Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 8

Văn bản gốc(Tây Tạng)

Trang 15 / 22 (50.000 ký tự/trang)
ོས་པོ་ལ་ཞེན་པ་མ་ཡིན། ལྷ་དང་ལྷ་མོའི་བདག་ཉིད་སྒྱུ་མའི་དངོས་པོ་བསྒོམས་ནས། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་བྱས་པས་རྣམ་པར་དག་པར་
འགྱུར་རོ། །དེ་བཞིན་དུ། འདུས་པ་རེག་བྱ་བྱེད་པ་ཡི། །ཞེས་བྱ་བ་ལ་འདུས་པ་ནི་ཐབས་དང་ཤེས་རབ་རེག་བྱ་ནི་རྡོ་རྗེ་རིན་པོ་ཆེ་དང་བཅས་པ་པདྨ་བྱ་གདོང་མ་དང་བཅས་པ། བྱེད་པ་པོའི་དངོས་པོ་ཞེས་སྦྱར་ཏེ། ཐབས་དང་ཤེས་རབ་ལ་སོགས་པའི་དགའ་བ་ནི། ཐ་མལ་པ་
དང་མཐུན་པ་མ་ཡིན་ནོ། །དེ་བས་ན་སྲིད་པ་མེད་པར་བྱེད་ཅེས་གསུངས་ཏེ། སྲིད་པ་ནི། སྐྱེ་བའི་སྲིད་པ་དང་། འཆི་བའི་སྲིད་པ་དང་། བར་མ་དོའི་སྲིད་པའོ། །དེ་སྐད་དུ། ཀྱེའི་རྡོ་རྗེ་ལས་ཀྱང་། ཇི་ལྟར་དུག་གི་དུམ་བུ་ཡིས། །སེམས་ཅན་ཀུན་ནི་འཆི་བར་བྱེད། །དུག་
གི་དེ་ཉིད་ཤེས་པ་ཡིས། །དུག་གིས་དུག་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ་སོགས་པའི་དཔེ་དང་། དེ་བཞིན་ཆོས་ཅན་རྟོགས་པ་ནི། །རྟོགས་པ་ཡིས་ནི་དག་པར་བྱེད། །ཇི་ལྟར་འདོད་ཆགས་མེས་ཚིག་ནི། །སླར་ཡང་འདོད་ཆགས་ཀྱིས་དག་འགྱུར། །ཞེས་གསུངས་སོ། །

འོ་དང་འཁྱུད་པ་ལོངས་སྤྱོད་རྣམས་ནི། སྦྱོར་ཐབས་རྣམས་དེ་བཞིན་གཤེགས་པའི་སྤྱོད་པ་ཡིན་ཏེ། དེ་བས་འདིར་ཡང་འོ་ལ་སོགས་པའི་སྤྱོད་པ་ལོངས་སྤྱོད་དུ་གསུངས་སོ། །དེ་ཡང་དགའ་བ་སྐྱེ་བའི་རྒྱུ་འཁྱུད་པ་ལ་སོགས་པ་ཡིན་ལ། འབྲས་བུའི་དུས་ན་ནི་ལོངས་སྤྱོད། དེ་
བཞིན་གཤེགས་པའི་རྒྱུར་འགྱུར་བས་ཀྱང་ལོངས་སྤྱོད་པའོ། །དངོས་ནི་དངོས་པོར་བར་ཆོད་བྱེད། །ཅེས་བྱ་བ་ནི། འཁོར་བའི་དངོས་པོའི་ཆོས་རྣམས་ཀུན། །ཐབས་རྣམ་པ་སྣ་ཚོགས་ཀྱི་སྤྱོད་པས་ཡེ་ཤེས་སྐྱེད་དེ། ཕྱིན་ཅི་ལོག་གི་སྤྱོད་པའི་བར་གཅད་པར་བྱའོ། །རྟེན་གང་
ཡིན་སྙམ་པ་ལ། དེ་གསུངས་པ། པུཎྜ་རཱི་ཀ་འབྱུང་བ་ཡིས། །ཞེས་བྱ་བ་ལ་སོགས་པའོ། །ཟླ་བའི་རྣམ་པ་ཅན་པུཎྜ་རཱི་ཀའོ། །འབྱུང་བ་ནི་ཀུ་ཤའི་མཚན་ཉིད། ཡིས་ཞེས་བྱ་བ་ནི་རྩྭ་ལ་ཀུ་ཤ་འབབ་པའི་ཕྱིར་ནའོ། །ཟུར་གསུམ་ནི་སྔར་བཤད་པའོ། །སོགས་ནི་པདྨའི་
འབྲས་བུ་དང་། དྲག་པོའི་མིག་ཅན་ལ་སོགས་རྣམས་བསྡུ། རྟེན་གྱི་ནི་ཤུཀྵ་དགའ་བ་དང་ལྡན་པ་རྣམས་ཀྱི་གནས་བྱེད་པའོ། །རྩ་རྣམས་ཀྱི་བསྡུས་པའི་དོན་དང་བཅས་པ་གསུངས་པ་ནི། རྟེན་ནི་བསམ་གཏན་མེད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །རྟེན་ནི་
འདབ་མ་གསུམ་པའི་རྣམ་པའོ། །དེ་ནི་བསམ་གཏན་གྱི་གནས་སོ། །མེད་པ་ནི་བསམ་གཏན་མེད་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ལ་བསྒོམ་པ་མེད་པའོ། །དེ་ལས་གཞན་མའི་ཁྱད་པར་ཅན་ཞིག་བསྒོམ་པའི་བསམ་གཏན་ཡང་མེད་དོ། །ཆོས་དབྱིངས་རང་གི་ངོ་བོ་ཡིན། །
སྟེང་དང་འོག་ཏུ་མཉམ་པ་བརྟེན། །ཞེས་བྱ་བ་ནི། བསྐྱེད་པ་དང་རྫོགས་པ་བྲལ་བའི་མཉམ་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་རིག་ངོ་བོ་ཡིན་ལ་དེ་མཐའ་གཉིས་དང་བྲལ་བའི་ཕྱིར་ན། མྱ་ངན་འདས་པ་རྟོག་པ་མེད། །མྱ་ངན་ལས་འདས་པའི་རྟོག་པ་མེད་པས་ན། འཁོར་བའི་རྟོག་པ་
ཡོང་མི་སྐྱེ། དེ་ལ་བསམ་གཏན་གཞན་པ་ག་ལ་ཡོད་དེ་མེད་དོ། །དེ་སྐད་དུ། རྡོ་རྗེ་འཛིན་པའི་ལུང་ལས་ཀྱང་། །རྟག་ཏུ་ཤར་བ་ལས་གཞན་ཅི། །གང་དུ་ཡང་ནི་སྒོམ་ཡོད་དམ། །གལ་ཏེ་སུ་ཞིག་སྒོམ་བྱེད་དེ། །ཁྱད་པར་ཅན་དུ་སྐྱེ་མི་འགྱུར། །ཞེས་གསུངས་སོ། །བདེ་བ་

ཆེན་པོའི་བདུད་རྩི་ནི་ཉན་ཐོས་པའི་བདེ་བ་ལས་མཆོག་ཏུ་གྱུར་པས་བདེ་བ་ཆེན་པོའི་འོ། །ཉོན་མོངས་པ་ལ་སོགས་པ་དང་བྲལ་བའོ། །ཟས་ནི་བདུད་རྩི་རྟེན་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་རྟེན་ཅན་ལ་གསལ་བའོ། །རིགས་ལྔ་ནི་རྣམ་པར་སྣང་
མཛད་ལ་སོགས་པའོ། །དེའི་མཆོག་ནི་གཉིས་སུ་མེད་པའི་བདེ་བ་ཆེན་པོ། གནས་ཞེས་བྱ་བ་ནི་སྔར་བཤད་པས་བྱས་སོ། །དེ་ཡི་ཡེ་ཤེས་གསུམ་པ་ནི། །ཡེ་ཤེས་འདོད་པ་ལྷུན་གྱིས་གྲུབ། །ཅེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་ནི་བྱང་ཆུབ་སེམས་བདེ་བའི་ཡེ་ཤེས་འདོད་པ་
ནི་དགའ་བ་བཅུ་དྲུག་གི་དང་པོའི་དགའ་བའོ། །ལྷུན་གྱིས་གྲུབ་པ་ནི་དེ་རྣམས་གྲུབ་པའོ། །འདར་བའི་དགའ་བ་མཆོག་གི་དགའ་བ་ནི། དེ་རྣམས་ཀྱི་གཉིས་པ་ནི་འདར་བའི་དགའ་བ་སྟེ། དང་པོའི་མཆོག་ཅེས་བྱ་བའི་དོན་ཏོ། །ཡེ་ཤེས་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་ཡེ་ཤེས་ཞེས་
བྱ་བའི་དོན་འདིའོ། །ལྷུན་གྱིས་གྲུབ་པ་ནི་བསྒོམས་པའི་སྟོབས་ཀྱིས་ཡེ་ཤེས་བསྐྱེད་པས་གྲུབ་པར་འགྱུར་རོ། །གནས་ནི་ཡེ་ཤེས་བཅོ་ལྔ་པའི་བཞུགས་གནས་བཅས་པ་ནི་རྟེན་ཅན་གྱི་རང་བཞིན་དགའ་བ་དང་བཅས་པའོ། །ཆད་པའི་དགའ་བ་ཡི་ནི་བཅོ་ལྔ་པ་ཡིན་ནོ། །གནས་མེད་
པ་ནི་རྟེན་དང་རྟེན་ཅན་དང་། ཤར་དང་ནུབ་དང་། འཕོ་བ་ལ་སོགས་པའི་དངོས་པོ་དང་བྲལ་བའོ། །རང་བཞིན་དགའ་བ་ནི། དེ་ཁོ་ན་ཉིད་ཅེས་བྱ་བ་དང་། དོན་དམ་པའི་བདེན་པ་དང་། གཉིས་སུ་མེད་པ་དང་། བདེ་བ་ཆེན་པོ་ལ་སོགས་པ་རྣམ་གྲངས་སོ། །གཉིས་སུ་མེད་པའི་
མཆོག་ནི་ཡེ་ཤེས་ཀྱི་ང་རྒྱལ་ཙམ་ཡང་མེད་དེ། ཡེ་ཤེས་ང་རྒྱལ་མེད་པར་བྱེད། །ཅེས་གསུངས་སོ། །ཆོས་ནི་འགྲོ་བ་དང་མི་འགྲོ་བའི་ཕུང་པོ་ལ་སོགས་པའོ། །ཐམས་ཅད་ནི་རྡུལ་ཕྲ་རབ་ཀྱིས་བསྡུས་པ་དང་ཅིག་ཤོས་སོ། །རྣམ་པར་ཤེས་པ་ནི་གཅིག་དང་དུ་མ་དང་བྲལ་བའི་དོན་
ཡེ་ཤེས་སུ་བློས་འཇུག་ཅིང་ཤེས་པའོ། །དེ་བས་ན། ཡེ་ཤེས་བྱ་བའི་དོན་གྲུབ་བྱེད། །ཅེས་གསུངས་སོ། །དེ་ནི་སྒྲིབ་པ་གཉིས་སྤངས་པའི་དོན་ཏོ། །ཡེ་ཤེས་ལ་སོགས་པ་བཤད་ནས། རྣམ་པར་འབྱེད་པ་གསུངས་སོ། །རྣམ་པར་འབྱེད་པ་འོད་གཟུགས་གྲགས། །ཞེས་བྱ་བ་ལ་

སོགས་པ་གསུངས་པའོ། །བྱང་ཆུབ་སེམས་ཀྱི་ཐིག་ལེར་ལྷག་པར་བྱ་བ་ནི། རྣམ་པར་འབྱེད་པའི་འོད་གཟུགས་གྲགས། །ཞེས་བྱ་བ་སྟེ། འོད་ཀྱི་ཐིག་ལེའི་གཟུགས་སོ། །ཚུལ་ནི་ཚུལ་གྱི་ཐིག་ལེ། སྤྲིན་ནི་སྤྲིན་གྱི་ཐིག་ལེ། སྟོབས་ནི་སྟོབས་ཀྱི་ཐིག་ལེའོ། །དེ་བཞིན་
དུ་གཞན་རྣམས་ཀྱང་བསྡུའོ། །བདག་ཉིད་ནི་བདེ་བའི་ཐིག་ལེ་བཅུ་དྲུག་གི་བདག་ཉིད་རྣམ་པར་འབྱེད་པའོ། །དེ་རང་ལས་འབྱེད་པ་ནི། རྣམ་པར་འབྱེད་པ་སྟེ། རྟེན་མེད་པར་བྱེད་པའི་ཐ་ཚིག་གོ། །དངོས་པོ་ཀུན་ནི་དགའ་བ་དང་། བྱང་ཆུབ་ཀྱི་སེམས་བདེ་བའི་ཐིག་ལེ་རྣམས་སོ། །
རྣམ་པ་ནི་ཁྱད་པར་སྣ་ཚོགས་པའི་རྣམ་པ་མང་པོ་རྣམས་སོ། །གནས་ནི་རྩའི་མདུད་པའི་གནས་བསྡུའོ། །བཅས་པ་ནི་རྩ་དང་ཐིག་ལེ་ལ་སོགས་པར་ལྡན་པའོ། །ཐིམ་པ་ནི་དངོས་པོ་དངོས་པོ་མེད་པར་ཏེ། འདི་ནི་ཆོས་ཀྱི་སྐུའི་མཚན་ཉིད་ཤིན་ཏུ་རྣམ་པར་དག་པའོ། །ཆོས་ཀྱི་
སྐུའི་ལུས་འདི་ནི་ཐོག་མ་དང་ཐ་མ་མེད་པ། རང་བཞིན་གྱིས་རྣམ་པར་དག་ཅིང་། འོད་གསལ་བ་ཆོས་ཀྱི་རང་བཞིན་ཏེ། དུས་ཐམས་ཅད་དུ། དེ་བཞིན་ཉིད་དུ་མཛད་པའོ། །ཆོས་ཀྱི་སྐུ་འདི་ནི་གཟུགས་ཀྱི་སྐུ་དང་། ཆོས་རྣམས་ཀྱི་གནས་དང་། རྒྱུ་འབྲས་ཀྱི་སྐུར་གསུངས་
པའོ། །གཉིས་པ་གསུངས་པ། སྐྱེ་དང་གནས་པ་རྫུ་འཕྲུལ་གྱི། །ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེ་བ་ནི་ཆུ་ལས་ཉ་བཞིན་དུ་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུའོ། །གནས་པ་ནི་ཞིང་ཡོངས་སུ་དག་པ་ན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ལ་སོགས་པ་ཟླ་མེད་པའི་
ཆེ་བའི་ཡོན་ཏན་མང་པོས་བརྒྱན་པ། འཇའ་ཚོན་ལྟ་བུའི་སྐུ་མཛེས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་པར་འོས་པས་ན། ལོངས་སྤྱོད་པའོ། །རྟག་པར་གདུལ་བྱའི་དོན་བྱེད་པས་ན། རྒྱུན་གྱིས་རྟག་པར་གནས་པའོ། །རྫུ་འཕྲུལ་གྱིས་ཞེས་བྱ་བ་ནི། དེ་ལས་སྤྲུལ་
པའི་སྐུ་སྤྲུལ་ནས། རེ་རེ་ཞིང་ཡང་གདུལ་བྱའི་དབང་གིས་དོན་མཛད་པར་སྤྲུལ་པའི་སྐུ་བྱེ་བ་མཐའ་ཡས་པ་དེ་ལས་ཀྱང་དེ་བཞིན་ནོ། །དེ་ཡང་འདི་སྐད་དུ། རང་གི་རིག་པ་དེ་ཉིད་ནི། །གཞན་གྱིས་བརྗོད་ལས་མི་འབྱུང་སྟེ། །མོས་དང་བསྒོམས་པས་རྟོག་འགྱུར་གྱི། །རྟོགས་པ་དེ་ཉིད་

གཞན་དུ་མིན། །ཞེས་པས་ནའོ། །ཡང་འདི་སྐད་དུ། ཐབས་དང་ཤེས་རབ་བདག་ཉིད་ཅན། །ཉོན་མོངས་ཀུན་ལས་རྣམ་གྲོལ་ཞིང་། །མཚན་རྣམས་ཀུན་གྱིས་རབ་བརྒྱན་པར། །སྟོང་ཉིད་ཡེ་ཤེས་ལས་བྱུང་བ། །སྤྲོ་ཞིང་སྡུད་པར་བྱེད་པ་ཡི། །རྣམ་པ་ཀུན་གྱི་
མཆོག་ལྡན་ཞིང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཡེ་ཤེས་སྒྱུ་མ་འདྲ་ཞིང་རྟག །ཅེས་གསུངས་སོ། །ཡང་འདི་སྐད་དུ། སངས་རྒྱས་ཉིད་ལས་སངས་རྒྱས་ཉིད། །དཔག་མེད་རིགས་སུ་སྤྲུལ་པ་ནི། །འགྲོ་བ་གདུལ་བྱའི་བསམ་པའི་རྒྱུད། །དེ་བཞིན་དུ་ཡང་སྤྲུལ་
སྐུས་མཛད། །ཅེས་གསུངས་སོ། །དེར་གསུམ་པོའི་དོན་བསྟན་ནས། དེ་དག་གི་འབྱེད་པ་གསུངས་པ། རྣམ་པར་འབྱེད་པ་གཏི་མུག་འཇོམས། །ཞེས་བྱ་བ་ནི། གཏི་མུག་གི་སྒྲས་ནི་འདོད་ཆགས་དང་། ཞེ་སྡང་དང་། ང་རྒྱལ་དང་། ཕྲག་དོག་གོ། །འཁོར་ལོ་ནི་བསྐྱེད་པའི་རིམ་
པའི་དཀྱིལ་འཁོར་རོ། །སྔགས་ནི་དེ་རྣམས་ཀྱི་བཟླས་པ་དང་། བསྐྱེད་པ་ལ་སོགས་པའོ། །བྱ་བ་ནི་ཕྲིན་ལས་རྣམས་སོ། །དེ་རྣམས་ཀུན་འཇོམས་པས་ན། འཇོམས་བྱེད་དེ་ནི་རྣམ་པར་འབྱེད། །ཅེས་གསུངས་སོ། །རྩའི་སྙིང་པོ་ནི་འདབ་མ་གསུམ་པའི་ལྟེ་བའི་རྟོག་མེད་མའོ། །
ཐམས་ཅད་ནི་ཟུར་གསུམ་ལ་སོགས་པའོ། །བཅོམ་པ་ནི་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་སུ་བཅོམ་པ་སྟེ། བཅོམ་ལྡན་འདས་ཞེས་བྱ་བའི་སྒྲའོ། །ཕྱིར་ནི་གཏན་ཚིགས་ཏེ། མི་མངའ་བ་དང་ལྡན་པའི་དོན་ཏོ། །རྣམ་པར་འབྱེད་པ་ནི། མཚན་མའི་དངོས་པོ་ལས་འབྱེད་པའོ། །
ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྙིང་པོ་ནི་དེ་རང་མཐར་ཐུག་པའི་མཆོག་གོ། །མཐའ་ནི་ཆོས་ཉིད་དང་བཅས་པའོ། །དེ་ནས་ཡེ་ཤེས་ཀྱང་དེ་ཉིད་སྙིང་པོ་ཡང་དེ་ཉིད། རྣམ་པར་འབྱེད་པ་གསལ་བར་བྱེད། །ཅེས་བྱ་བ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྣང་བ་ཉིད་
གསལ་བའི་བདག་ཉིད་ཅེས་སོ། །ཤིན་ཏུ་ནི་ཕུལ་དུ་བྱུང་བའི་ཡེ་ཤེས་སོ། །བདེ་བ་ནི་ཡང་དག་པའི་མཆོག་གོ། །བྱེད་པའི་ཕྱིར་ནི་རྣམ་པར་འབྱེད་པའི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱིས། ཕུལ་དུ་བྱུང་བའི་ཡང་དག་པའི་བདེ་བའི་མཆོག་བྱེད་ཅེས་བྱ་བའི་དོན་ཏོ། །དེས་ན་རྣམ་པར་

འབྱེད་པའི་དེ་ཁོ་ན་ཉིད་ཕྱིར་བརྗོད་ཅེས་གསུངས་སོ། །སྐུ་གསུམ་མི་ཕྱེད་པའི་དོན་གསུངས་པ། གཉིས་སུ་མེད་པའི་མཆོག་ཞི་བ། །ཞེས་བྱ་བ་ལ་སོགས་པའོ། །གཟུང་བ་དང་འཛིན་པའི་རྟོག་པ་ནི་གཉིས་ཏེ། དེ་བཞིན་དུ་གཉིས་པ་ཐམས་ཅད་བསྡུ་བ་ནི་གཉིས་སུ་མེད་པའོ། །
ཉོན་མོངས་པ་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལས་ཁྱད་པར་དུ་གྱུར་པས་ན་མཆོག་གོ། །རབ་བོ། །དེ་ཁོ་ན་ཉིད་དོན་དམ་པ་སྤྲོས་པ་དང་བྲལ་བ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཀུན་ཞི་བས་ན་ཞི་བའོ། །ཆགས་པ་ནི། འཁོར་བའི་དངོས་པོ་རྣམས་སོ། །ཆགས་བྲལ་
ནི་ཉན་ཐོས་ཀྱི་སྟོང་པ་ཕྱོགས་གཅིག་པའོ། །འདི་ནི་མཐའ་གཉིས་ལ་མི་གནས་པས་ན། ཆགས་པ་དང་། ཆགས་བྲལ་མིན་ནོ། །དྲི་མ་མེད་པ་ནི་གློ་བུར་བའི་དྲི་མ་མ་རིག་པ་ལ་སོགས་པ་དང་བྲལ་བའོ། །ནམ་མཁའ་ལ་སྤྲིན་ལ་སོགས་པ་བཞིན་ནོ། །འདུས་བྱས་མ་ཡིན་
པས་ན་བཅོས་པ་མེད་པའོ། །རྒྱུད་ལས་མི་སྐྱེ་བའི་རྒྱུ་དང་བྲལ་བའོ། །ཨཱ་ལི་ཀཱ་ལི་ལས་མ་སྐྱེས་པའི་ཕྱིར་སྔགས་དང་བྲལ་བའོ། །བསྐྱེད་རིམ་རྫོགས་རིམ་ལས་མི་སྐྱེ་བའི་ཕྱིར་རིམ་པ་དང་བྲལ་བའོ། །རང་རིག་པ་དང་བརྗོད་དུ་མེད། །ཐམས་ཅད་ཁྱབ་དང་དབྱེར་
མེད་པ། །ཞེས་བྱ་བ་ནི། བརྗོད་དུ་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་ཆོས་ཐམས་ཅད་ལ་ཁྱབ་ན། ཡང་ན་མཐོང་བ་མ་ཡིན་པ། མཚན་དང་དཔེ་བྱད་མེད་པའི་བདེ་བ་ཆེན་པོའི་བདག་ཉིད་ནི། གཟུགས་ཀྱི་སྐུ་དང་བྲལ་བ་རང་གི་རིག་པའི་ཡེ་ཤེས་
བརྗོད་དུ་མེད་པ་ཉིད་དོ། །དེ་ཁོ་ན་ཉིད་དེ་ཡང་མདོ་དང་ལུང་དང་། འགྲེལ་པ་ལ་སོགས་པའི་ནང་ནས་གསུངས་པ་ནི། རྒྱས་པར་བཤད་ན། ཡང་ན་འདིར་འགའ་ཙམ་དྲང་པོར་བྱ་སྟེ། བདེན་པ་གཉིས་ཀྱི་ཚུལ་ལ་གནས། །དེ་ནི་གཉིས་མེད་ཡེ་ཤེས་ཏེ། །མི་གནས་
མྱ་ངན་འདས་པ་ཡིན། །སངས་རྒྱས་རྡོ་རྗེ་འཛིན་པ་ཉིད། །ཅེས་གསུངས་པ་དང་། ཡང་དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་མངོན་པར་འདུ་མི་བྱེད་པ་སྒྱུ་མའི་ཆོས་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་རང་བཞིན་གྱིས་འོད་གསལ་བའི་ཆོས་ལ་འཇུག་ཅིང་། ཆོས་

ཐམས་ཅད་གཟོད་མ་ནས་རྣམ་པར་དག་པར་མངོན་པར་དད་པ་དང་། མོས་པའི་སེམས་ཅན་དེ་ངན་སོང་དུ་འགྲོ་ཞེས་ང་མི་སྨྲའོ་ཞེས་གསུངས་པ་དང་། ཡང་ནམ་མཁའ་དང་མཉམ་པའི་རྒྱུད་ལས་ཀྱང་འབྲེལ་བར་བསྟན་ཏེ། དེ་ཉིད་གང་ཞིག་འདོད་པ་ལ། །
དེ་ལ་དེ་ཉིད་དམ་པ་མེད། །ས་དང་ཕ་རོལ་ཕྱིན་པ་ཡིས། །ཚེ་འདིར་དེ་ཉིད་ཐོབ་མི་སྲིད། །རྒྱུ་འདྲ་དེ་ཁོ་ན་ཉིད་འདི། །གང་ཞིག་གིས་ནི་རྟོག་རྒྱུར་ན། །དེ་ཡིས་དེ་ཉིད་དམ་པ་འདི། །ངེས་པར་དེ་ཉིད་མྱུར་དུ་འཐོབ། །ཅེས་པ་དང་། ཡང་བདེན་པ་གཉིས་སུ་མེད་པས་ནི་རྒྱུ་དང་
འབྲས་བུ་དག་ཀྱང་གཉིས་སུ་མེད་པ་ཡིན་ལ། །རྒྱུ་དང་འབྲས་བུ་གཉིས་སུ་མེད་པས་ཐོབ་པ་དང་ཐོབ་པར་བྱ་བ་དག་ཀྱང་གཉིས་སུ་མེད་པ་ཡིན་ལ། དེ་དག་གཉིས་སུ་མེད་པས་བསྒོམ་པ་དང་། བསྒོམ་པར་བྱ་བ་དག་ཀྱང་གཉིས་སུ་མེད་པ་སྟེ། གཉིས་སུ་མེད་པ་ལ་ནི།
སྒྲུབ་པ་དང་པོ་དང་། བསྒྲུབ་པར་བྱ་བ་དམིགས་པར་མི་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་བདེ་བ་ཆེན་པོ་དང་། ཆོས་ཀྱི་དབྱིངས་དང་། དེ་ཁོ་ན་ཉིད་དང་། གཉིས་སུ་མེད་པ་དང་། རང་རིག་པའི་ཡེ་ཤེས་དང་། ཆོས་ཉིད་དང་། དོན་དམ་པའི་བདེན་པ་དང་ཞེས་བྱ་བ་ལ་སོགས་པ་
རྣམས་རྣམ་གྲངས་སོ། །དེའི་ཕྱིར་ན། དེ་ལྟ་བུ་ཡི་དོན་དམ་པར། །ལྷ་ཡི་དབང་ཕྱུག་རྣམ་པར་འབྱེད། །ཅེས་གསུངས་ཏེ། སྡུད་པ་པོ་ལྷའི་དབང་ཕྱུག་ལ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས། བདེ་བ་ཆེན་པོ་གཉིས་སུ་མེད་པར་འབྱེད་པར་གསུངས་སོ། །སངས་རྒྱས་བྱང་ཆུབ་སེམས་
ཀུན་ལ། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་དཔག་ཏུ་མེད་པའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་མཚོན་པའོ། །བྱང་ཆུབ་སེམས་དཔའ་ཀུན་ལ་དེ་བཞིན་དུ་བཤད་པའོ། །སྙིང་གར་རྟག་ཏུ་བཞུགས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དེ་སྙེད་ཀྱི་ཐུགས་ཡང་དག་པའི་
ཡེ་ཤེས་ནི་དེ་ཉིད་འདི་ཡིན་ནོ། །དེ་སྐད་དུ། གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། །སངས་རྒྱས་རྣམས་ཀྱིས་འདི་དག་ཉིད། །ཐུགས་ཆུད་ཡོད་མེད་ཕྱོགས་སྤངས་པས། །ཕྱག་རྒྱ་ཆེན་པོའི་བདག་ཉིད་གྲུབ། །ཅེས་གསུངས་སོ། །དེའི་ཕྱིར་འདི་ནི་མཁྱེན། འདི་ནི་མི་མཁྱེན་ཞེས་བྱ་བ་མི་མངའ་

བའི་དོན་ཏོ། །ཡང་ན་སངས་རྒྱས་ནི་ཕུང་པོ་རྣམས་སོ། །བྱང་ཆུབ་སེམས་དཔའ་ནི་སྐྱེ་མཆེད་ལ་སོགས་པ་རྣམས་སོ། །ཀུན་ཞེས་བྱ་བ་ནི། འབྱུང་བ་རྣམས་ལྷ་མོར་བསྟན་པ་དང་། དེ་རེ་རེ་ལ་ཡང་དབྱེ་བའོ། །སྙིང་གར་རྟག་ཏུ་བཞུགས་པ་ནི། བྱང་ཆུབ་སེམས་ཀྱི་རང་བཞིན་
དགའ་བ་སྐྱེད་པར་མཛད་པ་དང་། རང་བཞིན་དུ་བཞུགས་སོ། །རྣམ་པར་འབྱེད་པ་ལ་བསྒོམ་པ་མེད་ཅེས་བྱ་བ་ནི། དེ་ཉིད་སྒོམ་པ་དང་། སྔགས་ཀྱིས་བཟླས་པ་དང་། མཆོད་པ་ལ་སོགས་པ་སྤངས་པའོ། །ཕུང་པོ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །ཁམས་ནི་ས་དང་།
ཆུ་དང་། མེ་དང་། རླུང་གི་ཁམས་སོ། །སོགས་པ་ནི་སྐྱེ་མཆེད་བཅུ་གཉིས་ནི་ཁམས་གཞན་ནོ། །བྲལ་བ་ནི་རྣམ་པར་འབྱེད་པ་དེ་ཉིད་ཀྱིས་དེ་རྣམས་ཀྱི་རྟོག་པ་མེད་པའོ། །སྒྲ་ནི་འཇིག་རྟེན་པའི་སྒྲའི་དངོས་པོའོ། །སོགས་པ་ནི་དེ་བཞིན་དུ་ཚད་མ་དང་སྙན་དངགས་ལ་སོགས་པའོ། །
ཆོས་ཀྱི་སྟོང་པ་ནི་ཉིད་ཀྱིས་དེ་རྣམས་སྟོང་པའམ་དབེན་པའོ། །སྟོང་པ་ནི་མི་དམིགས་པའི་ཤེས་རབ་ཆེན་པོའི་སྟོང་པ་ཉིད་དོ། །སྙིང་རྗེ་ནི་ཐབས་ཐུགས་རྗེ་ཆེན་པོའི་དངོས་པོ་ཀུན་རྫོབ་སྒྱུ་མ་ཙམ་མོ། །བདག་ཉིད་ཡིན་ཞེས་བྱ་བ་ནི་དེ་ཉིད་གཉིས་ཀྱི་བདག་པོ་སྟེ། གཉིས་སུ་མེད་
པའི་དེ་ཁོ་ན་ཉིད་དམ་པའོ། །དེའི་ཡོན་ཏན་གསུངས་པ། ཚངས་དང་ཁྱབ་འཇུག་དྲག་པོ་དང་། །ཞེས་བྱ་བ་ལ་སོགས་པའོ། །དེ་ཁོ་ན་ཉིད་འདི་ནི་གདུལ་བྱའི་དབང་གིས་ཡེ་ཤེས་ལྔའི་བདག་ཉིད་ཚངས་པ་ལ་སོགས་པ་ཡང་བསྟན་པ་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་ལ་རྟོག་པ་མེད་པའི་
བདག་ཉིད་དེ་ཉིད་ལས་བྱུང་བས་ཚངས་པའོ། །དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་དུ་བྱུང་ཞིང་སེམས་ཅན་ཀུན་ལ་ཁྱབ་པས་ནི་ཁྱབ་འཇུག་གོ། །དེ་ཉིད་ལས་སོ་སོར་རྟོག་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་སོ་སོར་རྟོགས་པས་ན་དྲག་པོའོ། །དེ་ཉིད་
ལས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་མཉམ་པར་དབང་བྱེད་པས་ན་དབང་ཕྱུག །དེ་ཉིད་ལས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་མཚན་ཉིད་རང་བཞིན་དུ་ཞི་བ་སྟེར་བས་ན་ཞི་བའོ། །དེ་རྣམས་ནི་

རིགས་ལྔའི་མཚན་ཉིད་དང་ལྡན་པའི་ཚངས་པ་ལ་སོགས་པའོ། །དེ་ཉིད་ལས་ཡེ་ཤེས་ལྔའི་བདག་ཉིད་དུ་བྱུང་བས་ནི་ཡབ་ཡིན་པའོ། །ཡང་འདི་སྐད་སྟེ། དཔལ་མཆོག་དང་པོའི་ཆོ་གར་ཡང་། ཚངས་དང་དྲག་པོ་སོགས་བསྒོམ་པ། །དེས་འདུལ་བ་ལ་གསུངས་པ་
ནི། །དེ་ཉིད་ལ་ནི་འཇུག་ཕྱིར་ཡིན། །ཞེས་གསུངས་སོ། །གཞན་ན་རེ་ལུས་ལ་གནས་པའི་འཁོར་ལོ་རྣམས་དེ་ཉིད་ལས་བྱུང་བའི་དོན་ཏོ། །དེ་ཉིད་ལས་རླུང་གི་འཁོར་ལོ་དེས་ཚངས་པའི་ཡེ་ཤེས་སྐྱེད་པའོ། །དེ་ཉིད་ལས་མེའི་འཁོར་ལོ་དེས་ཡེ་ཤེས་ལ་ཁྱབ་པའི་དྲོད་དེ་ནི་ཁྱབ་འཇུག་
གོ། །དེ་ཉིད་ལས་སྤྲུལ་པའི་འཁོར་ལོ་དེའི་ཡེ་ཤེས་དྲག་འཛིན་མ་ལས་བྱུང་བ་ནི་དྲག་པོའོ། །དེ་ཉིད་ལས་བདེ་བ་ཆེན་པོའི་འཁོར་ལོ་དེའི་ཡེ་ཤེས་གཞན་མའི་ཡེ་ཤེས་ལ་དབང་བྱེད་པ་ནི་དབང་ཕྱུག་གོ། །དེ་ཉིད་ལས་ལོངས་སྤྱོད་ཀྱི་འཁོར་ལོ་དེར་ཡེ་ཤེས་ཀྱི་རོས་རྟོག་པའི་རོ་དྲུག་
ཞི་བ་ནི་ཞི་བའོ། །དེ་ཉིད་ལས་དེ་རྣམས་བྱུང་བ་ནི་ཕ་རོལ་གྱི་ཡིན་ཟེར་རོ། །འབྱེད་པ་དེ་ནི་མཆོག་རྨད་བྱུང་། །ཞེས་བྱ་བ་ནི། དེ་ཉིད་འཇིག་རྟེན་གྱི་ལྷ་ཚངས་པ་ལ་སོགས་པ་ལས་མཆོག །དེ་ཉིད་ནི་དེའི་གོང་ན་གཞན་མེད་པས་རྨད་དུ་བྱུང་བའོ། །དེ་ཉིད་ཡེ་ཤེས་ཐིག་ལེ་འདིར། །
ཞེས་འབྱུང་བ་ནི། བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་དེའི་དོན་སྟོན་པའི་སྐབས་སུ་ནི། འདིར་དེ་ཁོ་ན་ཉིད་འདི་མཆོག་གོ། །མཆོག་རྣམས་ནི་མང་པོ་དག་གི་མཆོག་གི་ཡེ་ཤེས་སོ། །གྲུབ་པ་ནི་དེ་ཉིད་མཆོག་དམ་པར་རྫོགས་པའོ། །མངའ་བདག་ནི་ཡེ་ཤེས་རྣམས་ཀྱི་
མཆོག་གི་མངའ་བདག་སྟེ། དེ་ཉིད་གྲུབ་པ་ཡང་ཡིན་ལ་མངའ་བདག་ཀྱང་ཡིན་ཏེ་བསྡུས་པའོ། །འབྱུང་བའི་སྒྲས་སེམས་ཅན་རྣམས་སོ། །ཀུན་ནི་ཐམས་ཅད་དོ། །དེ་ནི་སེམས་ཅན་ཐམས་ཅད་བསྡུའོ། །ཡང་ན་འབྱུང་བ་ནི་ས་ལ་སོགས་པའི་འབྱུང་བའོ། །དེས་བརྟན་གཡོ་ལ་
ཁྱབ་པོ། །ཀུན་ནི་སྣོད་བཅུད་གཉིས་སོ། །ནང་ཡོད་ནི་དེས་ཁྱབ་པའི་དོན་ཏོ། །སྐུ་ལྔ་ཞེས་འབྱུང་བ་ནི་སྔར་བཤད་པ་བྱས་སོ། །བདག་ཉིད་རབ་མཆོག་ཡིན་ཞེས་འབྱུང་བ་ནི་ཕ་རོལ་ཞེས་པའི་ཐ་ཚིག་གོ། །མཁའ་འགྲོ་དབང་ཕྱུག་ལྔ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པ་

ནམ་མཁའ་ལ་འགྲོ་བའོ། །ལྔ་ནི་སངས་རྒྱས་མཁའ་འགྲོ་ལ་སོགས་པ་ལྔའོ། །རྣམ་པར་སྣང་མཛད་ཀྱིས་གཙོ་བོ་བྱས་པའི་འཁོར་ལྷ་མོ་དང་བཅས་པ་ནི་སངས་རྒྱས་མཁའ་འགྲོའོ། །དེ་བཞིན་དུ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་
པ་དང་། རྡོ་རྗེ་མཁའ་འགྲོ་ལ་སོགས་པའོ། །བདག་པོ་ནི་དེ་ཁོ་ན་ཉིད་དོ། །མཁའ་འགྲོ་ལྔ་ཞེས་བྱ་བ་ནི། སྔར་གྱི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའོ། །བདག་ཉིད་སྐྱེ་མེད་ནི་སྔར་བཤད་པ་བཞིན་ནོ། །ནམ་མཁའ་ལྔ་ནི་ནང་དུ་ཐིམ། །ཞེས་བྱ་བ་ནི་འབྱུང་བ་
ལྔའི་ནང་དུ་ཐིམ་པའོ། །གཞན་ན་རེ་ཕུང་པོ་ལྔའི་ནང་དུ་ཐིམ་ཟེར་རོ། །སངས་རྒྱས་ཀུན་གྱིས་ཕྱག་བྱེད་པ། །ཞེས་བྱ་བ་ནི། དུས་གསུམ་གྱི་སངས་རྒྱས་ཇི་སྙེད་བཞུགས་པའི་ཕྱག་བྱ་བ་དང་། བཀུར་བའི་གནས་སོ། །ཕུང་པོ་ལྔ་ལ་སོགས་པ་དང་། དེ་ལས་གཞན་པ་ཀུན་གྱིས་ཀྱང་
ཕྱག་བྱ་བའི་གནས་སོ་ཞེས་པའོ། །དེ་ལྟའི་གསང་ཆེན་ཡེ་ཤེས་ནི། །ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ན་གསང་བ་ཆེན་པོའི་ཡེ་ཤེས་སོ། །ཡེ་ཤེས་ཞེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་དེ་ཁོ་ན་ཉིད་དོ། །དབང་པོ་ཞེས་
བྱ་བ་ནི་བདག་པོའི་དོན་ཏོ། །དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་འདི་རྙེད་པར་དཀའ་བས་ན་རྙེད་པར་དཀའ་བའོ། །དཔེ་ཅི་དང་མཚུངས་པར་རྙེད་པར་དཀའ་སྙམ་པ་ལ། དེའི་དོན་གསུངས་པ། ཇི་ལྟར་ནོར་ཀུན་མི་རྙེད་བཞིན། །ཞེས་འབྱུང་བ་ནི། ཇི་ལྟར་ནོར་བུ་རིན་པོ་ཆེ་ཤིན་ཏུ་དཀོན་པའི་
ཕྲ་མོ་མུན་པའི་ནང་ན་གནས་པ་དེ། མར་མེའི་ཐབས་ཀྱིས་མ་བཙལ་བར་དུ་མི་རྙེད་པ་བཞིན་ནོ། །འབད་པ་ཡིས་ནི་སྦ་བར་བྱ། །ཞེས་འབྱུང་བ་ནི། ནོར་བུ་རིན་པོ་ཆེ་རྙེད་ན་ཟ་མ་ཏོག་ལ་སོགས་པར་སྦེད་པ་བཞིན་དུ། འདིར་ཡང་ཤིན་ཏུ་སྦ་བ་སྟེ། སྣོད་དང་མི་ལྡན་པའི་སེམས་
ཅན་རྣམས་ལ་སྦྱིན་པར་མ་གསུངས་སོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་དང་པོའི་བཤད་པའོ།། །།དང་པོར་བཅོམ་ལྡན་འདས་ཀྱིས་ལྷའི་དབང་ཕྱུག་ལ་དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཀྱི་དང་ཞེས་བྱ་བ་ལ་སོགས་པ་དེའི་དོན་གསལ་

བར་འདོད་ནས། ལྷའི་དབང་ཕྱུག་གིས་གསོལ་བ་ཞེས་བྱ་བ་ནི་སྔར་གྱི་འདིར་ཞུས་པ་སྟེ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཀུན་བཅོམ་པ་མཆོག་གི་ཡེ་ཤེས་དང་ལྡན་པ་སྟེ་བཅོམ་ལྡན་ནོ། །དེ་ཉིད་གསུམ་བདག་
རང་ངོ་ཅི། །ཞེས་འབྱུང་བ་ལ་སོགས་པའི་ཚིགས་བཅད་གཅིག་གིས་སྔར་གྱི་དོན་ཞུས་པའོ། །དེའི་ལན་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི། འོག་ནས་འབྱུང་བ་འདིའོ། །གང་གི་དོན་དུ་བཀའ་སྩལ་ཞེ་ན། གདུལ་བར་བྱ་བའི་སེམས་ཅན་རྣམས་ཀྱི་
དོན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་ལ་བཀའ་སྩལ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་གསུམ་ནི་སྐུ་གསུང་ཐུགས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་གསུམ་གྱི་རྒྱུ་ནི་ལུས་དང་ངག་དང་སེམས་སོ། །དེ་དག་རྣམ་པར་དག་པ་ནི་སྐུ་དང་
གསུང་དང་ཐུགས་སུ་འགྱུར་ཏེ། འདིར་སེམས་ཅན་གྱི་གནས་སྐབས་སུ་ནི་རྒྱུ་ཅན་ཡིན་ལ། སྐུ་རྡོ་རྗེ་ལ་སོགས་པའི་རྒྱུར་འགྱུར་བ་སྔར་བཞིན་ནོ། །ལུས་ལ་སོགས་པ་སེམས་ཀྱི་རང་བཞིན་དང་འབྲེལ་བའམ། །ཡང་སྔར་གྱི་བཞིན་པས་ན་རྡོ་རྗེ་གསུམ་ཞེས་ཀྱང་བྱའོ། །ཟླ་བ་བདེ་བ་
མཆོག་ནི་གང་། །ཞེས་བྱ་བ་ནི། ཤཱཀྱའི་བདག་ཉིད་དོ། །དེ་ལས་སེམས་ཅན་འབྱུང་བའམ། འདི་ལས་རི་བོང་ཅན་སྐྱེ་བའོ། །ཕུང་པོ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལྔའོ། །དབང་པོ་ནི་མིག་གི་དབང་པོ་ལ་སོགས་པ་དྲུག་གོ། །དེའི་བདག་ཉིད་སྐྱེ་མཆེད་དང་ཁམས་བཅོ་
བརྒྱད་དོ། །ཁམས་ཞེས་བྱ་བ་ནི། སའི་ཁམས་ལ་སོགས་པའོ། །ཕྱག་རྒྱ་ཆེན་པོ་ཞེས་འབྱུང་བ་ནི། ལུས་ཀྱི་དངོས་པོ་རྫོགས་པའོ། །རྡོ་རྗེ་ཞེས་བྱ་བ་ནི་སེམས་ཡིན་ཏེ། དེའི་རང་བཞིན་དང་ལྡན་པའི་སེམས་ལུས་ལ་གནས་པའོ། །སྙིང་པོ་ཞེས་བྱ་བ་ནི། ཤུཀྵའི་དོན་ཏོ། །
དེའི་མཐའ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་གྲུབ་མཐའོ། བྷ་གར་བཤད་ཅེས་བྱ་བ་ནི། སེམས་ཅན་བྷ་ག་ལས་འབྱུང་བའོ། །ཡང་ན་བྷ་གའི་སྒྲས་བཅོམ་ལྡན་འདས་སོ། །འདི་ནི་གཅིག་ལ་གཅིག་རྒྱུ་དང་འབྲས་བུའོ། །འདིར་སེམས་ཅན་རྒྱུའོ། །མཐའ་དང་སྣང་བ་རྣམ་པར་

ཤེས། །ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་སོ། །ཆུ་ཡི་ཟླ་བ་བཞིན་དུ་མཐོང་། །ཞེས་བྱ་བ་ནི། ཆུ་ཟླའི་དཔེས་ནི་ཀུན་རྫོབ་སྒྱུ་མའི་དངོས་པོར་སྣང་བའོ། །སྣང་བ་ཞེས་བྱ་བ་ནི། སེམས་ཅན་གྱི་དངོས་པོ་སྣང་བའོ། །ལས་ཞེས་བྱ་བ་ནི་ལྔ་པའི་དོན་ཏོ། །ཐམས་ཅད་འབྱུང་
ཞེས་བྱ་བ་ནི་འབྲས་བུའི་ཆོས་ཐམས་ཅད་རྒྱུ་ལས་འབྱུང་བའོ། །འབྲས་བུ་གང་ཡིན་ཞེ་ན། དེ་གསུངས་པ། སྐྱེ་བ་དང་ནི་འགག་པ་མེད། །ཅེས་བྱ་བས་བཤད་དོ། །དེ་ཡིས་རྒྱུའི་དཔལ་ཡེ་ཤེས་ཐིག་ལེ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན་རྒྱུ་ནི་རིགས་དང་ལྡན་པའི་ཕྱིར་ན་སེམས་ཅན་རྣམས་
སོ། །དེ་སྐད་དུ། ས་སྟེངས་སྐལ་མིན་ཡོད་མིན་པས། །ཐམས་ཅད་སངས་རྒྱས་འགྱུར་བ་ཡིན། །དེ་བས་རྫོགས་པའི་བྱང་ཆུབ་ནི། །བསྒྲུབ་ལ་སྒྱིད་ལུག་མི་བྱའོ། །ཞེས་གསུངས་པའོ། །རྒྱུའི་ཡེ་ཤེས་ཐིག་ལེའི་སྟོབས་ལས། ཐབས་ཀྱི་ཡེ་ཤེས་ཐིག་ལེ་ཡུན་རིང་པོ་ཡང་ནས་
ཡང་གོམས་པའི་སྟོབས་ཀྱིས་ནི། འབྲས་བུ་དཔལ་ཡེ་ཤེས་ཐིག་ལེ་ཐོབ་པར་འགྱུར་ཏེ། དེ་ནི་རྒྱུའི་ཡེ་ཤེས་ཐིག་ལེའོ། །ཐབས་གང་ཡིན་སྙམ་པ་ལ། ཐབས་ཀྱིས་བསྡུས་པ་འདིར་ལུང་གིས་བཤད་པ། རྡོ་རྗེ་གསུང་མཆོག་ཆེན་པོ་ནི། །རྡོ་རྗེ་གསུམ་གྱི་མངའ་བདག་མཆོག །
རིག་པའི་སྐྱེས་བུ་བསྒོམ་པའི་ཕྱིར། །རྡོ་རྗེ་སྐུ་དང་གསུང་དང་ཐུགས། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ཆུ་སྤྱན་ནི་མཱ་མ་ཀཱི། །དཀར་མོ་སྒྲོལ་མ་མེ་རླུང་
གྲགས། །མཁའ་དབྱིངས་རྡོ་རྗེ་དམ་ཚིག་ནི། །རྡོ་རྗེ་འཛིན་པ་དེ་ཉིད་ཡིན། །ཞེས་པ་དང་། རྒྱུད་ཀྱི་རིམ་པས་ལྷ་མོ་དང་གནས་ཀྱི་དགོངས་པ་ཡང་ཞལ་ལས་ཤེས་པར་བྱའོ། །ཡང་གཞན་ལས། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནི། །དྲུག་པ་རྣམ་དག་གཉིས་སུ་མེད། །སྙིང་པོ་
སྤྲོས་པ་དང་བཅས་པ། །སྤྲོས་མེད་བཅོམ་ལྡན་འདས་ཉིད་དོ། །ཀུན་རྫོབ་དངོས་པོར་སྣང་བ་ཀུན། །ཐམས་ཅད་ཆུ་ཡི་ཟླ་བཞིན་མཐོང་། །དྲི་མ་མེད་པའི་དོན་དམ་པ། །སྐྱེ་བ་དང་ནི་འགག་པ་མེད། །ཅེས་གསུངས་སོ། །ཡང་དེ་ཉིད་གསུམ་ནི་སྐུ་དང་གསུང་དང་ཐུགས་

ཞེས་བྱ་བ་ནི། དེ་ཁོ་ན་ཉིད་གསུམ་སོ། །ཡེ་ཤེས་ཀྱི་རང་བཞིན་དབྱེར་མེད་པས་ན་རྡོ་རྗེ་གསུམ་མོ། །ཟླ་བ་བདེ་མཆོག་ནི། ཟླ་བ་བདེ་མཆོག་གི་དོན་གྱི་ཕུང་པོ་ལ་སོགས་པའི་བདེ་བ་ཆེན་པོའོ། །ཕྱག་རྒྱ་ཆེན་པོ་ནི་ཉིད་ལ་ཉིད་སྒྲས་བཤད་པར་དགོངས་ཏེ། སྐུ་གསུམ་
གྱི་བདག་ཉིད་པས་ན་རྡོ་རྗེའོ། །ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་རྡོ་རྗེ་སྙིང་པོའོ། །དེ་ཉིད་བཅོམ་ལྡན་འདས་ཀྱི་རང་བཞིན་ཡིན་པས། དེ་ཡི་མཐའ་ནི་བྷ་གར་བསྟན། །ཞེས་དེ་རང་ལ་མཐར་བཤད་པའོ། །མཐའ་དང་ཞེས་བྱ་བ་ནི་གོ་སླའོ། །སྐུའི་འཁོར་ལོ་ལ་སོགས་པར་
ཡང་བསྟན་ཏོ། །དེ་ཡིས་ནི་ཐབས་ཀྱི་དཔལ་ཡེ་ཤེས་ཐིག་ལེའི་བསྡུས་པའི་དོན་བསྟན་ཏོ། །འབྲས་བུའི་དཔལ་ཡེ་ཤེས་ཐིག་ལེ་གང་ཡིན་སྙམ་པའམ། དེའི་དོན་གསུངས་པ། དེ་ཉིད་གསུམ་ནི། སྐུ་དང་གསུང་དང་ཐུགས། རྡོ་རྗེ་གསུམ་གྱི་ཡེ་ཤེས་མཆོག །ཅེས་བྱ་བ་ནི།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི། བཅོམ་ལྡན་འདས་ཉིད་དུ་གསུངས་པ་ནི། འདི་ནི་ཡེ་ཤེས་ཀྱི་མཆོག་དེ་ཉིད་ཅན་ནོ། །ཟླ་བ་བདེ་བ་མཆོག་ཅེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པའི་གདུང་བ་ལས་གྲོལ་བའི་ཕྱིར་ན་ཟླ་བའོ། །བཅོམ་ལྡན་འདས་
དཔལ་ཡེ་ཤེས་ཐིག་ལེ་ཉིད་བདེ་བའི་མཆོག་གོ། །ཕུང་པོ་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །དབང་པོ་ཁམས་ཞེས་བྱ་བ་ནི། །སྐྱེ་མཆེད་རྣམས་དང་། ཁམས་རྣམས་བྱང་ཆུབ་སེམས་དཔའི་འཁོར་ལོ་རྣམས་སོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་བརྗོད་དུ་མེད་པ། མ་སྐྱེས་
པ། མ་འགགས་པ། སྤྲོས་པ་ཐམས་ཅད་དང་བྲལ་བའི་གཉིས་སུ་མེད་པའི་དེ་ཉིད་མི་ཤིགས་པས། རྡོ་རྗེ་རྡོ་རྗེ་དང་འདྲ་སྟེ་དབྱེར་མེད་པའོ། །སྙིང་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཡེ་ཤེས་ཐིག་ལེ་མཆོག་གི་གཟུགས་འཛིན་པ། འཕགས་པའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་
དང་ལྷན་ཅིག་པར་བཞུགས་པའོ། །གང་དུ་བཞུགས་ཤེ་ན་དེའི་བཞུགས་པ་གསུངས་པ། དེ་ཡི་མཐའ་ནི་བྷ་གར་བཤད། །ཅེས་བྱ་བ་སྟེ། མཐའ་སྨོས་པས། བཅོམ་ལྡན་འདས་དབུས་ན་འཁོར་དང་བཅས་པ་བཞུགས་པའི་སྒྲས་བཤད་དོ། །བྷ་གར་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་

དཀར་པོ་གཞལ་ཡས་ཁང་དང་བཅས་པའི་གནས་ནི་བཞུགས་པའོ། །མཐའ་དང་སྣང་བ་རྣམ་པར་ཤེས། །ཞེས་བྱ་བ་ལ། མཐའ་ནི་ཆོས་འབྱུང་དང་བཅས་པའི་གནས་སོ། །སྣང་བ་ནི་དཀྱིལ་འཁོར་བའོ། །རྣམ་པར་ཤེས་པ་ནི་གསལ་ལ་མ་འདྲེས་བར་དེ་རྣམས་ཤེས་པའོ། །ཆུ་ཡི་ཟླ་
བ་བཞིན་དུ་མཐོང་། །ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་སུམ་དུ་གཟུགས་བརྙན་མཐོང་བཞིན་པ་དེ་ཡང་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་བྱིན་གྱི་རླབས་དང་། བསྒོམས་པའི་སྟོབས་ལ་སོགས་པ་དང་། དེ་བཞིན་གཤེགས་པའི་ཐུགས་རྗེ་དང་།
སྨོན་ལམ་གྱི་བྱིན་གྱི་རླབས་ཀྱིས་མཐོང་བའོ། །ཆོས་ཀུན་ཞེས་བྱ་བ་ནི། འཁོར་བ་ནི་མྱ་ངན་ལས་འདས་པའི་ཆོས་རྣམས་སོ། །རང་བཞིན་དྲི་མ་མེད་པ་ནི། བཅོམ་ལྡན་འདས་ཉིད་ལ་འཁོར་བའི་སྐྱོན་གྱིས་མ་གོས་པའོ། །ཡང་དག་འོད་ལས་ཐམས་ཅད་བྱུང་། །ཞེས་བྱ་བ་ནི།
དཀྱིལ་འཁོར་གྱི་གཟུགས་ལ་སོགས་པ་དང་འཁོར་བའི་ཆོས་ཐམས་ཅད་ཡང་དག་པའི་འདོར་བདེ་ཁོ་ན་ཉིད་ལས་བྱུང་བའོ། །དེས་ནི་འབྲས་བུའི་དཔལ་ཡེ་ཤེས་ཐིག་ལེ་བསྟན་ཏོ། །དེ་རྣམས་ཀྱི་དོན་ནི་འདི་ཉིད་ཀྱི་འོག་ནས་ངེས་པར་བསྟན་ཏོ། །དེ་བཞིན་དུ་རྒྱུད་དང་དེ་མཚུངས་སོ། །
དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལ་སོགས་པ་གསུམ་དུ་དབྱེའོ། །དེ་རྣམས་ནི་ཆོས་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་བས་ན་འདི་སྐད་དུ། དེའི་ཕྱིར་ཆོས་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེའོ་ཞེས་གསུངས་པ་ཡིན་ནོ། །ལུང་བསྟན་ནས། ཐབས་ཀྱི་ཡན་
ལག་གི་དཔལ་ཡེ་ཤེས་ཐིག་ལེ་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཞེས་བྱ་བ་ནི། རྒྱུ་དང་། འབྲས་བུ་དང་། ཐབས་སོ། །དང་པོ་ཞེས་བྱ་བ་ནི་ཐབས་ཀྱི་དང་པོའི་དོན་ཡིན་ནོ། །རྣམ་པ་དང་བཅས་པའི་དཀྱིལ་འཁོར་འཁོར་ལོ་བསྐྱེད་པའི་སྒོམ་
པ་དང་ཞེས་བྱ་བ་ནི། །བསྐྱེད་པའི་རིམ་པ་ཕོ་བྲང་དང་། ལྷ་མོ་བཅུ་དྲུག་དང་བཅས་པ་ཇི་ལྟ་བ་བཞིན་ནོ། །སྔགས་ཞེས་བྱ་བ་ནི། སོ་སོ་རང་རང་ལྷ་རྣམས་ཀྱི་ལ་སོགས་པའོ། །བཟླས་པ་ཞེས་བྱ་བ་ནི་ཡབ་ཡུམ་དང་ཁྲོ་བོ་རྣམས་དང་། འཁོར་རྣམས་དང་། གཏོར་མ་དང་། སྦྱིན་སྲེག་

ལ་སོགས་པའི་ཡང་ཤེས་པར་བྱའོ། །སྦྱིན་སྲེག་ནི་ཞི་བ་ལ་སོགས་པ་ཡིན་ནོ། །མཆོད་སྦྱིན་ཞེས་བྱ་བ་ནི་གཉིས་ཏེ། ཆོས་དང་ཟང་ཟིང་ངོ་། །འདིར་ཆོས་ཀྱི་མཆོད་སྦྱིན་གཙོར་བྱས་ཏེ། གནས་དང་ཉེ་བའི་གནས་སུ་མཆོད་སྦྱིན་བྱའོ། །གཏོར་ཞེས་བྱ་བ་ནི་
གཏོར་མ་ཆེན་པོ་ཚོགས་ཀྱི་འཁོར་ལོ་དང་བཅས་པའོ། །མཆོད་པ་ཞེས་བྱ་བ་ནི་མེ་ཏོག་ལ་སོགས་པ་དང་བཅས་པའི་མཆོད་པའོ། །གནས་ཀྱི་བརྗོད་པ་ཞེས་བྱ་བ་ནི། གཞལ་ཡས་ཁང་དང་བསྲུང་བའི་འཁོར་ལོ་དང་། དུར་ཁྲོད་དང་། ཤིང་དང་དཔའ་བོ་ལ་སོགས་པ་དང་བཅས་པའོ། །
དབང་ཞེས་བྱ་བ་ནི། བུམ་པའི་དབང་དང་། གསང་བའི་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་བཞི་པའོ། །བསྐུར་བ་ཞེས་བྱ་བ་ནི། སློབ་དཔོན་དང་ལྡན་པས་དེ་དག་དང་ལྡན་པའི་དམ་ཚིག་དང་། མན་ངག་ཏུ་བཅས་པའི་གནས་སྐབས་ཀྱིས་སློབ་མའི་མཚན་ཉིད་དང་
སྦྱར་ལ་བསྐུར་བའོ། །རིམ་པ་ཞེས་བྱ་བ་ནི། རྣམ་པ་དང་བཅས་པའི་ཞེས་བྱ་བ་ནས། དབང་བསྐུར་བའི་མཐའ་མན་ཆད་བཀོད་པ་སྟེ། དེ་དག་བཤད་ཅེས་གསུངས་པར་སྦྱར་རོ། །དེ་ནི་མདོར་བསྡུས་པའི་དོན་ཏོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་
ཁོ་ན་ཉིད་ཅེས་བྱ་བའི་ལེའུ་གཉིས་པའི་བཤད་པའོ།། །།རྩའི་མཚན་ཉིད་ངེས་པར་རྟོགས་པར་བྱ་བའི་ཕྱིར་ཞུས་པ། ལྷའི་དབང་ཕྱུག་གིས་གསོལ་བ་ཞེས་བྱ་བ་ལ་སོགས་པའོ། །དེའི་དོན་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི། རྩའི་
དོན་གསུངས་པ་འདི་ཡིན་ཏེ། གཅིག་པུ་ཞེས་བྱ་བ་ནི། དབྱེར་མེད་པའི་མཚན་ཉིད་དང་ལྡན་པའོ། །རྟོག་མེད་མ་ཞེས་བྱ་བ་ནི་རྟོག་པ་འཇོམས་པ་སྟེ། གཅིག་པུ་ཡང་ཡིན་ལ་རྟོག་མེད་མ་ཡང་ཡིན་ལ། དེ་བཞིན་དུ། སོ་ཤོ་མནའ་ཡང་དེ་ཉིད་དོ། །ཞེས་པའི་དོན་ཏོ། །བྱེ་བྲག་
བདུན་ཅུ་རྩ་གཉིས་ཀྱི་རྩ་ཞེས་བྱ་བ་ནི། གྲངས་ཀྱི་བདག་ཉིད་མཚོན་པ་ཙམ་ཡིན་གྱིས། རིགས་དང་རིགས་ཅན་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །ཕྲ་མོ་ནི་རྟོག་པ་དང་ལྡན་པའི་ཡུལ་མ་ཡིན་པའོ། །དྲ་བ་ནི་སྒྱུ་མའི་དངོས་པོའོ། །རོལ་མོ་ནི་སྤྲུལ་པའི་ལུས་དང་ལྡན་པའོ། །དོན་

ནི་ཡེ་ཤེས་བསྐྱེད་པར་བྱ་བའི་དོན་དུ་བྱས་པའོ། །སྣ་ཚོགས་ནི་མཆི་མ་དང་། རྔུལ་དང་། གླད་པ་ལ་སོགས་པ་དེ་རྣམས་ཀྱི་དོན་ནི་བདུད་རྩི་བྱང་ཆུབ་ཀྱི་སེམས་སོ། །བསམ་གྱིས་མི་ཁྱབ་པ་ནི། བགྲང་བ་ལས་འདས་པའི་དོན་ཡིན་ནོ། །འབྱུང་བ་ནི་ཤུཀྵའི་ངོ་བོ་བྱང་ཆུབ་སེམས་ཀྱི་སྙིང་པོ་
ཅན་ནོ། །སྐྱེ་བའི་དོན་ནི་སྤྲུལ་པའི་ལུས་དང་། ཅིག་ཤོས་ཀྱི་བདག་ཉིད་དོ། །ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་འབྱུང་བས་ན་ཆོས་འབྱུང་ངོ་། །དེ་ཉིད་ཤེས་རབ་ཀྱི་བྷ་གའོ། །རང་བཞིན་གྱིས་དག་པའི་དེ་ཁོ་ན་ཉིད་རྙེད་པར་འགྱུར་
བས་ན་ཆེན་པོའི་དོན་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་གནས་ཀྱི་གཙོ་བོ་ནི། ས་སྟེང་དེར་བྱང་ཆུབ་ཀྱི་སེམས་རྩ་ལས་མར་བཞིན་དུ་འགྱུར་ཞིང་འབབ་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷའི་དབང་ཕྱུག་ཅེས་བྱ་བ་ནི། ལྷ་རྣམས་ལ་དབང་བྱེད་པ་དེ་ཡིས་དབང་ཕྱུག་གི་བདག་ཉིད་དོ། །
གསོལ་བ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཉིད་ལ་ཞུའོ། །དེ་ལྟར་ཡིན་ཡང་ཞེས་བྱ་བ་ལ། རྟོག་མེད་མ་ནི་ཀུན་གྱི་བདག་ཉིད་ཡིན་ཡང་ཞེས་བྱ་བའི་སྒྲའོ། །དེ་ལྟ་མོད་ཀྱི་སུམ་ཅུ་རྩ་གཅིག་ལ་མཚན་དང་གྲངས་ཞེས་བྱ་བ་ནི། ཐམས་ཅད་ཀྱི་གྲངས་ཉིད་རྟོག་མེད་མ་ཡིན་ཡང་།
ལྷག་མ་སུམ་ཅུ་རྩ་གཅིག་གི་མིང་རེ་རེ་ནས་གྲངས་ཞུ་འཚལ་ལོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་རྣམས་ཀྱི་མིང་དང་གྲངས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སུམ་ཅུ་རྩ་གཅིག་གི་རྩའི་མིང་ཉོན་ཅིག་ཅེས་བྱ་བ་ལ་སོགས་པའོ། །
ཅིའི་ཕྱིར་ཀུན་གྱི་བདག་ཉིད་ཡིན་ཞེ་ན། རྟོག་མེད་མ་དེ་ཉིད་བྱིས་པ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་གསང་བའོ། །དེ་ཉིད་གཏིང་དཔག་དཀའ་བའི་ཕྱིར་ཟབ་པའོ་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེའི་དོན་གསུངས་པ། ཟླ་བ་དང་ཉི་མ་གཟས་ཟིན་པའི་དུས་སུ་
ཚིགས་རྒྱས་པ་ཞེས་བྱ་བ་སྟེ། ཟླ་བའི་སྒྲས་ཆད་པའི་དགའ་བ་ཉི་མའི་སྒྲས་མཆོག་གི་དགའ་བའོ། །གཟས་ཟིན་པའི་སྒྲས་ནི། མཆོག་དང་ཆད་པའི་དགའ་བ་ལ་རང་བཞིན་དགའ་བས་ཁྱབ་པའི་བདག་ཉིད་དོ། །དུས་ཀྱི་སྒྲས་ནི། སྲོག་དང་ཉེ་བའི་སྲོག་དང་བའོ། །ཚིགས་རྒྱས་

པ་ནི་རྩ་སུམ་ཅུ་རྩ་གཉིས་སྟེང་འོག་ཏུ་འཕོ་བའི་བདག་ཉིད་གསུམ་གྱི་ལྟེ་བར་མཆོག་གི་དོན་གྱིས་སོ། །གཞན་ན་རེ་ཟླ་བ་ནི་ཤུཀྵའོ། །ཉི་མ་ནི་རཀྟའོ། །གཟས་ཟིན་པ་ནི་མེའི་རང་བཞིན་ནོ། །དུས་ནི་མཉམ་པའི་དུས་སུ་སྟེ། གསུམ་པོ་དང་ལྡན་པའོ། །
ཚིགས་རྒྱས་པ་ནི་རྡོ་རྗེ་མཐེའུ་ཆུང་བྱ་གདོང་དང་བཅས་པས་དེ་ཉིད་རྙེད་ཟེར་རོ། །དེའི་འོག་ཏུ་དབང་གི་ཡན་ལག་སྟོན་པ་ལ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་དབང་གི་རིམ་པས་བཤད། །ཅེས་བྱ་བ་ལ། ལུས་ལ་སོགས་པའི་དྲི་མ་ནི་བུམ་པ་དང་། གསང་བ་དང་།
ཤེས་རབ་ཡེ་ཤེས་དང་། བཞི་པའི་དབང་གིས་དག་པར་བྱེད་པའོ། །དེའི་རིམ་པ་ནི་ཆོ་གའི་ཁྱད་པར་རོ། །བཤད་པ་ནི་དམ་བཅས་པའི་ཚིག་གོ། །ཇི་ལྟ་བ་ཞེས་བྱ་བ་ནི་ལེའུ་གཉིས་པར་བསྡུས་པའི་དོན་བཞིན་འདི་ནས་མར་ཐབས་ཀྱི་བདག་ཉིད་རྒྱས་པར་བཤད་དེ། གོ་རིམས་
ཞེས་བྱ་བ་ནི་དབང་ལ་སོགས་པའི་རིམ་པ་བཞིན་ནོ། །དབང་བསྐུར་བས་ཅི་ཕན་སྙམ་པ་ལ། དེའི་དོན་ཚིགས་བཅད་ཕྱེད་ཀྱིས་གསུངས་པ། དབང་བསྐུར་མཆོག་ནི་རྙེད་པ་གང་། །ཐམས་ཅད་དེས་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་ལ། དབང་བསྐུར་བ་ནི། བླ་མ་མཚན་ཉིད་
དང་ལྡན་པས་སློབ་མ་མཚན་ཉིད་དང་ལྡན་པ་ལ་བུམ་པ་ལ་སོགས་པའི་དབང་བསྐུར་བའོ། །མཆོག་ནི་གྱ་ནོམ་པ་སྟེ། གསང་བའི་དབང་ལ་སོགས་པ་འབྲས་བུ་དང་བཅས་པའོ། །རྙེད་པ་གང་ནི། དེའི་དོན་རྙེད་པའི་སེམས་ཅན་སུ་ཡང་རུང་སྟེ་སྤྱི་སྒྲའོ། །ཐམས་ཅད་དེ་
ནི་འགྲུབ་པར་འགྱུར། །ཞེས་བྱ་བ་ནི། ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་ལ་སོགས་པ་དེའི་ཡོན་ཏན་དང་། བསྒོམས་པའི་སྟོབས་ཀྱིས་འགྲུབ་པར་འགྱུར་བའོ། །སློབ་མ་མཚན་ཉིད་དང་ལྡན་པ་ལ་དབང་བསྐུར་བ་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་གསུངས་
པ། ཡོན་ཏན་ཚུལ་ཁྲིམས་ལྡན་པའི་བུ། །ཞེས་བྱ་བ་ལ་སོགས་པའི་རྟོག་པ་ཅན་མ་ཡིན་པའི་རྒྱུད་དག་ནས་གསུངས་པའི་ཡོན་ཏན་དང་ལྡན་པ། སྲུང་བ་ལ་སོགས་པའི་ཡོན་ཏན་ཚུལ་ཁྲིམས་དང་ལྡན་པའི་སློབ་མ་དེ་ལ། ཁྲུས་ལ་སོགས་པའི་ཚོགས་རྫོགས་པར་བྱས་ལ།

མེ་ཏོག་གཏོར་བ་དང་། ཡོན་དགའ་བའི་ཡིད་ཀྱིས་དབུལ་བར་བྱ་བ་ནི། འོག་ནས་འབྱུང་བའི་གུས་པས་བླ་མ་ལ་མཆོད་པར་བྱ། རིན་ཆེན་སྣ་ཚོགས་དུ་མ་མཆོག་ནི་གཟོར། །ཞེས་བྱ་བ་ལ་སོགས་པ་བཞིན་དུ། འཛིན་ཆགས་མེད་པའི་ཡིད་ཀྱིས་ཕུལ་ལ་དབང་བླང་ཞིང་
བསྐུར་བར་བྱའོ། །མཆོག་གི་དངོས་གྲུབ་གྲུབ་པས་ནི། །ཐུན་མོང་གི་བསྒྲུབ་མི་དགོས་པའི་ཕྱིར། དེའི་དོན་ཚིགས་སུ་བཅད་པ་གཅིག་གིས་གསུངས་པ། དབང་བསྐུར་ལས་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དང་བཅས་པའི་དབང་བླང་དགོས་པས།
དབང་བསྐུར་བཞི་རུ་དབྱེ་བ་ནི། །ཞེས་བྱ་བ་ལ་སོགས་པ་སྤྱིའི་དབྱེ་བའོ། །བཞི་གཉིས་རབ་ཏུ་དབྱེ་བ་ནི། །ཞེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་སློབ་དཔོན་གྱི་དབང་གི་གྲངས་མིང་བསྟན་པའོ། །དེའི་ཡོན་ཏན་གསུངས་པ། དབང་བསྐུར་དེ་ནི་རིན་པོ་ཆེ། ཞེས་བྱ་བ་ནི། ཡིད་བཞིན་གྱི་
ནོར་བུ་རིན་པོ་ཆེ་ཡོད་པ་གང་ཡིན་པ་དེ་ལ་ཕུལ་བ་དང་བྲལ་བ་བཞིན་དུ། འདིར་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤོང་བའི་གནས་ནི་དབང་བསྐུར་བས་སོ། །ཁམས་གསུམ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་སོ། །དེ་རྣམས་ཀྱི་མཆོད་པ་དང་། ཕྱག་བྱ་
བའི་བདག་ཉིད་དུ་འགྱུར་རོ། །འབྲས་བུའི་ཁྱད་པར་ཅན་ཡོད་པས་ན། ཉན་ཐོས་ལ་སོགས་པས་ཀྱང་ཞེས་བྱའོ། །ཐར་པར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆུ་དང་དབུ་རྒྱན་ཞེས་བྱ་བ་ལ་སོགས་པ་ལ། ཆུ་རྣམ་པར་དག་པ་མི་བསྐྱོད་པའོ། །དེ་བཞིན་དུ་དབུ་རྒྱན་ལ་སོགས་པ་
ཡང་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་རྒྱུད་ལ་མོས་རྣམས་ལ། །ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་ནི་སྟོང་པ་དང་། སྙིང་རྗེ་དབྱེར་མེད་པའི་ངོ་བོའོ། །རྒྱུད་ནི་དེ་ཉིད་འདུས་པ་ལ་སོགས་པའི་རྒྱུད་དོ། །མོས་པ་ནི་དེར་དགའ་བའོ། །སེམས་ཅན་རྣལ་འབྱོར་གྱི་རྒྱུད་དུ་མོས་པ་
རྣམས་སོ། །འདིའི་གཞུང་གིས་སློབ་དཔོན་གྱི་དབང་བརྒྱད་རྣམས་གསུངས་ཏེ། དམ་ཚིག་གསུམ་མ་གཏོགས་པ་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་རང་གི་རྒྱུད་ཀྱི་ནི་དེ་ལྟ་མ་ཡིན་ནོ། །རྣལ་འབྱོར་བླ་མར་མོས་རྣམས་ལ། །ཞེས་བྱ་བ་ནི། ཐབས་ཀྱི་རྒྱུད་འདུས་པ་དང་།

རྡོ་རྗེ་བདུད་རྩི་ལ་སོགས་པར་མོས་པའི་གང་ཟག་རྣམས་ལའོ། །བཅུ་གཅིག་ནི་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའོ། །བདག་ཉིད་ནི་གསང་བའི་དབང་དང་བཅས་པ་སྟེ། སྦྱིན་པར་བྱ་ཞེས་བྱ་བ་དེ་རྣམས་དང་བཅས་པ་སློབ་མ་དེ་དགའ་བའི་དོན་དུའོ། །རྣལ་འབྱོར་
མ་ལ་མོས་པ་རྣམས། །ཞེས་བྱ་བ་ནི། ཤེས་རབ་ཀྱི་རྒྱུད་རིགས་ཆེན་རྒྱ་མཚོ་དང་། ནམ་མཁའ་དང་མཉམ་པ་ལ་སོགས་པ་ལ་མོས་པའི་སེམས་ཅན་རྣམས་ལ་ནི། གསང་བའི་དབང་གི་བདག་ཉིད་སྦྱིན། །ཞེས་བྱ་བ་ལ། ཆུ་ལ་སོགས་པ་བཅུ་གཅིག་དང་། གསང་བའི་དབང་དང་།
བདག་ཉིད་ཀྱི་སྒྲས་ཤེས་རབ་ཡེ་ཤེས་དང་བཅས་པའི་དོན་ཏོ། །དེ་ཡང་ཆུའི་དབང་བསྐུར་བས་དགའ་བའི་འབྲས་བུའོ། །དབུ་རྒྱན་དང་འབྲས་བུ་ལ་སོགས་པ་ཡང་དེ་བཞིན་ནོ། །གསང་བ་གཉིས་སུ་དབྱེ་བར་བཤད། །ཅེས་བྱ་བ་ལ་སོགས་པ་ནི་གོ་སླ་བ་སྔ་མ་བཞིན་ནོ། །ཤེས་རབ་
གཉིས་སུ་དབྱེ་བར་བྱ་བ་ནི་གསང་བའི་ཕྱག་རྒྱ་དང་ཤེས་རབ་ཡེ་ཤེས་ཀྱི་ཕྱག་རྒྱའོ། །བསྐྱེད་དང་རྫོགས་པའི་བྱེ་བྲག་གོ། །ཞེས་བྱ་བ་ནི་གསང་བའི་ཕྱག་རྒྱས་ཡེ་ཤེས་སྐྱེད་པར་བྱེད་པ་སྟེ་བསྐྱེད་པའོ། །ཤེས་རབ་ཡེ་ཤེས་ཀྱི་ཕྱག་རྒྱས་ཡེ་ཤེས་རང་ལ་རྫོགས་པར་བྱེད་པའི་མཚན་ཉིད་
དོ། །བྱེ་བྲག་ནི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་སོ། །ཡང་ན། ཤེས་རབ་གཉིས་སུ་མེད་པར་བྱ། །ཞེས་བྱ་བ་ལ། གསང་བའི་ཤེས་རབ་མ་དབྱེ་བར་མི་བྱ་བར། ཤེས་རབ་ཡེ་ཤེས་རང་ལ་གཉིས་ཏེ། རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའི་མཚན་ཉིད་དོ། །བསྐྱེད་དང་རྫོགས་
པའི་བྱེ་བྲག་གོ། །ཞེས་བྱ་བ་ནི། ཕྱིའི་རེག་བྱའི་རྣམ་པ་དང་བཅས་པ་ནི་བསྐྱེད་པའི་མཚན་ཉིད་ཅན་ནོ། །ནང་གི་རེག་བྱ་དང་བཅས་པ་ནི། རྣམ་པ་མེད་པའི་མཚན་ཉིད་ཀྱི་རང་བཞིན་གྱི་ཕྱག་རྒྱའོ། །ཕྱིའི་རྣམ་པ་དང་བཅས་པ་ནི་མཚན་ཉིད་གསུངས་པ། ཤེས་རབ་བརྒྱད་
གཉིས་ལོ་ལྡན་མ། །ཞེས་བྱ་བ་ལ་སོགས་པས་བསྟན་པའོ། །དབང་གི་མན་ངག་གསུམ་དུ་དབྱེ། །ཞེས་བྱ་བ་ལ་སོགས་པ་ལ། བུམ་པའི་དབང་དང་། གསང་བའི་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །མན་ངག་གསུམ་དུ་དབྱེ་བ་ནི། འབྲས་བུ་དགའ་བ་རྣམས་དང་

བཅས་པ་ཡིན་ཏེ། འདིའི་དོན་ནི། ནང་གི་དེ་ཡི་བརྡ་བྱེད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནང་གི་འདི་ནི་སྤྱི་བོའི་གནས་དང་། མགྲིན་པ་དང་སྙིང་གར་རོ། །བརྡ་བྱེད་པ་ནི་ལྟེ་བ་གསང་གནས་དང་བཅས་པའོ། །འབྱེད་པ་ནི་དགའ་བ་རྣམས་སོ། །བཞི་པས་འབྲས་
བུའི་ངོ་བོར་གྲགས། །ཞེས་བྱ་བ་ནི། དགའ་བ་གསུམ་པའི་འབྲས་བུའི་རང་བཞིན་དགའ་བའི་ངོ་བོའོ། །གསུམ་དང་བྲལ་བ་ནི་གནས་གསུམ་དང་བྲལ་བའི་དགའ་བའོ། །གསུམ་བདག་ཉིད་ནི་དགའ་བ་དང་། མཆོག་གི་དགའ་བ་དང་། ཆད་པའི་དགའ་བའི་བདག་ཉིད་ནི་རང་
བཞིན་དགའ་བ་སྟེ། དེ་དག་གི་རྟོག་པའི་དངོས་པོ་སྤངས་པས་དགའ་བ་ལ་དབང་བྱེད་པར་འགྱུར་རོ། །དགའ་བ་ལ་སོགས་བྱེ་བྲག་ཏུ། །ཞེས་བྱ་བ་ནི། འཁོར་ལོའི་རིམ་པ་ནས་རྡོ་རྗེ་རིན་པོ་ཆེའི་བར་གྱི་དགའ་བ་རྣམས་སོ། །དེ་རྙེད་པའི་གནས་གསུངས་པ། རྡོ་རྗེ་གཞོན་ནུ་
མས་གསལ་བྱེད། །ཅེས་བྱའོ། །ལས་ཀྱི་ཕྱག་རྒྱ་དང་། ཐབས་ཀྱི་ཕྱག་རྒྱ་གཉིས་ཀྱི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། རྡོ་རྗེ་རིན་པོ་ཆེ་དང་ལྡན་པའི་ལོ་བཅུ་དྲུག་ལོན་པ་ལ་སོགས་པའི་མཚན་ཉིད་སྔར་བཞིན་བསྟན་པ་ལས་རྙེད་ཅེས་འབྲེལ་ལོ། །གང་གི་ཕྱིར་ཞེ་ན། ལས་
དང་པོ་པ་རྣམས་ཀྱི་དགའ་བ་དེ་ལས་རྙེད་པའི་ཕྱིར་ན། མཆོག་ཏུ་གསུངས་སོ། །དེ་སྐད་དུ་གསང་བ་གྲུབ་པ་ལས་ཀྱང་། ལས་ཀྱི་ཕྱག་རྒྱ་བྲལ་གང་དེས། །གཞན་དུ་མཚོན་ཆེ་རྙེད་མི་འགྱུར། །གཞན་དུ་ཡང་དག་རིག་པ་མེད། །དང་པོའི་ལས་ཅན་རིག་བྱེད་མེད། །ཅེས་གསུངས་
སོ། །ཡང་དེའི་ཡོན་ཏན་བཤད་པ། དབང་བསྐུར་གྱིས་ནི་འཁོར་ལོས་སྒྱུར། །ཞེས་བྱ་བ་ནི། སེམས་ཅན་གྱི་མཚན་ཉིད་ཡེ་ཤེས་སྤྲོས་པ་དང་བྲལ་བར་འགྱུར་བ་ནི། འཁོར་ལོས་སྒྱུར་བ་ཡིན་ཏེ་ཐམས་ཅད་སེམས་སུ་སྣང་བ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ནོ། །
གང་གི་ཕྱིར་ཞེ་ན། སེམས་ལས་མ་གཏོགས་པའི་དངོས་པོ་ལོགས་ན་མེད་ལ། དེ་སྣང་བ་མེད་པའི་དེ་ཁོ་ན་ཉིད་དུ་བསྒྱུར་བ་ནི། གློ་བུར་གྱི་དྲི་མ་དག་པའོ། །དེ་སྐད་དུ་ཡང་། སེམས་ཙམ་ལ་ནི་གནས་ནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ། །དེ་བཞིན་ཉིད་ལ་གནས་ནས་སུ། །

སེམས་ཙམ་ལས་ནི་བཟླ་བར་བྱ། །སེམས་ཙམ་ལས་ནི་བཟླས་ནས་ཀྱང་། །སྣང་བ་མེད་ལས་བཟླ་བར་བྱའོ། །སྣང་མེད་གནས་པའི་རྣལ་འབྱོར་པས། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་འབྱུང་བས་སོ། །ཐེ་ཚོམ་ནི་ཡིད་གཉིས་ཟ་བའོ། །མེད་པ་
ནི་དེ་དང་བྲལ་བའི་བསམ་པའོ། །དྲི་མ་ནི་གློ་བུར་བའི་དྲི་མ་སྟེ། མ་རིག་པ་ལ་སོགས་པའི་བདག་དང་། བདག་གིར་འཛིན་པའོ། །དབང་བསྐུར་བས་དེ་རྣམས་མེད་པ་ནི་དྲི་མ་མེད་པ་ཡིན་ཏེ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བས་ལུས་ཀྱི་དྲི་མ་དག་པར་འགྱུར་རོ། །གསང་
བས་ངག་གི་དབང་ངོ་། །ཤེས་རབ་ཡེ་ཤེས་ཀྱིས་སེམས་ཀྱིའོ། །བཞི་པས་སྤྱི་བོར་རོ། །ཇི་ལྟར་ཆུ་ལ་སོགས་པས་རས། །ཞེས་བྱ་བ་ནི། དཔེར་ན་རས་ཀྱི་དྲི་མ་ཆུ་དང་འདག་ཆལ་དང་ལྡན་པས་བཀྲུས་པ་ཡིན་ན། དག་པ་བཞིན་དུ་འདག་གོ། །ཡན་ལག་ཐམས་ཅད་དང་ལྡན་
པའི་དབང་ཞེས་བྱ་བ་ནི། སའི་ཆོ་ག་དང་། བུམ་པ་དང་། སློབ་མ་དང་། དཀྱིལ་འཁོར་གྱི་ཆོ་ག་དང་། རྡོ་རྗེ་སློབ་དཔོན་གྱི་དབང་དང་། གསང་བའི་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། བཞི་པའི་དབང་གི་མཐར་ཐུག་པའི་བདག་ཉིད་དོ། །ཡན་ལག་དེ་ཉིད་དང་ནི་
བཅས། །ཞེས་བྱ་བ་ནི། སློབ་དཔོན་རྒྱུན་མ་ཆད་པ་དབང་གི་རིམ་པ་གཞུང་བཞིན་དུ་ཐོབ་པའི་བླ་མའོ། །གཅིག་ནས་གཅིག་གི་རིམ་པས་འབྱུང་། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ནས་དབང་བསྐུར་བའི་དོན་རིམ་པར་འཆད་པ་ནི་བླ་མའི་མཆོག་ཏུ་གསུངས་ཏེ། བླ་མ་
རབ་ཀྱི་ཞལ་ནས་བླང་། །ཞེས་བྱའོ། །དེ་ནི་དབང་དང་བཅས་པའི་བླ་མ་རབ་བོ། །བླ་མ་རབ་མ་ཡིན་པ་དང་། སློབ་མ་ཡོན་ཏན་དང་མི་ལྡན་པའི་དོན་ནི་འདི་ཡིན་ཏེ། ངག་གི་དྲ་བ་ལ་སོགས་པས་བསྟན་ཏོ། །དབང་གི་མཆོག་ནི་རྣམ་པ་གསུམ། །ཞེས་བྱ་བ་ནི། གསང་བའི་
དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དང་། བཞི་པའི་དབང་དེ་དག་གསུམ་ནི། རྡོ་རྗེ་སློབ་དཔོན་གྱི་དབང་ལས་མཆོག་གོ། །བླང་བྱ་མ་ཡིན་ཞེས་བྱ་བ་ནི། བླ་མ་དེ་ལྟ་བུ་ལ་སློབ་མ་ཡོན་ཏན་དང་མི་ལྡན་པའི་མཚན་ཉིད་ཅན་གྱིས་མི་བླང་། དབང་མི་ནོད་ཅེས་པའི་དོན་ཏོ། །སྦྱིན་མི་བྱ་

ཞེས་བྱ་བ་ནི། སློབ་མ་དེ་ལྟ་བུའི་མཚན་ཉིད་ངན་པ་དེ་ལ། བླ་མ་རབ་ཀྱི་དབང་གི་མཆོག་རྣམ་པ་གསུམ་པོ་སྦྱིན་པར་མ་གསུངས་སོ། །ཅིའི་ཕྱིར་ཞེ་ན། དེ་དང་ལྡན་ན་དངོས་གྲུབ་མཆོག་མི་རྙེད་པའི་ཕྱིར་རོ། །དེ་བས་ན། ཡང་དག་འབྲས་བུ་འདོད་པ་ན། །དེ་ནི་རིང་དུ་སྤང་བར་
བྱ། །ཞེས་གསུངས་པ་ཡིན་ནོ། །སྒྲ་དང་ཚད་མས་མི་འགྲུབ་པའི་དཔེ་ནི། དེ་ལྟར་ཡང་བྱེ་མ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་ཚད་མ་མང་པོ་དང་། །ངག་གི་དྲ་བ་དང་ལྡན་པ། །ཞེས་བྱ་བ་ནི། བྱེ་མ་ལས་མར་བཙིར་བ་ལ་སོགས་པ་བྱས་ཀྱང་། མར་གྱི་རྒྱུ་ས་བོན་མ་
ཡིན་པས་འབྱུང་བར་མི་འགྱུར་བའི་དཔེ་དེ་བཞིན་དུ་ཚད་མའི་རྟོག་པ་ལ་ཞེས་པ་རྣམས་དང་། འཇིག་རྟེན་པའི་སྒྲ་བདག་དང་བདག་གི་ངག་དང་། ངག་གི་དྲ་བ་འབྲེལ་བ་སྟེ། དེའི་དོན་ནི་སེམས་ཀྱི་རང་བཞིན་མ་ཤེས་པས་རྟག་ཆད་དུ་གོལ་བས། ལ་ལ་ནི་ལུས་མི་རྟག་པ་ཡིན་ཡང་
ཤེས་པ་རྟག་པས་ན་དབང་ཕྱུག་བྱེད་པ་པོར་འདོད། ལ་ལ་ནི་སྐྱེ་རྒ་ན་འཆི་ནི་བདག་གོ་བར་འདོད་པའོ། །ལ་ལ་ནི་སྲོག་ཆགས་ཀུན་འཇོམས་པས་དུས་ཡིན་ནོ་བར་འདོད་དོ། །ལ་ལ་ནི་ཤི་བའི་ལུས་རྡུལ་དུ་བརླག་ལ། སེམས་སྟོང་པར་འགྱུར་ཏེ། ཅི་ཡང་མེད་པར་འདོད་དོ། །
དེ་བཞིན་དུ་འདིར་རྟག་ཆད་གཉིས་སུ་བསྡུའོ། །དེ་ལྟ་བུའི་སློབ་དཔོན་གྱིས། བསྟན་པའམ་ཞེས་བྱ་བ་ནི། སྤང་བར་བྱའོ། །ཉན་པ་ནི་སློབ་མ་སྟེ་འབྲས་བུ་མི་རྙེད་པའི་ཕྱིར། སྔ་མ་བཞིན་ནོ། །དེ་བས་ན་དེ་ལ་ཉོན་མོངས་པ་ལས། གཞན་འབྲས་བུ་ཙམ་རྙེད་པ་མེད་དོ་ཞེས་
གསུངས་སོ། །དེའི་ཕྱིར་བླ་མ་རབ་བཙལ་བར་བྱ་བའི་དོན་ནི། དེ་བས་གཅིག་ནས་གཅིག་ཏུ་ཞེས་བྱ་བ་ལ་སོགས་པའི་དོན་ནི། བཅོམ་ལྡན་འདས་ཉིད་ཀྱིས་གསུངས་སོ། །དེ་ལྟ་བུའི་བླ་མ་ནི་རྡོ་རྗེ་འཛིན་པ་དང་མཚུངས་པར་ལྟ་བའི་དོན་ནི། མི་གསལ་མཆོག་གི་བཀྲ་ཤིས་ཅན། །
ཞེས་བྱ་བ་ལ་སོགས་པ་ལ། སྟོབས་དང་། མི་འཇིགས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམས་དང་མི་ལྡན་ཞིང་། །མི་གསལ་བ་ཡིན་ཡང་དེ་རྣམས་ཀྱི་རྒྱུའི་གཙོ་བོ་ཡོད་པས་ན་མཆོག་གི་བཀྲ་ཤིས་ཅན་ཡིན་ནོ། །ཅིའི་ཕྱིར་ཡིན་སྙམ་པ་ལ། དེའི་དོན་གསུངས་

པ། སངས་རྒྱས་འབྲས་བུ་སྦྱིན་པའི་བདག །ཅེས་བྱ་བ་ནི་དབང་དང་བཅས་པའི་མན་ངག་གནང་བ་ནི། སངས་རྒྱས་མཐོང་བར་འགྱུར་བ་སྟེ། །དེས་ན་འབྲས་བུ་སྦྱིན་པའོ། །བདག་ཅེས་བྱ་བ་ནི་བླ་མ་མཆོག་ཏུ་འགྱུར་བ་ཉིད་ཀྱིས་བདག་གོ། །བླ་མའི་གཟུགས་
ནི། སངས་རྒྱས་རྡོ་རྗེ་འཛིན་པ་ཉིད་དོ། །བདག་གཞན་ནི་རྟག་ཆད་ལ་དམིགས་པའི་དངོས་པོ་དང་། དངོས་པོ་མེད་པར་རོ། །མེད་པ་ནི་འཇིག་རྟེན་ལས་འདས་པར་བལྟ་བར་བྱའོ། །བསོད་ནམས་ཐམས་ཅད་ཀྱི་ནི་གནས། །ཞེས་བྱ་བ་ནི་རིན་པོ་ཆེ་དང་། གསེར་ལ་སོགས་པ་
དཔག་ཏུ་མེད་པ་དབུལ་བའི་གནས་ཡིན་ཏེ། སྦྱིན་པ་ལ་སོགས་པའི་འདུས་བྱས་གང་གིས་ཀྱང་བླ་མ་ལ་མཆོད་པ་ལ་མཉམ་དུ་མེད་དོ། །གང་གི་ཕྱིར་ཞེ་ན། སངས་རྒྱས་དངོས་གྲུབ་སྟེར་བས་ན་བསྙམ་པར་མི་བྱའོ། །དེའི་ཕྱིར། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །
ཚངས་པ་བརྒྱ་བྱིན་ཁྱབ་འཇུག་ལྷ། །དེ་ཀུན་གྱིས་ནི་བདག་མཆོད་འོས། །གྲགས་པ་མ་ཡིན་གྲགས་གཟུགས་ཡིན། །ཞེས་བྱ་བ་ནི། སངས་རྒྱས་ལ་སོགས་པ་ཐམས་ཅད་ཀྱང་རང་རིག་བླ་མ་ལ་མཆོད་ཅིང་བཀུར་བའི་གནས་ཡིན་ནོ་ཞེས་བྱ་བའོ། །ཡང་ན་སངས་རྒྱས་ནི་
ཕུང་པོ་ལྔའོ། །བྱང་ཆུབ་སེམས་དཔའ་ནི་སྐྱེ་མཆེད་རྣམས་སོ། །ཚངས་པ་ནི་རླུང་གི་འཁོར་ལོའོ། །བརྒྱ་བྱིན་ལ་སོགས་པ་ཡང་དེ་བཞིན་ནོ། །བདག་ནི་བཅོམ་ལྡན་འདས་སོ། །མཆོད་པར་འོས་པ་ནི་བླ་མའོ། །སངས་རྒྱས་སུ་འཇིག་རྟེན་པ་ལ་མ་གྲགས་ཀྱང་། གསང་སྔགས་
རྡོ་རྗེ་ཐེག་པར་གྲགས་པའི་གཟུགས་སོ། །དེ་ལྟར་ཤེས་ནས་ཞེས་བྱ་བ་ལ་སོགས་པའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་གསུམ་པའི་བཤད་པའོ།། །།ཇི་ལྟ་བུའི་གོ་རིམས་སུ་ཞེས་གསུངས་པས་ན། དབང་བསྟན་ནས།
དེའི་རྗེས་ཐོགས་སུ་གནས་ཀྱི་བསྐྱེད་པ་བཤད་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་ཀྱིས་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ལ། ཉོན་ཅིག་པ་ནི་སྡུད་པ་པོ་ལ་གདམས་པའོ། །དེ་ལ་དང་པོར་དེ་ཁོ་ན་ཉིད་མངོན་དུ་བྱས་ལ། དེའི་འོག་ཏུ་གནས་ཀྱི་ཞེས་བྱ་བ་ནི། བཅོམ་ལྡན་

འདས་འཁོར་དང་བཅས་པ་བཞུགས་པའི་གནས་སོ། །བསྐྱེད་པ་ནི་རིམ་པས་བསྐྱེད་རིམ་དང་བཅས་པའོ། །ཇི་ལྟ་བ་བཞིན་དོན་ནི་གོ་རིམས་ཏེ། དབང་གི་འོག་ཏུ་འབྱུང་བའི་དོན་ཏོ། །ཀ་བ་གཅིག་དང་སྒོ་དགུར་ལྡན། །ཞེས་བྱ་བ་ལ་ལུས་ཀྱི་དཀྱིལ་འཁོར་གྱི་སྲོག་གི་དབྱུག་པ་ནི།
ཀ་བ་གཅིག་གི་དངོས་པོའོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་ལྷག་པའི་ལྷ་རྣམས་དགུ་པོའི་ལམ་ནས་འགྲོ་བའི་ཕྱིར་སྒོ་དགུའོ། །ལྡན་པ་ཞེས་བྱ་བ་ནི་སྒོ་བཞི་དང་གསུམ་དང་། གཉིས་དང་། གཅིག་དང་སྟེ། བཞི་ནི་འཁོར་ལོ་བཞིའི་བདག་ཉིད་དགའ་
བ་རྣམས་སོ། །གསུམ་ནི་སྐུ་གསུང་ཐུགས་ཏེ། དེ་ལ་སྐུའི་སྒོ་སྔར་བཞིན་ནོ། །ཐུགས་ཀྱི་ནི་སྙིང་གི་དབུས་ན། པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པའི་དབུས་ན་གནས་པའི་རྩ་ཆུ་ཤིང་གི་མེ་ཏོག་ལྟ་བུར་གནས་པའི་དངོས་པོ་འོག་ཏུ་ཁ་བལྟས་ནས་འཆང་བའི་བདག་
ཉིད་དེའི་དབུས་སུ་གནས་པའི་བྱང་ཆུབ་ཀྱི་སེམས་ཡུངས་ཀར་སྦོམ་པོའི་ཚད་ཙམ་པའི་མི་ཤིགས་པའི་ཡི་གེ་དང་ལྡན་པའི་ཟླ་བ་དང་ཉི་མ་དག་འཇུག་པ་དང་ལྡན་པའི་སྤྱི་བོའོ། །གསུང་གི་སྒོ་ནི། མེ་དང་། རླུང་དང་། དབང་ཆེན་དང་། ཆུ་རྣམས་ནི་དེ་བཞིན་དུ། སྟེང་ནས་
རྒྱུ་བ་དང་། ལོགས་ནས་དང་། དལ་བར་དང་། འོག་ནས་རྒྱུ་བ་རྣམས་རིམ་པ་བཞིན་སྦྱང་བའོ། །སྒོ་གཉིས་ནི། སྟེང་གི་སྒོ་དང་། འོག་གི་སྒོ་ཡིན་ཏེ། དེ་ལ་སྟེང་གི་སྒོ་ནས། ཁམས་གསུམ་རྣམས་དང་། རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་རྣམས་གཡོ་ཞིང་
གཤེགས་སུ་གསོལ་བ་དང་། ལྟེ་བ་ནས་སྟེང་དུ་བལྟས་པའི་རྩ་ལ་ཉི་མ་རྒྱུ་ཞིང་བཞུད་པའི་རྩ་རོ་ཅན་མའི་ལམ་ནས་སོ། །འོག་གི་སྒོ་ནས་རྣམ་པར་ཤེས་པ་སྟེ། སྤྱན་འདྲེན་ཅིང་བཞུགས་སུ་གསོལ་བ་ནི། དུས་གསུམ་གྱི་སངས་རྒྱས་དང་། མཁའ་འགྲོ་མ་དང་། གཞན་ཡང་
སྟེང་ནས་འོག་ཏུ་བལྟས་པས་རྩ་ལ་ཟླ་བ་རྒྱུ་ཞིང་བྱོན་པའི་རྩ་འཛིན་མའི་ལམ་ནས་ལྟེ་བའི་དབུས་སུ་འཛག་གོ། །སྒོ་གཅིག་པ་ནི་རྟོག་མེད་མའི་རྩ་ཡིན་ཏེ། བདེ་བའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ལམ་ནས་རང་བཞིན་དགའ་བ་ནི། བཞུད་པ་དང་། བྱོན་པ་ལ་སོགས་པ་

ཐམས་ཅད་དང་བྲལ་བ་གཅིག་ཏུ་གྲུབ་པས་ན་སྒོ་གཅིག་གོ། །ལུང་ལས་ཀྱང་། དཀྱིལ་འཁོར་གཉིས་མེད་སྦྱོར་བ་ལས། །སྒོམ་པ་སོ་སོར་སྣང་བ་ཙམ། །བདེ་གཤེགས་རྣམས་ཀྱི་དཀྱིལ་འཁོར་སོགས། །རང་བཞིན་དགའ་ལ་བཞུགས་པར་མཛོད། །ཅེས་གསུངས་
སོ། །དེའི་གནས་ཀྱི་བསྐྱེད་པ་ཇི་བཞིན་དོན་ཞེས་བྱ་བ་ལ་སོགས་པའི་བཤད་པའོ། །རྡོ་རྗེའི་རྩིག་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་སེམས་ཀྱི་རྡོ་རྗེའོ། །རྩིག་པ་ནི་སེམས་ཀྱི་རྡོ་རྗེ་ཁྱབ་པའོ། །རྒྱུན་ནི་ཁྲག་དང་མཆི་མ་ལ་སོགས་པའི་བྱང་ཆུབ་སེམས་སོ། །རྡོ་རྗེ་ཐིག་ནི་རྩ་རྟོག་
མེད་མ་དང་ལྡན་པའོ། །བླ་རེ་ནི་འཁོར་ལོ་རྣམས་སོ། །ཀུན་དུ་ཡོངས་སུ་བསྐོར་བ་ཡིན། །ཞེས་བྱ་བ་ནི། འཁོར་ལོ་ལ་སོགས་པའི་རྩས་བསྐོར་བའོ། །རླུང་ལ་སོགས་པའི་རིམ་པས་དབྱེ། །ཞེས་བྱ་བ་ནི། རླུང་དང་མེ་དང་། དབང་ཆེན་གྱི་དཀྱིལ་འཁོར་རོ། །འབྱུང་བ་བཞི་དང་
ལྡན་པ་ཡིན། །ཞེས་བྱ་བ་ནི། གསང་བར་རླུང་གི་དབྱིབས་དང་། སུམ་མདོར་མེའི་དབྱིབས་དང་། ལྟོ་བར་ཆུའི་དབྱིབས་དང་། སྙིང་གར་སའི་དབྱིབས་དང་བཞི། ཀེང་རུས་དབྱུག་པའི་བདག་ཉིད་དུ་ལྡན་པའི་གནས་སོ། །ནམ་མཁའ་ཐམས་ཅད་མཐའ་ཀུན་དུ། །ཞེས་བྱ་བ་ནི།
བདེ་བ་ཆེན་པོའི་འཁོར་ལ་སོགས་པའི་ཐམས་ཅད་ཀྱིས་ལུས་ལ་ཁྱབ་པས་ན་མཐའ་ཀུན་ནོ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་ལ། དེ་རྣམས་ཐམས་ཅད་ཀྱི་བདག་ཉིད་ནི། གཉིས་སུ་མེད་པའི་དེ་ཉིད་དོ། །དེ་ཉིད་ནི་སེམས་ཅན་དང་སངས་རྒྱས་ཐམས་ཅད་ལ་
རྒྱུན་མི་འཆད་པས་རྟག་པའོ། །གཤེགས་བཞུགས་མི་མངའ་བས་ན་རྟག་ཏུ་བཞུགས་པའོ། །ད་ནི་ཕྱིའི་དོན་བཤད་དེ། རྡོ་རྗེ་གུར་གྱི་དབུས་སུ་ནི། །ཞེས་བྱ་བ་ལ་སོགས་པའོ། །འདིར་དཀའ་བ་འགའ་ཙམ་ཞིག་དགོངས་ཏེ། གཤིན་རྗེ་གཤེད་ཅེས་བྱ་བ་ནི། སྲོག་
དང་། གང་ཟག་ལ་སོགས་པ་བདག་ཏུ་འཛིན་པའི་རྟོག་པ་འཕྲོག་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ན། གཤིན་རྗེ་མཐར་བྱེད་ཡིན་ནོ། །ཤེས་རབ་མཐར་བྱེད་ཅེས་བྱ་བ་ནི། འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས་ཤེས་རབ་དམན་པའི་བདུད་དང་། མུ་སྟེགས་ཀྱི་རྟོག་པ་

དྲག་པོ་ནི་ཁྱབ་འཇུག་བཏུལ་བས་ཤེས་རབ་མཐར་བྱེད་དོ། །པདྨ་མཐར་བྱེད་ཅེས་བྱ་བ་ནི། འོད་ཟེར་གྱི་ཚོགས་དང་། དྲག་ཤུལ་གྱི་སྦྱོར་བས་བརྩོན་འགྲུས་དམན་པའི་ལེ་ལོ་ཅན་རྣམས་ཀྱི་ཚངས་པ་ལ་སོགས་པ་བཏུལ་བའི་དངོས་གྲུབ་ཐམས་ཅད་ཀྱི་བདག་ཉིད་རྟ་མགྲིན་རྒྱལ་པོའོ། །
བགེགས་མཐར་བྱེད་ཅེས་བྱ་བ་ནི། འོད་ཟེར་ལ་སོགས་པའི་སྦྱོར་བས་ཉོན་མོངས་པ་དང་བཅས་པས་ཚོགས་ཀྱི་བདག་པོ་ལ་སོགས་པའི་བགེགས་རྣམས་ཐལ་བར་བྱས་ཏེ། སླར་གསོས་ནས་དམ་ལ་བཏགས་པའི་ཕྱིར་བདུད་རྩི་འཁྱིལ་བའོ། །གཞན་འདོད་པའི་རྒྱལ་པོ་ལ་སོགས་པ་
གོ་སླའོ། །གཞན་ར་ནེ་ཕྱོགས་སྐྱོང་བཅུ་བཏུལ་བའི་ཕྱིར་ན། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་པོ་ནི། བདག་ཉིད་ཀྱི་གདན་རང་རང་གི་སྟེང་ན་བཞུགས་པའོ་ཟེར་རོ། །ཚུལ་དང་ཐིགས་པའི་རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པ་ནི། མངོན་པར་བྱང་ཆུབ་པ་ལྔས་ལྷའི་སྐུ་བསྐྱེད་
པའོ། །དཔལ་ཡེ་ཤེས་ཐིག་ལེ་ཞེས་བྱ་བ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་པས་ན་དཔལ་ལོ། །ཡེ་ཤེས་ལྔའི་བདག་ཉིད་ཧེ་རུ་ཀ་ཉིད་ཀྱི་གཟུགས་ནི་ཡེ་ཤེས་སོ། །དེ་ཉིད་སྤྲོས་པ་ལ་སོགས་པའི་མཚན་མ་དང་བྲལ་བས་ན་ཐིག་ལེའོ། །ཕྱག་རྒྱ་ཆེན་པོས་
འཁྱུད་ཅིང་ཞེས་བྱ་བ་ལ། སྐྱེ་བ་དང་འགག་པ་ལ་སོགས་པའི་མཚན་མ་དང་བྲལ་བའི་ཆོས་ཀྱི་དབྱིངས་ཡིན་ཡང་། འགྲོ་བ་ཐམས་ཅད་ལ་ཁྱབ་པས་ཕྱག་རྒྱའོ། །ཁྱབ་པ་ཡིན་ཡང་ལྷ་མོའི་གཟུགས་སུ་འབྱུང་བས་ན་ཆེན་པོའོ། །ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ཕྱིར་འཁྱུད་པ་
ཡིན་ནོ། །གཏན་ཚིགས་འདིས་ན་ཕྱག་རྒྱ་ཆེན་པོས་བཅོམ་ལྡན་འདས་ལ་འཁྱུད་པ་ཡིན་ནོ། །སྐུར་བཞེངས་ཤིང་བརྗོད་པ་ཞེས་བྱ་བ་ནི། དཔལ་ཧེ་རུ་ཀ་ཐུགས་རྗེས་ཁྲོ་བོ་ཁྲོས་པར་རབ་ཏུ་གཞོམ་པའི་ཕྱིར་ནི་ཉིད་ཀྱི་སྒྲ་བརྗོད་པ་ཙམ་གྱིས་ཕྱིར་རྒོལ་བ་ཀུན་རླག་པར་བྱེད་དོ། །ཧ་ཧར་
དགོད་ཀྱི་ཕེཾ་གྱི་ཡེ་ཤེས་ཞེས་བྱ་བ་ནི། གདུག་པ་ཅན་གདུལ་བའི་སྒྲས་བརྗོད་པའོ། །ཆོལ་པ་ཆེན་པོ་སྒྲ་བསྒྲགས་པས། །ཞེས་བྱ་བ་ནི། ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ལ་སོགས་པའི་སྒྲས་སངས་རྒྱས་ཉིད་ཀྱང་འཇིགས་པ་ཙམ་མོ། །ཚངས་པའི་ཡུལ་ས་ནི་མགོ་བོ་སྟེ། གདུག་པ་ཅན་

རྣམས་ཀྱིའོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །བྱེ་བའི་གྲངས་ནི་འབུམ་ཕྲག་བཅུ་ཡིན་ཏེ་མཚོན་པ་ཙམ་མོ། །ཐོད་པའི་ལྟོ་བ་རླག་པའོ། །ཞེས་བྱ་བ་ནི། མགོ་ཐོད་ཀྱི་ནང་གི་ཀླད་པ་ཁྲོ་བོའི་སྒྲས་མེད་པར་འགྱུར་རོ། །གར་དགུ་དང་ལྡན་པར་བྱེད་པ། །ཞེས་བྱ་བ་ནི། སྒེག་
པ་དང་། དཔའ་བ་དང་། མི་སྡུག་པ་དང་། རྒོད་པ་དང་། དྲག་པ་དང་། འཇིགས་སུ་རུང་བ་དང་། སྙིང་རྗེ་དང་། རྔམ་པ་དང་། ཞི་བ་དང་དགུའོ། །དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ། གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་བཞི་པའི་བཤད་པའོ།། །།བསྐྱེད་པའི་
རིམ་པའི་ལྷ་རྣམས་བསྟན་ཀྱང་། དེ་རྣམས་ཀྱི་སྔགས་མེད་ན། དངོས་གྲུབ་མི་འགྲུབ་པས་དེའི་ཕྱིར། སྔགས་གསུངས་པ་སྟེ། ད་ནི་སྔགས་མཆོག་བཤད་བྱ་བ། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་སྙིང་པོ་ནི་མཆོག་ཡིན་ཏེ། མཆོག་འདིར་བཤད་པར་དམ་བཅའ་བའོ། །
གང་གི་སྒྲུབ་པ་པོ་དེས་འགྲུབ། །ཅེས་བྱ་བ་ནི། སྔགས་ཀྱི་མཆོག་ཤེས་རབ་དང་། སྙིང་རྗེའི་བདག་ཉིད་གང་ཡིན་པ་ལ། རྣལ་འབྱོར་པ་སྒྲུབ་པ་པོ་དེ་ཡང་ནས་ཡང་དུ་བསྒོམས་པ་དང་། བཟླས་པས་གྲུབ་པར་འགྱུར་རོ། །ས་ཡི་ཆ་ནི་མཉམ་པར་མཆོག །ཅེས་བྱ་བ་ལ་
སོགས་པ་ལ། སྒྲ་ཇི་བཞིན་པས་བཤད་དོ། །ནང་དུ་ནི་དཀྱིལ་འཁོར་གྱི་སའི་ཆོ་ག་བྱ་བ་ནི་མཉམ་པ་རུའོ། །མཆོག་གི་སྒྲ་ནི་རཀྟའོ། །སྦྲང་རྩིའི་སྒྲས་བཤང་གཅིའོ། །ག་པུར་གྱིས་སྒྲས་ཤུཀྲའོ། །བྱུག་པའི་སྒྲས་ནི་སྟོབས་དང་བཅས་པའི་མི་འཆི་བ་བཅུ་ཕྱེད་བྱུག་པའོ། །
དྲི་ཞིམ་པ་ནི་བཞི་མཉམ་པའོ། །མེ་ཏོག་ནི་ཀུ་མུ་ད་ལ་སོགས་པའོ། །དགྲམ་པ་ནི་མཛེས་པར་བྱ་བ། ཁྱབ་པར་གཏོར་བ་ཡིན་པས་ན། །མེ་ཏོག་གིས་ནི་ཆལ་བར་བྱ། །ཞེས་གསུངས་པའོ། །སྔགས་བཏུ་ཞིང་བསྒྲུབ་པའི་གནས་བསྟན་པ་ནི། ཆུ་ངོགས་ཡང་ན་ཐང་
སྟོང་དུ། །ཞེས་བྱ་བ་ལ། ཆུ་ངོགས་ནི་ཆུ་བོའི་དྲུང་དུའོ། །ཡང་ནའི་སྒྲས་དུར་ཁྲོད་ལ་སོགས་པ་བསྡུའོ། །ཐང་སྟོང་ནི་མི་མེད་པའི་གནས་དེ་དག་གང་ཡང་རུང་ངོ་། །བསྲུང་བ་བསྟན་པ་ནི། རྡོ་རྗེ་སྲད་བུ་ཡིས་ནི་བསྐོར། །ཞེས་བྱ་བ་ནི། སྲད་བུ་ཁ་དོག་སྣ་ལྔ་ཡེ་ཤེས་ལྔར་

བྱིན་གྱིས་བརླབས་པ་ནི་རྡོ་རྗེའི་སྲད་བུའོ། །དེ་ནི་གཙོར་གསུངས་པ་ཡིན་པ། གཞན་དག་གིས་ཀྱང་བསྐོར་བར་བྱའོ། །རྡོ་རྗེ་གཞོན་ནུ་སྤྱན་རིངས་མ། །ཞེས་བྱ་བ་ལ་སོགས་པ་ལ། གསང་བའི་མཆོད་པ་རྒྱུ་དང་བཅས་པའོ། །རྡོ་རྗེ་གཞོན་ནུ་ནི་ལྷ་མོར་བསྐྱེད་ལ་སྦྱོར་བས་བྱིན་གྱིས་
བརླབས་པ་ནི་རྡོ་རྗེའོ། །ལོ་བཅུ་དྲུག་ལ་སོགས་པ་ནི་གཞོན་ནུ་མའོ། །སྤྱན་རིངས་མ་ནི། སྤྱན་ཕྲ་བ་དང་། སྦོམ་པ་སྙོམས་པས་མཛེས་པའོ། །གཞོན་པ་དང་། སྤྱན་རིང་བ་གཙོར་གསུངས་སོ། །ཟླ་བ་ནི་ཤུ་ཀྲའོ། །ཉི་མ་ནི་རཀྟའོ། །པདྨ་ནི་གེ་སར་ཞེས་བྱ་བ། འདབ་མ་གསུམ་
པའི་པདྨའོ། །ལང་ཚོ་ལ་བབ་པ་ནི་སྔར་བཤད་པ་བཞིན་ནོ། །རེག་བྱ་འཇམ་པ་ནི་ལུས་ཀྱི་མཚན་ཉིད་དོ། །དང་པོར་མཁས་པས་གཞུག་པར་བྱ། །ཞེས་བྱ་བ་ནི། རྣལ་འབྱོར་པས་ཤེས་རབ་མའི་མཚན་ཉིད་རྟོགས་ནས་དང་པོར་དཀྱིལ་འཁོར་དུའོ། །སྔགས་ཀྱི་གནས་སུ་ལུགས་
ཇི་བཞིན། །ཞེས་བྱ་བ་ནི། སྔགས་བཏུ་བ་དང་། བསྒྲུབ་པའི་གནས་ལེའུ་བཞི་པར་བསྐྱེད་པར་གསུངས་པ་ཇི་ལྟ་བ་བཞིན་དུ་བྱས་ལ་བྱིན་གྱིས་བརླབ་བོ། །ལེགས་དགྱེས་ནི་གཅིག་ལ་གཅིག་དགའ་ན་དགྱེས་པའོ། །ཤིན་ཏུ་སྦྱོར་བར་བྱ་བ་ནི། རང་བཞིན་དགའ་བའི་ཡེ་ཤེས་
དགའ་བ་གཞན་མས་བསྐྱེད་པའོ། །དེའི་སྦྱར་བས་ནི་ཐབས་དང་ཤེས་རབ་དགའ་བ་རྣམས་ལས་སོ། །གང་བྱུང་བ་ནི། བྱང་ཆུབ་ཀྱི་སེམས་སོ། །ཁ་དང་ས་སོགས་མཆོད་པར་བྱ། །ཞེས་བྱ་བ་ནི། སློབ་མའི་གནས་གསུམ་དུ་ཐིག་ལེ་བྱ་བ་དང་། དཀྱིལ་འཁོར་གྱི་ས་ལ་མཆོད་
པ་དང་། ལྷ་རྣམས་ལ་མཆོད་པར་བྱའོ། །ཡང་ན་བྱང་ཆུབ་ཀྱི་སེམས་ཕྱིར་མི་འབྱུང་བར་རྟོག་མེད་མའི་རྩའི་ཁ་དང་ས་ནི་རྟེན་ཡིན་ཏེ། རྟེན་ཕྱག་རྒྱ་དང་བཅས་པ་དགའ་བ་རྣམས་ཀྱིས་མཆོད་པར་བྱ་ཞེས་བྱ་བ་ནི། མན་ངག་གོ། །པདྨ་འདབ་མ་བརྒྱད་པ་བྱ། །ཞེས་བྱ་བ་ནི།
སྔགས་བཏུ་བའི་དཀྱིལ་འཁོར་པདྨ་འདབ་མ་བརྒྱད་པ་དམར་པོ་བྲི་བར་བྱའོ། །རྡོ་རྗེ་ཡི་ནི་ཕུར་བུ་བཅུ། །ཁྲོ་བོའི་སྔགས་ཀྱིས་མཁས་པས་གདབ། །ཅེས་བྱ་བ་ནི། ཕུར་བུ་བཅུ་ལ་ཁྲོ་བོ་བཅུར་བྱིན་གྱིས་བརླབས་ཏེ། ཁྲོ་བོའི་སྔགས་བཅུས་ལྡན་པའི་སྒྲུབ་པ་པོས་སོ། །དེའི་སྔགས་

ཨོཾ་ཛྲེམྦྷ་ཛྲེམྦྷ་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་སྔགས་དགོད་པ་དང་བཏུ་བ་གསུངས་པ་འདི་ཡིན་ཏེ། ཨཱ་ལི་ཀཱ་ལི་མཉམ་བྱས་ལ། །ཞེས་བྱ་བ་ལ་སོགས་པ་ནི། ཨཱ་ལི་ནི་ཨཱ་ལ་སོགས་པ་བཅུ་དྲུག་གོ། །ཀཱ་ལི་ནི་ཡི་གེ་སུམ་ཅུ་རྩ་གསུམ་སྟེ། ཀ་ནས་ཧའི་བར་རོ། །
མཉམ་བྱས་ནི། འདབ་མ་བརྒྱད་པའི་ལྟེ་བའི་འདབ་མ་ལ་སྟེ། འདབ་མ་ཀུན་ལ་རིམ་པས་དགོད། །ཅེས་སོ། །ཨཱ་ལི་ཡེ་ཤེས་འདབ་མ་གཅིག་ནི། འདབ་མ་གཅིག་ལ་དབྱངས་ཀྱི་ཡི་གེ་བཅུ་དྲུག་གོ། །ཀཱ་ལི་འདབ་མ་བདུན་དུ་དྲན། །ཞེས་བྱ་བ་ནི། ཀ་ནས་ཧའི་བར་གྱི་ཡི་གེ་
འདབ་མ་བདུན་པོ་ལ་དགོད་དོ། །འདབ་མ་རེ་རེ་ཡི་གེ་ལྔ། །ལྔ་པ་ལ་ནི་ལྔ་པའོ། །ཞེས་བྱ་བ་ལ་སོགས་པ་ནི། ཀའི་སྡེ་ཚན་ལྔ་དང་། དེ་བཞིན་དུ་ཙའི་དང་། ཊའི་དང་། ཏའི་དང་། པའི་སྡེ་ཚན་ལྔ་པ་ལྔ་འདབ་མ་ལྔ་ལ་ལྔ་ལྔའོ། །གཉིས་ལ་ཨནྟསྠ་དང་། ཨུཥྨའི་བཞི་བཞིའོ། །ལྟེ་བར་བཅོམ་
ལྡན་འདས་རྡོ་རྗེ་སེམས་དཔའི་རང་བཞིན་ཡིག་འབྲུ་ཀྵའོ། །གཞན་གོ་སླའོ། །དང་པོ་གཟུགས་ཀྱི་བདག་པོ་ནི་ཡི་གེ་ཨོཾ་སྟེ། སྔགས་རྣམས་ཀྱི་ཐོག་མར་བསྟན་པས་སོ། །དེ་ནས་འདབ་མ་གཉིས་ཀྱི་དང་པོར་ཞེས་པ་ནི་ཡིག་འབྲུ་ཤའོ། །བཞི་པ་དབྱངས་ཡིག་དང་བཅས་པ་ནི།
ཨཱི་རིང་པོ་དང་བཅས་པའོ། །འོག་ཏུ་རེ་ཕ་ཡིས་ནི་བརྒྱན། །ཞེས་བྱ་བ་ནི་རའི་ཡི་གེས་སོ། །ཉི་ཤུ་ལྔ་པ་ནི་མའི་ཡིག་འབྲུའོ། །འདབ་མ་གཉིས་པའི་ཞེས་པ་ནི་ཡིག་འབྲུ་ཧའོ། །དབྱངས་ཡིག་གཉིས་པ་ནི་ཡི་གེ་ཨཱའོ། །སྔགས་ཀྱི་ནུས་མཐུ་བསྟན་པ་ནི། འཁོར་བའི་ངན་
འགྲོ་དག་བྱེད་པའོ། །ཞེས་གསུངས་སོ། །འདབ་གཉིས་དང་པོའི་བཞི་པ་ཡིས་ནི་ཡི་གེ་ཝའོ། །དེ་ནས། གསལ་བྱེད་པ་ཡི་བརྒྱད་པ་ནི་ཡིག་འབྲུ་ཛའོ། །འདབ་གཉིས་དང་པོའི་གཉིས་པ་ཡིས་ནི་རའི་ཡིག་འབྲུའོ། །ལྡན་པས་ཐམས་ཅད་རིགས་འཕྲོགས་བྱེད་ནི་ཡོན་ཏན་མཐུ་
ཡོད་པའོ། །གསལ་བྱེད་པ་ཡི་གསུམ་པ་ནི་གའི་ཡིག་འབྲུའོ། །བཅུ་པས་ཡང་དག་ལྡན་པའོ་ནི། ཉ་སྟེ་གྷ་ཞེས་པའོ། །དབྱངས་ཀྱི་ཡི་གེ་གཉིས་པ་ནི་ཨཱ་དང་བཅས་པའོ། །བཞི་པའི་ལྔ་པ་གང་ཡིན་པ་ནི། ནའི་ཡིག་འབྲུའོ། །དེ་ནས་དེའི་དང་པོ་ནི། ཏའི་ཡིག་འབྲུའོ། །བཅུ་

དྲུག་པོའི་གསུམ་པ་ནི་ཨིའོ། །ཐམས་ཅད་སྔགས་ཀྱི་ཚིག་བཞི་ནི། ཏི་ལ་ཀའི་ཡེ་ཤེས་ཐིག་ལེའི་ལེའུ་དང་པོའོ། །དེ་ནས་སའི་དག་པ་ནི་ལའོ། །དེ་བཞིན་གསལ་བྱེད་དང་པོ་ནི་ཀའོ། །ཡན་ལག་གསལ་བྱེད་སུམ་ཅུ་གསུམ་ནི་ཧའི་ཡི་གེའོ། །དབྱངས་ཡིག་དྲུག་པ་ནི་ཨཱུའི་བདག་ཉིད་
དོ། །ཐམས་ཅད་ཀྱི་ནི་འབྱུང་བའི་གཞི། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དང་པོ་རུ་ནི་གཟུགས་ཀྱི་མཆོག །ཅེས་བྱ་བ་ནི། ཡི་གེ་ཨོཾ་དང་པོར་བཏུ་བའོ། །འདབ་མ་གཉིས་པའི་བཞི་པའོ། །ཞེས་པ་ནི་ཡིག་འབྲུ་ཧའོ། །འོག་ཏུ་རེ་ཕ་ནི་ར་དང་ལྡན་པའོ། །དབྱངས་ཡིག་བཞི་
པ་ནི་ཨཱིའི་བདག་ཉིད་དང་སྦྱར་བའོ། །རིག་པའི་རྒྱལ་པོ་མཆོག་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་ཧྲཱིའོ། །ཐིག་ལེ་སྟེང་དུ་ལྡན་པ་ནི། ཧྲཱིཾ་གི་དོན་ཏོ། །དེ་རང་དུ་ནི་ཉེ་བར་གནས་ནི། ཡང་ཧྲཱི་སྟེ་གཉིས་པའོ། །ཉོན་མོངས་པ་ལ་སོགས་པ་ཞི་བར་བྱ་བའི་ཕྱིར། ཐམས་ཅད་ཞི་
བ་ཞི་བའི་མཆོག །ཅེས་སོ། །ཐིག་ལེས་སྟེང་མནན་སུམ་ཅུ་གསུམ་ནི་ཧཾ་གི་ཡི་གེར་བསྟན་པའོ། །བཅུ་དྲུག་པ་ཡི་གཉིས་པ་ནི་ཨཱའོ། །ལྡན་པ་ནི་ཧཾ་དུ་གསུངས་པའོ། །ཡང་ན་དེ་ཉིད་ཡི་གེ་མཆོག་ནི། ཧཾ་ཧཾ་ཞེས་བསྣན་པའོ། །ཁམས་གསུམ་མུན་ནག་མེད་པར་བྱེད་ནི། འདོད་ཁམས་
ལ་སོགས་པར་ཡེ་ཤེས་ཐིག་ལེའི་ཡེ་ཤེས་སྒྲོན་མ་འབར་བར་བྱས་པས། མ་རིག་པའི་མུན་པ་བསལ་བར་བྱས་ཞེས་བཅོམ་ལྡན་འདས་ཀྱི་སྙིང་པོ་དང་། ཉེ་བའི་སྙིང་པོའི་ཡོན་ཏན་བསྒྲགས་པར་བྱས་སོ། །ཧཱུཾ་ཕཊ་དེ་ནི་གཉི་གར་སྦྱར་ནི། གཉིས་གཉིས་ཏེ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བྱའོ། །
ཐ་མར་སྭཱ་ཧཱ་ཡིས་ནི་ལྡན། །ཞེས་པ་ནི། སྔགས་ཀྱི་མཐར་སྭཱ་ཧཱ་དང་ལྡན་པས་སྦྲུལ་གྱི་སྔགས་སོ། །ཉེ་བའི་སྙིང་པོའི་སྔགས་ཞེས་བྱ་བ་ནི། སྙིང་པོ་རང་ལ་ཉེ་བས་ན། ཉེ་བའི་སྙིང་པོའི་དོན་ཏོ། །བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོ་བསྟན་ནས། བཅོམ་ལྡན་འདས་མའི་
གསུངས་པ་ནི། དང་པོས་རྣམ་པར་སྣང་མཛད་དག །ཅེས་བྱ་བ་ནི། ཨོཾ་དང་པོར་བཤད་དོ། །ཉི་ཤུ་རྩ་དགུ་དེ་ནས་སོ་ནི་ཝའི་ཡིག་འབྲུའོ། །གསལ་བྱེད་པ་ཡི་བརྒྱད་པ་ཡང་ནི་ཡིག་འབྲུ་ཛའོ། །ཉི་ཤུ་རྩ་བདུན་པས་ནི་ལྡན། །ཞེས་པ་ནི། རའི་ཡིག་འབྲུས་འོག་ཏུ་ལྡན་པའོ། །

ཉི་ཤུ་ལྔ་པས་དེ་ནས་སོ་ནི་ཡིག་འབྲུ་མའོ། །དབྱངས་ཀྱི་ཡི་གེ་བདུན་པས་ལྡན་ནི། འདིར་མའི་ཡིག་འབྲུ་ལ་རྀ་ཡིས་སྟེང་འོག་ཏུ་ལྡན་པ་སྟེ་མེའི་དོན་ཏོ། །བཞི་པ་ལས་ནི་གསུམ་པའི་ཞེས་པ་ནི། དེ་དང་ཉེ་བ་རླུང་ཡིན་ནོ། །ཞེས་བྱ་བ་ནི། རླུང་གི་ས་བོན་ནི་ཡའི་ཡིག་
འབྲུའོ། །དབྱངས་ཡིག་བཅུ་གཅིག་ལྡན་པ་ནི། ཨེའི་ཡིག་འབྲུ་ལྡན་པའོ། །ལྔ་པའི་ལྔ་པ་ནི་མའི་ཡིག་འབྲུའོ། །ཧའི་ཡིག་འབྲུ་དེ་དང་ཉེ་བ་ནི་ཧ་རང་གིའོ། །ལྔ་པའི་གསུམ་པ་ནི་བའི་ཡིག་འབྲུའོ། །ཡི་གེ་རྩ་བརྒྱད་དེ་ནས་སོ་ནི། ཡིག་འབྲུ་ལའོ། །ལྔ་པ་ཡི་ནི་དང་པོ་
དང་། །ཞེས་པ་ནི། པའི་ཡི་གེ་བསྟན་པ་ཡིན་ནོ། །ཉི་ཤུ་རྩ་བདུན་དེ་ནས་སོ་ནི་རའི་ཡིག་འབྲུའོ། །དབྱངས་ཡིག་གཉིས་པས་ལྡན་ནི་ཨཱ་རིང་བ་དང་ལྡན་པའོ། །གསལ་བྱེད་ཀྱི་ནི་དང་པོ་ཞེས་བྱ་བ་ནི། ཀའི་ཡིག་འབྲུའོ། །སུམ་ཅུ་རྩ་གཅིག་པས་ནི་ལྡན་ནི་ཥའི་ཡིག་འབྲུ་སྟེ། ཀྵའི་
དོན་གྱིས་ཀ་དང་ལྡན་པའོ། །ཉི་ཤུ་རྩ་ལྔ་དག་པ་ནི་མ་ཞེས་པའི་ཡིག་འབྲུའོ། །དབྱངས་ཡིག་གཉིས་པས་ལྡན་པ་ནི། ཨཱ་རིང་པོ་དང་མར་ལྡན་པའོ། །ཉི་ཤུ་རྩ་དྲུག་ཡི་གེ་མཆོག །ཅེས་པ་ནི་ཡའོ། །དབྱངས་ཀྱི་ཡི་གེ་བཅུ་གཅིག་པ་ནི་ཨེའི་ཡིག་འབྲུ་བསྟན་ཏོ། །ཡ་ལ་ཨེ་
གཉིས་ལྡན་པ་ནི། །ཡེ་ཤེས་པའི་དོན་ཏོ། །སྭཱ་ཧཱ་མཐར་ནི་ལྡན་པ་ནི། མཐའ་ཅན་གྱི་སྔགས་ཀྱི་མཚན་ཉིད་དོ། །ཧཱུཾ་ཧཱུཾ་ཕཊ་ནི་སྤེལ་བར་བྱ། །ཞེས་པ་ནི། སྭཱ་ཧཱ་གོང་དུ་བསྟན་པའི་ཕྱིར་རོ། །དེ་ནི་ཕྱག་རྒྱ་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་ནི། བཅོམ་ལྡན་འདས་མའི་སྙིང་པོའི་
ཡོན་ཏན་ནི་རིན་པོ་ཆེའི་དཔེ་ཇི་ལྟ་བ་བཞིན་གསུངས་སོ། །དང་པོ་ཡི་གེ་གཟུགས་ཀྱི་མཆོག་ནི། རྣམ་པར་སྣང་མཛད་ཀྱི་ས་བོན་ནོ། །དེ་དང་པོར་བཏུ་བའོ། །འདབ་མ་གཉིས་པའི་གསུམ་པའོ། །ཞེས་བྱ་བ་ནི། ཡིག་འབྲུ་སའོ། །ཡའི་སྡེ་ཚན་གཉིས་པ་ནི། ཡིག་འབྲུ་
རའོ། །ཉི་ཤུ་རྩ་དགུས་དེ་ནས་སོ་ནི། ཝའི་ཡིག་འབྲུ་བསྟན་པའོ། །དབྱངས་ཀྱི་ཡི་གེ་གསུམ་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ནི། ཨི་ཐུང་བས་སྦྱར་ཏེ་ཝིའོ། །དེ་ནས་སུམ་ཅུ་རྩ་གཉིས་པ་ནི། སའི་ཡི་གེ་བཏུ་བའོ། །ར་ཡི་ཡིག་འབྲུ་དེ་དང་མཉམ། །ཞེས་བྱ་བ་

ནི་གོ་སླའོ། །ཐ་མར་སྭཱ་ཧཱ་དང་ལྡན་པ་ནི། སྔར་བཤད་པ་བཞིན་འདིར་ཡང་ངོ་། །ཧཱུཾ་ཧཱུཾ་ཕཊ་ནི་སྤེལ་བ་ཡིན། །ཞེས་བྱ་བ་ནི། བར་དུ་གཞུག་པར་བྱའོ། །ཉེ་བའི་སྙིང་པོའི་སྔགས་ཡིན་ནོ། །ཞེས་བྱ་བ་ནི། དེ་རང་ལ་ཉེ་བ་སྟེ་བཅོམ་ལྡན་འདས་མའི་བསྟན་པའོ། །ཕྲེང་བའི་སྔགས་
གསུངས་པ་ནི། ཨོཾ་ཤྲཱི་མ་ཧཱ་ཞེས་པ་ལ་སོགས་པའོ། །ཨོཾ་ནི་སྔགས་ཐམས་ཅད་གསལ་བའོ། །ཤྲཱི་མ་ཧཱ་ནི་དཔལ་ཆེན་པོ་སྟེ། དཔལ་ཧེ་རུ་ཀ་ཉིད་དོ། །ཀ་རུ་ཎ་ནི་ཐུགས་རྗེས་འོག་མའི་ཆེན་པོ་དང་སྦྱར་རོ། །ཀྲོ་ངྷ་ནི་ཁྲོ་བོའོ། །ཤྭ་ར་ནི་དབང་ཕྱུག་གོ། །དཔལ་ཆེན་པོ་ཧེ་རུ་ཀ་
ཐུགས་རྗེ་ཆེན་པོ་དབང་ཕྱུག་ཁྲོས་པའོ། །གང་ལ་ཞེ་ན། གདུག་པ་ཅན་རྣམས་ཁྲོས་པའོ། །དེའི་དོན་ནི་བཅོམ་ལྡན་འདས་དཔལ་ཆེན་པོ་ཧེ་རུ་ཀ་ཉིད། ཐུགས་རྗེ་ཆེན་པོའི་དབང་གིས་གདུག་པ་ཅན་རྣམས་ལ་ཤིན་ཏུ་ཁྲོས་པས་ཞལ་དང་ཕྱག་མང་པོར་སྟོན་པའོ། །བྷེ་བེ་ད་ཞེས་བྱ་བ་ལ་
སོགས་པ་ནི་མ་བཤད་དོ། །ཅིའི་ཕྱིར་ཞེ་ན། བསྒོམ་པ་དང་བཟླས་པ་ལ་རག་ལུས་པའི་ཕྱིར་རོ། །ཧཱུཾ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་ནི། དཔལ་ནམ་མཁའ་དྲི་མེད་དང་། ཟླ་བ་ལ་སོགས་པ་དཔའ་བོ་དང་དཔའ་མོ་བཅུ་དྲུག་ཕྲག་གཉིས་ཀྱི་སྔགས་སོ། །དེའི་ཕྱིར་འཁོར་ལོའི་སྔགས་ཞེས་
བྱའོ། །འཁོར་ལོ་ནི་འཁོར་ལོའི་ལྷ་རྣམས་སོ། །སྔགས་ནི་སྔར་བཤད་པའོ། །སྔགས་ཆེན་པོའི་ནི་ནུས་མཐུ་བསམ་གྱིས་མི་ཁྱབ་པའོ། །དཔའ་བོ་རྣམས་ནི་བྱང་ཆུབ་སེམས་དཔའ་བཅུ་དྲུག་གོ། །དཔའ་བོ་རྣམས་གསུངས་པས། དཔའ་མོ་རྣམས་ཀྱང་བསྡུའོ། །སྙིང་པོ་
མཆོག་ནི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་ས་བོན་ནི་སྙིང་པོ་མཆོག་མི་འགྱུར་རོ། །ལྷ་མོ་སྐམ་མ་དང་། འཇིགས་མ་ལ་སོགས་པའི་སྔགས་ནི། ཨ་ཨཱ་ལ་སོགས་པའོ། །དཔའ་བོའི་ཡན་ལག་མ་སྙིང་སྔགས། །ཞེས་བྱ་བ་ལ། ཡན་ལག་མ་ནི་ལྷ་མོ་རྣམས་སོ། །ལྷག་མ་ནི་
གོ་སླའོ། །གསང་བའི་སྔགས་ཀྱིས་དགོད་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་དང་མི་ལྡན་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པས་གསང་བ་ཡིན་ནོ། །འགྲོ་བ་རྣམས་ལ་སྐྱོབ་པའི་བདག་ཉིད་ཡིན་པས་ན་སྔགས་སོ། །སྦྱོར་བ་དྲུག་གི་དོན་བསྟན་པ་ནི་དགོད་པའོ། །

སྦྱོར་བ་དྲུག་གི་མན་ངག་རྣལ་འབྱོར་བཅོམ་ལྡན་འདས་ནི་མཆོད་པའི་དུས་སོ། །ཨོཾ་ནཱ་ད་ནིརྨ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཅེས་བརྗོད་པ་ནི་མཆོད་པར་བྱའོ། །དེ་ལ་སྔགས་ཀྱི་དང་པོར་ཕྱག་འཚལ་བའི་ཡི་གེ་ཨོཾ་ཞེས་བྱ་སྟེ། དེ་རྣམས་ལ་བསྟོད་པའོ། །ནཱ་ད་ནི་ཡེ་ཤེས་ཀྱི་ཚུལ་དེ་
རྟོག་པ་དང་བྲལ་བའི་སྒྲའོ། །ནིརྨ་ནི་སྤྲུལ་པའི་འཁོར་ལོའི་ངོ་བོ་རྣམས་དང་བཅས་པའི་ལྟེ་བའོ། །ལ་ཡ་ནི་ཕོ་བྲང་སྟེ་སྤྲུལ་པའི་ལྟེ་བའི་ཕོ་བྲང་བཅོམ་ལྡན་འདས་ཚུལ་གྱི་ཡེ་ཤེས་བཞུགས་པའི་དོན་ཏོ། །ཧཱུཾ་དང་པོས་ནི་གདུག་པ་ཅན་རྣམས་ལ་སྡིགས་མཛུབ་ཀྱིས་འཇོམས་
པའོ། །གཉིས་པའི་ཧཱུཾ་ནི་དེ་རྣམས་དབང་དུ་སྡུད་པའོ། །ཕཊ་ཀྱིས་གཏོར་ནས་ལྟུང་བར་བྱེད་པའོ། །ཨོཾ་བི་དུ་ལ་སོགས་པ་མ་བཤད་པ་སྔ་མ་བཞིན་ནོ། །ཡེ་ཤེས་དྲུག་ནི་སྦྱོར་བ་དྲུག་གི་ཡེ་ཤེས་སོ། །སྔགས་མཆོག་དབང་ཞེས་བྱ་བ་ནི་སྔགས་ཐམས་ཅད་ཀྱི་མཆོག་གོ། །རབ་བོ། །གྱ་ནོམ་
པ་སྟེ། ནུས་མཐུ་དཔག་ཏུ་མེད་པ་དང་ལྡན་པའོ། །དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་ཀྱི་ནུས་མཐུ་ནི་རྒྱུད་ལ་སོགས་པ་ཐམས་ཅད་ནས་འབྱུང་སྟེ། ཅིག་ཤོས་མིན་པ་ནི། བདེ་བ་མཆོག་གི་རྒྱུད་ལས་ཀྱང་འཇིག་རྟེན་གསུམ་གཡོ་བར་བྱེད་དོ། །ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་།
སྲིན་པོ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་བཅས་པ་འགུགས་པར་བྱེད་པ་དང་། འཆིང་བར་བྱེད་པར་འ