདིའི་ཞེས་བཤད་དོ། །དེ་ཡང་འདི་སྐད་དུ་བསྟན་ཏེ། དེ་ཁོ་ན་ཉིད་གསུམ་ཞེས་པ་ནི་ཨེ་དང་ཝཾ་དང་མཱ་དང་གསུམ་ཞེས་པར་དགོངས་སོ། །བདག་ཉིད་ཀྱི་ཞེས་པ་ལ་སོགས་པ་ནས་ཚད་ཅེས་པའི་བར་ནི་མེད་དམ་ཅི་ཞེས་པ་ནི་ཡ་ལ་སོགས་པར་
བཤད་པའོ། །དེ་ཡང་འདི་སྐད་ཅེས་པ་ནས་བཅོམ་ལྡན་འདས་ཞེས་པའི་བར་གྱིས་ཤེས་པར་བྱ། འོ་ན་དེ་བཞིན་གཤེགས་པ་ལ་སོགས་པ་མི་གསུང་བ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་སོགས་པའི་འཁོར་རྣམས་ནི་དེར་འདུས་པ་དང་། དེ་ཁོ་ན་ལ་སོགས་པའི་དོན་རྟོགས་པས་
ཐམས་ཅད་རྟོགས་པར་འགྱུར་རོ། །དེ་ལྟར་ཡང་ནི་བྱང་ཆུབ་སེམས་དཔའ་ལྷའི་དབང་ཕྱུག་ཁྱོད་བདེན་དེ་བྱའོ། །ཆོས་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཏེ་ཕྱི་ནང་གིས་བསྡུས་པའི་ཆོས་སོ། །ཀྱི་ཞེས་པ་ནི་ཟླས་དགར་བའོ། །ངོ་བོ་སྟོང་པ་ཉིད་ཀྱི་ཞེས་པ་ནི་འདུས་བྱས་ལ་སོགས་
པའི་ཆོས་ནི་ངོ་བོ་ཉིད་ཀྱིས་སྟོང་པ་དོན་དམ་པའི་བདེན་པའོ། །འདི་ག་ལས་ཤེས་ཞེས་པ་ནི་ཐ་སྙད་དང་བྲལ་བའི་དོན་ནི་བརྗོད་པ་དང་རྟོགས་པ་ཞེས་ཤེས་སུ་མི་རུང་སྟེ་དེ་བས་ན་ག་ལས་ཤེས་ཞེས་མིག་ཡོར་ཙམ་གྱི་རྒྱུ་རྟེན་ནི་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའམ་མིག་ཡོར་ཙམ་དུ་སྣང་བ་ལ་བརྟེན་ནས་ཤེས་

པར་བྱའོ། །ཆོས་ཐམས་ཅད་ཅེས་པ་སྔར་གྱི་ཆོས་ཏེ། རྟེན་དང་རྟེན་ཅན་ནོ། །ཇི་ལྟར་ཞེས་པ་ནི་མཐུན་པའི་དཔེ་ཡིས་དོན་ཤེས་པར་སྟོན་ནོ། །གླ་རྩི་ལ་བརྟེན་ནས་དྲི་ལ་གླ་རྩི་དངོས་པོ་མེད་ན། དྲི་རྙེད་པར་ཇི་ལྟར་འགྱུར་ཞེས་གསུངས་ཏེ། དེ་ནི་དཔེ་གླ་རྩི་དངོས་པོ་སྲ་བ་ལ་མ་བརྟེན་པར་དངོས་
པོ་མེད་པའི་དྲི་སྟོང་པ་མི་རྙེད་དོ་ཞེས་སོ། །དེ་བཞིན་དུ་ཀུན་རྫོབ་སྒྱུ་མ་ཙམ་གྱི་བདེན་པ་ལ་མ་བརྟེན་པར་དོན་དམ་པའི་བདེན་པ་མི་རྙེད་དོ་ཞེས་པའི་དོན་ཏོ། །དེ་ཡང་ལུང་ལས། བསྐྱེད་པའི་སྐུ་ལ་བརྟེན་ནས་ནི། །ཐ་མལ་པ་ཡི་བག་ཆགས་སྦྱོང་། །དེ་ཡང་བདག་གི་དེ་ཉིད་དེ། །བདག་
ཤེས་པ་ནི་བདེ་ཆེན་སྐུ། །ཞེས་གསུངས་སོ། །དེ་བཞིན་དུ་ཞེས་པ་ནི་གླ་རྩི་ལ་སོགས་པ་བཞིན་དུ་ཀུན་རྫོབ་ལ་བརྟེན་དགོས་པར་བསྟན་ཏོ། །རང་གི་ངོ་བོས་ས་དང་ཚད་ཀྱིས་དང་རྣམ་པའི་ཞེས་པ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ལ་མ་བརྟེན་པར་ནི་དོན་དམ་པའི་བྱང་ཆུབ་སེམས་མི་རྙེད་ཅེས་སོ། །
དཔེར་ན་ཆུ་མེད་པར་ཉ་ཚོལ་བ་བཞིན་ནོ། །དེ་ཁོ་ན་ཉིད་གསུམ་ནི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་གསུམ་མོ། །བདག་ཉིད་ཅེས་པ་གསུམ་པོའི་དོན་མ་ནོར་བར་རྟོགས་པའོ། །ཟླ་བ་བདེ་མཆོག་ཅེས་པ་ནི་སྔར་ཐོས་པ་བཤད་པ་དེ་ཕུང་པོ་ལྔ་དང་སྐྱེ་མཆེད་དང་ཁམས་ལ་སོགས་པའི་རང་བཞིན་
སངས་རྒྱས་ལ་སོགས་པར་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོའི་སྐུ་ཞེས་པ་ནི་ཡེ་ཤེས་སེམས་དཔའི་རང་བཞིན་བདག་ལ་རང་ཆས་སུ་གནས་པའི་རྡོ་རྗེ་སྙིང་པོའི་ངོ་བོ་ཡིན་ནོ། །ཡང་ན་དེ་ཁོ་ན་ཉིད་གསུམ་ནི་རླུང་གི་འཁོར་ལོ་དང་། མེའི་དང་། སྤྲུལ་པའི་འཁོར་ལོ་དང་གསུམ་མོ། །ཟླ་བ་བདེ་
མཆོག་ནི་ལོངས་སྤྱོད་འཁོར་ལོའི་ཕྱག་རྒྱ་ཆེན་པོའི་འཁོར་ལོ་སྟེ། ཆོས་ཀྱི་འཁོར་ལོ་ལ་ནི་སྤྱི་ཐམས་ཅད་ལ་སྦྱར་རོ། །ཡང་དེ་ཁོ་ན་ཉིད་ཅེས་པ་ལ་སོགས་པ་ནི་ཆར་ཡང་ལ་སོགས་པར་བསྟན་ཏེ། དེ་རྣམས་ལ་བརྟེན་ནས་དོན་དམ་རྙེད་པར་འགྱུར་རོ། །སྟོང་བས་ནི་དེ་ལྟ་མ་ཡིན་ནོ། །
དེ་ཡང་རྒྱུ་བྱེད་པ་དང་འབྱུང་བ་དང་། བརྟེན་པ་དང་གནས་པས་ནི་དགའ་བ་ལ་སོགས་པའི་དོན་འབྱུང་བའོ། །ཡང་ན་དེ་ཁོ་ན་ཉིད་གསུམ་ཞེས་པ་ལ་སོགས་པ་ནི་ཐབས་དང་ཤེས་རབ་སྦྱོར་བའི་དུས་སུ་བྱ་གདོང་གི་གནས་བཙལ་ནས་རིན་པོ་ཆེའི་ཁ་ལ་རི་བོང་ཅན་ཐིགས་པ་གཅིག་གིས་རིན་ཆེན་

ཁར་གནས་པ་དང་། བྱ་གདོང་ལ་ཐལ་བ་དང་། གཉིས་སུ་མེད་པའི་བར་ན་གསལ་བའོ་ཞེས་བཛྲ་བོ་ངྷིའི་མན་ངག་གོ། །དེ་གསུམ་ནི་སེམས་དང་སེམས་ལས་བྱུང་བ་དང་མ་རིག་པར་བཤད་དོ། །དེ་བས་ན་ཞེས་པ་ནི་དེ་དང་དེ་ལས་དབྱུང་ཞེས་པའི་དོན་བསྟན་
པའོ། །དེ་ཡང་འདི་སྐད་བཤད་དོ། །ཁྱབ་དང་ཁྱབ་བྱེད་བྱེ་བྲག་ཏུ། །གཉིས་སུ་མེད་པའི་བདེ་བ་ཆེ། །ཞེས་གསུངས་སོ། །དོན་དམ་པའི་བྱང་ཆུབ་སེམས་དང་ཀུན་རྫོབ་བྱང་ཆུབ་སེམས་གཉིས་ལས་རང་བཞིན་གྱིས་བདེ་བ་ཆེན་པོ་འབྱུང་བར་བསྟན་ཏོ། །ཐམས་ཅད་ཅེས་པ་ནི་
འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་སོ། །གཉིས་སུ་ནི་སོ་སོར་གནས་པ་ལ་དབྱེ་བར་བཤད་དོ། །མེད་པའི་ཞེས་པ་ནི་གཉིས་སུ་སྣང་བའི་ཆོས་རྣམས་དབྱེར་མི་ཕྱེད་པའི་ངང་དུ་གཅིག་པའོ། །དངོས་ཞེས་པ་ནི་དབྱེར་མི་ཕྱེད་པ་ལ་དངོས་ཞེས་བྱའོ། །དེ་ཡང་ཐབས་དང་ཤེས་
རབ་ཐ་དད་པ། །རྟེན་དང་བརྟེན་པའི་ངོ་བོ་རུ། །དེ་གཉིས་གཅིག་གི་དོན་དུ་མཉམ། །གང་གིས་རྟོགས་པ་གཉིས་མེད་དངོས། །ཞེས་གསུངས་སོ། །གཞན་ཡང་། དབྱེར་མེད་བརྟགས་པའི་དངོས་གྲུབ་ནི། ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཕྱག་རྒྱ་ཆེན་
པོའི་རང་བཞིན་ནི་མི་འགལ་ཏེ་རང་བཞིན་དགའ་བ་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །གཞན་ནི་དེ་ལྟ་མ་ཡིན་ནོ། །དེ་ཡང་རང་བཞིན་དགའ་བ་ནི་དགའ་བ་གང་གིས་ཀྱང་རེག་པར་མི་ནུས་སོ། །དེ་ཡང་དགྱེས་པའི་རྡོ་རྗེའི་རྒྱུད་ལས། །གཞན་གྱིས་མ་རེག་ལྷན་ཅིག་སྐྱེས། །གསུམ་པོས་སྤངས་པའི་
གང་རྙེད་དེ། །གསུམ་གྱི་རང་བཞིན་གསུམ་དང་བྲལ། །དེ་ལ་མ་རེག་ལྷན་ཅིག་སྐྱེས། །ཞེས་གསུངས་སོ། །དེ་བས་ན་རང་བཞིན་དགའ་བ་དང་ཕྱག་རྒྱ་ཆེན་པོ་ཐ་དད་དུ་མི་དབྱེའོ། །དྲུག་གི་བདེ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་དྲུག་ཤེས་རབ་དང་བཅས་པའོ། །ཡེ་ཤེས་མཆོག་ནི་
ཡབ་ཡུམ་གཉིས་སྦྱོར་བ་ལས་བྱུང་བའི་གཉིས་སུ་མེད་པའི་ཡེ་ཤེས་སོ། །བདེ་བ་སྐུ་ནི་གཉིས་ལས་བྱུང་། །ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པའི་སྐུ་ཐབས་དང་ཤེས་རབ་གཉིས་ཐབས་ལས་ཡང་དག་པའི་ཡེ་ཤེས་འབྱུང་བའོ། །འཁོར་ལོ་ཡི་ནི་དྲུག་དབུས་བཞུགས། །ཞེས་པ་ནི་དཀྱིལ་

འཁོར་ཆེན་པོ་དྲུག་གི་བདག་པོ་རྡོ་རྗེ་སེམས་དཔའ་བྱེད་པའོ། །དེ་ཁོ་ན་ཉིད་གསུམ་ཞེས་པ་ལ་སོགས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རིགས་གསུམ་དུ་བཤད་དོ། །ཡང་ན་འཁོར་ལོ་དྲུག་པ་པདྨའི་ཁ་སྟོང་པའི་ནང་བྱང་ཆུབ་ཀྱི་སེམས་ཀྱིས་བརྒྱན་པ་ལ་སོགས་པ་ལ་ནི། དྲུག་གི་བདེ་བ་ཡེ་ཤེས་
མཆོག །ཅེས་པ་ལ་སོགས་པའི་དོན་སྦྱར་རོ། །ཡང་ན་དྲུག་ཅེས་བྱ་བ་ནས་རྒྱུ་རུ་གྲགས་ཞེས་བྱའི་བར་གྱིས་ནི་ཆར་ཡང་དང་། ཐིག་ལེ་དང་། ཚུལ་དང་། ཚུལ་ཙམ་དང་། མཆོག་དང་། གཞན་མཆོག་རྣམས་ལ་བདེ་བའི་ཡེ་ཤེས་རེ་རེ་སྦྱར་བ་ལ་ནི་དེ་སྐད་ཅེས་བྱའོ། །གཉིས་སུ་མེད་
པའི་འབྲས་བུའོ། །གཉིས་པོ་ནི་རྒྱུ་ཡིན་པས་རྒྱུ་རུ་གྲགས་ཞེས་བསྟན་ཏོ། །ལུས་རྟེན་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་ཡེ་ཤེས་བཞུགས། །ཞེས་བྱ་བ་ལ་སོགས་པ་ནི་སྔར་གྱི་ཆར་ཡང་ལ་སོགས་པའི་སྦྱོར་བ་དྲུག་ཡེ་ཤེས་དང་བཅས་པའི་གནས་སྲོག་གི་དབྱུག་པའོ། །ཡང་ན་ལུས་
ནི་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་སོ། །རྟེན་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ། །སྲོག་གི་དབྱུག་པ་ནི་སྲོག་རླུང་དང་ལྡན་པའི་བྱང་ཆུབ་སེམས་དང་རྩོལ་བའི་རླུང་ལ་སོགས་པའོ། །སྦྱོར་བ་དྲུག་གིས་ཡེ་ཤེས་བཞུགས། །ཞེས་པ་ལ་སོགས་པ་ནི་དོན་དམ་པ་དང་ཀུན་རྫོབ་ལས་ཡེ་ཤེས་ཀྱི་རིམ་པར་
སྦྱོར་ཏེ། དེ་ཡང་སྲོག་ལ་སོགས་པའི་རླུང་འགགས་པས་སྟེང་དང་འོག་ཏུ་དགའ་བའི་ཡེ་ཤེས་སྦྱོར་བ་ནི་བཅུ་དྲུག་དང་དྲུག་དང་བཞི་ལ་སོགས་པའོ། །དེ་ཡང་སླར་གསུམ་རྫོགས་པ་གསུམ་པོ་དེ་ལ་རང་བཞིན་གསུམ་རྫོགས་པའོ། །འཁོར་ལོ་དྲུག་གི་ལྟེ་བའི་གནས། །ཞེས་པ་ནི་བདེ་བ་
ཆེན་པོའི་འཁོར་ལོ་ལ་སོགས་པ་དྲུག་གི་ལྟེ་བ་ནི་སྲོག་གི་དབྱུག་པའི་ངོ་བོའོ། །དེའི་ནང་ལ་དབུས་ཞེས་བྱའོ། །ཕྲ་མོ་ལུས་ལྡན་རབ་ནི་དྲུག །ཅེས་པའི་རྩ་མདུད་པ་དྲུག་སྟེ། །ལས་དང་པོ་པས་མི་རྟོགས་པས་ཕྲ་ལ། ཡང་དང་ཡང་དུ་གོམས་པས་རྟོགས་པ་དེ་ནི་ལྷའི་ངོ་བོར་ཤེས་ལ་དོན་དུ་ཡང་སྣང་
བའོ། །རྩ་དེ་དྲུག་གི་ལུས་ནི་བྱང་ཆུབ་སེམས་དང་ལྡན་པའོ། །ཐིགས་པ་དང་བཅས་ཏེ་རྣལ་འབྱོར་ཞེས་པ་ནི་ཡེ་ཤེས་ཀྱི་དངོས་པོའི་ཐིག་ལེ་ལ་ནི་དེ་སྐད་ཅེས་བྱའོ། །ཇི་ལྟ་ཞེ་ན། ཡུངས་ཀར་ལ་མར་གྱིས་ཁྱབ་པ་བཞིན་ནོ། །དེ་ཡང་རྩ་དང་ཐིག་ལེ་དང་རླུང་ལ་སོགས་པ་དེ་རྣམས་ལ་ནི་བྱང་

ཆུབ་ཀྱི་སེམས་ཀྱི་རང་བཞིན་དེ་དགའ་བའི་རིམ་པར་སྦྱར་རོ། །སྲོག་གི་དབྱུག་པ་ནི་ནང་དུའོ་ཞེས་པ་ནི་སྲོག་གི་རྩའི་ནང་ན་དེ་རྣམས་གནས་བདེ་བར་བཞུགས་ཀྱི་ཕྱིའི་འདབ་མ་ལ་སོགས་པའི་ནང་དུ་ནི་མ་ཡིན་ནོ། །བདེ་ཆེན་འཁོར་ལོའི་ལྟེ་བ་ལ་ནི་བདེ་བའི་གནས་ན་
བཅོམ་ལྡན་འདས་ཆུ་ཟླ་ལྟར་ཀུན་རྫོབ་ཏུ་བཞུགས་པས་སོ། །ཡལ་ག་དང་ཀུ་མུ་ཏ་ལ་སོགས་པ་ལ་བཞུགས་པ་མ་ཡིན་ཏེ་རྩའི་ལྟེ་བ་ཁོ་ནའོ། །ཟླ་མོ་ཚེ་དང་ལྡན་པ་སྟེ། །ཞེས་པ་ནི་རྩ་དང་ཐིག་ལེ་དང་། སྲོག་རླུང་ལ་སོགས་པ་ལྡན་པའི་ཡེ་ཤེས་སོ། །དེ་ནི་ཞེས་པ་ནི་དེ་དག་རྣམས་ཀྱི་དོན་
སྟོན་ཏེ། དེ་ཡང་སྲོག་ཡང་དག་པར་དབང་ཕྱུག་སྦྱིན་པར་མཛད་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བའོ། །ཟུར་གསུམ་ནི་དབྱིབས་དེ་ལྟ་བུའི་དངོས་པོར་གནས་ནས་ཚངས་བུག་ཏུ་གནས་པ་ལ་རྣམ་པའི་ཚུལ་ཞེས་པའོ། །ལོངས་སྤྱོད་རྫོགས་པའི་ལྟེ་བའི་ཞེས་པ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་
ལ་སོགས་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་པདྨའི་ལྟེ་བ་དེར་གནས་པའི་བདག་ཉིད་དོ། །ལྕེ་མ་ནི་རྩའི་མིང་དུ་བཏགས་པའོ། །དེ་ནི་བདེ་བའི་ཐིག་ལེར་བཅས་པའི་གྱེན་དུ་རྒྱུ་བ་ལ་སོགས་པའི་རླུང་དང་ལྡན་པའོ། །རིགས་ཀྱི་མེ་ཏོག་དང་འདྲ་བ་ཞེས་པ་ནི་རྩའི་མདུད་པའི་དབྱིབས་ཏེ་བུ་མོ་
ལང་ཚོ་སར་པའི་ནུ་མའི་དབྱིབས་བཞིན་ནོ། །དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་གཞན་དང་རྩ་དང་ཐིག་ལེ་དང་རླུང་ལ་སོགས་པ་ཡང་བླ་མ་རྗེ་བཙུན་ཆེན་པོའི་ཞལ་ལས་ཤེས་པར་བྱའོ། །རྟོག་མེད་མས་ནི་འཁྱུད་ཡིན་ཕྱིར། །ཞེས་པ་ནི་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོས་བཅོམ་ལྡན་
འདས་ལ་གཉིས་སུ་མེད་པའི་དབྱེར་མི་ཕྱེད་པར་རོལ་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སོ། །དེའི་ཚེ་ཚངས་པའི་དབྱུག་པ་ཡིན་ན་ནི་གཟུགས་ཀྱི་སྐུ་གཉིས་ལས་ཆོས་ཀྱི་སྐུ་རང་བཞིན་དགའ་བའི་ཡེ་ཤེས་སུ་གྱུར་པ་དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་རྟོག་མེད་མས་ཞེས་
པ་ལ་སོགས་པ་ནི་སོ་ཤོ་མནའ་ཡིས་རྩ་གསུམ་ལ་འཁྱུད་པའི་རང་བཞིན་དུ་བཞུགས་པ་ལ་བྱའོ། །ཡང་ན་རྟོག་མེད་མ་ནི་ཡེ་ཤེས་བདེ་བའི་རང་བཞིན་ནོ། །འཁྱུད་པ་ནི་ཐིག་ལེའི་དངོས་པོ་ལ་ནི་ཡང་དག་པ་དེས་ཁྱབ་ནས་དབྱེར་མི་ཕྱེད་པར་འཁྱུད་པའོ། །དེའི་ཚེ་ནི་ཀུན་རྫོབ་དང་

དོན་དམ་པའི་དངོས་པོ་མཆོག་གི་དགའ་བ་དང་ཆད་པའི་དགའ་བ་གཉིས་ཀྱི་བྱེ་བྲག་པའོ། །ཚངས་པ་ཞེས་གསུངས་ཏེ་རང་བཞིན་དགའ་བ་དེའི་ཚེ་ཉོན་མོངས་པའི་རྟོག་པ་ལ་སོགས་པ་ཀུན་འཇོམས་པའི་ཚངས་པའི་དབྱུག་པའི་ཞེས་བཤད་དོ། །དེ་ཡི་དུས་ནི་བདག་གིས་བཤད། །ཅེས་པ་ནི་སྔར་
གྱི་དུས་འདི་ནས་མར་ཤར་བ་དང་ནུབ་པ་ལ་སོགས་པ་བཤད་པར་དམ་བཅའོ། །ཤར་བ་དང་ནི་ནུབ་གཉིས་སོ། །ཞེས་པ་ནི་རླག་པ་དང་ལོངས་སྤྱོད་ལ་སོགས་པའི་དུས་ནི་ཐབས་དང་ཤེས་རབ་གཉིས་ཀྱིས་བསྡུ་བར་བྱའོ། །གང་ཞིག་ཚངས་པའི་དབྱུག་པ་ཞེས་པ་ནི་སྔར་བཤད་པས་འདིར་མ་བསྟན་
ནོ། །མདུད་པ་ཞེས་པ་ནི་པདྨའི་མདུད་པ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པའི་གནས་པདྨའོ། །སུམ་ཅུ་རྩ་གཉིས་ཡོད་པ་ཞེས་པ་ནི་པདྨའི་འདབ་མའི་གྲངས་བསྟན་པའོ། །དེ་ལ་ལྟེ་བའི་འོག་ཏུ་འཕོ་བ་བཅུ་དྲུག་ཅེས་པ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་ལྟེ་བའི་དབུས་ནས་སྒོ་ཡན་ཆད་
དུ་བཅུ་དྲུག་པ་གཉིས་ཀྱི་གནས་ན་དཔའ་བོ་དང་། དཔའ་མོ་རྣམས་ཀྱིས་བསྐོར་བ་ནི་འཕར་མ་གཉིས་ལ་འཕོ་བ་ཞེས་བྱའོ། །ཡང་ན་ཤར་བ་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོར་ཉི་མ་ཤར་བའོ། །ནུབ་པ་ནི་བདེ་བ་ཆེན་པོའི་འཁོར་ལོར་ཉི་མ་ནུབ་པའོ། །མདུད་པ་ལ་སོགས་པ་ནི་གོ་སླའོ། །
ཡང་ན། ཤར་བ་དང་ནི་ནུབ་གཉིས་སོ། །ཞེས་པ་ལ་སོགས་པ་ནི་མཆོག་གི་དགའ་བའི་ཕོ་བྲང་དུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་གནས་ཙམ་ན་ཤར་ཞེས་བྱའོ། །དེ་ལས་འཕོས་པས་ཆད་པ་སྟེ། ནུབ་པའི་དངོས་པོ་སྟེ། དེ་ཡང་འདི་སྐད་དུ་སྟོན་ཏོ། །ཐབས་ཀྱི་ནོར་བུའི་ཁ་ན་བྱང་ཆུབ་ཀྱི་སེམས་
གནས་པའི་གཅིག་ནི་ལོངས་སྤྱོད་པའོ། །ཤེས་རབ་ཀྱི་སངས་རྒྱས་རིན་པོ་ཆེའི་ཁར་ཐལ་པ་ནི་རླག་པའོ། །སླར་ལ་བཀུག་པས་ནི་གཉིས་ཀ་ཡེ་ཤེས་བདེ་བ་ཆེན་པོའི་ངོ་བོར་གྱུར་ཏེ་དེ་ཁོ་ན་གཉིས་སུ་མེད་པའི་དབང་ངོ་། །གང་གིས་ཚངས་པའི་དབྱུག་པ་ཞེས་པ་ནི་རིན་པོ་ཆེ་དང་སངས་
རྒྱས་ཀྱི་སྣོད་གཉིས་བདེ་བའི་ཡེ་ཤེས་ཀྱིས་རྒྱས་པའོ། །མདུད་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་མདུད་པའོ། །སུམ་ཅུ་རྩ་གཉིས་ཡོད་པ་ནི་ཆར་ཡང་བཅུ་དྲུག་དང་། དགའ་བ་བཅུ་དྲུག་གནས་པའོ། །དེ་ལ་ལྟེ་བའི་འོག་ཏུ་འཕོ་བ་བཅུ་དྲུག་ནི་སྔར་བསྟན་པ་དེ་

ཐབས་ཀྱི་ལྟ་བའི་འོག་ནས་ནི་ཤེས་རབ་ཀྱི་ལྟེ་བར་འཕོ་བའོ། །སྟེང་གི་འཕོ་བ་བཅུ་དྲུག་ནི། །ཞེས་པ་ནི་སླར་ལ་ཐབས་ཀྱི་གནས་སུ་འཕོ་བའི་བྱང་ཆུབ་ཀྱི་སེམས་ཐིག་ལེ་དང་དགའ་བ་ལ་སོགས་པ་དང་བཅས་པ་དེ་ཇི་སྲིད་གནས་གྱི་བར་དུ་ནི་དུས་ཞེས་བྱའོ། །
དེ་ཡང་འདི་སྐད་བཤད་དེ། བྱང་ཆུབ་ཀྱི་སེམས་དང་རླུང་གཉིས་ཕྲད་པའི་ཕྱིར་རོ་ཞེས་པ་ནི་ཐུར་དུ་འབྱུང་བའི་རླུང་གཉིས་དང་བཅས་པ་ཕྲད་པས་ནི་རླུང་དེ་ཡང་དག་དྲི་མེད་སྤྲོས་བྲལ་འོད་རབ་རང་བཞིན་དགའ་བར་གྱུར་ཏོ། །དེ་ལྟ་བུའི་དོན་དམ་པའི་རང་བཞིན་ལ་ནི་འཕོ་བ་སྟེ་སྟེང་འོག་གཅིག་
པུའི་ཞེས་གསུངས་སོ། །སྟེང་དང་འོག་ལ་སོགས་པའི་འཕོ་བ་ནི་དེ་གཅིག་པུ་ཁོ་ན་ཞེས་པའི་དོན་ཏོ། །དང་པོའི་སྦྱོར་བའི་ཞེས་པ་ནི་དེ་རྣམས་ལ་དེ་སྦྱོར་བའོ། །ཅིའི་ཕྱིར་དེ་ལ་དེ་སྦྱོར་ཞེ་ན། ཐབས་དང་ཤེས་རབ་ཅེས་པ་ལ་སོགས་པས་བསྟན་ཏོ། །དོན་དམ་པའི་ཤེས་རབ་སྐྱེ་བ་མེད་པ་
ལ་ཀུན་རྫོབ་སྒྱུ་མའི་ཐབས་ཁྱད་པར་ཅན་གྱིས་སྦྱོར་བ་ལས་མཆོག་གི་ཡེ་ཤེས་དང་། ཆད་པའི་རང་བཞིན་གཉིས་སུ་མེད་པའི་སྦྱོར་བ་ཞེས་བཤད་དོ། །རྩ་སུམ་ཅུ་རྩ་གཉིས་ནི་གོ་སླ་བས་འདིར་མ་བཤད་དོ། །སྐུ་དང་ཞེས་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་
རིགས་གསུམ་འཁོར་ལོ་དང་སྦྱར་རོ། །གཅིག་པུ་རྟོག་མེད་མ་ཞེས་པ་ནི་སྤྲུལ་པའི་འཁོར་ལོའོ། །ཡང་སྲོག་གི་དབྱུག་པ་ནི་སྐུའོ། །ལ་ལ་ནཱ་ནི་གསུང་ངོ་། །ར་ས་ནཱ་ནི་ཐུགས་སོ། །གཅིག་པུ་རྟོག་མེད་མ་ནི་སྐུ་གསུང་ཐུགས་གསུམ་དང་བྲལ་བ་ཨ་ཝ་དྷཱུཾ་ཏཱིའི་རང་བཞིན་དགའ་བ་ཞེས་
བྱའོ། །སོ་ཤོ་མནའ་ཚངས་པའི་དབྱུག་པ་འཁྱུད་ནས་ཞེས་པ་ནི་སྲོག་གི་རྩ་བྱང་ཆུབ་ཀྱི་སེམས་ཀྱིས་གང་ན་གནས་ཙམ་ན་ཚངས་པ་ལ་སོགས་པའོ། །མི་གནས་ཙམ་ན་ནི་དེ་ལྟ་མ་ཡིན་ཏེ་སྲོག་གི་དབྱུག་པའོ། །བདེ་བ་ཆེན་པོའི་གཙུག་ཏོར་ནས་ཞེས་པ་ནི་སྤྱི་བོ་གཙུག་གི་འཁོར་ལོ་བདེ་ཆེན་གྱི་
ཐུགས་གནས་སོ། །བདེ་བ་ཆེན་པོའི་གཙུག་ཏོར་ནོར་བུའི་ཁ་རླུང་གི་འཁོར་ལོ་ཡན་ཆད་ཅེས་པ་ནི་བདེ་བ་ཆེན་པོས་སྟོང་གི་མཐའ་མཚོན་པའོ། །རླུང་གིས་འོག་གི་མཐའ་མཚོན་པ་ནི་བཟུང་བའི་བར་ཡང་དོན་གྱིས་ཤེས་པར་བྱ་བ་ཡིན་ནོ། །ཇི་ལྟར་ཙནྡན་གོ་ཤིཪྵའི་ཤིང་ལ་སྦྲུལ་ཆེན་མོ་ཡོད་

པའོ་ཞེས་པ་ནི་ཙནྡན་ལ་ནི་ཤིང་ཡང་ཡོད་ལ་དྲི་ཡང་ཡོད་དེ་དེ་གཉིས་དབྱེར་མི་ཕྱེད་པའི་ཚུལ་དུ་ཡོད་པ་ནི་སྦྲུལ་གྱིས་ཤིང་ལ་འཁྱུད་པ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཁུ་བ་དང་བདེ་བ་གཉིས་ཀྱང་བྱེ་བྲག་ཏུ་མི་ཕྱེད་པར་འཕོ་བའི་དུས་སུ་བདེ་བའི་ངོ་བོ་རོ་གཅིག་པར་ཡོད་པ་
ནི་རང་བཞིན་གྱིས་ཡེ་ཤེས་ཞེས་བཤད་པའོ། །ཚངས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་ལ་སོགས་པ་ཚངས་པར་བྱེད་པའོ། །དབྱུག་པའི་སྙིང་པོ་ནི་ཡང་དག་པའི་ཡེ་ཤེས་དེ་རྩའི་དབྱུག་པའི་དབུས་ན་དོན་དམ་པ་དང་ཀུན་རྫོབ་གཉིས་དང་ལྡན་ནས་སྙིང་པོ་བཞུགས་སོ། །
དང་པོ་ཞེས་པ་ནི་རྩའི་མདུད་པ་དང་ཚེས་གྲངས་ལ་སོགས་པ་བཅུ་དྲུག་གི་དང་པོའོ། །ཟུར་གསུམ་གྱི་རྣམ་པའི་ཞེས་པ་ནི་རྩའི་དབྱིབས་ཟུར་གསུམ་པ་ཚངས་པའི་བུ་ག་ན་པདྨའི་དངོས་པོར་ཡོད་པའོ། །དེ་ཡང་ཤེས་རབ་མའི་དངོས་པོའི་ལོངས་སྤྱོད་རྣམས་ཀྱི་དང་པོའི་དགའ་བར་
བཤད་དོ། །འདོད་པ་འདར་བ་ཞེས་བྱ་བ་ནས་རང་བཞིན་དགའ་བ་ཞེས་བྱ་བའི་བར་གྱིས་གཉིས་པ་མཆོག་གི་དགའ་བར་བཤད་དོ། །ལྟེ་བའི་སྲོག་གི་རླུང་ཞེས་བྱ་བ་ནས་གསལ་བ་ཞེས་བྱ་བའི་བར་གྱིས་གསུམ་པ་ཆད་པའི་དགའ་བ་བསྟན་ཏོ། །འོད་ཀྱི་ཞེས་བྱ་བ་ནས་ཐོག་གི་
ཞེས་བྱ་བའི་བར་གྱིས་བཞི་པ་རང་བཞིན་དགའ་བའི་རྣམ་གྲངས་བསྟན་ཏོ། །ཡང་ན་ཤེས་རབ་མའི་ལྟེ་བ་ལ་སོགས་པ་བཞིས་དགའ་བའི་དོན་བསྟན་ཏོ། །འདོད་པའི་དགའ་བ་ལ་སོགས་པ་བཞིན་མཆོག་གི་དགའ་བ་བསྟན་ཏོ། །སྲོག་དང་ཞེས་པ་ལ་སོགས་པ་བཞིས་ཆད་པའི་དགའ་
བའི་དོན་བསྟན་ཏོ། །འོད་དང་བྱ་བ་ལ་སོགས་པ་བཞིས་རང་བཞིན་དགའ་བའི་དོན་བསྟན་ཏོ། །དེ་ལྟར་དབྱེ་བས་དྲུག་ཅུ་རྩ་བཞིར་དབྱེ་བར་བྱས་པས་ནི་སྤྲུལ་པའི་ཐམས་ཅད་དགའ་བ་ཞེས་སོ། །ཡང་འདོད་ཅེས་བྱ་བ་ལ་སོགས་པས་དགའ་བའི་རྣམ་གྲངས་སོ། །རྒྱས་པ་ཞེས་བྱ་བ་ལ་
སོགས་པ་ནི་མཆོག་གི་དགའ་བའི་རྣམ་གྲངས་སོ། །འབར་བ་ཞེས་པ་ལ་སོགས་པ་ནི་ཆད་པའི་དགའ་བའི་རྣམ་གྲངས་སོ། །ཨུ་ཏ་ཞེས་པ་བཞི་ནི་རང་བཞིན་དགའ་བའི་མིང་གི་རྣམ་གྲངས་ཏེ། དེ་རྣམས་འདོད་པ་ཞེས་བྱ་བའི་དགའ་བའི་དགའ་བ་དང་། འདར་བ་ཞེས་བྱ་བའི་

མཆོག་དགའ་བ་དང་། འགྲོ་བ་ཞེས་བྱ་བའི་ཆད་དགའ་བ་དང་། དགའ་བ་ཞེས་བྱ་བའི་དགའ་བ་ཡང་དགའ་བའོ། །གཞན་རྣམས་ཀྱང་དེ་ལྟར་ཤེས་པར་བྱའོ། །དེ་ལྟར་བཞིར་དབྱེ་བ་དང་རྣམ་གྲངས་ཀྱི་དབྱེ་བས་བཅུ་དྲུག་ཏུ་ཡང་དབྱེ་བའོ། །དབྱུ་གུ་
དྲུག་ཅུ་རྩ་བཞི་དང་། ཆུ་ཚོད་སུམ་ཅུ་རྩ་གཉིས་དང་། འཕོ་བ་བཅུ་དྲུག་དང་། ཐུན་ཚོད་བརྒྱད་དང་། སྐད་ཅིག་མ་བཞི་ལ་སོགས་པའི་ཡང་དག་ཡང་འདི་རྣམས་སུ་བཤད་དོ། །དེ་ལྟར་བསྡུས་ནས་བསྟན་ནས། འདི་ནས་མར་ཕྱེད་ནས་བཤད་དོ། །ཟུར་གསུམ་ལ་སོགས་པ་
གསུངས་ཏེ། སྔར་བསྟན་པས་ཟུར་གསུམ་འདིར་མ་བཤད་དོ། །ཤེས་རབ་མའི་ཞེས་པ་ནི་སྦྱོར་ཐབས་རྣམ་པ་སྣ་ཚོགས་སུ་བསྟན་ཏོ། །ལྟ་བས་ནི་དེ་རྣམས་ལ་དགའ་བ་སྐྱེ་བས་རྒྱུ་ཡིན་པའོ། །འདོད་པ་ཤེས་པ་ནི་ཤེས་རབ་མ་ལ་འདོད་པ་སྟེ་དགའ་བའོ། །སྲོག་གི་རླུང་ནི་བྱང་
ཆུབ་ཀྱི་སེམས་དང་ལྡན་པའི་རླུང་དུ་བཤད་དོ། །ཟླ་བ་སྟོད་ཀྱི་ཞེས་པ་ནི་མར་ངོ་ལ་སོགས་དང་བྲལ་བ་ནི་ཚེས་དང་པོའི་ཟླ་བ་ཚེས་གཅིག་པའོ། །དེ་ཡང་ཟླ་བ་དང་མཚུངས་པའི་ཡེ་ཤེས་སུ་ཆུ་ཚོད་གཅིག་གི་བར་དུ་ནི་ཡེ་ཤེས་དེ་ནི་བར་དེ་ཙམ་དུ་གནས་པའི་བར་རོ། །བྱང་ཆུབ་ཀྱི་སེམས་
ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པར་ཁུ་བ་དེར་འབྲེལ་པ་སྟེ། དེ་ཡང་འོད་ཅེས་པའི་ཐིག་ལེ་ཕྱེ་ནས་བདེ་བའི་ཐིག་ལེ་རྟོག་པ་ལ་སོགས་པའི་དྲི་མ་ཐམས་ཅད་དང་བྲལ་བ་ནི་དགའ་བ་ཀུན་གྱི་འབྲས་བུའོ། །ཤར་བ་ཞེས་པ་མཆོག་གི་དགའ་བའོ། །ནུབ་པ་ནི་ཆད་པ་སྟེ་མུན་པ་ལྟ་བུའོ། །དེ་ནི་
སྤོང་བའོ། །འཕོ་བ་ནི་མཆོག་གི་དགའ་བའི་གནས་ལ་སོགས་པ་ནི་ལོངས་མི་སྤྱོད་པར་རླག་པའོ། །དུས་ཞེས་པ་ནི་འདས་པའི་དུས་ཀྱང་མ་ཡིན། མ་འོངས་པའི་དུས་ཀྱང་མ་ཡིན། ད་ལྟར་ཞེས་ཀྱང་དམིགས་སུ་མེད་པའི་དུས་ཏེ། དེ་ལྟ་བུའི་དུས་སུ་མེ་ཏོག་དང་འབྲས་བུ་ལ་སོགས་པ་རྒྱས་
པའི་དུས་སོ། །དེ་ཡང་རླུང་ཕྱིར་རྒྱུ་བ་དང་། ནང་དུ་རྒྱུ་བ་མེད་པའོ། །དེའང་རྒྱུད་ལས། ཤིན་ཏུ་རྒྱུ་བའི་དུས་དང་ནི། །ཤིན་ཏུ་མིན་པ་དུས་གཉིས་ཏེ། །སྣ་ཡི་བུ་ག་གཉིས་ཀ་ཡིའོ། །གཉིས་ཀ་མིན་པ་དེ་ཉིད་ནི། །ཞེས་པ་ལ་སོགས་པ་གསུངས་སོ། །པདྨའི་འབྲས་བུའི་འདོད་

པ་ནི་རྩའི་དབྱིབས་པདྨའི་འབྲས་བུ་འདྲ་བ་ཡོད་པ་དེ་འདོད་པ་ནི་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྦྱོར་ཐབས་དང་། དགའ་བ་སྐྱེ་བའི་རྒྱུའོ། །དེ་ཡང་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ལ་བརྟེན་པ་ལ་འབྱུང་ངོ་། །ལུས་འདར་ཞེས་པ་ནི་དེ་ལས་བྱུང་ནས་འདར་བའི་དགའ་བ་ལ་སོགས་པའི་
ཤེས་རབ་མས་རྒྱུ་བྱས་ནས་འབྱུང་བ་དང་བརྟེན་པ་འདར་བར་བྱས་པའོ། །ཉེས་པ་ཞེས་བྱ་བའི་རླུང་དང་ལྡན་ནས། སྟོབས་ཞེས་བྱ་བའི་ཐིག་ལེར་གནས་པས་འབྲས་བུ་སྨིན་ནོ། །དྲག་པོའི་མིང་ནི་རྩའི་དབྱིབས་རུ་དྲཱཀྵ་བཞིན་གནས་པ་ལ་བྱའོ། །དེས་ནི་དྲག་པོའི་མིག་མཚོན་པའོ། །འགྲོ་
བ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་མི་གནས་པ་སྟེ། དགའ་བའི་རྣམ་གྲངས་སོ། །མཉམ་པ་ཞེས་པ་ནི་མེ་དང་མཉམ་པའི་རླུང་གི་མིང་ངོ་། །ལྡན་ཞེས་པ་ནི་དགའ་བ་དང་རླུང་དུ་ལྡན་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཐམས་ཅད་དང་ལྡན་ནོ། །སྤྲིན་ཞེས་པ་ནི་བདེ་བའི་ཐིག་ལེའི་མཚན་
གྱི་རྣམ་གྲངས་དེའི་དུས་སུ་ཐམས་ཅད་དང་ལྡན་ནོ། །རིགས་ཀྱི་མེ་ཏོག་ཅེས་པ་ལ་སོགས་པ་ནི་བླ་མ་ལས་རྟོགས་པར་འགྱུར་རོ། །ཐོག་ནི་སྔངས་འཇིགས་བྱེད་པ་སྟེ། །ཞེས་པ་ནི་ཐོག་བབས་སམ་བརྒྱབ་ཀྱང་བྲེད་པ་བཞིན། རང་བཞིན་དགའ་བ་སྤྲོས་པ་ཐམས་ཅད་དང་
བྲལ་བ་དགའ་བ་ཐམས་ཅད་ཀྱི་ཐོག་ཏུ་གྱུར་པ་དང་། གཞན་ཡང་ཐོག་ཅེས་པ་རང་བཞིན་དགའ་བའི་རྣམ་གྲངས་སུ་བརྟགས་པ་དེས་ཆད་པའི་དགའ་བ་ལ་སོགས་པ་རྣམས་འཇིགས་ཤིང་བྲེད་པར་བྱེད་པའོ། །འོ་ན་རང་བཞིན་དགའ་བ་དེ་ཇི་ལྟ་བུ་ཞེ་ན། དགའ་བ་ཀུན་དང་མི་མཉམ་པ་
དངོས་པོ་མེད་པ་ཡིན་ནོ། །རྒྱུད་ཕྱི་མའི་ཕྱི་མ་ལས་ཀྱང་གསུངས་ཏེ། རང་བཞིན་དགའ་བ་དངོས་པོ་མིན། །དངོས་པོ་མ་ཡིན་པ་ཡང་མིན། །སྲིད་དང་མྱ་ངན་འདས་པ་མིན། །ཆར་ཡར་ཐིག་ལེ་ཚུལ་མ་ཡིན། །ཞེས་པ་ལ་སོགས་པའོ། །སྙིང་པོའི་རྒྱུད་ལས་ཀྱང་། རླག་དང་ལོངས་
སྤྱོད་ལ་སོགས་བྲལ། །དགའ་བ་རྣམས་ཀྱིས་བརྗོད་མི་ནུས། །ཐིག་ལེ་ལ་སོགས་འཇོམས་པའི་ལྷ། །དེ་ཉིད་རང་བཞིན་ཡེ་ཤེས་སོ། །དེ་བས་ན་མཚན་མར་སྣང་བའི་ཡེ་ཤེས་ཐམས་ཅད་དང་ཐུན་མོང་མ་ཡིན་ནོ། །དེ་ལ་ནུབ་པ་བཅུ་དྲུག་ཡིན། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་མི་

གསལ་བ་ལ་ནི་བཅུ་དྲུག་ཡིན་བྱའོ། །ཤར་དང་ནུབ་པ་གང་ལ་ལར་ཞེས་པ་ནི་ལོངས་སྤྱོད་དང་རླག་པ་ལ་སོགས་པ་ནི་རང་བཞིན་དགའ་བ་ཞེས་མི་བྱའོ། །དེའི་ཕྱིར། རང་བཞིན་དགའ་བ་དེ་ཡོད་མིན། །ཞེས་གསུངས་ཏེ། རང་བཞིན་དགའ་བ་ལ་ནི་ཤར་དང་ནུབ་
པའི་དངོས་པོ་ལོངས་སྤྱོད་ལ་སོགས་པའི་མཚན་མའི་ཡེ་ཤེས་མེད་པའོ། །ཡོན་པོའི་གདུང་བུ་ཞེས་པ་ནི་ལ་ལ་ནཱ་གཡོན་ཕྱོགས་ན་ལུ་གུ་རྒྱུད་བཞིན་གནས་པའོ། །རྩ་བའི་ལྟེ་བ་ཞེས་པ་ལ་སོགས་པ་ནི་སྲོག་མའི་ལྟེ་བའི་མདུད་པ་རེ་རེར་བྱང་ཆུབ་ཀྱི་སེམས་ཐིགས་པ་རེ་རེ་ལ་དགའ་བ་དང་ཆར་
ཡང་ཚུལ་ལ་སོགས་པ་འཕོ་བ་དང་སྐྱེ་བ་དང་གནས་པའི་ཚེ་ཤར་དང་ནུབ་དང་དུས་ལ་སོགས་པར་སྦྱར་རོ། །དེ་ལྟའི་བདེ་ཆེན་རྣམས་ནི་ཞེས་བྱ་བ་ནི་སྔར་བསྟན་པའི་བདེ་བ་ཆེན་པོའི་རང་བཞིན་ཀུན་རྫོབ་ཏུ་དབྱེ་བ་ལ་ནི་རྣམ་པ་ཞེས་བྱའོ། །འཕོ་བ་རུ་ནི་བདག་གིས་བཤད། །ཅེས་པ་ནི་
འཕོ་བ་བཅུ་དྲུག་ཏུ་སྔར་བདག་གིས་བཤད་དེ། སྟོན་པས་བཤད་ཟིན་པའོ། །དེ་ལྟར་བཤད་ནས་བསྡུས་པ་འདི་ནས་མར་ཕྱེ་ནས་བསྟན་ཏོ། །དངོས་དང་རྟེན་དང་རྣམ་པར་འབྱེད། །ཅེས་པ་ལ་སོགས་པར་དངོས་ནི་ལས་ཀྱི་ཕྱག་རྒྱའི་ལྟ་བ་ལ་སོགས་པའི་སྦྱོར་ཐབས་སུམ་ཅུ་རྩ་
གཉིས་ཏེ། དགའ་བ་དང་སྤྲུལ་པའི་འཁོར་ལོ་ལ་སོགས་པའོ། །ཡང་ན་དངོས་པོ་ནི་དམ་ཚིག་གི་ཕྱག་རྒྱས་བྱང་ཆུབ་ཀྱི་སེམས་རྩ་དེ་རྣམས་མདུད་པར་བརྟེན་པ་དང་མཆོག་གི་དགའ་བ་དང་ཆོས་ཀྱི་འཁོར་ལོ་ལ་སོགས་པའོ། །ཡང་རྟེན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱས་རང་གི་བདེ་བའི་རྟེན་བྱང་
ཆུབ་ཀྱི་སེམས་ཐིག་ལེ་ལ་བརྟེན་པར་རྟོགས་པའོ། །ཡེ་ཤེས་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་རང་གིས་རིག་ཅིང་རྟོགས་པ་སྟེ། ཡང་དག་པའི་བྱང་ཆུབ་ཀྱི་སེམས་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་ལས་བྱུང་བར་རིག་པའམ་ཆད་པའི་དགའ་བ་དང་ལོངས་སྤྱོད་འཁོར་ལོ་ལ་སོགས་པའོ། །
ཡང་ན་ཡེ་ཤེས་ནི་ཆོས་ཀྱི་རང་བཞིན་གྱི་ཕྱག་རྒྱས་རིག་པའི་བྱང་ཆུབ་ཀྱི་སེམས་སུ་ཤེས་པའོ། །རྣམ་པར་འབྱེད་པ་ཞེས་པ་ནི་ཆོས་ཀྱི་རང་བཞིན་གྱི་ཕྱག་རྒྱས་བདེ་བ་ཆེན་པོའི་རང་བཞིན་རིག་པ་དང་བྲལ་བར་ཕྱེ་ནས་རྟོགས་པ་འམ། རང་བཞིན་དགའ་བ་དང་། བདེ་ཆེན་འཁོར་ལོ་

ལ་སོགས་པའོ། །ཡང་ན་རྣམ་པར་འབྱེད་པ་ནི་ཕྱག་རྒྱ་ཐམས་ཅད་དང་བྲལ་བ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཕྱེ་ནས་ཡེ་ཤེས་ཀྱི་གཞི་དང་བཅས་པ་སྤངས་པའོ། །དེ་ལྟར་བསྡུས་པའི་ཕྱེ་བ་བསྟན་ནས་རྒྱས་པའི་ཕྱེ་བ་བཤད་པར་བྱའོ། །དངོས་པོ་རོ་མཉམ་ལྟ་བ་ཡིན། །ཞེས་
པ་ནི་ཐབས་དང་ཤེས་རབ་སྲུབ་དང་བསྲུབས་པ་ལས་ནི་ཡེ་ཤེས་ཀྱི་རོའི་རྟགས་མཉམ་པར་འབྱུང་བའོ། །འདོད་ཆགས་པ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་རྣམས་ལ་ཆགས་ཤིང་ཞེན་པས་ནི་འཁོར་བའི་འབྲས་བུ་ཐོབ་སྟེ་བསྐྱེད་པའི་
རིམ་པ་ལ་སོགས་པ་སྣ་ཚོགས་ཀྱིས་ནི་ཡོན་ཏན་དུ་འགྱུར་རོ། །དེས་འབྲས་བུ་གཟུགས་ཀྱི་སྐུ་འབྱུང་བས་ནི་ཐ་མལ་པའི་བག་ཆགས་དག་པར་བྱེད་དོ། །འདུས་པ་རེག་བྱ་བྱེད་པའི་ཞེས་པ་ནི་ཐབས་དང་ཤེས་རབ་འདུས་པས་རེག་བྱའི་བདེ་བ་ཉམས་སུ་མྱོང་བ་འདིས་རྟོགས་པ་ལ་སོགས་པ་
དག་པར་བྱེད་དོ། །དངོས་ནི་སྲིད་པ་མེད་པར་བྱེད། །ཅེས་པ་ལ་སོགས་པ་ནི་ཁམས་གསུམ་གྱི་བག་ཆགས་བཟང་བ་དང་ངན་པ་ལ་སོགས་པ་ལས་དང་ཉོན་མོངས་པས་བསྐྱེད་པ་རྣམས་ནི་དངོས་ཀྱིས་མེད་པར་བྱེད་པའོ། །གཞན་ཡང་སྦྱོར་ཐབས་སྣ་ཚོགས་པའི་ལོངས་སྤྱོད་འོ་བྱ་བ་
དང་། སེན་མོས་གདབ་པ་དང་། ནུ་མ་མཉེ་བ་དང་། འཁྱུད་པ་ལ་སོགས་ལོངས་སྤྱོད་དོ། །དེ་ལྟར་གཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་ནི་དངོས་ཀྱི་བར་དུ་གཅོད་པར་བྱེད་དོ། །པུཎྜ་རཱི་ཀ་འབྱུང་བ་ཡིས། །ཞེས་པ་ནི་མེ་ཏོག་དཀར་པོའི་ཁ་དོག་གི་སེམས་དཀར་པོས་བྱང་
ཆུབ་ཀྱི་སེམས་དཀར་པོའི་ཁ་དོག་དཔེས་མཚོན་ནས། རྩའི་མདུད་པར་འབྱུང་བ་ཡིན་ནོ། །ཟུར་གསུམ་ཞེས་པ་ལ་སོགས་པ་ནི་ཟུར་གསུམ་དང་པདྨའི་འབྲས་བུ་དང་དྲག་པོའི་མིག་འདྲ་བ་ལ་སོགས་པའི་མདུད་པ་སུམ་ཅུ་རྩ་གཉིས་ཡོད་པའི་རྟེན་བྱེད་པའོ། །བརྟེན་པ་ཡིན་
ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྟེན་ནི་རྩ་རྣམས་ཀྱིས་བྱེད་པའོ། །བརྟེན་པ་ནི་བསམ་གཏན་མེད་པ་སྟེ་ཞེས་པ་ལ་སོགས་པ་ནི། དེ་ལ་སྒོམ་པ་པོ་མེད་རྣལ་འབྱོར་པ་དང་སྒོམ་རྒྱུ་གཉིས་དང་བྲལ་བ་སྟེ། དེ་བས་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའོ། །སྟེང་དང་འོག་

གི་མཉམ་པའི་རྟེན་ཞེས་པ་ལ་སོགས་པ་ནི་གྱེན་དུ་རྒྱུ་བའི་རླུང་ལ་སོགས་པའི་རླུང་ཐམས་ཅད་གཅིག་ཏུ་འདུས་པ་དང་། འདུས་པའི་དུས་ནས་ཡེ་ཤེས་ཙམ་དུ་ཡང་རྟོགས་པའམ་གནས་པ་མེད་དོ། །བདེ་བ་ཆེན་པོའི་བདུད་རྩིའི་རྟེན་ནི་ཤིན་ཏུ་བདེ་བའི་རང་བཞིན་
དེ་ནི་ཉོན་མོངས་ལ་སོགས་པའི་རྩི་རུ་གྱུར་པའི་རྟེན་ནོ། །རིགས་ལྔའི་ནི་མཆོག་གི་གཞི་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལྔའི་གཞི་ནི་ནམ་མཁའ་རྡོ་རྗེ་སེམས་དཔའོ། །ཡང་ན་འཁོར་ལོ་ལྔ་ནི་རིགས་ལྔའོ། །དེ་རྣམས་ཀྱི་མཆོག་གི་གཞི་ནི་བདེ་བ་ཆེན་པོའི་འཁོར་ལོ་ཡིན་ཏེ་
རིགས་དྲུག་པའི་འོ། །དེ་བདེ་བ་དཀར་པོ་བསྲུབས་པ་ལས་ཞེས་པར་བཤད་དོ། །ཡེ་ཤེས་འདོད་པ་ལྷུན་གྱིས་གྲུབ། །ཅེས་པ་ནི་དགའ་བ་ཐམས་ཅད་ཆད་པའི་དགའ་བས་བསྡུའོ། །འོ་ན་རང་བཞིན་དགའ་བས་ཀྱང་བསྡུའམ་ཞེ་ན། རང་བཞིན་དགའ་བས་ནི་བསྡུས་ཀྱང་
མི་འགལ་ཏེ། ཆད་པའི་དགའ་བ་ལ་མ་བརྟེན་པར་རང་བཞིན་དགའ་བ་མི་རྙེད་དོ། །རང་བཞིན་དགའ་བ་ནི་དགའ་བ་གསུམ་ལས་ལོགས་ན་མེད་པས་ཀྱང་མི་འགལ་ལོ། །དཔེར་ན་ལུས་མེད་པར་ཡང་སེམས་མི་རྙེད་པ་ལྟར་ཆད་པའི་དགའ་བ་ལ་མ་བརྟེན་པར་རང་བཞིན་
དགའ་བ་མི་ཐོབ་བོ། །དེ་བཞིན་དུ་མ་ཡིན་ན་སྐྱོན་ཡོད་པས་འདི་སྐད་ཀྱང་གསུངས་ཏེ། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་ཚོལ། །ཞེས་པ་དང་། དཔེར་ན་མེ་ཏོག་དང་དྲི་བཞིན་ནོ་ཞེས་པའི་དཔེ་འདི་རྣམས་ཀྱིས་བསྟན་ཏོ། །འདར་བ་དགའ་བ་མཆོག་གི་
དགའ། །ཞེས་པ་ལ་སོགས་པའི་མཆོག་གི་དགའ་བ་དེ་ནི་རྟོག་པ་དང་བཅས་པའི་སྒོ་ནས་ཡེ་ཤེས་ཉམས་སུ་མྱོང་ལ། དེ་ལྟར་མྱོང་བའི་དོན་ལ་བདེ་བར་གནས་ཙམ་ན་སེམས་རྩེ་གཅིག་ཏུ་མི་གཡེང་བར་གནས་པ་ལས་རང་བཞིན་དགའ་བ་འགྲུབ་པ་མ་རྙེད་པར་འགྱུར། དེའི་
སྐབས་སུ་ཆགས་པ་ལ་སོགས་པའི་ཡེ་ཤེས་ཐམས་ཅད་དང་བྲལ་བའི་དོན་ནི་རང་བཞིན་དགའ་བའོ། །ཆགས་པ་དང་བཅས་པའི་ཆད་དགའ་སྟོན་ཏོ། །གཞི་མེད་པ་ཡི་རང་བཞིན་དགའ། །གཞི་དང་བཅས་པའི་ཆད་པའི་དགའ། །ཞེས་སོ། །ཡེ་ཤེས་ང་རྒྱལ་མེད་པར་བྱེད། །

ཅེས་པ་ནི་ཡང་དག་པའི་མཐའོ་སྙམ་པའི་ང་རྒྱལ་སྤངས་པས་འགྲུབ་པོ། །ཆོས་ཐམས་ཅད་ནི་རྣམ་པར་ཤེས། །ཞེས་པ་ནི་ཕྱིས་བསྡུས་པའི་ཆོས་དང་ནང་གིས་བསྡུས་པའི་ཆོས་མ་ལུས་པ་ཤེས་པའོ། །ཡེ་ཤེས་ཤེས་བྱ་དོན་གྲུབ་བྱེད། །ཅེས་པ་ནི་ཐུན་མོང་གི་དངོས་གྲུབ་ལ་
སོགས་པ་ཀུན་གྱི་དོན་གྲུབ་པའོ། །རྣམ་པར་འབྱེད་པ་འོད་གཟུགས་གྲགས། །ཞེས་པ་ནི་བྱང་ཆུབ་སེམས་འབྱེད་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་རབ་དེ་ནི་བརྗོད་པས་མི་ཕོག་གོ། །ཚུལ་དང་སྤྲིན་དང་སྟོབས་བདག་ཉིད། །ཅེས་པ་ནི་བདེ་བའི་ཐིག་ལེ་བཅུ་དྲུག་གི་བདག་ཉིད་
ཡིན་པས་ན་རྣམ་པར་འབྱེད་ཅེས་བྱའོ། །དངོས་པོ་ཀུན་དུ་ནི་དངོས་པོར་སྣང་བ་ཐམས་ཅད་དོ། །རྣམ་པ་བཞི་དང་བཅས་པ་རླག་ནི་དེ་རྣམས་མ་ལུས་པ་དང་། བག་ཆགས་དང་བཅས་པ་ཐམས་ཅད་རླག་པར་ཞེས་པའི་དོན་ཏོ། །སྐྱེ་དང་གནས་པ་རྫུ་འཕྲུལ་གྱི། །ཞེས་པ་ནི་སྐྱེ་
བའི་ཆོ་འཕྲུལ་སྟོན་པ་དང་། འགག་པ་དང་། གནས་པ་ལ་སོགས་པཾ་ཡང་ཡོན་ཏན་ནོ། །རྣམ་པར་འབྱེད་པ་གཏི་མུག་སོད། །ཅེས་པ་ནི་ཉོན་མོངས་པ་འཇོམས་པ་ནི་དེ་རྣམས་དང་བྲལ་བའོ། །རྩའི་སྙིང་པོ་ཐམས་ཅད་ནི་ཞེས་པ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། དེ་རྣམས་
ཀྱི་སྙིང་པོ་འཁོར་ལོ་བྱང་ཆུབ་ཀྱི་སེམས་དང་བཅས་པ་རྩའོ། །འོད་འདི་ཡང་ཟད་དེ་མེད་པར་བྱེད་དོ། །འཁོར་ལོ་སྔགས་དང་བྱ་བ་ལ། །ཞེས་པ་ནི་དཀྱིལ་འཁོར་དང་། འཁོར་ལོ་དང་། ཤེས་རབ་དང་། སྙིང་རྗེ་དང་། ལས་ལ་སོགས་པའོ། །འཇོམས་བྱེད་དེ་ནི་རྣམ་པར་
འབྱེད། །ཅེས་པ་ནི་དཀྱིལ་འཁོར་ལ་སོགས་པ་སྔར་བཤད་པའི་ཆོས་ཐམས་ཅད་དོ། །བཅོམ་པའི་ཕྱིར་ཞེས་པ་ལ་སོགས་པས་ནི་གོ་སླ་བས་མ་བཤད་དོ། །སངས་རྒྱས་བྱང་ཆུབ་སེམས་ཀུན་ལ། །ཞེས་པ་ནི་ས་བཅུ་གཅིག་གི་སངས་རྒྱས་ལ་སོགས་པར། ས་བཅུ་མན་ཆད་
ཀྱི་བྱང་ཆུབ་སེམས་དཔའོ། །སྙིང་གར་རྟག་ཏུ་བཞུགས་པའོ། །ཞེས་པ་ནི་རང་བཞིན་དགའ་བ་ཀུན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཡང་སངས་རྒྱས་ཞེས་པ་ལ་སོགས་པ་ནི་ཕུང་པོ་ལྔ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ཀུན་ནི་དབང་པོ་ལ་སོགས་པའི་སྐྱེ་

མཆེད་རྣམས་སོ། །སྙིང་གར་དེའི་སྙིང་གའི་པདྨའི་ལྟེ་བ་ལ་བྱང་ཆུབ་སེམས་ཀྱི་ས་བོན་ཟླ་བ་ལྟར་ཀུན་རྫོབ་ཀྱི་དངོས་པོར་བཞུགས་སོ། །རྣམ་པར་འབྱེད་པ་བསྒོམས་པ་མེད། །ཅེས་པ་ནི་ཆོས་ཉིད་ཡང་དག་པར་དེ་ཉིད་ཅིར་ཡང་བསྒོམ་དུ་མེད་དོ། །ཕུང་
པོ་ཁམས་ལ་སོགས་དང་བྲལ། །ཞེས་པ་ནི་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་ལ་སོགས་པའི་འདུས་བྱས་ཐམས་ཅད་དང་བྲལ་བའོ། །སྒྲ་ལ་སོགས་པའི་ཆོས་ཀྱིས་སྟོང་། །ཞེས་པ་ནི་སྒྲ་དང་ཚད་མ་ལ་སོགས་པའི་ཆོས་ཀུན་གྱིས་སྟོང་ངོ་། །སྟོང་དང་སྙིང་རྗེའི་
བདག་ཉིད་ཡིན། །ཞེས་པ་ནི་སྟོང་པ་ཤེས་རབ་སྐྱེ་བ་མེད་པ་དང་། སྙིང་རྗེ་ཐབས་ཁྱད་པར་ཅན་གཉིས་ལས་རང་བཞིན་དགའ་བ་འབྱུང་ངོ་། །ཚངས་པ་ལ་སོགས་པ་ལ་ཚངས་པ་ནི་དོན་ཡོད་པར་གྲུབ་པ་སྟེ། དེ་ནི་ཡེ་ཤེས་ཡིན་ལ་ཡེ་ཤེས་ཐམས་ཅད་ཀྱི་བདག་ཉིད་ནི་བྱ་བ་ནན་ཏན་
ཡིན་ནོ། །འོ་ན་ཡེ་ཤེས་ལ་ཚངས་པ་ཞེས་ཅིའི་ཕྱིར་བྱ་ཞེ་ན། རྟོག་པ་ཐམས་ཅད་དག་པ་གང་ཡིན་པ་དེ་ནི་ཚངས་པ་ཞེས་བྱའོ། །དེ་ཡང་འདི་སྐད་དུ་འབྱུང་སྟེ། དངོས་པོའི་བག་ཆགས་རང་བཞིན་ནི། །མ་སྤངས་དག་པས་ཡེ་ཤེས་འདོད། །ཅེས་སོ། །འདི་སྐད་བསྟན་
ཏེ། དོན་དམ་དང་ནི་ཀུན་རྫོབ་ཀྱི། །བདེན་གཉིས་གང་དུ་འདྲེས་པ་ཡིས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ཁབ། །དེ་ཚེ་ཚངས་པ་ཡེ་ཤེས་འཛིན། །ཞེས་གསུངས་སོ། །ནམ་མཁའི་དབུས་ན་ཐིག་ལེ་བདེ། །བྱང་ཆུབ་སེམས་ཀྱི་དངོས་འདི་ཡིན། །གཅིག་པུའི་བདག་ཉིད་དངོས་
པོ་བྲལ། །དེ་དུས་ཚངས་པའི་བདག་ཉིད་དོ། །ཞེས་པས་སོ། །དེས་ནི་ཚངས་པ་དོན་ཡོད་གྲུབ་པར་བསྟན་ཏོ། །ཁྱབ་འཇུག་ཅེས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་བཞིན་སྣང་བ་མཐའ་ཡས་དྲག་པོ་ཡིན་ཏེ་དེས་མི་མཐུན་པའི་ཕྱོགས་ཐམས་ཅད་བཅོམ་ནས་སོ་སོར་རྟོག་པའི་ཡེ་
ཤེས་སྦྱིན་པར་མཛད་དོ། །དབང་ཕྱུག་ནི་མི་བསྐྱོད་པའོ། །རྟག་ཏུ་ཞི་བ་ནི་རྣམ་པར་སྣང་མཛད་དོ། །རླུང་གི་འཁོར་ལོ་ལ་སོགས་པ་ལྔ་ལ་ཡང་སྦྱར་རོ། །དེ་རྣམས་ཀུན་ཞེས་པ་ནི་དེ་འདས་མ་ཐག་ལ། རྣམས་ཀུན་ནི་རིགས་ལྔ་པོ་ལ་བྱའོ། །ཡབ་ཡིན་ནོ་ཞེས་པ་ནི་དེ་ཁོ་ན་ཉིད་

སྤྲོས་པ་དང་བྲལ་བའི་ཡེ་ཤེས་བརྗོད་དུ་མེད་པའི་བདག་པོ་རྡོ་རྗེ་སེམས་དཔའི་བདག་པོ་དེ་ལ་བྱའོ། །སྤྲོས་པ་དང་བྲལ་བའི་ཡེ་ཤེས་ནི་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ཡིན་ན་རྡོ་རྗེ་སེམས་དཔའ་གཟུགས་ཀྱི་སྐུ་ཡིན་པས་དེ་གཉིས་མི་འགལ་ལམ། མི་འགལ་ཏེ་རྡོ་རྗེ་ནི་ཡེ་ཤེས་ལྔའི་
རང་བཞིན་དབྱེར་མི་ཕྱེད་པའོ། །སེམས་དཔའ་ནི་སྤྲུལ་པ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་ཡང་རང་བཞིན་དགའ་བ་སྤྲོས་པ་ཐམས་ཅད་དང་བྲལ་བ་ལས་ནི་རིམ་གྱིས་ལོངས་སྤྱོད་རྫོགས་པའི་སྐུ་མཚན་ཐམས་ཅད་རྫོགས་པ་དེ་ལས་སྤྲུལ་ནས་དོན་བྱེད་དོ། །བྱེད་པ་
དེ་ནི་མཆོག་རྨད་བྱུང་། །འདི་ཉིད་ཡེ་ཤེས་ཐིག་ལེ་འདིར། །ཞེས་པ་རང་བཞིན་དགའ་བ་བདེ་བའི་ཐིག་ལེ་ཀུན་གྱི་ངོ་བོ་བཅུ་དྲུག་པ་ཆད་པ་དང་མཆོག་དང་མི་མཉམ་མོ། །དེ་བས་ན། མཆོག་རྣམས་གྲུབ་པའི་མངའ་བདག་གོ། །ཞེས་སྨོས་སོ། །འབྱུང་བ་ཀུན་གྱི་ནང་ཡོད་པ། །ཞེས་པ་
ལ་སོགས་པ་སྟེ། ས་དང་ཆུ་དང་མེ་དང་རླུང་ལ་སོགས་པའི་འབྱུང་བའི་ནང་ན་ཡོད་དོ། །སྐུ་ལྔའི་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ་དེ་རྣམས་ཀྱི་བདག་པོ་ཡིན་ནོ། །མཁའ་ལྔའི་བདག་ཉིད་སྐྱེ་མེད་དོ། །ཞེས་པ་ནི་ཤེས་པར་སླའོ། །ནམ་མཁའ་ལྔ་ཡི་ནང་དུ་ཐིམ། །
ཞེས་པ་ནི་ས་དང་ཆུ་དང་མེ་དང་རླུང་དང་རྣམ་པར་ཤེས་པ་དང་ལྔའི་ནང་དུ་བསྡུའོ། །སངས་རྒྱས་ཀུན་གྱིས་ཕྱག་བྱེད་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད་མ་ལུས་པས་བྱེད་པ་ཡིན་ནོ། །དེ་ལྟའི་གསང་ཆེན་ཡེ་ཤེས་ནི། །ཇི་ལྟར་ནོར་བརྐུས་མི་རྙེད་ལྟར། །
འབད་པ་ཡིས་ནི་སྦ་བར་བྱ། །ཞེས་པ་ནི་རྣམ་པར་འབྱེད་པ་དེ་རྟོག་པ་དང་། མི་མཐུན་པ་ཀུན་ཕྱེ་ནས་རང་བཞིན་དགའ་བ་ཤིན་ཏུ་རྙེད་པར་དཀའ་བ་དེ་དབང་ལ་སོགས་པས་ཐོབ་པར་བྱས་ལ་དེ་ནས་སེམས་ལ་བཅང་ངོ་། །ལྷན་ཅིག་སྐྱེས་པའི་དགའ་བའི་སྒྲོན་མ་ལས་ལེའུ་དང་པོའི་
དཀའ་བ་བཀྲལ་བའོ།། །།དང་པོ་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འདིར་ཞུས་སོ། །ལྷའི་དབང་ཕྱུག་གིས་གསོལ་བ་ཞེས་པ་ནི་སྡུད་པའི་ཚིག་གོ། །ཀྱེ་བཅོམ་ལྡན་འདས་ཞེས་པ་ནི་སྙན་པས་བོད་པའོ། །དེ་ཉིད་གསུམ་ལ་སོགས་པ་གསུམ་པོ་ལ་

བཞིར་ཕྱེ་ནས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལྷའི་དབང་ཕྱུག་ལ་སོགས་པའི་འཁོར་ཐམས་ཅད་ཀྱི་ནང་དུ་གསུངས་སོ། །དེ་ཉིད་གསུམ་ནི་སྐུ་གསུང་ཐུགས། །རྡོ་རྗེ་གསུམ་ནི་ཡེ་ཤེས་མཆོག །ཅེས་པ་ནི་སྐུ་རྡོ་རྗེ་རྣམ་
པར་སྣང་མཛད་དེ་མཆོག་གི་དགའ་བ་དང་། སྣང་བ་མཐའ་ཡས་ཆད་པའི་དགའ་བ་རྡོ་རྗེ་གསུང་དང་། རྡོ་རྗེ་སེམས་དཔའ་རང་བཞིན་དགའ་བའི་ཡེ་ཤེས་རྡོ་རྗེའོ། །ཟླ་བ་བདེ་བ་མཆོག་གི་ནང་། །དེ་ནི་ཕུང་པོ་དབང་པོ་ཁམས། །ཞེས་པ་ནི་ཕུང་པོ་ལྔ་ལ་སོགས་པའི་རིགས་ལྔ་ལ་
སོགས་པའི་དེ་བཞིན་གཤེགས་པ་དང་། དབང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། ཁམས་ལ་སོགས་པའི་ལྷ་མོ་ལ་སོགས་པའི་དཀྱིལ་འཁོར་རོ། །ཡང་ན་བ