Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 8

Văn bản gốc(Tây Tạng)

Trang 16 / 22 (50.000 ký tự/trang)
གྱུར་རོ། །མཁའ་འགྲོ་མ་ཐམས་ཅད་སྒྲུབ་པ་པོའི་མངག་གཞུག་བྱེད་པར་འགྱུར་བ་དང་། དེའི་སྦྱོར་བ་འཕྲོག་པར་འགྱུར་རོ་ཞེས་གསུངས་པ་བཞིན། སྔགས་
ཀྱི་ནུས་མཐུ་རྒྱུད་ལ་སོགས་པ་ཀུན་ནས་གསུངས་སོ། །དེ་རྣམས་ཀྱང་ཁྱད་པར་དུ་འཕགས་པའི་མཆོག་ཡིན་ནོ། །སྡེ་ཚན་བརྒྱད་ཀྱི་གཙོ་བོ་ཡིན། །ཞེས་བྱ་བ་ནི། ཨཱ་ལི་དང་ཀཱ་ལི་ཡི་གེ་བཞི་བཅུ་རྩ་དགུའི་གཙོ་བོ་ཨ་ལ་སོགས་པ་བརྒྱད་དོ། །འདི་རྣམས་སྔགས་བཏུ་བའི་གནས་ཡིན་
པའི་ཕྱིར། གཙོ་བོ་གསུངས་པས། ཅིག་ཤོས་ཀྱང་ཞེས་བྱ་བའི་དོན་ཏོ། །རྩ་བའི་སྡེ་ཚན་ཞེས་བྱ་བ་ནི་ཡི་གེ་ཨཱའོ། །གཏོར་མ་གཏང་བ་ནི་ཨ་དང་ལྡན་པའི་སྔགས་ཀྱིས་གཏོར་མ་གཏང་བའོ། །བརྟག་པ་གཉིས་པ་ཇི་བཞིན་ནོ། །ཞེས་བྱ་བ་ནི། ཀྱེའི་རྡོ་རྗེའི་རྒྱུད་བརྟག་པ་གཉིས་པ་

བཞིན་དུ་སྟེ། དེ་ཡང་འདི་ཡིན་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཨདྱཱ་ནུཏྤ་ནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་བྱ་བ་ཡིན་ནོ། །གཞན་རྣམས་གོ་སླའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ལྔ་པའི་བཤད་པའོ།། །།སྔགས་ཀྱི་འོག་ཏུ་མཆོད་
སྦྱིན་འབྱུང་བས་ན། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །མཆོད་སྦྱིན་ནི་ཕྱི་དང་ནང་གི་མཆོད་སྦྱིན་ནོ། །རབ་ནི་ནང་གི་མཆོད་སྦྱིན་དང་ལྡན་པའི་ཕྱིར་རོ། །དེ་ནི་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་བདག་གིས་བཤད་པར་བྱའོ། །གནས་ནི་ཨུ་ཌྱན་དང་། ཛཱ་ལནྡྷ་ར་དང་། པུལླི་ར་
དང་། ཀཱ་མ་རུའོ། །སོགས་པས་ནི་ཉེ་བའི་གནས་ལ་སོགས་པ་རྣམས་སོ། །རིམ་པས་སྦྱོར་ནི་ཕྱིའི་བཞིན་དུ་ནང་ལ་ཡང་མགོ་བོ་དང་། སྤྱི་གཙུག་དང་། སྤྱི་བོ་དང་། སྨིན་མ་ལ་སོགས་པ་རྣམས་ལ་སྦྱར་ཏེ། ནང་གི་དོན་བསྒོམས་པས་ནི། ཕྱིའི་གནས་ལ་སོགས་པར་བགྲོད་མི་
དགོས་པར་འདུས་པའི་བདག་ཉིད་དུ་འགྱུར་རོ། །དེ་དག་གི་དོན་ནི། དེའི་ནང་དུ་གྲུ་གསུམ་གྱི་ཕྱག་རྒྱའི་གྲྭ་ལ། དཔལ་ཨུ་ཌྱན་དང་ཞེས་བྱ་བ་ལ་སོགས་པའི་གནས་སྐབས་བཞིན་ཤེས་པར་བྱའོ། །ཕྱིའི་བགྲོད་མི་དགོས་པར་ནང་གི་ལུས་ལ་འདུས་པ་ཡིན་ན། དེ་གང་ཡིན་ཞེ་ན།
དེའི་དོན་གསུངས་པ་ནི། བསྐྱེད་པའི་བྱེ་བྲག་ཐིགས་པ་གསུམ། །ཞེས་བྱ་བ་ལ་སོགས་པའོ། །བསྐྱེད་པ་ནི་འཁོར་ལོའི་རིམ་པས་བདེ་བའི་ཐིག་ལེ་རྣམས་འབྱུང་ཞིང་སྐྱེད་པའི་མཚན་ཉིད་དོ། །བྱེ་བྲག་ནི་དགའ་བའི་རིམ་པའི་བྱེ་བྲག་སྐྱེད་པའོ། །ཐིགས་པ་གསུམ་ནི། ཐིམ་པ་དང་།
ལོངས་སྤྱོད་དང་དབང་གི་དགའ་བ་རྣམས་སོ། །རྫོགས་པ་ནི། དེ་སྨིན་པའི་རྫོགས་པའི་མཐུ་དང་ལྡན་པའོ། །རིམ་པ་གསུམ་དེ་ལྟར་རོ་ཞེས་བྱ་བ་ནི། བསྐྱེད་པའི་ཐིག་ལེ་ཐིམ་པ་ལ་སོགས་པ་དང་ལྡན་པ་ནི་དེ་བཞིན་དུ་རྫོགས་པའི་རིམ་པ་བཞིན་ནོ། །ཐིག་ལེ་དྲུག་གི་བདག་ཉིད་
བཅས། །ཞེས་པའི་ཐ་ཚིག་གོ། །རྣམ་ཤེས་ལ་སོགས་བྱེ་བྲག་ཏུ། །ཞེས་བྱ་བ་ལ་རྣམ་པར་ཤེས་པ་དང་། སེམས་དང་ཡིད་ཅེས་བྱ་བ་རྣམ་གྲངས་སོ། །སེམས་ཀྱི་གནས་ནི་སྙིང་ཡིན་ནོ། །སོགས་པ་ནི་བདེ་བ་ཆེན་པོའི་བདག་ཉིད་དང་། ལོངས་སྤྱོད་དང་། སྤྲུལ་པའི་

འཁོར་ལོ་དང་། དེ་རྣམས་མཆོད་སྦྱིན་བྱེད་པའོ། །བྱེ་བྲག་ཏུ་ནི་དགའ་བའི་ཁྱད་པར་ཐ་དད་པའི་ནི་བྱེ་བྲག་སྐྱེ་བའི་གནས་སོ། །དེའི་དོན་གསལ་བར་གསུངས་པ་ནི་མཆོད་སྦྱིན་ནི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་མཆོད་སྦྱིན་ནོ། །ཚངས་པ་ནི་བདེ་བའི་ཡེ་ཤེས་ཏེ།
མཆོད་སྦྱིན་ཡང་དེ་ཡིན་ལ་ཚངས་པ་ཡང་དེ་ཡིན་ནོ། །གཡུལ་ས་ཆེ་ཞེས་བྱ་བ་ནི། སྐུའི་འཁོར་ལོའི་བཞུགས་པའི་གནས་ཡིན་ནོ། །ལོངས་སྤྱོད་ཅེས་བྱ་བ་ནི། གསུང་གི་འཁོར་ལོའོ། །རྣམ་པར་ཤེས་པ་དང་ཞེས་བྱ་བ་ནི། ཐུགས་ཀྱི་འཁོར་ལོའོ། །ནམ་མཁར་ཡེ་
ཤེས་ཞེས་བྱ་བ་ནི། འཕོ་བ་ལ་སོགས་པའི་ཡེ་ཤེས་བཅས་པའི་གནས་ནི་སྤྲུལ་པའི་འཁོར་ལོར་རོ། །དེ་བཞིན་ནོ་ཞེས་བྱ་བ་ནི། སྤྲུལ་པའི་འཁོར་ལོའི་ཡེ་ཤེས་དང་ལྡན་པར་གསུངས་པ་དེ་བཞིན་དུ། གཞན་གསུམ་པོ་ཡང་དག་པ་ལ་སོགས་པའི་དངོས་པོ་ལ་སོགས་པ་
གསུམ་དང་སྦྱར་རོ། །སྐུ་བརྒྱད་ཀྱི་ནི་བྱེ་བྲག་ཏུ། །ཞེས་བྱ་བ་ནི། འཁོར་ལོ་བཞིའི་བྱེ་བྲག་གིས་གནས་བརྒྱད་དང་ལྡན་པའི་སྐུ་བརྒྱད་བསྐྱེད་པའི་ཆོ་གའོ། །དངོས་པོ་རྟེན་དང་རྣམ་པར་འབྱེད། །ཅེས་བྱ་བ་ནི། སྐུའི་འཁོར་ལོ་ལ་སོགས་པའི་གཞིའི་གནས་ལ་སོགས་པར་དངོས་པོ་ལ་
སོགས་པའི་མཆོད་སྦྱིན་བྱ་ཞེས་བླ་མའི་མན་ངག་གིས་འཆད་པའོ། །ཇི་བཞིན་འདོད་པ་སྡུད་པ་ནི། །ཞེས་བྱ་བ་ནི། བསྐྱེད་པ་དང་རྫོགས་པའི་ཐིག་ལེ་བསྟན་པ་བཞིན་དུ། བདེ་བའི་བྱང་ཆུབ་ཀྱི་སེམས་འདི་ཡང་དེ་བཞིན་ནོ། །མཆོད་སྦྱིན་རྣལ་འབྱོར་མ་དཀྱིལ་འཁོར། །ཞེས་བྱ་བ་ནི།
འཁོར་ལོ་བཞིའི་རྩའི་དཀྱིལ་འཁོར་ནི་མཁའ་འགྲོ་མའི་དཀྱིལ་འཁོར་འདོད་པའི་བདེ་བ་དང་བཅས་པའི་ངོ་བོ་སྟེ། མཆོག་གི་དགའ་བའི་མཚན་ཉིད་དུ་འགྱུར་རོ། །ཕྱིའི་གནས་ཤེས་པས་ནང་གི་གནས་ལ་འཇུག་པར་འགྱུར་བའི་ཕྱིར། དེ་གསུངས་པ་སྟེ། ཨུ་ཌྱན་ལ་སོགས་གནས་
སུ་ནི། །ཞེས་བྱ་བ་ནི། མཁའ་འགྲོ་མ་འདུ་བའི་གནས་ནི་ཨུ་ཌྱན་དང་། ཛཱ་ལནྡྷ་ར་དང་། པུལླི་ར་དང་། ཀཱ་མ་རཱུ་དང་། མ་ལ་ཡ་དང་། སིནྡྷུ་དང་། ནག་ར་དང་། སིངྒ་ལ་དང་། མུ་མུ་ནི་དང་། དེ་བི་ཀོ་ཊཱི་དང་། ཀོ་ལུ་ད་དང་། ཨརྦུ་ད་དང་། ཧ་རི་ཀེ་ལ་དང་། ཀོ་ཊ་པ་དང་། ལམྦ་ཀ་དང་།

ཀཱཉྩི་དང་། ལས་ཀྱི་ཡུལ་དང་། གསེར་གྱི་གླིང་དང་། ཀོངྒ་ན་དང་། བི་ད་ར་དང་། ཡིད་དགས་འདུས་པ་དང་། རྒྱ་མཚོའི་ངོགས་དང་། ཙ་རི་ཏ་དང་། གཞོན་ནུའི་གྲོང་ཁྱེར་དང་། ཀསྨ་རི་དང་། ཀེ་ར་ཏ་དང་། ནེ་པ་ལེ་དང་། ཀར་ནུ་ཛ་དང་། ས་བླ་དང་། ས་སྟེང་དང་། ས་འོག་དང་།
རི་རབ་རྩེ་དང་། ཤར་གྱི་ལུས་འཕགས་དང་། བྱང་གི་སྒྲ་མི་སྙན་དང་། ནུབ་ཀྱི་བ་ལང་སྤྱོད་དང་། ལྷོའི་འཛམ་བུ་གླིང་དང་དེ་རྣམས་སོ། །ལེགས་དགྱེས་ལ་སོགས་ལྷ་མོ་ཀུན། །ཞེས་པ་ནི། ལྷ་མོ་ལེགས་དགྱེས་རྡོ་རྗེ་མ་དང་། རྡོ་རྗེ་མཆེ་བ་མ་དང་། རྡོ་རྗེ་གླང་ཆེན་མ་དང་། འཇིགས་
མ་དང་། དཔའ་མོ་ལ་སོགས་པའི་ལྷ་མོ་རྣམས་སོ། །ཀཱ་ལི་ཞེས་པ་ལ་སོགས་པ་ནི་བླ་མའི་ཁ་ལས་ཤེས་པར་བྱའོ། །སེམས་ཅན་སེམས་ཀྱི་བྱེ་བྲག་ཏུ། །ཞེས་བྱ་བ་ནི། འགྲོ་བའི་བསམ་པ་ཐ་དད་པའི་དབང་གིས། སངས་རྒྱས་རྣམས་ཀྱི་དགོངས་པ་ཡང་དེ་བཞིན་དུ་མཛད་པ་ཡིན་
ནོ། །དེ་བས་ན། སྣ་ཚོགས་ཐབས་ནི་རབ་ཏུ་བཤད། །ཅེས་གསུངས་སོ། །མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཉིད་ཀྱི་སྐུའི་གཟུགས་ཇི་ལྟར་འཐད་པ་
བཞིན་དུ་མཛད་ནས་ཐབས་རྣམ་པ་སྣ་ཚོགས་པའི་སྒོ་ནས་ཆོས་སྟོན་པ་དང་། སྤྲུལ་པའི་སྐུའི་གནས་སྐབས་སུ། སེམས་ཅན་རྣམས་ལ་གཟིགས་ཏེ། འདུལ་བའི་ཐབས་ལ་སོགས་པ་ཚུལ་རྣམ་པ་བཞི་གསུངས་ཏེ། ཁ་ཅིག་རྣམས་ལ་འདུལ་བའི་ཐབས། །ཞེས་བྱ་བ་ལ་སོགས་པ་ལ།
ཁ་ཅིག་རྣམས་ནི་སེམས་ཅན་འདོད་ཆགས་དང་བྲལ་བའི་ལམ་ལ་ཁྱད་པར་དུ་མོས་པ་རྣམས་ལ་ཆོས་བསྟན་པ། འདུལ་བའི་ཐབས་ནི་གདུལ་བྱ་དེ་རྣམས་ཀྱི་དོན་དུའོ། །ཁ་ཅིག་རྣམས་ལ་མདོ་སྡེ་ནི། །ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་མདོ་སྡེ་དང་དེ་ལས་གཞན་པའོ། །ཐེག་པ་ཆེན་པོ་ནི་
སྦྱིན་པ་དང་། །ཚུལ་ཁྲིམས་ལ་སོགས་པའི་ལམ་ལ་ཞུགས་པ་ཡིན་ལ། གཞན་མ་ནི་སྦྱིན་པ་ལ་སོགས་པ་བྱ་བའི་ལམ་ལ་མ་ཞུགས་པའོ། །ལ་ལ་ཕ་རོལ་ཕྱིན་པའི་ལམ། །ཞེས་བྱ་བ་ནི། ས་དང་ཕ་རོལ་ཕྱིན་པའི་སྒོ་ནས་སྤྱོད་པ་སྟེ། སྦྱིན་པ་ལ་སོགས་པའི་བྱ་བ་རྣམས་སོ། །ཁ་

ཅིག་ལ་ནི་སྔགས་ཀྱང་མཆོག །ཅེས་བྱ་བ་ནི། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་མའི་སྤྱོད་པ་ནི་སྔགས་སོ། །ས་དང་ཕ་རོལ་ཏུ་ཕྱིན་པ་ལས་མཆོག་ཏུ་གྱུར་པའི་ཕྱིར་ན་མཆོག་གོ། །རབ་འབྲིང་ཐ་མའི་བྱེ་བྲག་ཏུ། །ཞེས་བྱ་བ་ནི། རབ་རྣམས་
ལ་ནི་སྔགས་ཀྱི་ཐེག་པ་གསུངས་སོ། །འབྲིང་རྣམས་ལ་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཆོས་གསུངས་སོ། །ཐ་མ་རྣམས་ལ་ནི་ཤེས་རབ་དམན་པའི་ཕྱིར། བདེན་པ་བཞི་གསུངས་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས། གང་ཞིག་དགེ་སློང་དངོས་གནས་དང་། །གང་ཡང་
རྟོགས་པ་དགའ་བའི་མི། །གང་ཞིག་རྒན་པོར་གནས་པ་ལ། །དེ་ལ་དེ་ཉིད་མི་བསྟན་ནོ། །ཞེས་གསུངས་སོ། །ཐར་པར་འགྲོ་བའི་ཐབས་ཡིན་ནོ། །ཞེས་བྱ་བ་ནི། སྣ་ཚོགས་པའི་ཐབས་དེ་རྣམས་སོ། །དེ་ཡང་འཁོར་བའི་རྣམ་པར་རྟོགས་པས་བཅིངས་པ་ལས་ངེས་
པར་གྲོལ་བའི་ཕྱིར་ཐར་པའོ། །དེར་འགྲོ་བའི་ཐབས་ཐེག་པ་གསུམ་པོ་ལ་ཡོད་པའི་ཕྱིར་ཐར་པར་འགྲོ་བའི་ཐབས་ཡིན་པའོ། །རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་རྣམས་ཀྱི་གཉེན་པོ་སྡུག་བསྔལ་ལ་སོགས་པའི་འཕགས་པའི་བདེན་པ་བསྒོམས་པས། འདོད་ཆགས་དང་བྲལ་
བ་མངོན་དུ་བྱས་ནས་རྟོགས་པར་བྱེད་ཅིང་། དུས་ཕྱི་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ནས་བསྐལ་པ་གྲངས་མེད་པ་བཞིས་སངས་རྒྱས་ཉིད་རྫོགས་པར་བྱེད་པར་འགྱུར་རོ། །ཡང་མངོན་པར་རྫོགས་པས་ས་དང་ཕ་རོལ་ཏུ་ཕྱིན་པས་མ་ལུས་པའི་
བསོད་ནམས་ཀྱི་ཚོགས་ཉིད་སྦྱིན་པ་ལ་སོགས་པའི་ཐབས་ལ་བསླབས་པའི་ཕྱིར་ན། བསྐལ་པ་གསུམ་གྱི་སངས་རྒྱས་ནི། །ཞེས་གསུངས་སོ། །དེ་ལ་བསྐལ་པ་གསུམ་ཞེས་བྱ་བ་ལ་སོགས་པ་ལ་བསྐལ་པ་གྲངས་མེད་པ་གསུམ་ན་འཚང་རྒྱའོ། །ཐེག་པ་ཀུན་གྱི་བློ་གྲོས་ཆེ། །ཞེས་བྱ་བ་
ནི། ཐེག་པ་ཆེན་པོ་ནི་དམིགས་པ་དང་། བསྒྲུབ་པ་དང་། ཐབས་དང་། བརྩོན་འགྲུས་དང་། ཡེ་ཤེས་དང་། ཀུན་ནས་དང་། ལམ་ཆེན་པོ་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ཀྱི་ངོ་བོ་

ཉིད་དོ། །དེ་ལས་ཀྱང་ཁྱད་པར་དུ་འགྱུར་བ་ནི། རྡོ་རྗེ་ཐེག་པ་ཆེན་པོ་སྟེ། ཚེ་འདི་ཉིད་ལ་སངས་རྒྱས་པའོ། །དེ་བས་ན། སྔགས་ཐེག་མོས་ལ་དེ་ལྟར་མིན། །ཞེས་གསུངས་སོ། །དེ་ལ་སྔགས་ཐེག་ནི། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གསུམ་གྱིས་ནི་དེ་ལྟ་མིན་ཏེ། བསྒོམས་
པའི་སྟོབས་རྫོགས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་ཉིད་ཀྱིས་ནི། བསྒོམ་པ་ལ་མཆོག་ཏུ་གཞོལ་བའི་ཕྱིར། དུས་ངེས་པ་མེད་པས། སངས་རྒྱས་ཉིད་རྫོགས་པར་བྱེད་པ་ཡིན་ནོ། །རྣལ་འབྱོར་བླ་མ་ནི་རྫོགས་རིམ་བསྒོམ་པའི་སྟོབས་ཀྱིས་ཚེ་གཅིག་གིས་
སངས་རྒྱས་པ་ཉིད་ཡིན་ནོ། །དེའི་དོན་ནི་ཐབས་དང་། ཤེས་རབ་གཉིས་སུ་མེད་པའི་རྣམ་པར་རྒྱལ་བའི་རྒྱུད་ལས་ཀྱང་། བསྐྱེད་པའི་རིམ་པར་ལྡན་པ་ཡིས། །དུས་ནི་ངེས་པ་མེད་པས་འགྲུབ། །རྫོགས་པའི་དོན་གྱི་རྣལ་འབྱོར་ལ། །ཚེ་གཅིག་ཏུ་ནི་སངས་རྒྱས་འགྲུབ། །ཅེས་
གསུངས་པ་དང་། ཡང་སློབ་དཔོན་པདྨའི་རྡོ་རྗེས་མཛད་པ་ལས་ཀྱང་། དེ་ཉིད་ལམ་ལ་འཇུག་རྣམས་ཀྱི། །རྣལ་འབྱོར་པ་རྣམས་ཐམས་ཅད་ནི། །ཐབས་དང་ལྡན་པའི་སྦྱོར་བ་ཡིས། །དེ་རྣམས་དངོས་གྲུབ་གཞན་དུ་མིན། །བསྐྱེད་པའི་རིམ་པའི་ལམ་གྱིས་ནི། །གཞན་དུ་ཡང་ནི་
འགྱུར་བ་སྟེ། །སྐྱེ་བ་དུ་མའི་བར་གྱིས་འགྲུབ། །འདིར་ནི་གཅིག་ཏུ་འགྲུབ་པར་འགྱུར། །དེ་ལྟར་ངེས་པར་ཤེས་བྱ་ཡི། །ཤེས་རབ་ཐབས་ཀྱིས་རྣམ་པར་བསྒོམ། །ཞེས་གསུངས་སོ། །རྣལ་འབྱོར་མ་ཁྱོད་སྨོས་ཅི་དགོས། །ཞེས་བྱ་བ་ནི་རྣལ་འབྱོར་ཕའི་རྒྱུད་ནས་རྩའི་མན་ངག་
ཤས་ཆུང་ལ། མ་རྒྱུད་ནས་ཤས་ཆེ་བ་དང་། དེ་བཞིན་དུ་རྣལ་འབྱོར་ཕའི་ཡེ་ཤེས་སྐྱེ་བ་བུལ་ལ། རྣལ་འབྱོར་མའི་མྱུར་བའི་དཔེས་སོ། །དེ་སྐད་དུ་ལུང་ལས་ཀྱང་། རྣལ་འབྱོར་མ་རྣམས་རྙེད་མི་དཀའ། །རྣལ་འབྱོར་ཅུང་ཟད་རྙེད་དཀའ་བ། །ཐབས་ནི་རབ་ཀྱིས་རྙེད་འགྱུར་ཏེ། །
ཐབས་རབ་མིན་ན་ནམ་ཡང་མིན། །ཞེས་གསུངས་སོ། །དེའི་ཕྱིར་ཁྱད་པར་ཡོད་པ་ཡིན་ནོ། །ཚེ་འདི་ལ་ནི་སངས་རྒྱས་སོ། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ལྔ་ནི་གོ་སླ་བས་མ་བཤད་དོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་

ལེའུ་དྲུག་པའི་བཤད་པའོ།། །།དེ་ནས་མཆོད་པའི་ཆོ་ག་ནི། །ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི། བར་མ་ཆད་པའི་ཚིག་ཡིན་ཏེ། མཆོད་པ་ནི་མེ་ཏོག་ལ་སོགས་པའོ། །ཆོ་ག་ནི་མཆོད་བྱ་དང་། མཆོད་བྱེད་དང་། མཆོད་རྫས་ལ་
སོགས་པའི་ཆོ་ག་རྫོགས་པའོ། །སྡིག་པ་ནི་དགེ་བ་མ་ཡིན་པའི་གློ་བུར་བའི་འོ། །ཐམས་ཅད་ནི་འདོད་ཆགས་ལ་སོགས་པའི་རྟོག་པའི་མཚན་ཉིད་ཐམས་ཅད་འཁོར་བའི་རྒྱུའོ། །འཇིག་བྱེད་པ་ནི་མཆོད་པའི་ཆོ་གའི་འབྲས་བུ་དེ་ཁོ་ན་ཉིད་ཀྱིས་གློ་བུར་བའི་དྲི་མ་དག་པའི་
ཕྱིར། འཇིག་པར་བྱེད་པའོ། །ཡིད་འཕྲོག་ཅེས་བྱ་བ་ལ་སོགས་པ་ནི། ངེས་པར་བསྟན་པའི་གནས་སྐབས་ཀྱིས་ཤེས་པར་འགྱུར་རོ། །བྱང་ཆུབ་སེམས་འབྱུང་མཆོད་པ་ཡིས། །ཞེས་བྱ་བ་ལ་སོགས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་རྒྱུར་འགྱུར་བའི་ཕྱིར་
བྱང་ཆུབ་སེམས་ཡིན་ནོ། །དེ་བྲལ་བ་ལ་སོགས་པའི་བདག་ཉིད་ཀྱི་གནས་རྣམས་སུ་འབབ་པ་ནི་འབྱུང་བའོ། །མཆོད་པས་ཞེས་པ་ནི། མཆོད་པའི་ཆོ་ག་རྫོགས་པར་བྱེད་པའི་ཕྱིར་མཆོད་པའོ། །ཡར་ངོ་ནི་མཆོད་སྦྱིན་ཡིན་ཏེ་སྔར་བསྟན་པའོ། །མར་ངོ་ནི་མཆོད་པའི་
ཆོ་ག་ཡིན་ནོ། །བྱེ་བྲག་ནི་ཐ་དད་པའི་དངོས་པོའི་མཚན་ཉིད་དོ། །ཤེས་རབ་ནི་མཆོད་པའི་མཚན་ཉིད་དོ། །དེ་བཞིན་དུ་མཆོད་སྦྱིན་གྱི་མཚན་ཉིད་ཐབས་སོ། །སྦྱོར་བ་ནི་རོ་གཅིག་པའི་ངོ་བོ་མཆོག་གི་དགའ་བར་རོ། །མཆོད་པའི་མཚན་ཉིད་ནི་ཆད་པའི་དགའ་བའོ། །མཆོད་སྦྱིན་
གྱི་མཚན་ཉིད་ནི་མཆོག་གི་དགའ་བའོ། །རོ་གཅིག་པ་ནི་རང་བཞིན་གྱི་དགའ་བའོ། །དེ་དག་ལས་དེ་ཁོ་ན་ཉིད་རྙེད་པར་འགྱུར་བ་ཡིན་ནོ། །སྐུ་གསུམ་ཡེ་ཤེས་དཀྱིལ་འཁོར་ནི། །ཞེས་བྱ་བ་ནི། ཆོས་ཀྱི་སྐུ་ལ་སོགས་པའི་གསུམ་པོ་ནི། ཐིམ་པ་དང་། ལོངས་སྤྱོད་དང་། དབང་གསུམ་གྱི་ཡེ་ཤེས་དགའ་བ་རྣམས་
ཀྱི་བདག་ཉིད་ཡིན་ནོ། །ཚེས་ནི་མར་ངོའི་བཅུ་དྲུག་ནས་བགྲངས་པའི་ཚེས་སོ། །ཡི་གེ་ནི་ཨཱ་ལིའི་ཡི་གེ་བཅུ་དྲུག་གོ། །སྔགས་ནི་སེམས་སྲུང་བར་བྱེད་པའི་ཕྱིར་རོ། །རི་བོང་ཅན་ནི་ཟླ་བ་དང་ལྡན་པའི་དོན་དུ་གནས་པའོ། །འཕེལ་བར་འགྱུར་བ་ནི། སྐྱེ་ཞིང་འཕེལ་བར་རྫོགས་པའི་ཐ་ཚིག་གོ། །ཐིག་ལེ་ནི་

བདེ་བའི་བྱང་ཆུབ་ཀྱི་ཐིག་ལེ་བཅོ་ལྔ་དང་ལྡན་ནོ། །མཁའ་ནི་རྩ་གནས་ཀྱི་གཙོ་བོ་དང་བཅས་པའོ། །འགོག་པ་ནི་རྫོགས་པར་བྱེད་པའི་ངོ་བོ་དེ་མཉམ་པའི་རོར་གྱུར་པའོ། །ཅིའི་ཕྱིར་ཞེ་ན། འགོག་པ་ཡིས་ཞེས་གསུངས་པའི་གཏན་ཚིགས་དང་ལྡན་པ་ཡིན་ནོ། །
རང་བཞིན་ནི་གཉིས་སུ་མེད་པའི་དོན་དེ་ཁོ་ན་ཉིད་དོ། །འབྱུང་བར་འགྱུར་བ་ནི། ཐབས་དང་ཤེས་རབ་སྦྱོར་བའི་དོན་གྱིས་འབྱུང་བའོ། །ཐིག་ལེའི་རང་བཞིན་ཡེ་ཤེས་ཏེ། །ཞེས་འབྱུང་བ་ནི། བྱང་ཆུབ་སེམས་བདེ་བའི་ཐིག་ལེའི་བདག་ཉིད་རང་བཞིན་དགའ་བའི་ཡེ་ཤེས་ཏེ།
སྔོན་དང་། ཕྱི་མ་དང་། ད་ལྟར་དང་། གཟུང་བ་དང་། འཛིན་པ་ལ་སོགས་པ་ཐམས་ཅད་དང་རང་བཞིན་གྱིས་བྲལ་བ་མཉམ་པ་ཉིད་དོ། །སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་དོ། །ཡང་ཞེས་བྱ་བའི་སྒྲས་ནི། སངས་རྒྱས་ཀྱིས་ཀྱང་མི་རྙེད་ན། །
གཞན་རྣམས་ཀྱིས་ནི་རྙེད་པ་ཧ་ཅང་ཆེས་ཞེས་པའི་དོན་ཏོ། །རྙེད་པར་དཀའ་བ་ནི། དོན་དམ་པ་སོ་སོ་རང་རིག་པ་དེའི་མཚན་ཉིད་འདི་ནི། ཚིག་དང་ཡི་གེའི་རྣམ་པར་རྟོག་པའི་ཡུལ་ལས་འདས་པའི་རང་བཞིན་ནོ། །ཅིའི་ཕྱིར་ཞེ་ན། བསྟན་པ་ཐམས་ཅད་ནི་ཀུན་རྫོབ་ཡིན་
ཏེ། དཔེར་ན་དམྱལ་བའི་སྡུག་བསྔལ་བསྟན་པ་ན། དེ་ཐོས་པས་ཉམས་སུ་མི་མྱོང་བ་བཞིན་ནོ། །དེ་སྐད་དུ་ཡེ་ཤེས་མཉམ་པའི་རྒྱུད་ལས་ཀྱང་། སྤྲོས་པ་མེད་པའི་མཆོག་ཉིད་ནི། །སངས་རྒྱས་ལ་སོགས་ཀུན་གྱིས་ཀྱང་། །དེ་ཡི་ཚད་མ་བརྗོད་པ་མེད། །ཇི་སྙེད་བརྗོད་
པ་ཀུན་རྫོབ་ཡིན། །ཞེས་གསུངས་སོ། །བདག་གི་བཀའ་དྲིན་རང་བཞིན་མྱུར། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་མན་ངག་བཀའ་སྩལ་པའི་དྲིན་གྱིས་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ཀྱི་རང་བཞིན་དོན་མྱུར་དུ་འཐོབ་པར་འགྱུར་རོ། །ཐེ་ཚོམ་མེད་པར་རྙེད་པ་
ཡིན། །ཞེས་བྱ་བ་ནི། ཡིད་གཉིས་ཀྱི་སེམས་མ་ཡིན་ཞེས་བྱ་བ་སྟེ། ངེས་པར་ཟུང་ཤིག་ཅེས་པའི་དོན་ཏོ། །བླུན་པོ་གང་གིས་ཞེས་པ་ནི། ཤེས་རབ་དམན་པའི་བྱིས་པ་ལ་སོགས་པ་རྣམས་སོ། །བདག་ཅེས་བྱ་བ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོས་

ཐམས་ཅད་ལ་ཁྱབ་ཀྱང་མཐོང་བ་མ་ཡིན་ནོ། །མི་ཤེས་པ་ནི་རྟོགས་པར་དཀའ་བའི་ཕྱིར་རོ། །ཅིའི་ཕྱིར་བླུན་པོ་རྣམས་ཀྱིས་མི་ཤེས་ཤེ་ན། དེའི་དོན་གསུངས་པ་ནི་འདི་ཡིན་ཏེ། བསམ་གཏན་རགས་ལ་རྟག་མོས་པ། །ཞེས་བྱ་བ་དང་། དངོས་པོ་རྟོག་པ་
ལ་ཞེན་པའི་ཕྱིར་བསམ་གཏན་རགས་པ་ཡིན་ནོ། །དེའི་རྣམ་པ་ལ་དགའ་ཞིང་འདུན་པས་ན་རྟག་མོས་པ་ཞེས་བྱ་བའོ། །དེ་རྣམས་ཀུན་ནི་འགྲུབ་པ་མེད། །ལྷ་ཡི་དབང་ཕྱུག་བདེན་པའོ། །ཞེས་བྱ་བ་ནི། བསམ་གཏན་རགས་པའི་རྟོག་པ་ཅན་ཀུན་གྱིས་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་མི་འགྲུབ་པ་བདེན་པ་ཁོ་ནའོ་ཞེས་སྡུད་པ་པོ་ལ་གསུངས་པའི་དོན་ཏོ། །ཤེས་རབ་དང་ཐབས་ཀྱི་རོས་ཐམས་ཅད་ལ་ཁྱབ་པ་མི་མཐོང་བ་དེ་གང་ཡིན་སྙམ་པ་ལ། དེའི་དོན་ཚིགས་སུ་བཅད་པ་གསུམ་གྱིས་སྟོན་ཏེ། ས་ཀུན་དབང་ཕྱུག་གི་བདག་པོ། །ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། ས་ཀུན་ནི་ས་བཅུ་དྲུག་གནས་པའོ། །དེ་རྣམས་ལ་དབང་བའི་ཕྱིར་དབང་ཕྱུག་ཀྱང་ཡིན་ལ། བདག་པོ་ཡིན་ཏེ་ཀུན་གྱིས་བདག་པོ་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་སྤྲོས་པ་དང་བྲལ་བ་འབྲས་བུ་ཞེས་བྱ་བའོ། །དེ་ཉིད་གཞན་ལ་རག་
མ་ལས་པར་བདག་རང་ལ་མངའ་བས་མངའ་བདག་གོ། །དེ་ཉིད་ནི་ས་ཀུན་གྱི་ཡོན་ཏན་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མི་ཐུབ་པའི་ཕྱིར་རྒྱལ་པོའོ། །དེ་ཉིད་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་སྐྱོན་གྱིས་མ་གོས་པའི་ཕྱིར་བདག་ཉིད་དོ། །དེ་ཉིད་དེ་
བདག་ལ་ཁྱབ་པའི་ཕྱིར། ཀུན་ནས་བདག་གོ། །དེ་ཉིད་ནི་དེ་དག་གི་མཐའ་ལ་མི་གནས་པའི་ཕྱིར། ཐམས་ཅད་ལ་རྟག་ཏུ་སྟོང་ཞེས་བྱ་སྟེ། ཆོས་ཐམས་ཅད་ལ་ཁྱབ་པ་ཐ་མའི་མཐར་ཐུག་པ་ཇི་སྲིད་དུ་རྒྱུན་མི་འཆད་པར་བཞུགས་པའི་ཕྱིར། རྟག་ཏུ་སྟོང་པ་དངོས་པོ་དང་བྲལ་བའོ། །
དེ་ཉིད་བསྒྲུབ་བྱ་ཡིན་པའི་ཕྱིར། །ཀུན་གྱིས་མཆོད་ཅིང་ཕྱག་མཛད་པའི་གནས་སོ། །དེ་ཉིད་སྒྱུ་མ་ལྟ་བུའི་ཤེས་རབ་དང་། ཐབས་ལས་བྱུང་བའི་ཕྱིར། ཤེས་རབ་དང་ཐབས་ཀྱི་རང་བཞིན་དུ་གྲགས་པའོ། །དེ་ཉིད་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་དབང་བྱེད་པས་ན།

འགྲོ་མེད་འགྲོ་ལ་བདག་ཉིད་རོལ་ལོ། །དེ་ཉིད་ནི་འཇིག་རྟེན་པ་དང་། བསྟན་བཅོས་ལ་གྲགས་པའི་ནམ་མཁའ་ལས་མཆོག་ཏུ་གྱུར་པས་ན། མཆོག་གི་ནམ་མཁའོ། །མཐའ་གཉིས་གྲོལ་བས་ན་མཐའ་མེད་པ་ཉིད་དོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་དངོས་པོ་ནི་དོན་
དམ་པར་མེད་པས་ན། མངོན་སུམ་དུ་བྱ་བའི་ཡེ་ཤེས་དེ་ཡང་རྣམ་པར་རྟོག་པའི་ཤེས་པ་ཡིན་ཏེ། སྐྲའི་རྩེ་མོ་འབུམ་གྱི་ཆ་ཙམ་ཡང་དམིགས་སུ་མེད་པའི་ཕྱིར། མཚན་ཉིད་དང་བྲལ་གནས་དང་བྲལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅོམ་ལྡན་འདས་ཀྱི་བཀའ་དྲིན་གྱི་
མན་ངག་གང་ཡིན་སྙམ་པ་ལ། ཆོས་དང་ལོངས་སྤྱོད་དག་གི་མཐའ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཆོས་ནི་ཐུགས་ཀྱི་འཁོར་ལོའོ། །ལོངས་སྤྱོད་ནི་གསུང་གི་འཁོར་ལོའོ། །བདག་ནི་ཡེ་ཤེས་ཀྱི་འཁོར་ལོའོ། །མཐའ་ནི་སྐུའི་འཁོར་ལོའོ། །དེ་རྣམས་ཀྱི་དོན་ནི་དགའ་
བ་རྣམས་དང་ཡང་སྦྱར་བར་བྱ་བ་ཡིན་ནོ། །ཡེ་ཤེས་རྣམ་ཤེས་ངོ་བོ་བདག །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བདུན་པའི་བཤད་པའོ།། །།ད་ནི་སྡིག་པ་དང་བྲལ་བས་དངོས་གྲུབ་
རྣམ་གཉིས་འགྲུབ་པའི་ཕྱིར། སྦྱིན་སྲེག་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །ཕྲིན་ལས་རྣམས་བཞི་བཤད་པ་ནི། ཞི་བ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཚེ་བརྡ་ཡིས་བསྟན་པ་ནི། །རྒྱ་མཚོ་མེ་དང་མིག་ཟླ་ལ། །ཞེས་བྱ་བ་ལ། མེའི་ལྷ་སྤྱན་འདྲེན་པ་ནི།
ལག་པས་བསྐོར་ཞིང་མཛུབ་མོས་གཡོབ་པ་སྟེ། དེའི་ཕྱིར་མཛུབ་མོ་དང་། རྒྱ་མཚོ་ལ་སོགས་པའི་བརྡ་བཤད་དོ། །དེ་ལ་རྒྱ་མཚོ་བདུན་དུ་གྲགས་པས་རྒྱས་པའི་ཁ་ཁྱེར་དང་། ཟབས་སུ་བསྒྲེས་ལ། མཛུབ་བདུན་ནོ། །མེ་ནི་མེ་ལྷ་བདུན་ཞེས་གྲགས་པས། དབང་གི་ཡང་
མཛུབ་བདུན་གྱི་གནས་སྐབས་ཀྱི་ཁ་ཁྱེར་དང་ཤུལ་དང་ཟབས་སུའོ། །མིག་ནི་མེ་ལྷ་སྤྱན་གསུམ་པར་གྲགས་པས་དྲག་པོའི་ཁ་ཁྱེར་ལ་མཛུབ་གཉིས་ཟབས་སུ་བརྩིག་གོ། །ཟླ་བ་ནི་དུས་བཞི་ཟླ་བར་གྲགས་པས་ཞི་བའི་ཁ་ཁྱེར་ལ་མཛུབ་གཉིས་དང་། གཅིག་གི་སུམ་གཉིས། །

ཟབས་སུ་གཅིག་དང་སུམ་ཆའོ། །ལྷ་ཡི་དབང་ཕྱུག་ཚད་ཡིན་ནོ། །ཞེས་བྱ་བ་ནི། དེ་རྣམས་ཐབ་ཁུང་གི་ཚད་ཡིན་པའོ། །གཞན་མ་ཀུན་གྱི་རིམ་པས་གཅིག །ཅེས་བྱ་བ་ནི། དགུག་པ་དང་བསྐྲད་པ་དང་དབྱེ་བ་དང་། མནན་པ་དང་། བཅིང་བ་ལ་སོགས་པ་ཡང་
བཞི་པོ་དང་གཅིག་པའོ། །དེའི་ཕྱིར། སྔར་གྲུབ་ཀྱིས་ནི་གཞན་མ་གྲུབ། །ཅེས་གསུངས་སོ། །དམ་ཚིག་སེམས་དཔའི་རིམ་པ་ལ་སོགས་པའི་དོན་བསྟན་པ་ཧོམ་ཁུང་ཞེས་བྱ་བ་ལ་སོགས་པའོ། །ཡོ་བྱད་ཀྱི་རིམ་པ་ལ་སོགས་པ། མཁས་པ་ཡིས་ནི་ཞེས་བྱ་བ་ལ་སོགས་
པའོ། །རྣལ་འབྱོར་པ་སྒྲུབ་པ་པོའི་མཚན་ཉིད་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་གསུངས་པ། སྒྲུབ་པའི་དབང་པོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྒྲུབ་པའི་དབང་པོ་ནི་བསྒྲུབ་པའི་བདག་པོའི་དོན་ཡིན་ནོ། །ཐིག་ལེའི་དོན་ནི་མཆོག་གི་དགའ་བའོ། །ཚུལ་ནི་དགའ་
བའོ། །ཡེ་ཤེས་ནི་རང་བཞིན་དགའ་བའོ། །བྱེ་བྲག་ནི་དགའ་བ་བཞིའི་མཚན་ཉིད་དེ། ཆད་པའི་དགའ་བ་དང་བཅས་པའི་ཤེས་པ་བསྒྲུབ་པའོ། །རིན་ཆེན་རིགས་ནི་དེ་བཞིན་གཤེགས་པའི་རིགས་ཡིན་ནོ། །གཞན་ན་རེ་གང་ཟག་རིན་པོ་ཆེའི་རིགས་སུ་ངེས་ཏེ། སློབ་
མ་ལ་བཤད་པའི་སྐབས་སོ་ཞེས་ཟེར་རོ། །ད་ནི་དེའི་ཕྱག་རྒྱ་ཚིགས་བཅད་གཉིས་ཀྱིས་གསུངས་ཏེ། རིགས་ལྔའི་གཞོན་ནུ་མ་ནི་ལྔ་ཞེས་བྱ་བ་ལ་སོགས་པའོ། །ཐོད་པ་མ་སྲིང་མོའི་བདག་ཉིད་ཀྱིས་སངས་རྒྱས་སྤྱན་དུ་བསྒོམ་པ་ཡིན་ཏེ་ཞི་བའི་ལས་བྱའོ། །བཙོ་བླག་མཁན་
མའི་བདག་ཉིད་ཀྱིས་རྒྱས་པའི་ལས་བྱའོ། །གཏུམ་མོ་སྒྱུག་མོའི་བདག་ཉིད་ཀྱིས་དབང་གིས་ལས་བྱའོ། །ཌོམྦི་ཆུང་མའི་བདག་ཉིད་ཀྱིས་དྲག་པོ་ལའོ། །གར་མཁན་བུ་མོའི་ནི་བདག་ཉིད་ཀྱིས་ལས་སྣ་ཚོགས་པའོ། །དེ་རྣམས་ནི་རིགས་ལྔའོ། །འཁོར་ལོ་བཅུ་
དྲུག་ལ་སོགས་པ་དང་ལྡན་པའི་གཞོན་ནུ་མ་རྣམས་སོ། །སྦྱིན་སྲེག་ལས་ནི་དོན་བསྒྲུབ་ཕྱིར། །ཞེས་བྱ་བ་ནི། སྦྱིན་སྲེག་ཕྱིའི་ལས་ཀྱི་དོན་ནང་ལ་སོགས་པའི་སྦྱིན་སྲེག་གི་དེ་ཁོ་ན་ཉིད་ཀྱི་དོན་བསྒྲུབ་པས་ནི་གཞན་རྣམས་ཀྱང་འགྲུབ་པར་འགྱུར་རོ། །དོན་ཆེན་པོ་དེ་ནས་

དེའི་ཕྱིར། རིགས་ངན་མོ་ནི་འཇུག་པར་བྱ། །ཞེས་གསུངས་སོ། །དེ་རྣམས་ཀྱི་དོན་ཇི་ལྟར་སྒྲུབ་སྙམ་པ་ལ། དོན་བསྒྲུབ་པའི་དོན་གསུངས་ཏེ། ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཕྱེད་དང་གཉིས་སོ། །འོ་ན་དོན་གྱི་འབྲས་བུ་གང་ཡིན་ཞེ་ན།
དེའི་འབྲས་བུ་བསྟན་པ་འདི་ཡིན་ཏེ། དོན་དམ་དུ་ནི་ཕྱི་དོན་མིན། །ཞེས་བྱ་བ་ལ་སོགས་པའོ། །ད་ནི་ཀུན་རྫོབ་གྱི་དོན་དམ་པའི་དེ་ཉིད་རྙེད་པ་བཤད་དེ། ཀུན་རྫོབ་རྣམ་པའི་གཟུགས་སུ་ནི། །ཞེས་བྱ་བ་ལ་སོགས་པའོ། །ཀུན་རྫོབ་རྣམ་པའི་གཟུགས་ནི། རྣལ་འབྱོར་པ་
དང་། ཕྱག་རྒྱ་གཉིས་ལྷའི་གཟུགས་སྒྱུ་མའི་བདག་ཉིད་དང་ལྡན་པར་བསྐྱེད་དོ། །ཀུན་བརྟགས་ནི་རང་གི་ངོ་བོ་མ་གྲུབ་པའི་ཕྱིར་རོ། །ཡེ་ཤེས་ནི་དགའ་བ་རྣམས་ཀྱི་ངོ་བོ་ཡིན་ནོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི། ཐབས་དང་ཤེས་རབ། ཨཱ་ལི་ཀཱ་ལི་རོ་གཅིག་པར་སྦྱོར་བར་འགྱུར་
པས་སོ། །དགའ་བ་དང་མཆོག་གི་དགའ་བ་དང་། ཆད་པའི་དགའ་བས་ནི་རིམ་པས་བསྟན་པ་ཡིན་ལ། གནས་ནི་རྙེད་པར་འགྱུར་ཞེས་བྱ་བ་ནི། བཞི་པ་རྟེན་ཅན་ལས་རྟེན་མེད་པའི་རང་བཞིན་དགའ་བའི་རྒྱལ་པོ་རྙེད་ཅིང་མཐོང་གི་སྐྱེ་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།
སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འཕོ་བ་དང་། འཇིག་པ་མེད་པའི་དོན་ནི་མདོ་དང་། སྒྲུབ་ཐབས་ལ་སོགས་པ་ཀུན་ནས་གསུངས་པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ནི། གཏན་ཚིགས་སོ། །ཐམས་ཅད་ནི་སེམས་ཅན་ཀུན་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་
འབད་པ་ཆེན་པོ་བྱ་དགོས་ཞེས་བྱ་བའི་གཏན་ཚིགས་འདིར་རོ། །རྣམ་པ་ཐམས་ཅད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བའི་སངས་རྒྱས་ཐམས་ཅད་དོ། །མཆོག་ནི་རྡོ་རྗེ་འཛིན་པ་ཉིད་དོ། །དེ་རྣམས་ཀྱི་རྒྱུར་འགྱུར་བས་ན་མན་ངག་ཡིན་ནོ། །ཐབས་སྣ་ཚོགས་
པ་གཞན་ཡང་གསུངས་པ། རང་དང་གཞན་རྣམས་འགྲུབ་དོན་དུ། །ཞེས་བྱ་བ་ལ་སོགས་པའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བརྒྱད་པའི་བཤད་པའོ།། །།ད་ནི་གོ་རིམས་གྱི་གཏོར་མ་ཆེན་པོ་དང་བཅས་པ་

འབྱུང་བས་ན། དེ་ནས་ཡང་ནི་བཤད་བྱ་བ། །ཞེས་བྱ་བ་ནི། ཡང་གི་སྒྲས་སྔར་བསྟན་པ་ཡོད་པ་དེའི་རྗེས་སུ་བཤད་པའོ། །ཚོགས་ཀྱི་འཁོར་ལོ་གཏོར་ཆེན་པོས། །ཞེས་བྱ་བ་ནི། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཐབས་དང་ཤེས་རབ་འདུས་
པ་རྩ་བའི་གཏོར་མ་ཀ་པཱ་ལ་དུམ་བུ་གཅིག་པ་དང་ལྡན་པའམ། ཡང་ན་དུམ་བུ་གསུམ་པར་གཏོར་མ་ཆེན་པོའི་སྣོད་བྱས་ཏེ། དེ་ཉིད་དང་ལྡན་པའི་སེམས་ཀྱིས་གཏོར་མ་ཆེན་པོའོ། །ཁྱིམ་ནི་སུམ་ཐོག་གནས་སུ་ནི། །རིམ་པ་གསུམ་པའི་གནས་སུ་བཅོམ་ལྡན་འདས་
འཁོར་དང་བཅས་པས་སྒྲུབ་པ་པོ་བྱིན་གྱིས་བརླབ་པར་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་དགོངས་པ་ནི་འདི་ཡིན་ཏེ། ཆོམ་རྐུན་ཀུན་དང་བྲལ་བ་ཡི། །ཞེས་གསུངས་སོ། །ཕྱི་རོལ་ཡུལ་མིན་ནང་གི་མིན། །ཞེས་བྱ་བ་ནི་གཞན་གྱི་གནས་ནི་ཕྱི་རོལ་ཡིན་ཏེ། གཞན་
ནི་གནས་སུ་བར་ཆད་བྱེད་པའི་ཆོམ་རྐུན་ལ་སོགས་པའི་བགེགས་འབྱུང་བའོ། །ནང་དུ་ཡང་མི་བསྒྲུབ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་བདག་གི་གནས་ཡིན་ཏེ། འཁོར་གྱི་འདུ་འཛི་མང་བས་མི་དབེན་ནོ། །སློབ་དཔོན་ནི། སྒྲུབ་པ་པོ་རྣལ་འབྱོར་པའི་གཙོ་བོ་ཡིན་ལ། འདུས་
པས་བརྒྱན་པ་ནི། འཁོར་ལ་སོགས་པ་དང་ལྡན་པས་བརྒྱན་ཅིང་མཛེས་པར་བྱས་པའི་དོན་ཡིན་པའོ། །རྡོ་རྗེ་མདའ་ནི་རྣམ་པར་གཟུགས། །ཞེས་བྱ་བ་ལ་སོགས་པའོ། །དེ་རུ་མཆོད་སྦྱིན་དོན་དུ་ནི། །ཞེས་བྱ་བ་ལ་སོགས་པའི་མཆོད་སྦྱིན་ནི་རྣལ་འབྱོར་པ་རྣམས་དང་གཏོར་
མའི་རིམ་པ་བྱའོ། །བྱོལ་སོང་རབ་ཀྱི་གཟུགས་ནི་གླང་། །ཞེས་བྱ་བ་ནི། རིག་པ་མེད་པའི་ཕྱིར་ན་བྱོལ་སོང་རབ་ཤི་བའི་རོ་དང་མཚུངས་སོ། །དེ་ཡང་བདག་དང་བྲལ་བའི་ཕྱིར་རོ་སྟེ། རྣལ་འབྱོར་པ་ཡིས་ཀྱང་ཆོས་བདག་དང་བདག་གིར་འཛིན་པ་སྤངས་པའི་ཕྱིར་བླང་བར་
བྱའོ། །གྲི་གུག་རུང་བས་བརྟག་པར་བྱ། །ཞེས་པ་ནི། ཉོན་མོངས་པ་རྣམས་གཅོད་པའི་བདག་ཉིད་ནི། ཤེས་རབ་ཀྱིས་དེ་རྣམས་བརྟག་པར་བྱའོ། །དེ་རྣམས་ཀྱི་རང་བཞིན་ཤེས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཡང་འདི་ལྟ་སྟེ། ཡན་ལག་རང་ནི་མགོ་བོའི་ཐོད་པ་

ཡིན་ནོ། །པདྨའི་སྣོད་ཅེས་བྱ་བ་ནི་ཐོད་པ་ཡང་ཡིན་ལ་པདྨ་ཡང་ཡིན་ཏེ། པདྨ་དང་ལྡན་པས་སོ། །སྣོད་ཀྱང་ཡིན་ཏེ་བདུད་རྩིའི་སྣོད་དོ། །སྒྲོན་མ་ལྔ་ནི་གླང་པོ་ཆེའི་སྟོབས་ལ་སོགས་པའོ། །བསྲེས་པ་ནི་མཉམ་པར་སྦྱར་བས་བསྲེས་པའོ། །གང་དང་སྦྱར་
བ་ཞེ་ན། དེ་གསུངས་པ། དེ་བཞིན་གཤེགས་པ་ལྔ་དང་ལྡན། །ཞེས་བྱ་བ་ནི། མི་བསྐྱོད་པ་ནི་གླ་རྩིའོ། །རྣམ་པར་སྣང་མཛད་ནི་བཞི་མཉམ་མོ། །རིན་ཆེན་འབྱུང་ལྡན་ནི་སི་ལའོ། །འོད་དཔག་མེད་ནི་ག་བུར་རོ། །དོན་ཡོད་གྲུབ་པ་ནི་སྟོབས་ཆེན་པོའོ། །ལྡན་པ་ནི་
བསྲེས་ནས་ཡེ་ཤེས་ཀྱི་བདུད་རྩིར་རོ་མཉམ་པར་བྱས་པའོ། །དེ་རུ་དམ་ཚིག་དག་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཚོགས་ཀྱི་འཁོར་ལོའི་གནས་སྐབས་དེ་རུ་དམ་ཚིག་འདའ་བར་མི་བྱ་བས་ན་དམ་ཚིག་གོ། །ཉེས་པའི་སྐྱོན་རྣམས་མི་འབྱུང་བའི་ཕྱིར་དག་པའོ། །རྟག་ཏུ་
ནི་གནས་སྐབས་ཐམས་ཅད་དུ་རྒྱུན་ཆད་པ་མེད་པ་དུས་གསུམ་དུའོ། །བདག་རང་ནི་ཤི་ཡིས་དོགས་པ་དང་། སྣད་པ་དང་། ལྷུང་གིས་དོགས་པ་ལ་སོགས་པ་དང་ལྡན་པའོ། །བཞིན་དུ་བསྲུང་ཞེས་བྱ་བ་རྣལ་འབྱོར་པའི་བླ་མ་དང་། རྣལ་འབྱོར་ཕོ་མོ་རྣམས་ལ་སོགས་པ་
ལ། སྲོག་དང་བྲལ་གྱིས་དོགས་པའི་བསམ་པ་ལ་སོགས་པ་བཞིན་དུ་བསྲུང་བའོ། །དམ་ཚིག་བསྲུངས་པས་ཅི་ཞིག་དགོས་སྙམ་པ་ལ། དེའི་དགོས་པ་འདི་ལྟ་སྟེ། དམ་ཚིག་བསྲུངས་ན་གྲུབ་པ་ནི། །ལྷ་ཡི་དབང་ཕྱུག་རྙེད་པའོ། །ཞེས་གསུངས་སོ། །དེའི་དོན་ནི། བཅོམ་
ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལྷའི་དབང་ཕྱུག་ལ་བོས་ནས་ཡོན་ཏན་གསུངས་པ་སྟེ། དེ་ཡང་ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་རྙེད་པར་བྱེད་པའི་རྒྱུ་དམ་ཚིག་ཡིན་གྱི། གཞན་དུ་ན་སྐྱེ་བ་འདིར་ཡང་མི་བདེ་བ་སྣ་ཚོགས་ལ་འབྱུང་ལ།
ཤི་འཕོས་ནས་ཀྱང་མནར་མེད་པའི་སེམས་ཅན་དམྱལ་བ་ལ་སོགས་པར་སྐྱེའོ། །དེ་སྐད་དུ་རྒྱུད་ལ་སོགས་པ་ཀུན་ནས་ཀྱང་གསུངས་སོ། །དེ་བཞིན་དུ་འདིར་དགོངས་པའི་ཐིག་ལེའི་རྒྱུད་ལས་ཀྱང་། དམ་ཚིག་ཉམས་པའི་སེམས་ཅན་ནི། །རྒྱལ་པོ་བླུན་པོ་རྐུན་མ་

དང་། །གཅན་གཟན་གཟའ་དང་ས་བདག་རིམས། །མེ་ཆུ་དུག་དང་མཁའ་འགྲོ་བདུན། །ཡིད་དུ་མི་འོང་སྣ་ཚོགས་དང་། །དུས་མིན་ཤི་ནས་མནར་མེད་འགྲོ། །ཞེས་གསུངས་སོ། །ད་ནི་བཟའ་བའི་དམ་ཚིག་བཤད་དེ། དམ་ཚིག་མཆོག་གི་ཡེ་
ཤེས་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། བཟའ་བའི་དམ་ཚིག་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །མཆོག་ནི་བདུད་རྩི་ལྔའོ། །ཡེ་ཤེས་ནི་དེ་བཞིན་གཤེགས་པའི་བདག་ཉིད་དོ། །དད་པ་ནི་འདོད་པ་ལ་སོགས་པའི་དངོས་པོའོ། །རྟག་ཏུ་བཟའ་བ་ནི། ཟས་ལ་ཇི་སྲིད་སྤྱོད་པ་
དེ་སྲིད་དུ་བདུད་རྩི་ལྔ་དང་། སྟོབས་ལྔ་དང་ལྡན་པར་བྱས་ལ་བཟའ་བའོ། །དེ་དག་ནི་རིགས་ལྔའི་དམ་ཚིག་གོ། །དེ་ནས་འཁོར་ལོའི་མཆོད་པ་ལ་སོགས་པ་གསུངས་པ། དགྱེས་པའི་དམ་ཚིག་ཟིན་ནས་ནི། །ཞེས་བྱ་བ་ནི། བསྲུང་བ་ལ་སོགས་པས་མཉེས་པར་བྱས་
ནས། དེ་མ་ཐག་ཏུ་དཀྱིལ་འཁོར་མཆོད་པའོ། །དེ་ཡང་འདི་སྐད་གསུངས་ཏེ། འཁོར་ལོ་དང་བཅས་རིགས་རབ་ཅེས་བྱའོ། །དེ་ནས་གཏོར་མ་དབུལ་བ་ནི། །རབ་ཚིམ་བྱས་ནས་གཏོར་མ་དབུལ། །ཞེས་བྱ་བ་ལ་སོགས་པ་ལ། གཏོར་མ་ནི་བདུད་རྩི་ལ་སོགས་པ་དང་
བཅས་པའི་གཏོར་མའོ། །དེའི་གནས་ལ་སོགས་པ་ནི་ནམ་ཕྱེད་ནི་གཏང་བའི་དུས་སོ། །མཁའ་འགྲོ་མའི་རྒྱུན་སྲང་གི་ལམ་བཞི་མདོའམ། ཡང་ན་ལམ་སུམ་མདོ་གྱེས་པ་དེ་རུ་གཏོར་མ་བསྐྱལ་བར་བྱ་བའོ། །གནས་ཚོགས་ཀྱི་འཁོར་ལོ་གཏོར་མ་ཆེན་པོ་དང་བཅས་པའི་
གནས་བསྟན་པར་བྱ་བ་འདི་ཡིན་ཏེ། དུར་ཁྲོད་དམ་ནི་ཆུ་ངོགས་སུ། །ཞེས་གསུངས་སོ། །གཞན་དུ་ན་དེ་རུ་ནི་ཚོགས་ཀྱི་འཁོར་ལོར་རོ། །དམ་ཚིག་ནི་འདའ་བར་མི་བྱ་སྟེ། ཆད་པ་ལ་སོགས་པའི་རྟོག་པ་བསྲུང་བ་དག་པ་ནི། རང་བཞིན་དགའ་བ་མཆོག །རྟག་
ཏུ་ནི་དུས་རྟག་ཏུ་བསྒོམས་པའི་སྟོབས་བསྐྱེད་པར་བྱ། བདག་རང་ནི་སྲོག་དང་བྲལ་གྱི་དོགས་པ་ལ་སོགས་པ་བཞིན་བསྲུང་བ་ནི། དེ་གཉིས་སུ་མེད་པའི་དོན་ལ་འབད་པ་སྟེ་ཆད་པའི་དགའ་བ་བསྲུང་བའོ། །དེའི་དོན་འདི་ལྟ་སྟེ། དམ་ཚིག་ནི་མཆོག་གི་དགའ་བ། བསྲུང་བ་ནི་

ཆད་པའི་དགའ་བ་དང་། འགྲུབ་པ་ནི་རང་བཞིན་དགའ་བ། རྙེད་པ་ནི་རང་བཞིན་དགའ་མཆོག་རྙེད་པར་འགྱུར་པའི་དོན་ཏོ། །ད་ནི་བཟའ་བའི་དམ་ཚིག་བཤད་པར་བྱའོ། །དམ་ཚིག་ནི་བཟའ་བ་སྟེ་ཆད་པའི་དགའ་བར། དེ་བཞིན་དུ་མཆོག་ནི་མཆོག་གི་དགའ་བར།
ཡེ་ཤེས་ནི་ཆད་པའི་དགའ་བར། དད་པ་ནི་འདོད་པའི་དད་པ་ལ་སོགས་པ། རྟག་ཏུ་བཟའ་བ་ནི་རང་བཞིན་དགའ་བའི་དོན་རྒྱུན་དུ་བཟའ་ཞིང་ཉམས་སུ་མྱོང་བར་བྱ་ཞེས་པའི་ཐ་ཚིག་གོ། །དགྱེས་པའི་དམ་ཚིག་ཟིན་ནས་སུ། །ཞེས་བྱ་བ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་
ལ་སོགས་པ་ཡང་དགྱེས་ཤིང་ཚིམ་པས་དགའ་བའོ། །འཁོར་ལོ་ནི་བདེ་བ་ཆེན་པོ་ལ་སོགས་པ། བཅས་པ་ནི་རྩ་གཞན་རྣམས་དང་བཅས་པ། རིགས་ནི་རིགས་དང་རིགས་ཅན་མའི་རྩ་ཀུན། རབ་ཚིམ་ནི། ཁྱད་པར་དུ་ཡང་དེ་དག་གིས་དགྱེས་པའི་དོན་ཏོ། །གཏོར་མ་ནི་
བར་ཆད་ཀྱི་བགེགས་བསྲུང་བའི་ཕྱིར། དབུལ་བ་ནི་གནས་སོ། །ནམ་ཕྱེད་ནི་མཆོག་གི་དགའ་བས་ཕྱིན་ཅི་ལོག་གི་མཚན་མ་མི་མཐོང་བའི་ཕྱིར་ལམ་གྱི་བཞི་མདོ་རུ་བསྡུའོ། །ཡང་སུམ་མདོར་གྱེས་པ་རུ་ནི། ཨུཏྤ་ལའི་སྙིང་པོ་བརྒྱད་པ་དང་བཅས་པའི་ལྟེ་བར་རོ། །དུར་ཁྲོད་
ནི་དབུགས་དང་བྲལ་བའི་བྱང་ཆུབ་སེམས་ཀྱི་རོ། །ཆུ་ངོགས་ནི་བདེ་ཆེན་དུ་ཞེས་མན་ངག་གིས་ཞེས་བྱའོ། །ད་ནི་གཏོར་མ་བཤད་དེ། ལྷག་མའམ་ནི་ཡང་ན་ཕུད། །ཅེས་བྱ་བ་ལ་སོགས་པའོ། །རང་གནས་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་ནི། སྒྲུབ་པ་པོ་རང་གི་ཁྱིམ་དུ་ཕྱིན་
པ་སྟེ། གཏོར་མ་བཏང་ལ་ཞེས་ཚིག་གི་ལྷག་མའོ། །འཁོར་ལོ་ནི་ཞེས་བྱ་བ་ནི། འཁོར་གྱི་རྣལ་འབྱོར་པ་རྣམས་ལ་ནི་མི་གཅིག་གི་སྣོད་བརྟག་པ་ཡིན་ཏེ། ཀུན་ལ་ཡང་དེ་ཡིས་སོ། །སློབ་དཔོན་ལ་ནི་དུམ་བུ་གཅིག །ཅེས་བྱ་བ་ནི་ཐོད་པ་གླིང་གཅིག་པ་རུ་བདུད་རྩི་དབུལ་ལོ། །
འབད་པ་ཡིས་ནི་བསྲུང་བར་བྱ། །ཞེས་བྱ་བ་ལ་སོགས་པ་ནི། མི་འབོ་བ་དང་། མི་སྦྱིན་པ་ལ་སོགས་པའི་དམ་ཚིག་ཡིན་ནོ། །མ་རྒྱུད་ཀྱི་དམ་ཚིག་གསུངས་པ། གཡོན་གྱི་ཞེས་བྱ་བ་ལ་སོགས་པའོ། །དེའི་དུས་སུ་གལ་ཏེ། རྣལ་འབྱོར་མ་བརྟག་པའི་དོན་གྱི་ཕྱིར་

འོང་ན་ཞེས་བྱ་བ་ལ་སོགས་པ་ནི། ཚོགས་ཀྱི་འཁོར་ལོ་དང་། གཏོར་མ་ཆེན་པོའི་དུས་སུ་ནི། མཁའ་འགྲོ་མ་འོང་བ་སྲིད་པས་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། བརྟག་པའི་དོན་གྱི་ཕྱིར་ཞེས་གསུངས་ཏོ། དམ་ཚིག་བརྟག་པའི་ཆེད་དུ་དོན་འོངས་པའི་
མཁའ་འགྲོ་མ་རྣམས་སོ། །དེ་ལ། རེ་ཞིག་འཇིགས་པར་མི་བྱ་སྟེ། །ཞེས་བྱ་བ་ལ། མཁའ་འགྲོ་མ་རྣམས་དེ་ལའོ། །རེ་ཞིག་ནི། རིམ་གྱིས་འཇིགས་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། རིམ་པས་དེ་རྣམས་འོངས་ནས་སོ། །རང་ཉིད་དམ་ཚིག་དང་ལྡན་པར་བྱས་ལ། དེ་
ཁོ་ན་ཉིད་ལ་དམིགས་པས་ཞུམ་པའི་སེམས་མི་སྐྱེད་དེ། དེ་ཁོ་ན་ཉིད་དང་ལྡན་པས་སེང་གེ་ལྟ་བུ་སྟེ། བྱོལ་སོང་ལྟ་བུའི་རྣམ་པར་རྟོག་པ་ལ་མི་འཇིགས་པས་ན་སེང་གེའི་གཟུགས་ཀྱིས་སྤྱོད་པས། རྣམ་པ་ཐམས་ཅད་དུ་འཇིགས་པ་མེད་པར་སྤྱོད་པས་ནི། དེའི་རང་བཞིན་ཉིད་
ཀྱིས་ཡོངས་སུ་འགྲོ་བའོ། །དེ་ཡང་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་རྣལ་འབྱོར་མ་ཀུན་གཟུགས་སྣ་ཚོགས་དང་། ཕྱག་རྒྱ་སྣ་ཚོགས་དང་། སྐད་སྣ་ཚོགས་རབ་ཏུ་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ལ་ལུས་ཀྱི་བརྡ་དང་། དེའི་ལན་དུ་ངག་གི་བརྡ། དེའི་
ལན་དང་རིམ་པ་བཞིན་གསུངས་སོ། །དེ་དང་ལྷན་ཅིག་གཏོར་མ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི། དངོས་གྲུབ་རྙེད་པའི་རྒྱུ་ཡིན་པས། །གཏོར་མ་ལ་སོགས་པའི་ཆོ་ག་ཇི་ལྟ་བ་བཞིན་ནོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་
དགུ་པའི་བཤད་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི། མདོར་བསྡུས་པ་ནི་ཡན་ལག་རྒྱས་པར་བཤད་པའི་དོན་རིགས་ནས། བཅོམ་ལྡན་འདས་ལ་དཀྱིལ་འཁོར་གྱི་ངེས་པའི་དོན་ཞུས་པ་ཇི་ལྟར་ལགས་ཞེས་ཞུས་པའོ། །སྔར་གསུངས་
པའི་རྒྱུད་དོན་ལས་ཞེས་བྱ་བ་ལ་སོགས་པ་ནི། གཞལ་ཡས་ཁང་ལ་སོགས་པ་དང་། མངོན་པར་བྱང་ཆུབ་ལྔས་བསྐྱེད་པ་ལ་སོགས་པའོ། །དེ་ལྟའི་དཀྱིལ་འཁོར་རྒྱལ་དབང་པོ། །ཞེས་བྱ་བ་ནི། སྔར་བཤད་པའི་དཀྱིལ་འཁོར་ནང་གི་རིམ་པ་དང་། ཕྱིའི་རིམ་པ་ནི་

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་ནོ། །དེའི་དབང་པོ་ནི་བཅོམ་ལྡན་འདས་ཡིན་ཏེ། དེ་བས་ན་བདག་པོ་ཡིན་ནོ། །རྒྱུད་ཀུན་དུ་ནི་རྙེད་དཀའ་བ། །ཞེས་བྱ་བ་ནི། རྣལ་འབྱོར་པ་ཐབས་དང་ཤེས་རབ་རྒྱུད་རྣམས་སུ་རྙེད་པར་དཀའ་བ་དེ་འདིར་གསལ་བར་
བསྟན་པའོ། །བྱང་ཆུབ་སེམས་དང་བྷ་ག་སྐུ། །དཀྱིལ་འཁོར་གསུམ་ནི་རབ་མཆོག་གོ། །ཞེས་བྱ་བ་ནི་སྔར་ཀ་བ་གཅིག་དང་། སྒོ་དགུ་ལ་སོགས་པ་གསུངས་པ་དང་། རིམ་པ་གཉིས་བསྟན་པའི་དཀྱིལ་འཁོར་དང་། འོག་ནས་འབྱུང་བའི་དོན་རྣམས་ཀྱི་དཀྱིལ་འཁོར་བྱང་
ཆུབ་སེམས་ལ་སོགས་པའོ། །དེ་དག་གི་ཕྱི་དང་ནང་དང་གཉིས་སོ། །ཅིའི་ཕྱིར་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་སོགས་པ་གསུམ་གྱི་ཕྱི་དང་ནང་ཡིན་ཞེ་ན། དེ་དག་ནི་ཕྱི་དང་ནང་དུ་དབྱེ་སྟེ། དེ་སྐད་དུ། གཉིས་སུ་མེད་པའི་རྒྱུད་ལས་ཀྱང་། །སྐུ་དང་བྷ་གའི་དཀྱིལ་འཁོར་
དང་། །གསུམ་པའི་བྱང་ཆུབ་སེམས་བརྟག་པ། །ཕྱི་དང་ནང་གི་རིམ་པ་ཡིས། །དེ་དག་ཀུན་དུ་བཤད་པར་བརྗོད། །ཅེས་གསུངས་པ་དང་། ཡང་གླེང་གཞིའི་ཕྱི་མའི་རྒྱུད་ལས་ཀྱང་། ལུས་ཀྱི་དཀྱིལ་འཁོར་བརྗོད་པ་དང་། །བྷ་གའི་དཀྱིལ་འཁོར་ཞེས་པ་དང་། །བྱང་ཆུབ་
སེམས་ཀྱི་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་རྣམ་པ་གསུམ་དུ་བརྟག །དུ་མ་བརྟག་པའི་རབ་འབྱུང་བ། །གང་ལ་མངའ་བདག་ཀུན་དུ་སྦྱོང་། །ཡང་དག་རིག་དང་རབ་བརྟག་པའི། །ཕུང་པོ་རྣམ་གཉིས་བརྗོད་པ་ཡིན། །ཞེས་གསུངས་པ་དང་། ཡང་དཔལ་ཨིནྡྲ་བྷཱུ་ཏིས་
མཛད་པའི་དགའ་བའི་མེ་ཏོག་གི་ཕྲེང་བ་ལས་ཀྱང་། དཀྱིལ་འཁོར་སྐུ་ཞེས་བརྗོད་པ་དང་། །དཀྱིལ་འཁོར་བྷ་གར་བཤད་པ་དང་། །དཀྱིལ་འཁོར་བྱང་ཆུབ་སེམས་བརྗོད་དེ། །དཀྱིལ་འཁོར་གསུམ་དུ་བརྟག་པའོ། །དེ་ལྟ་བུའི་མན་ངག་ཤེས་པས། ཕྱི་དང་ནང་གི་རིམ་པས་
སྤྱད་པར་བྱའོ་ཞེས་གསུངས་པའོ། །དེའི་ཕྱིར། ཡང་ན་སྙིང་པོའི་དཀྱིལ་འཁོར་བསྟན། །ཞེས་བྱ་བ་ལ་སོགས་པ་ལ། ཡང་ཞེས་བྱ་བའི་སྒྲས་སྔར་བཤད་ཀྱང་འདིར་བསྟན་ཞེས་བྱ་བའི་དོན་ཏོ། །སྙིང་པོ་ནི་ཡང་དག་པའི་ཐུགས་རྗེ་ཡེ་ཤེས། དཀྱིལ་འཁོར་ནི་རྫོགས་

པའི་མཚན་ཉིད། བསྟན་པ་ནི་བཤད་པར་བྱའོ། །རང་གི་བདེ་བ་ནི་མཎྜལ་ཞེས་བྱ་བ་སྟེ། སྙིང་པོ་དང་ལྡན་པའོ། །ལེན་པ་ཞེས་བྱ་བ་ནི། སྒྲའི་དབྱིངས་ལ་ནི་ལེན་པའི་དོན་ཏེ། དེ་ཡང་ལ་ཏི་ཞེས་པའི་ཡི་གེ་ལ་བཞག་སྟེ། ཕྱི་མ་ཏི་ཕྱིས་པས་སྙིང་པོ་ལེན་
པའི་ཕྱིར་ན། དཀྱིལ་འཁོར་རོ། །ད་ནི་སྙིང་པོ་ལེན་པའི་དོན་སྟོན་ཏེ། མ་ཡི་ཡིག་འབྲུ་འདབ་མར་བརྗོད། །ཅེས་བྱ་བ་ལ་སོགས་པ་ལ་མཎྜལ་ཞེས་པས་སྙིང་པོ་ལེན་པའི་བདག་ཉིད་ཀྱི་དཀྱིལ་འཁོར་དུ་བརྗོད་དོ། །ཁ་ཅིག་ན་རེ། མ་ཡི་ཡིག་འབྲུ་འདབ་མར་བརྗོད། །ཅེས་བྱ་བ་ལ་
སོགས་པ་ལ། པདྨ་ཞེས་བྱ་བའི་ཡི་གེ་པ་དང་། ད་ཕྱིས་ནས་མ་བཞག་པ་ནི་མའི་ཡིག་འབྲུ་འདབ་མར་ཞེས་བྱ་བའི་སྒྲས་བཤད་དོ། །མ་ཡི་ཡིག་འབྲུ་ལྟེ་བར་བསྟན། །ཞེས་བྱ་བ་ལ་སོགས་པ་ཡང་། སྒྲའི་དབྱིངས་གཞུག་དང་སྦྱར་ལ་བཤད་དོ་ཟེར་རོ། །ཁ་ཅིག་ན་རེ་
མཎྜལ་པདྨ་ཞེས་བྱའི་སྒྲས་དཀྱིལ་འཁོར་པདྨའི་འདབ་མ་དང་། ལྟེ་བ་དང་། གེ་སར་དང་། བདེ་བ་ཀུན་ལྡན་པ་བཞིན་དུ་གཞན་རྣམས་ཀྱང་མཚུངས་སོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་མའི་ཡིག་འབྲུས་ཞེས་བྱ་བ་ལ་སོགས་པ་ལ། མ་ཏི་ཞེས་བྱ་བའི་ཏི་ཕྱིས་པའི་མ་དང་ས་རུ་
སྦྱར་རོ། །ནའི་ཡིག་འབྲུ་ཆུ་ནི་པི་ནའི་པ་དང་འགེའུ་ཕྱིས་པའོ། །དེ་བཞིན་དུ་ད་ཧ་ནི་བསྲེག་པ་སྟེ། ཧ་ཕྱིས་པས་དའོ། །དེས་ན་དའི་ཡིག་འབྲུ་ནི་མེ་ཞེས་བྱའོ། །ལ་ཡང་དེ་བཞིན་ཏེ། འབྱུང་བ་བཞི་པོས་ནི་ཕྱི་ནང་གི་དངོས་པོ་ཀུན་ལ་ཁྱབ་པ་ཡིན་ནོ། །དེ་བཞིན་དུ་དཀྱིལ་འཁོར་ལྔ་
པོ་ཀུན་ལ་ཡང་སྦྱར་བར་བྱའོ་ཞེས་ཟེར་རོ། །དེའི་དོན་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། ཡང་ནི་སྙིང་པོའི་དཀྱིལ་འཁོར་བསྟན། །རང་གི་བདེ་བ་ལེན་པའི་ཕྱིར། །ཞེས་བྱ་བའི་ངེས་ཚིག་དང་བཅས་ནས་བཤད་པ་དང་། ཡང་འོག་ནས། ཡེ་ཤེས་རྙེད་པ་ཡི་ནི་ཕྱིར། །
བདེ་བ་ཡི་ནི་ཆེན་པོ་ལེན། །ཞེས་གསུངས་པའི་ཕྱིར་ན། སྐབས་འདིར་སྒྲའི་དབྱི་གཞུག་མི་དགོས་ལ། དེ་བཞིན་དུ། བཅོམ་ལྡན་འདས་ནི་རྣམ་པ་ཐམས་ཅད་དུ་ཡང་གདུལ་བྱ་རྣམས་ལ། ལོག་པའི་ཆོས་གསུང་མི་སྲིད་པས་ན། ཁོ་བོ་ནི་མི་འདོད་པས་སྔ་མ་བཞིན་ནོ། །

འོན་ཀྱང་འདིར་བཀའ་སྩལ་པའི་གཞུང་བཞིན་བཤད་པ་ལ་ནི་སྐྱོན་མེད་དོ། །མའི་ཡིག་འབྲུ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་མ་རྣམས་ཀྱི་སྙིང་པོ་ལེན་པའི་དོན་གསུངས་པ་ནི། མ་ཡི་ཡིག་འབྲུ་འདབ་མར་བརྗོད། །ཅེས་བྱ་བ་ནི། འདབ་མ་དྲུག་ཅུ་རྩ་བཞི་དང་ལྡན་
པའོ། །ལྟེ་བར་བསྟན་པ་ནི་འདབ་མ་བརྒྱད་དང་བཅས་པ། གེ་སར་དག་ནི་གསུམ་པ་དང་བཅས་པ། ལའི་ཡིག་འབྲུ་ལྟེ་བར་བཤད་པ་ནི། དྲུག་ཅུ་རྩ་བཞི་དང་། བརྒྱད་དང་། གསུམ་པའི་ལྟེ་བ་དང་བཅས་པ་སྙིང་པོ་རྣམས་ནི་ལའི་ཡིག་འབྲུ་དོན་གྱིས་བླངས་ལ་ནི་བདེ་བའི་རང་
བཞིན་ནོ། །རྣལ་འབྱོར་པ་རྣམས་ཀྱི་སྙིང་པོ་ལེན་པའི་ཕྱིར་གསུངས་པ་ནི། མ་ཡི་ཡིག་འབྲུ་རིན་ཆེན་གྲགས། །ཞེས་བྱ་བ་ལ་སོགས་པའི་དོན་ཡིན་པའོ། །དེ་དག་གི་བྱང་ཆུབ་སེམས་དང་ལྡན་པའི་སྙིང་པོ་ལེན་པའི་ཕྱིར་དོན་བཤད་པ་ནི། མ་ཡི་ཡིག་འབྲུ་ཤུཀྲའི་གཟུགས། །ཞེས་
བྱ་བ་ལ་སོགས་པས་ལའི་དོན་ཏོ། །ཀཱ་སྣང་བ་བཞི་བསྒོམས་པའི་རང་གི་སྙིང་པོ་ལེན་པའི་ཕྱིར། བ་ནི་སྣང་བའི་འདུ་ཤེས་གྲགས། །ཞེས་བྱ་བ་ལ་སོགས་པ་གསུངས་པས་ལེན་པའོ། །དགའ་བ་བཞི་དང་ལྡན་པའི་རྣལ་འབྱོར་པས་སྙིང་པོ་ལེན་པ་ནི། མ་ཡི་ཡིག་འབྲུ་དགའ་བར་
གྲགས། །ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་གསུངས་སོ། །ཤུཀྵ་ཞེས་པ་ལ། ཤུ་ནི་སྐྱེ་རྒ་ན་འཆིའོ། །ཀྵ་ནི་དེ་ཀྵ་ཀ་ཙ་སྟེ་སོག་ལེ་ལྟར་གཅོད་ཅིང་འབྱེད་ལ་འཇིགས་པར་བྱེད་པའི་ཕྱིར། དགའ་བའི་རིམ་པས་མཆོག་གི་དགའ་བ་ལེན་པའོ། །ད་ནི་ས་ལ་སོགས་པ་རྣམས་རང་གི་སྙིང་
པོ་ལེན་པའི་ཕྱིར། མ་ཡི་ཡིག་འབྲུས་ཞེས་བསྟན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་དང་ཆུ་དང་མེ་གསུམ་པོའི། །རང་གི་སྙིང་པོ་ནི་རླུང་གིས་ལེན་པ་སྟེ། སའི་རིམ་པས་རླུང་གི་བདེ་བའི་ཡེ་ཤེས་སུ་འགྱུར་རོ། །ཡེ་ཤེས་རྙེད་པ་ཡི་ནི་ཕྱིར། །ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །ད་ནི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་སྟོན་ཏོ། །དཀྱིལ་འཁོར་སངས་རྒྱས་རིན་ཆེན་གཙོ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བུར་ཤིང་ཞེས་བྱ་བ་ལ་སོགས་པའི་དཔེས་དོན་བསྟན་པ་ཡིན་ནོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། གཞན་དུ་གོལ་ཀྱིས་དོགས་

པ་ལ་སོགས་པའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལས་ལེའུ་བཅུ་པའི་བཤད་པའོ།། །།རྣལ་འབྱོར་གྱི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་ལ་སྔགས་ལ་སོགས་པའི་དོན་རྫོགས་པར་བྱ་བའི་ཕྱིར། ཡང་བྱང་
ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །སྔགས་ཀྱི་བཟླས་པའི་ངེས་དོན་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་སྙིང་རྗེའི་བདག་ཉིད་དེ་ཁོ་ན་ཉིད་སྔགས་སོ། །དེའི་རྒྱུ་མན་ངག་གི་བཟླས་པ། ཐབས་ཁྱད་པར་ཅན་ནི་ངེས་དོན་ཡིན་ནོ། །དེ་གསུངས་པ། དགའ་
བ་ལ་སོགས་པ་ལས་འབྱུང་། །ཡིད་ནི་སྔགས་ཞེས་རྗོད་པ་ཡིན། །ཞེས་པ་ནི། ཡིད་སྐྱོབ་པའི་དོན་གྱིས་ནི། ཀུན་དུ་བཟང་པོ་ཉིད་ཐོབ་པར་བྱེད་པ་ཉིད་སྔགས་སོ། །དེ་སྐད་དུ། ཡིད་ཀྱི་གཟུགས་འདི་ཡེ་ཤེས་དོན། །སྔགས་ནི་ཡེ་ཤེས་ཡིན་པར་བརྗོད། །གཉིས་མེད་ཡིད་
འདི་སྐྱོབ་པས་ན། །གལ་ཏེ་དེ་ལྟ་ན་ཡང་སྔགས། །ཞེས་བྱའོ། །བསྲུབ་པ་ནི་ཤེས་རབ་ལས་ཀྱི་ཕྱག་རྒྱའོ། །བསྲུབས་ཐབས་ནི། ཐབས་སྙིང་རྗེ་ཆེན་པོའི་བདག་ཉིད་དོ། །སྔགས་ནི་དེ་ཁོ་ན་དགའ་བ་དང་བཅས་པའོ། །བདུད་རྩི་ནི་མཆོག་གི་དགའ་བ་སྔགས་དེ་ཉིད་དང་བཅས་
པའོ། །དེ་བཞིན་དུ་ལམ་ནི་ཆད་པའི་དགའ་བ། ཐར་པ་རང་བཞིན་དགའ་བའོ། །ཚིག་རྒྱས་པ་ནི་དེ་བཞིན་ནོ། །ཞེས་བྱ་བ་ནི། དེ་རྣམས་ཀྱི་བོ་ལ་དང་ཀཀྐོ་ལ་རྒྱས་པའོ། །ཕྲད་པ་ནི་རང་བཞིན་དགའ་བ་རུ་ལྡན་པའོ། །གཉིས་ནི་མཆོག་གི་དགའ་བ་དང་། རང་བཞིན་དགའ་
བའོ། །དབུས་ན་གནས་པ་ནི། ཆུ་སྐྱེས་ཀྱི་དགའ་བའི་དབུས་ཀྱི་སྙིང་པོར་གནས་པའོ། །དེ་ནས་གནས་བྲལ་བའི་མཆོག་གི་རང་བཞིན་མཐོང་བ་ནི་དོན་དམ་པའི་དེ་ཁོ་ན་ཉིད་འདི་ནི་སྔགས་སོ། །དེ་ཉིད་འབྲས་བུའི་བདག་ཉིད་ཡིན་ཏེ། དེ་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་
ལས་ཀྱང་། །དུས་གསུམ་རྒྱལ་བས་མ་བྱས་པའི། །རྟོགས་པ་ནམ་མཁའ་དབྱེར་མེད་སྔགས། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོ་རང་རིག་མཚན་ཉིད་དོ། །ཞེས་གསུངས་སོ། །སྔགས་ནི་ཨཱ་ལི་ཀཱ་ལི་ཡིན། །ཞེས་བྱ་བ་ལ་སོགས་པ་ནི་རྟོག་མེད་མའི་སྙིང་གར་གནས་

པའི་མི་ཤིགས་པའི་ཐིག་ལེའོ། །ཨཱ་ལི་ནི་ཆད་པའི་དགའ་བའི་ངོ་བོའོ། །ཀཱ་ལི་ནི་མཆོག་གི་དགའ་བའི་ངོ་བོ་བརྗོད་པ་ནི། དང་པོ་དགའ་བའི་རང་བཞིན་བཟླས་པ་ནི་བསྡུས་པའི་དོན་ཏོ། །སྐྱེད་པ་ནི། ལས་ཀྱི་ཕྱག་རྒྱ་མའི་མཚན་ཉིད་དོ། །རྫོགས་པ་ནི། དམ་ཚིག་གི་ཕྱག་རྒྱའི་
མཚན་ཉིད་དོ། །བྱེ་བྲག་ནི་མི་གཅིག་པའི་རིམ་པའོ། །དེ་དག་ལས་བྱུང་བས་ན། སྔགས་ཀྱི་བཟླས་པ་རབ་ཏུ་གྲགས། །ཞེས་གསུངས་སོ། །དེ་ཉིད་རྟོགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །གང་དུ་སྐེ་དང་རྐན་ཞེས་བྱ་བ་ལ་སོགས་པའོ། །སྲོག་གི་རྩ་ཡི་ནང་ཡོད་པ། །ཞེས་བྱ་བ་ནི་
གསུམ་པ་བདག་ཉིད་བྱང་ཆུབ་སེམས་ཀྱིས་རྒྱས་པའི་རང་བཞིན་ནོ། །ལུགས་ནི་བསྐྱེད་པའི་རིམ་པའི་ལུགས་སུ་འབྱུང་བའོ། །ལུགས་མིན་ནི་རྫོགས་པའི་རིམ་པའི་ལུགས་ལས་བཟློག་པའོ། །རྒྱུན་མི་འཆད་པ་ནི། བདེ་བ་ཆེན་པོའི་རང་བཞིན་དུ་གནས་པའོ། །ཐིག་ལེ་གསུམ་
ནི་བྱང་ཆུབ་ཀྱི་སེམས་བདེ་བའི་ཐིག་ལེ་གནས་གསུམ་དང་ལྡན་པ། ཡི་གེ་གསུམ་ནི། དབྱངས་དང་། གསལ་བྱེད་དང་། མ་ནིང་གི་མཚན་ཉིད་དོ། །དག་པ་ནི་མི་ཤིགས་པའི་ཐིག་ལེ་མཆོག་གི་ཡི་གེའི་རང་བཞིན་འདི་ནི་མཚན་མ་ལ་སོགས་པའི་དབང་གིས་མ་ཡིན་ནོ། །
རང་འོད་རིག་བཅས་ནི། ཕྱག་རྒྱ་དེ་དག་གི་མཚན་ཉིད་དོ། །དེ་ཡང་བཅས་པ་ནི་གཞན་ཡོད་པ་བསྡུའོ། །བརྗོད་པར་བྱ་བ་ནི། དགའ་བ་དང་། སྣང་བ་དང་། ཕྱག་རྒྱ་ལ་སོགས་པས་དེ་ཁོ་ན་ཉིད་མཚོན་པའོ། །ད་ནི་སྔགས་ལ་སོགས་པ་ལ་གཞན་བཤད་པ་དེ་གསལ་བར་སྟོན་
ཏེ། རྐང་གི་ནང་དུ་ལྕེ་བཅུག་པ། །ཞེས་བྱ་བ་ལ་སོགས་པ་རྩ་བཞི་ཉེ་བར་རྙེད་པ་ལ་སོགས་པའི་མན་ངག་གོ། །མཆོད་སྦྱིན་གྱི་ངེས་པའི་དོན་ཏོ། །སྤྲུལ་པའི་རིམ་པའི་བྱེ་བྲག་ཏུ། །ཞེས་བྱ་བ་ལ་སོགས་པ་སྤྲུལ་པ་ནི། ལྟེ་བའི་འཁོར་ལོ་དྲུག་ཅུ་རྩ་འདབ་མ་དང་བཅས་
པའོ། །རིམ་པ་ནི་ཆོས་ཀྱི་འཁོར་ལོ་ལ་སོགས་པ་གསུམ་པའོ། །བྱེ་བྲག་ཏུ་ནི་དཀྱིལ་འཁོར་དང་ལུས་ལ་སྦྱར་བའོ། །ཐིག་ལེར་གྲགས་པ་ནི་བསྐྱེད་པའི་རིམ་པའི་དོན་དང་། བྱང་ཆུབ་སེམས་ཀྱི་དོན་ཐིག་ལེ་དབྱེར་མེད་པའོ། །བདེ་བའི་སྐུ་ནི། ཡེ་ཤེས་ཀྱི་སྐུའི་མཚན་ཉིད་

ཅན་ཡིན་ནོ། །མཆོད་སྦྱིན་དཀྱིལ་འཁོར་གྱིས་བརྒྱན་པ། །ཞེས་བྱ་བ་ནི་རྡོ་རྗེ་ལེགས་དགྱེས་མ་ལ་སོགས་པའི་ལྷ་མོ་ཀུན་དང་། དེ་བཞིན་དུ་ལ་ལ་ནཱ་ལ་སོགས་པའི་བདག་ཉིད་དང་བཅས་པས་བཅོམ་ལྡན་འདས་ལ་བསྐོར་ཞིང་བརྒྱན་པའོ། །དེ་ཡི་བསྐྱེད་རིམ་བདག་གིས་
བཤད། །ཅེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་འོག་ནས་བཤད་པར་གསུངས་སོ། །དཔལ་ལྡན་རྡོ་རྗེ་འཛིན་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། །དགྱེས་པའི་གནས་ནི་ཨུ་ཌྱན་དང་། ཛཱ་ལནྡྷ་ར་དང་། པུལླི་ར་མ་དང་། ཀཱ་མ་རཱུ་པ་ལ་སོགས་པ་སུམ་ཅུ་རྩ་གཉིས་དང་། དེ་བཞིན་དུ་
མགོ་བོ་དང་། སྤྱི་གཙུག་ལ་སོགས་པ་ཡང་སྦྱར་ལ་དེ་བཞིན་དུ་རྒྱུད་ཀྱི་གཞུང་ངོ་། །ཡང་སུམ་ཅུ་རྩ་དྲུག་གི་བདག་ཉིད་ཀྱིས་གནས་བརྒྱད་དང་སྦྱར་བའོ། །མཆོད་སྦྱིན་ནི་ལྷ་མོ་རྣམས་དང་བཅས་པའི་མཆོད་སྦྱིན་ནོ། །དཔལ་ལྡན་རྡོ་རྗེ་འཛིན་པ་ཡིས། །ཞེས་བྱ་བ་ནི། བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་གཉིས་སུ་མེད་པའི་ཡེ་ཤེས་གྲུབ་པར་འགྱུར་རོ། །མཆོག་དགའ་འབྱུང་བའི་མཆོད་སྦྱིན་བྱ། །ཞེས་བྱ་བ་ལ་སོགས་པ་ལ། མཆོག་གི་དགའ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་དེ། མཆོག་གི་དགའ་བའི་མཚན་
ཉིད་ཅན་ནོ། །འབྱུང་བ་ནི་སྒྲུབ་པ་པོ་ཉིད་དེ་དེ་བཞིན་དུ་འབྱུང་བའོ། །མཆོད་སྦྱིན་ནི་འབྱུང་བར་བྱེད་པ་ལ་རྒྱུར་བཤད་དོ། །མཆོག་དགའ་བ་ནི་འཁོར་བར་བསྟན། །ཞེས་བྱ་བ་ནི། རྣམ་པར་རྟོག་པའི་ཐབས་ཀུན་རྫོབ་འཁོར་བའི་མཚན་ཉིད་དེ་དེ་ཉིད་ཤེས་ནས་མྱ་ངན་ལས་
འདས་པའོ། །དེ་སྐད་དུ། འཁོར་བ་ཡོངས་སུ་ཤེས་པ་ནི། །མྱ་ངན་ལས་འདས་པར་བཤད་པའོ། །ཡང་ན་འཁོར་བ་མཆོག་གི་དགའ་བ། མྱ་ངན་ལས་འདས་པ་ཆད་པའི་དགའ་བའོ། །དེ་དག་འབྲེལ་བ་མཆོད་པ་དང་མཆོད་སྦྱིན་ནོ། །ཀཱ་ལི་ཡེ་ཤེས་མཚན་ཉིད་དོ། །ཞེས་བྱ་
བ་ནི། ཀཱ་ལི་དཀྱིལ་འཁོར་ལུས་དང་ལྡན་པའི་མཚན་ཉིད་ཡེ་ཤེས་སོ། །སྐུ་བརྒྱད་བདག་ཉིད་མཆོག་སྦྱིན་ནི། །ཞེས་བྱ་བ་ནི། གནས་ཀྱི་རིམ་པས་དབྱེ་བས་སྐུའི་བདག་ཉིད་སྟོན་ཏེ། དེའི་ཕྱིར། གནས་བརྒྱད་པར་ནི་མཆོད་སྦྱིན་བྱ། །ཞེས་གསུངས་སོ། །གནས་དང་ཉེ་བའི་

གནས་ལ་སོགས་པའི་དངོས་པོ་ཅན་རྣམས་སོ། །ཇི་བཞིན་ཞེས་བྱ་བ་ནི། དེ་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱང་འབྱུང་སྟེ། ཐ་མི་དད་པར་གཅིག་པའི་མཚན་ཉིད་ཀྱིས་འབྱུང་ཞིང་གནས་པའོ། །སུམ་ཅུ་རྩ་གཉིས་ཡིད་གཟུགས་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་
ནི་མི་འགྱུར་བའི་ཕྱིར་རོ། །གཟུགས་ནི་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་ལས་དོན་དམ་པ། ཀཱ་ལི་ནི་ཀ་ཁ་ལ་ལ་སོགས་པ་སུམ་ཅུ་རྩ་གཉིས་ཡང་ན་ཨོཾ་ནས་སྭཱ་ཧཱའི་བར་དུ་རྣལ་འབྱོར་མ་རྣམས་ཀྱི་སྔགས་སུམ་ཅུ་རྩ་དྲུག་གི་ངོ་བོ། ཐིག་ལེ་ཞེས་བྱ་བ་ནི། ལུས་ལ་གནས་པའི་ཡི་
གེའི་མཚན་ཉིད་དང་ལྡན་པའོ། །གཙོ་བོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་བའོ། །ཡང་ན་ནི། སྤྲུལ་པའི་རིམ་པའི་བྱེ་བྲག་ཏུ། །ཞེས་བྱ་བ་ལ་སོགས་པ་ལ། སྤྲུལ་པ་ནི་ལྟེ་བའི་གནས་དྲུག་ཅུ་རྩ་བཞིའི་འདབ་མ་དང་བཅས་པའོ། །རིམ་པ་ནི་བརྒྱད་པའི་པདྨ་རེག་བྱའི་གཟུགས་
ཅན་དང་། གསུམ་པ་རེག་བྱ་དང་པོའོ། །ཐིག་ལེ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ཀྱི་ངོ་བོའོ། །གྲགས་པ་ནི་མཆོད་སྦྱིན་གྱི་སྐུར་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །བདེ་བའི་སྐུ་ནི་ཡེ་ཤེས་ཀྱི་སྐུའི་རང་བཞིན་ནོ། །མཆོད་སྦྱིན་དཀྱིལ་འཁོར་གྱིས་བརྒྱན་པ། །ཞེས་བྱ་
བ་ལ་སོགས་པ་ནི། བདེ་བའི་སྐུའི་བདག་པོ་ཉིད་ལ་རྩའི་མཁའ་འགྲོ་མ་རྣམས་ཀྱིས་བསྐོར་བའོ། །བཅོམ་ལྡན་རྡོ་རྗེ་འཛིན་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ནི་སྔར་བསྟན་པར་བྱས་སོ། །མཆོག་དགའ་འབྱུང་བ་མཆོག་སྦྱིན་ནོ། །ཞེས་བྱ་བ་ལ་སོགས་པ་ལ། མཆོད་སྦྱིན་
གྱི་འབྲས་བུ་མཆོག་གི་དགའ་བའི་དོན་ཡང་ན་མཆོག་ལས་ཆད་པའི་དགའ་བ་དང་། རང་བཞིན་དགའ་བ་རྟེན་དང་བཅས་པ་དང་བྲལ་བའི་ཕྱིར་ན། རབ་ཀྱི་དཀྱིལ་འཁོར་དུ་གསུངས་སོ། །དེར་ནི་བྱ་ཞེས་བྱ་བ་ནི། གནས་བརྒྱད་པའི་དབུས་ཀྱི་ལྟེ་བར་བྱའོ། །མཆོག་གི་དགའ་
བ་འཁོར་བར་བསྟན། །ཞེས་བྱ་བ་ལ་སོགས་པ་ལ། མཆོག་གི་དགའ་བ་འཁོར་བ་ཐབས་ཀྱི་བདག་ཉིད་ཅན་ཀཱ་ལིའི་ཡེ་ཤེས་ཏེ། གསང་བའི་ཕོ་བྲང་མདུད་པའི་སྐོར་རོ། །ཆད་པའི་དགའ་བ་མྱ་ངན་ལས་འདས་པའི་ཤེས་རབ་ཀྱི་མཚན་ཉིད་ཅན་ལ། ཨཱ་ལིའི་ཡེ་ཤེས་རིག་

པའི་ཕོ་བྲང་གི་གནས་སོ། །དེས་ནི་མཆོད་པའི་འབྲས་བུའོ། །སྐུ་བརྒྱད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླ་བས་མ་བཤད་དོ། །འོན་ཀྱང་འདིའི་དོན་ནི། གནས་ནི་བདག་ལ་སོགས་པ་དགྱེས། །ཞེས་བྱ་བའི་སྐབས་སུ་རྒྱས་པར་མ་བཤད་པའི་དོན་ཏོ། །གྲུ་གསུམ་
དབུས་སུ་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་ནི། དངོས་པོ་ལ་སོགས་པ་བཞིའི་བདག་ཉིད་དང་དགའ་བ་བཞིའི་རང་བཞིན་ཉིད་ཀྱིས་བསྟན་པར་བྱའོ། །དེ་ལྟ་བུའི་ནང་གི་འཕར་མ་བདེ་བ་ཆེན་པོའི་འཁོར་ལོ་ན་ཡོད་པའི་རྩ་སུམ་ཅུ་རྩ་གཉིས་རྣམ་པར་དག་པས་ཞེས་བྱ་
བ་ནི། སྔར་བསྟན་པའི་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དང་། མཆོད་སྦྱིན་གྱི་དཀྱིལ་འཁོར་གཅིག་པའི་ཕྱིར་ནང་གི་འཕར་མའོ། །དེ་ཡང་འཁོར་ལོ་བཞི་རྣམ་པར་དག་པའི་རང་བཞིན་བདེ་བ་ཆེན་པོའི་འཁོར་ལོ་རྣམ་པར་དག་པའོ། །ཕྱི་མའི་རྒྱུད་ཅེས་བྱ་བ་ནི། རྩ་བའི་རྒྱུད་སྔར་
ཡོད་པའི་ཕྱག་རྒྱ་ཆེན་པོའི་ཐིག་ལེའོ། །ཡང་ན་སྔར་གསང་བ་འདུས་པའི་དེ་ལས་ཕྱི་མ་ལ་སོགས་པའི་རིམ་པའོ། །གོ་རིམས་ཀྱིས་ནི་རྒྱུད་ཀྱི་རིམ་པ་རྩ་བ་དང་བརྟག་པ་དང་། ཕྱི་མ་དང་ཕྱི་མའི་ཕྱི་མ་ལ་སོགས་པ་ལ་ལེའུ་ཉི་ཤུའི་གཞུང་བཞིན་དུ་བཤད་དོ། །རྣལ་འབྱོར་མ་རྣམས་ནང་
གི་རྣམ་པར་དག་པའོ་ཞེས་བྱ་བ་ནི། སྒྲུབ་པ་པོ་རྣམས་ཀྱིས་ལུས་ཀྱི་རྩ་དང་། བསྐྱེད་རིམ་གྱི་དོན་མཁའ་འགྲོ་མའི་མཚན་ཉིད་དུ་ཤེས་པར་བྱ་ཞིང་ནན་ཏན་བྱའོ། །ད་ནི་མཆོད་པའི་དཀྱིལ་འཁོར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་
ཕྱུག་གི་ཕྱི་རོལ་དུ་མཚན་དང་། དཔེ་བྱེད་དང་ལྡན་པ་རྣམས་དང་བཅས་པ་བརྒྱད་གཉིས་ཀྱི་ལོ། །བྱད་གཟུགས་རྒྱས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པའི་དཀྱིལ་འཁོར་འདིར་བསྟན་པ་དང་། སྔར་དམ་ཚིག་སེམས་དཔའི་དཀྱིལ་འཁོར་རྣམ་པ་དང་བཅས་པ་ཐ་དད་པ་
མ་ཡིན་ཏེ་དབྱེར་མེད་པའི་མཚན་ཉིད་དོ། །འདི་ཡི་རྣམ་པར་དག་པ་ནི། །ལོངས་སྤྱོད་ཀྱི་འཁོར་ལོ་ནང་ན་ཡོད་པའི་རྩ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གཞན་ཡང་དགའ་བ་བཅུ་དྲུག་ནང་གི་དག་པ་དང་། ཕྱི་རོལ་གྱི་ཡུལ་ལྔ་དང་། འབྱུང་བ་ལྔ་དང་། དབྱིངས་དང་། ཡེ་ཤེས་

དང་། འདོད་ཆགས་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་རྣམ་པར་དག་པ་ཞེས་གསུངས་སོ། །དེ་བཞིན་དུ་གཙོ་བོ་ཡང་སྔ་མའི་ནི་ཞལ་བཅུ་དྲུག་པ་ཡིན་ལ། ཕྱི་མའི་ནི་བརྒྱད་པར་གསུངས་སོ། །མཆོད་པ་དང་མཆོད་སྦྱིན་དབྱེར་མེད་པར་བསྟན་པ་ནི། ཉི་མའི་ཐིག་ལེ་
ཡེ་ཤེས་ཤར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དག་རྒྱུ་འབྲས་ཀྱི་དོན་འདི་ཉིད་ཡིན། ཉི་མའི་དབུས་ནས་ཟླ་བ་འབྱུང་། །ཞེས་བྱ་བ་ལ་སོགས་པའོ། །འོ་ན་བདེ་བའི་རང་བཞིན་ཆགས་པ་ཆེན་པོ་དངོས་པོ་མེད་པ་སྣང་བ་མེད་པ་ཞིག་ཡིན་ནམ་ཞེ་ན། དེ་བཞིན་མ་ཡིན་ཏེ། ཆགས་
པ་ཆེན་པོ་དངོས་མེད་ན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇིག་རྟེན་པའི་འདོད་ཆགས་ལ་ཞེན་དུ་དོགས་པ་དེ་བསལ་བའི་ཕྱིར། ཐ་མལ་པ་ཡི་བདེ་བ་མིན། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བདེ་བའི་ཆ་ཡི་ནང་དུ་ནི། །ཞེས་བྱ་བ་ལ་སོགས་པ་ལ། །དཔལ་
ཨིནྡྲ་བྷཱུ་ཏི་རྒྱལ་པོའི་ཞལ་སྔ་ནས་བཀའ་སྩལ་པ། འཁོར་གསུམ་ཐ་དད་གནས་སུ་ནི། །ཆ་དང་ཐིག་ལེ་དང་ནི་ཚུལ། །རྒྱུ་དང་འབྲས་བུའི་བྱེ་བྲག་གིས། །ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་སོ། །བརྒྱད་བརྒྱད་པ་ཡི་པད་ལྟེའི་ནང་། །དེ་མིན་ལྷག་མའི་རིམ་པར་ནི། །ཚུལ་ཙམ་མཆོག་དང་
གཞན་མཆོག་འདི། །བསྐྱེད་དང་རྫོགས་པའི་རིམ་པ་ཡི། །སྦྱོར་བ་དྲུག་གིས་རྣམ་པར་ཤེས། །རྣམ་ཤེས་ཡེ་ཤེས་ལ་ཐིམ་ནས། །རང་རིག་བརྗོད་བྲལ་བདེ་བ་ཆེ། །རྟག་ཏུ་གོམས་པ་ཡིས་ནི་ཤར། །ཞེས་གསུངས་པའི་དོན་བླ་མ་བར་མ་ཆད་པའི་རིམ་པས་མཛད་དོ། །སློབ་དཔོན་ཛྙཱ་ན་
ཀཱིརྟིའི་ཞལ་སྔ་ནས་འདི་ལྟར་བཤད་དེ། རྒྱུ་ཡི་བདག་ཉིད་ཚོགས་པ་ཡི། །རིམ་པ་ཡིས་ནི་བསྟན་པ་ཀུན། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །དྲུག་གི་རང་བཞིན་རིན་པོ་ཆེ། །བསམ་གཏན་ཡེ་ཤེས་སྤངས་པ་འདི། །དེ་ཡིས་ཤེས་པར་འགྱུར་བ་ཡིན། །འོན་ཀྱང་བླ་མའི་
ཞལ་ནས་ནི། །དེ་ནི་ཐོབ་པར་འགྱུར་བའོ། །ཞེས་གསུངས་སོ། །དེ་སྐད་དུ་གསུངས་པའི་ཚིག་རྣམས་ཀྱིས་བླ་མ་མཉེས་བར་བྱ་ཞིང་དེ་ལས་བླང་བར་བྱ་དགོས་པ་ཡིན་ནོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལས་ལེའུ་བཅུ་གཅིག་པའི་

བཤད་པའོ།། །།དེ་ནས་མཆོད་པའི་ཆོ་ག་ནི། །ཞེས་བྱ་བ་ལ་སོགས་པ་ལ། །མཆོད་སྦྱིན་དང་འབྲེལ་བར་མཆོད་པའི་རིམ་པ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། སྔར་བསྟན་པ་བཞིན་དུ་འདིར་ཡང་བཤད་དེ། གཡས་གཡོན་ཡན་ལག་གཉིས་པོར་ནི། །ཞེས་
བྱ་བ་ལ། གཡས་ནི་མཆོད་སྦྱིན་གྱི་དཀྱིལ་འཁོར་ཐབས་ཀྱི་རང་བཞིན་ནོ། །གཡོན་ནི་མཆོད་པའི་དཀྱིལ་འཁོར་ཐབས་ལས་བྱུང་བའི་བདག་ཉིད། ཡན་ལག་ནི་ཕྱི་མ་ལ་སོགས་པའོ། །གཉིས་པོ་ནི་ཐབས་དང་ཐབས་ལས་བྱུང་བའི་རང་བཞིན་ནོ། །དེའི་ཕྱིར། བླ་མའི་
ཞལ་སྔའི་བཀའ་དྲིན་ལས། །གཉིས་སུ་མེད་པའི་བདེ་བ་ཤེས། །ཞེས་བྱ་བ་ལ་སོགས་པའི་དོན་གསུངས་པ་ཡིན་ནོ། །བཅུ་དྲུག་གི་ནི་ཡིག་འབྲུའི་གཟུགས། །ཞེས་བྱ་བ་ལ་སོགས་པ་ལ། ལྷ་མོ་བཅུ་དྲུག་གི་སྔགས་ཨཱ་ལི་བཅུ་དྲུག་དང་ལྡན་པའི་བདེ་བའི་ཡེ་ཤེས་ཀྱི་ཆའི་
རང་བཞིན། དགའ་བ་བཅུ་དྲུག་དང་བཅས་པ་དཔྲལ་བ་ནས་བདེ་བའི་ནོར་བུའི་བར་དུའོ། །ཀ་སོགས་ཡིག་འབྲུའི་ཆ་རུ་འགྱུར། །ཞེས་བྱ་བ་ལ་སོགས་པ་ཆ་ནི། ལྷ་མོ་སུམ་ཅུ་རྩ་གཉིས་ཀྱི་སྔགས་དང་བཅས་པའི་ཡེ་ཤེས་ཀྱི་མགོ་ལ་སོགས་པར་འབྱུང་ཞིང་གནས་སོ། །ཨཱ་
ལི་ཀཱ་ལི་གཉིས་སྦྱོར་ལས། །ཞེས་བྱ་བ་ལ་སོགས་པ་ལ་མཆོད་སྦྱིན་གྱི་དཀྱིལ་འཁོར་དང་ཕྱིའི་འཕར་མ་མཆོད་པའི་དཀྱིལ་འཁོར་གཉིས་སུ་དབྱེར་མེད་པ་ལས་རང་བཞིན་དགའ་བའི་དོན་འབྱུང་བའོ། །ཡང་ན་ཨཱ་ལི་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། ཡེ་ཤེས་དེ་ཉིད་ཆད་
པའི་དགའ་བའོ། །ཀཱ་ལི་ནི་གསང་བའི་བདག་ཉིད་ཡེ་ཤེས་མཆོག་གི་དགའ་བའོ། །དེ་ནས་སྦྱོར་བ་ནི། རང་བཞིན་དགའ་བའི་བཞི་པའི་འབྲས་བུའོ། །དེ་ཡང་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའི་བདག་ཉིད་དོ། །དེ་སྐད་དུ། དཔལ་ཕྱག་རྒྱ་ཆེན་པོའི་
ཐིག་ལེ་ལས། ཀཱ་ལི་བདེ་བ་གསང་དབང་ཡིན། །ཨཱ་ལི་ཤེས་རབ་ཡེ་ཤེས་དབང་། །དེ་གཉིས་དབུས་སྦྱོར་བདེ་ཆེན་པོ། །རང་བཞིན་དགའ་བ་དེ་ལྟར་འོང་། །ཞེས་གསུངས་སོ། །རིམ་པ་གཉིས་ཀྱི་དོན་གསུངས་པ་ནི། གསང་བའི་དེ་ཉིད་གསུམ་ཞེས་བྱ། །ཞེས་པ་ལ་སོགས་

པ་གསུངས་སོ། །དེ་ཡི་དབུས་སུ་དེ་ཉིད་བཞུགས། །ཞེས་བྱ་བ་ནི་དེ་དག་གི་འབྲས་བུའི་དོན་བསྟན་པ་ཡིན་ནོ། །མཆོད་པའི་དམ་ཚིག་དུས་སུ་ནི། །ཞེས་བྱ་བ་ལ་སོགས་པས་ནི། མཆོད་པ་དང་། གཏོར་མ་དང་། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ་རྣལ་འབྱོར་
པས་གསང་བའི་སྐད་ཀྱིས་བརྡ་རྣམས་སྨྲ་ན་ནི་མཁའ་འགྲོ་མ་ལ་སོགས་པ་དམ་ཅན་རྣམས་དགྱེས་པ་དང་། རྣལ་འབྱོར་པའི་དམ་ཚིག་ཡིན་པས་མྱུར་བར་འགྲུབ་པར་བྱེད་པའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཅུ་གཉིས་
པའི་བཤད་པའོ།། །།དབང་བསྐུར་ལ་སོགས་ངེས་བསྟན་ན། །ཞེས་བྱ་བ་ལ་སོགས་པ་ལ། །དབང་ནི་བུམ་པའི་དབྱེ་བ་དང་། །གསང་བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པའི་དོན་གྱིས་སོ། །བསྐུར་བ་ནི་ལུས་ལ་སོགས་པའི་དྲི་མ་འཁྲུ་བ་དང་། བསྐུར་བའི་
དོན་ཏེ། འདི་སྐད་དུ། གཙུག་ཏོར་གསང་བའི་པདྨ་ཡི། །བསྐུར་དང་འཁྲུད་ཕྱིར་དབང་ཞེས་བྱ། །ཞེས་གསུངས་སོ། །ལ་སོགས་ངེས་བསྟན་ནི་བདག་ཉིད་ལ་ཐམས་ཅད་ཀྱི་མཚན་ཉིད་རྫོགས་པ་དེ་རྒྱུ་དང་འབྲས་བུ་དང་། ངོ་བོ་ལ་སོགས་པའི་རང་བཞིན་རྫོགས་པའོ། །དེ་ཡང་སྐབས་
ཁ་ཅིག་ཏུ་འབྲས་བུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་ནོ། །ངོ་བོ་མི་བསྐྱོད་པ་ལ་སོགས་པའི་བདག་ཉིད། རྒྱུ་ནི་མི་བསྐྱོད་པ་ཡབ་ཡུམ་གྱི་རྒྱུ་ལས་བྱུང་བའོ། །ཇི་སྐད་དུ། ཆུ་ཡི་དབང་བསྐུར་ངོ་བོ་ཡིས། །སྤྱི་བོར་མི་བསྐྱོད་གཟུགས་རྒྱས་འདབ། །དེ་འབྲས་མེ་ལོང་
ཡེ་ཤེས་ཉིད། །ཅེས་བྱ་བ་ལ་སོགས་པས་གསུངས་སོ། །ཡང་ལ་ལར་ནི་འབྲས་བུ་སའི་རིམ་པ་བཞིན་དུ་སྦྱར་ཏེ་བསྟན་ཏོ། །དེ་ཡང་འདི་སྐད་དུ། དབང་རེ་ལ་ནི་ས་རེ་སྟེ། །དེ་རྣམས་ས་ཡི་དབང་ཕྱུག་བདག །ཅེས་གསུངས་སོ། །དེ་བཞིན་དུ་གནས་སྐབས་ཁ་ཅིག་ཏུ། དབང་རེ་ལ
འབྲས་བུ་དགའ་བ་རེ་དང་སྦྱར་བ་དང་། ངོ་བོ་ཡང་དེ་ཉིད་དོ། །རྒྱུ་ནི་བདུད་རྩི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་བོའོ། །འདི་སྐད་དུ། ཆུ་ལ་སོགས་པ་བཅུ་གཅིག་གི། །དབྱེ་བས་དགའ་བ་བཅུ་གཅིག་ལྡན། །དེ་བཞིན་ལྷག་མ་ཡང་ཡིན་ནོ། །ངོ་བོ་འབྲས་བུ་ཐ་མི་དད། །ཅེས་གསུངས་སོ། །རྒྱུད་གསུམ་

གྱི་ནི་རིམ་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། །འབྲེལ་བའི་ཕྱིར་དང་འཕེལ་བའི་ཕྱིར་རྒྱུད་དོ། །བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་གསུམ་མོ། །རྣལ་འབྱོར་བླ་མ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་མན་ཆད་ནི་རིམ་པ་ཡིན་ནོ། །འདིར་
ཡང་དབང་གི་གྲངས་དང་། མཚན་ཉིད་འདི་རྣམས་གསུངས་ཀྱི་གཞན་དུ་ནི་དེ་ལྟ་མ་ཡིན་ནོ། །དེས་ནི་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་དབང་གི་མཚན་ཉིད་བསྟན་པའོ། །ད་ནི་ཐུན་མོང་མ་ཡིན་པའི་དབང་བསྟན་པའི་ཕྱིར། དགའ་བ་ལུས་སུ་གྲགས་པ་སྟེ། །ཞེས་བྱ་བ་ལ།
ནང་གི་བུམ་པའི་དབང་བསྐུར་བས་ནི་ལུས་ཀྱི་དྲི་མ་རྣམ་པར་རྟོག་པ་དག་པར་བྱེད་པ་དང་། འབྲས་བུ་ནི་དགའ་བའི་མཚན་ཉིད་སྐྱེ་བ་དང་ལྡན་ནོ། །བསྐུར་བའི་གནས་གསུངས་པ། ལུས་ཀྱི་མགོ་བོའི་གནས་སུ་དགའ། །ཞེས་བསྟན་ཏོ། །གསུམ་པའི་རྒྱུར་ཡང་འགྱུར་བ་ནི་
སྐབས་འདི་ཉིད་དུ་གསུངས་སོ། །མཆོག་ཏུ་དགའ་བ་འདིར་ནི་ངག །ཅེས་བྱ་བ་ནི། དེ་བཞིན་དུ་གསང་བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པའི་དབང་གིས་རྣམ་པར་རྟོག་པའི་དྲི་མ་འཇོམས་པ་དང་། འབྲས་བུ་དང་གནས་དང་། རྒྱུ་འབྲས་ཀྱི་དོན་བསྟན་ཏོ། །འབྲས་
བུ་ཉིད་ནན་ཏན་བྱ་བར་གསུངས་པ་ནི། དེ་ཉིད་གསུམ་བདག་ཡེ་ཤེས་གང་། །ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །བདུན་གཉིས་བྱེ་བྲག་ཏུ་ནི་བཞུགས། །ཞེས་བྱ་བ་ནི། ཆུ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དོན་དང་། བཞི་པས་ནི་དབང་བཅུ་བཞི་དང་།
དེའི་འབྲས་བུ་དགའ་བ་བཅུ་བཞིའི་དོན་བཤད་དོ། །ཡང་ཡེ་ཤེས་འདི་ཉིད་འབྲས་བུའི་དོན་འདི་ཉིད་ཡིན་པར་བསྟན་པ། ཡན་ལག་རབ་ཀྱི་མདོར་བསྡུས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་གསང་བའི་དོན་གྱིས་དབང་གི་ངེས་པ་གསུངས་པ་ནི། ཆུ་ཡི་
དབང་བསྐུར་མདོམས་སུ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་དང་འབྲས་བུ་ལ་སོགས་པའི་དོན་གྱིས་བསྟན་པ་སྟེ། འོན་ཀྱང་གནས་ཀྱི་བྱེ་བྲག་གིས་གསང་བའི་ཆུ་ལ་སོགས་པའི་ཁྱད་པར་བཤད་པ་ཡིན་ནོ། །དེ་ཉིད་ལ་ཡང་རྫོགས་པའི་ཚུལ་ནི། མདུད་པའི་གནས་སུ་

རིམ་པ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་དགའ་བ་ནས་མཆོག་གི་དགའ་བ་ལ་སོགས་པའི་གནས་རིམ་པར་བསྟན་པར་བྱ་སྟེ། བདེ་བ་ཆེན་པོའི་སྙིང་པོའི་འཁོར་ལོའི་གནས་མན་ཆད་དུ་རང་བཞིན་དགའ་བ། དགའ་བ་གཞན་དང་མི་མཉམ་པའི་
རྟོག་པ་ཀུན་དང་བྲལ་བ་དཔེ་མེད་པ་རྙེད་པར་འགྱུར་རོ། །རྒྱུད་འདི་རྨད་དུ་བྱུང་བའི་ཕྱིར། །འདི་ཉིད་དུ་སྦས་པའི་དོན་ཐམས་ཅད་གསུངས་ཏེ། རྡོ་རྗེ་ཀ་བ་དེ་བཞིན་གསང་། །ཞེས་བྱ་བ་ལ་སོགས་པའོ། །དེ་སྐད་དུ་ཡང་། རྣལ་འབྱོར་མ་དང་ལྷན་ཅིག་ཏུ། །དུ་མའི་རྒྱུད་དུ་བཤད་
ན་ཡང་། །དེ་ལྟ་མོད་ཀྱི་འདི་ཡི་རྒྱུད། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །ད་ནི་དབང་དང་འབྲས་བུར་བཅས་བཤད་དེ། ཨ་ཡི་ཡིག་འབྲུ་དགའ་བ་ཡིན། །ཞེས་བྱ་བ་ལ་སོགས་པ་ནི། ཨ་བྷི་ཥེ་ཀའི་སྒྲས་ནི་དབང་ཡིན་ཏེ། དབང་ནི་ཆུ་དང་། གསང་
བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པའི་ཨ་བྷི་ཥེ་ཀ་ཀ་ལ་ཤཱ། ཞེས་བྱ་བའི་ཡི་གེ་དྲུག་ཅེས་བྱ་སྟེ། ཨ་ཙམ་ཞིག་ལས་པ་དང་། བུམ་པའི་དབང་གི་ཡེ་ཤེས་དང་པོ་སྨོས་པས། རྒྱུ་དེ་ལས་འབྲས་བུ་དང་དགའ་བའོ། །དེ་བཞིན་དུ། སྒྲའི་དབྱི་གཞུག་བྱས་པ་ལས་གསང་
བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པའི་དབང་གི་རྒྱུ་དང་འབྲས་བུའི་རྣམ་པ་ཡང་བཤད་པར་བྱའོ། །ཡང་སྔོན་བཞིན་དུ་འདིར་ཡང་བཅོམ་ལྡན་འདས་ཀྱིས་བཀའ་ལོག་པར་མི་གསུང་ཞེས་བྱ་བས་བསྟན་ཏོ། །ད་ནི་དབང་གི་འབྲས་བུ་དགའ་བ་བཞི་བརྒྱུད་དེ་རང་བཞིན་འབྲེལ་
བར་དགོས་པར་བསྟན་པའི་ཕྱིར། གང་དུ་ཡང་ནི་མི་དམིགས་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་དག་པར་སྐྱེ་བ་དང་། སྐྱེ་བ་མེད་པའི་མཚན་ཉིད་ལས་སྐྱེ་བའི་རྒྱུ་མཚན་ཡིན་པའི་ཕྱིར་དང་བཞི་པའི་ཉེ་བའི་རྒྱུར་འགྱུར་བས་ངེས་ཚིག་དང་བཅས་ནས་བསྟན་
པ་དང་། བྱང་ཆུབ་ཀྱི་སེམས་བཅོམ་ལྡན་འདས་མཆོག་གི་དགའ་བར་གྲགས་པ་ཉིད་རྒྱུར་འགྱུར་བ་དགོས་པའི་ཕྱིར་དང་། དེ་དག་ལ་དང་པོའི་དགའ་བའི་རྒྱུ་དགོས་པའི་ཕྱིར་ན། ཨ་ཡི་ཡིག་འབྲུ་མཆོག་གི་གནས། །ཞེས་གསུངས་སོ། །དེ་ནི་འབྲས་བུར་གྲགས་པ་བཞི་ལ་

གཉིས་སུ་ཕྱེ་ནས་སྟོན་ཏོ། །མངོན་པར་དགའ་དང་ཆད་དགར་གྲགས། །ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་འདི་སྐད་དུ། སྐལ་ལྡན་མོ་གང་ཉམས་སུ་མྱོང་། །དེ་ནི་རྫོགས་པའི་རིམ་བཞིན་ནོ། །ཉམས་སུ་མྱོང་མིན་རྫོགས་པ་ནི། །གང་དུ་སུས་
ཀྱང་མི་ཤེས་སོ། །ཞེས་དེས་ནི་གནས་དང་བཅས་པ་དང་། གནས་དང་བྲལ་བར་བཤད་པའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཅུ་གསུམ་པའི་བཤད་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་
ལ། །དབང་གི་རིམ་པའི་རྗེས་ཐོགས་སུ་འདིའི་ངེས་པ་བཤད་ཅེས་བྱའོ། །ནང་གི་དགའ་བར་བྱ་བ་སྟེ་ལྟོས་པའི་ཆོས་སོ། །མཚན་ཉིད་སྦྱིན་སྲེག་ནི་བདག་ཉིད་དང་འབྲེལ་བས་འབད་མི་དགོས་པར་འགྲུབ་པར་འགྱུར་བའི་དོན་གྱིས་ན། སྦྱིན་སྲེག་མ་ཡིན་པས་དངོས་
གྲུབ་རིང་བར་བྱེད་པའི་ཕྱིར་ན་འདི་ཉིད་བསྒྲུབ་བོ། །རང་བཞིན་གྱི་སྦྱིན་སྲེག་གི་ལས་རྣམས་རྫོགས་པའི་མཚན་ཉིད་ནི། ཁ་ནི་ཧོམ་ཁུང་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་རོ་དྲུག་ལ་སོགས་པའི་མཆོད་རྫས་ལ་ལོངས་སྤྱོད་པའི་སྦྱིན་སྲེག་འདིར་ནི། མཆོད་པའི་གསང་བའི་
བརྡའི་སྐབས་སུ་ང་རྒྱལ་འདིར་ནི་ཤ་ཆེན་པོ་ལ་སོགས་པའི་དོན་གྱིས། སྣ་ཚོགས་པའི་བཟའ་བ་རྣམས་དང་། ཚོད་མ་དང་། ཆུ་ལ་སོགས་ཏེ་བཏུང་བ་ཇི་སྙེད་ཡོད་པ་དང་། མདོར་ན་ཟས་སྐོམ་རོ་དྲུག་གིས་བསྡུས་པའི་སྲེག་རྫས་ཀུན་གྱིས་མཆོད་པར་བྱ་བ་ཉིད་ནི་བདག་ཉིད་རང་
བཞིན་གྱིས་གནས་པའི་ལྷ་ལ་མཆོད་དོ། །ཡང་ན་དང་པོར་བདག་གིས་ལུས་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ལ། དེའི་འོག་ཏུ་བདུད་རྩི་བྱིན་གྱིས་བརླབས་པའི་རིམ་པས་ཁ་ཟས་དག་པར་བྱས་ལ། དེ་ཡང་ཤ་ཆེན་དང་། ཤ་དང་། ཟན་དང་། ཚོད་མ་དང་། མར་དང་།
མདོར་ན་བཟའ་བཏུང་ཇི་སྙེད་པ་ཐམས་ཅད་སྦྱངས་ལ། དེ་ནས་སྐུ་གསུང་ཐུགས་ཀྱི་ས་བོན་དང་། སྔར་བདུད་རྩི་ལྔ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པའི་རིམ་པས་ཀྱང་ཡང་དག་པར་བྱས་ཏེ། བདག་རོལ་པས་ལྷ་རྣམས་དང་ཐ་མི་དད་པར་འགྱུར་བ་ཡིན་ཏེ། ལྟེ་བའི་མེ་

རླུང་གིས་བསྐྱོད་ཅིང་འབར་བས་ཞི་བ་ལ་སོགས་པའི་མཚན་ཉིད་དོ། །ཡང་ན། རྡོར་གསུམ་ཡེ་ཤེས་ས་བོན་གྱི། །ཞེས་བྱ་བ་ལ་སོགས་པ་ལ། །སྐུ་རྡོ་རྗེའི་གནས་སྤྱི་བོར། དེ་བཞིན་མགྲིན་པ་དང་། སྙིང་ག་དང་། ལྟེ་བའི་གནས་སོ། །དགའ་བ་ནི་སྐུ། མཆོག་གི་དགའ་བ་དང་།
ཆད་པའི་དགའ་བ་དང་། རང་བཞིན་དགའ་བ་དང་། གསུང་དང་། ཐུགས་དང་། ཡེ་ཤེས་ཀྱི་རིམ་པ་བཞིན་ནོ། །ས་བོན་ཡི་གེ་གསུམ་གྱི་དོན་གྱིས་འདིར་བཤད་པར་བྱ་སྟེ། ལས་ཀྱི་རླུང་གིས་ཡེ་ཤེས་ཀྱི་མེ་འབར་བས། བྱང་ཆུབ་ཀྱི་སེམས་འབབ་པ་དང་། གནས་ཀྱི་བྱེ་
བྲག་གིས་བསྟན་པར་འགྱུར་བ་ནི། སྐུ་རྡོ་རྗེའི་ས་བོན་ཨོཾ་དང་། ཐུགས་རྡོ་རྗེའི་ས་བོན་ཧཱུཾ་དང་། གསུང་རྡོ་རྗེའི་ས་བོན་ཨཱཿདང་། འབར་བ་ལ་སོགས་པའི་རིམ་པ་བཞིན་ནོ། །དེ་ནི། རྡོར་གསུམ་ཡེ་ཤེས་ས་བོན་གྱིས། །འབར་བྱས་དཀར་བྱས་དགེ་བྱས་སོ། །ཞེས་བཤད་དོ། །ཕྱི་
ནང་རྟག་ཏུ་རབ་ཚིམ་བྱས། །ཞེས་བྱ་བས་ནི། ལུས་ཀྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དག་བསྐྱེད་རིམ་རྫོགས་རིམ་གྱིས་ཕྱེ་བའི་ལྷ་ཉིད་བདུད་རྩིས་ཚིམ་པར་བྱས་ཏེ། རྣམ་པར་རྟོག་པ་བསྲེག་ཅིང་ལྷ་རྣམས་ལ་དབུལ་ཞིང་སྦྱིན་ནོ། །དེའི་ཕྱིར། དེ་ལྟར་སྦྱིན་
སྲེག་ལས་ཀྱིས་ནི། །ཞེས་གསུངས་ཏེ། ལས་ནི་རྣམ་པ་བཞི་ལ་སོགས་པའི་དོན་ཏེ་ཐུན་མོང་གི་དངོས་གྲུབ། ཡང་ན་མཆོག་གི་དངོས་གྲུབ་གསུངས་པ། ལྷ་ཡི་སྐུར་ནི་ངེས་པར་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །དགའ་བ་གཉིས་ཀྱི་མཉམ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་
ལ། །དགའ་བ་གཉིས་པ་ནི། མཆོག་གི་དགའ་བ་འཁོར་བའི་བདག་ཉིད་དང་། ཆད་པའི་དགའ་བ་མྱ་ངན་ལས་འདས་པའི་བདག་ཉིད་དོ། །དེ་དག་མཉམ་སྦྱོར་བ་ནི། རང་བཞིན་དགའ་བ་མཐའ་གཉིས་ལ་མི་གནས་སོ། །དེ་སྐད་དུ། མཆོག་གི་དགའ་བ་འཁོར་བར་བཤད། །མྱ་ངན་ལས་
འདས་ཆད་པའི་དགའ། །རང་བཞིན་དགའ་བ་ཉིད་དང་བྲལ། །རང་རིག་བརྗོད་དུ་མེད་པའོ། །ཞེས་གསུངས་སོ། །དུས་ནི་བཟང་བ་དང་། ངན་པ་དང་བྲལ་བ་བསམ་དུ་མེད་པའི་དུས་སོ། །ཀྱིས་ཞེས་བྱ་བ་ནི་བསམ་དུ་མེད་པའི་བྱེད་པའི་དོན་ཏོ། །རྩའི་མཁའ་འགྲོ་མ་རྣམས་བྱང་

ཆུབ་ཀྱི་སེམས་བདེ་བ་དང་བཅས་པས་གང་བའོ། །རྣལ་འབྱོར་དང་ལྡན་ཞིང་བརྩོན་པས་རྙེད་ཀྱི། སེམས་ཅན་ཀུན་གྱི་ཐུན་མོང་མ་ཡིན་པའི་ཕྱིར་ཏེ་དབང་ངོ་། །ཡང་ན་རང་བཞིན་དགའ་བ་བདག་དབང་མི་སྣང་བ་དང་ལོངས་སྤྱོད་གཞན་དབང་ངོ་། །དེའི་དོན་ནི། ལྟེ་
སྙིང་བདེ་བའི་པདྨ་ཡི། །ཞེས་བྱ་བ་ལ་སོགས་པས་གསུངས་སོ། །རྒྱུའི་མིང་འབྲས་བུ་ལ་བཏགས་པ་ནི་སྐྱོན་མེད་དོ། །འོན་ཀྱང་ཡེ་ཤེས་ཀྱི་འོད་ལ་སོགས་པའི་དོན་གྱིས་བཤད་དོ། །ད་ནི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྦྱིན་སྲེག་སྟོན་ཏེ། ཀུན་རྫོབ་རྣམ་པའི་གཟུགས་སུ་ནི། །ཞེས་
བྱ་བ་ལ་སོགས་པས། ཧོམ་ཁུང་དང་། ཧོམ་ཤིང་དང་། མེ་ལྷ་དང་། སྲེག་རྫས་དང་། བླུགས་གཟར་དང་། དགང་གཟར་དང་། མར་དང་། དེ་བཞིན་སྣོད་ལ་སོགས་པའི་རྒྱུས་འབྲས་བུ་ཐོབ་པ་ཡན་ཆད་བཤད་པ་ཡིན་ནོ། །རིགས་ནི་མཚན་མ་རྣམས་ལས་ཤེས། །ཞེས་བྱ་བ་ནི།
འདོད་པ་དང་། དད་པ་དང་། སྙིང་རྗེ་ལ་སོགས་པའི་ཡོན་ཏན་རྣམས་ལས་དེ་བཞིན་གཤེགས་པ་རིགས་ལྔའི་རྒྱུ་ཡིན་པར་བཤད་པར་ཤེས་ཏེ། དེ་ཡང་འདིར་རྡོ་རྗེ་རིགས་ཀྱི་ཁོངས་སུ་བསྡུ་བ་ཡིན་ནོ། །དེ་བཞིན་དུ། རང་བཞིན་དགའ་བ་རྙེད་པའི་དོན་གྱི་ཕྱིར། །ཞེས་བྱ་བ་ནི། རིགས་
ཀྱི་མཚན་མའི་དོན་བསྟན་པ་བཞིན། རང་བཞིན་དགའ་བའི་དོན་འདི་ལ་ཡང་བླ་མའི་མན་ངག་ཐབས་ཀྱི་རྣམ་པའི་མཚན་མས་ཤེས་པར་འགྱུར་རོ། །དེ་ཡང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་ན། བླ་མའི་བཀའ་སྩལ་པ་ལ་སོགས་པ་ལ་ཡིད་ཆེས་ནས། དེ་མ་ཐག་ཏུ་ཡེ་
ཤེས་སྐྱེ་བར་འགྱུར་བ་ནི། སྐྱབས་སྦྱིན་གྱི་ངོ་བོར་བཤད་དོ། །དེའི་དུས་སུ་ཉམས་སུ་མྱོང་བ་དེའི་ཕྱིས་བསྒོམས་པ་དེ་ཡང་ནས་ཡང་དུ་གོམས་པའི་དབང་གིས་ཡེ་ཤེས་ཚོར་བ་ཡོངས་སུ་ཤེས་པ་ཉིད་དོ། །ངེས་པར་ཡང་ནས་ཡང་དུ་ཆད་པའི་དགའ་བའི་ཡེ་ཤེས་ལ་བློ་དཔྱོད་ཅིང་
གོམས་པར་འགྱུར་བས། རང་བཞིན་དགའ་བ་གསལ་བར་འགྱུར་ན་ནི། དཔྱོད་པའི་བདག་ཉིད་ཀྱི་ཐབས་སོ། །དེ་ནི་ཡེ་ཤེས་སུ་བདག་གིས་བཤད་དོ་ཞེས་བྱ་བ་ནི། བརྟགས་ནས་ཡེ་ཤེས་སུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །བླ་མའི་ཞལ་སྔ་ནས་རྟེན་དང་བཅས་པ་ལ་དཔྱོད་

པས་རྟེན་མེད་པའི་རང་བཞིན་དགའ་བ་རྙེད་པར་འགྱུར་ཞེས་གསུངས་སོ། །དེ་བཞིན་དུ་མུན་ནག་ཏུ་རིན་པོ་ཆེའི་ཕྲ་མོའི་ཕྲ་མོ་ཡོད་པ་དེ་ཞེས་བྱ་བ་ལ་སོགས་པ་ནི། ཡང་དང་ཡང་དུ་དཔེ་ཡིས་མཚོན་ནས་གསལ་བའི་རྒྱུའི་རང་བཞིན་དགའ་བ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་
པོ་རྙེད་པར་འགྱུར་ཞིང་མཐོང་བར་བྱའོ། །དེ་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེ་རྣལ་འབྱོར་པས་འགྲུབ་པར་འགྱུར་རོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཅུ་བཞི་པའི་བཤད་པའོ།། །