Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 8

Văn bản gốc(Tây Tạng)

Trang 14 / 22 (50.000 ký tự/trang)
ར་སུམ་ཅུ་གཉིས། །པདྨའི་དངོས་པོ་རྩ་རེ་རེ། །གསང་བར་རླུང་དཀྱིལ་གཞུ་འདྲ་དང་། །དེ་སྟེང་མེ་འཁོར་གྲུ་གསུམ་མོ། །ཡིག་

འབྲུའི་དངོས་པོ་རྟོག་པ་ཡིན། །བཙུམས་པ་དང་ནི་ཕྱེ་བ་ཡིས། །ཤེས་རབ་ཐབས་ལས་མེ་འབྱུང་བས། །ལས་ཀྱི་རླུང་གིས་མེ་འབར་རོ། །ལྟེ་བའི་དབུས་ནས་འོད་ཆེན་འབར། །རྟོག་པའི་བདག་ཉིད་མཁའ་འགྲོ་བསྲེགས། །དེ་ནས་གྱེན་དུ་འགྲོ་བའོ། །ལོངས་སྤྱོད་འཁོར་ལོ་ལན་གསུམ་
བསྐོར། །ན་ས་གཡས་བྱུང་སྨིན་གཉིས་ཕྲག །ཨུ་རྒྱན་ཚིགས་རྒྱས་གསེར་སྐོར་གཤེགས། །བདེ་ཆེན་ཡོད་པའི་བདུད་རྩིར་འཇུག །རི་བོང་ཅན་གྱི་བདུད་རྩི་གསོལ། །ཐུགས་རྗེའི་ཆར་གྱི་རྒྱུན་འབབ་པ། །སྔར་ལམ་ཞུགས་ནས་སྨིན་ཕྲག་ཞུགས། །བྱང་ཆུབ་སེམས་ཀྱིས་ལོངས་
སྤྱོད་གནས། །སྔགས་བསྲེགས་མཁའ་འགྲོ་རབ་ཏུ་ཚིམ། །ལྟེ་བའི་དབུས་ན་གནས་པའོ། །ཡར་གྱིས་བསྲེགས་ལ་མར་གྱིས་གསོ། །སྐྲ་ཡི་རྩེ་མོ་འབུམ་གྱི་ཆ། །འགྲོ་དང་འོང་བའི་མཐོང་བར་དཀའ། །ཞེས་པའོ། །སྲོག་དང་རྔུབ་པ་འགོག་པ་ཡིས། །ཞེས་པ་ནི་བྱང་ཆུབ་
སེམས་དང་རླུང་དུ་ལྡན་པའི་སྲོག་དང་སྩོལ་བའི་རླུང་གཉིས་འགྲོགས་ན་བདེ་བ་ཆེན་པོའོ། །སྲོག་དང་རྔུབ་པའི་བཟའ་བ་གསོལ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དེ་ཕྱིར་མི་གཏང་བར་ནང་དུ་བཟའ་བར་བྱའོ། །སྲོག་དང་རྔུབ་པ་གཉིས་ཟོས་ནས། །ཤེས་པ་ནི་མཆོག་དགའ་དང་ཆད་
པའི་དགའ་བ་གཉིས་ཀྱི་གནས་དེ་རུ་ཟོས་པ་ནི་ཀུན་རྫོབ་ཏུ་ཆུ་ཟླ་ལྟར་རོ། །དེ་ན་གང་ཡིན་པར་འགྱུར་ན་ཆུ་ཟླ་ལྟ་བུ་དེ་ན་བྱང་ཆུབ་ཀྱི་སེམས་བདུད་རྩིས་ཁམས་གསུམ་གང་ནས་ཡེ་ཤེས་དང་ལྡན་པས་ནི་འཁོར་བ་མཆོག་དགའ་དང་མྱ་ངན་ལས་འདས་པ་ཆད་དགའ་གཉིས་བདུད་རྩིས་ཚིམ་པའོ། །དེ་ནས་
དེ་ནི་རྟགས་ནི་ཀུམ། །ཞེས་པ་ནི་རིན་ཆེན་ཁར་ཟླ་བ་གང་བའི་དུས་ན་སྣའི་རླུང་ལ་སོགས་པ་ཡང་འགགས་ནས་རྡོ་རྗེ་འཛིན་པའི་གནས་ནས་རྟགས་བརྒྱད་འབྱུང་ངོ་། །མཚན་མ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་ཡང་སྒོམ་པ་ལ་སེམས་བརྟན་པ་ལས་རྟོགས་པ་འབྱུང་ངོ་། །དེ་ནས་རྣལ་འབྱོར་
དབང་ཤེས་ནས་ནི་རྣལ་འབྱོར་དབང་ཕྱུག་གི་བསམ་གཏན་གྱི་རིམ་པ་ཤེས་ནས། རྣམ་པར་ཤེས་པའི་ཡེ་ཤེས་མཆོག་གི་ཨའི་ཚུལ་དུ་མི་དམིགས་པར་བསྒོམ་པའི་དོན་ཏོ། །ནང་དུ་ལྟ་བ་བྱས་པས་ན་སེམས་རྩེ་གཅིག་ཏུ་མི་གཡེལ་བར་བདག་རང་གི་ནང་དུ་གཏད་པའོ། །སྟེང་མཚམས་ནི་མགོ་

བོའི་སྐྲའི་མཚམས་སུ་སྟེ་མཚོག་མར་རོ། །རྩེ་མོ་ཟབ་པ་རུ་ནི་དེའི་སྟེང་གི་རྩེ་མོ་ནི་བདེ་ཆེན་གནས་པ་ཚངས་པའི་བུག་པ་ཆོས་ཐམས་ཅད་ཀྱི་དབྱིངས་ཡིན་པས་དང་ཟབ་པའོ། །མཆོག་གི་ནམ་མཁའ་རུ་ནི་མཁའ། །ཞེས་པ་ནི་ཆོས་ཐམས་ཅད་ཀྱི་དབྱིངས་དེ་ནི་བརྗོད་དུ་མེད་པ་རབ་
མཆོག །རྨད་དུ་བྱུང་བ་འདི་བདེ་ཆེན་གྱི་ནམ་མཁའ་རུ་གནས་ཏེ་ཨའི་དངོས་པོའི་ཚུལ་དུ་བཤད་དོ། །ཡི་གེ་མཆོག་ནི་ཚོར་བྱས་ནས་ནི་ཨ་སྐྱེ་བ་མེད་པ་དེ་ལ་བསྒོམས་པས་ཉམས་སུ་མྱོང་ནས་རྟོགས་པའི་ཤེས་རབ་བོ། །ཚངས་པའི་ཡུལ་སའི་པད་ཕུག་བྱས། །ཞེས་བྱ་བ་ནི་སྤྲུལ་པའི་
འཁོར་ལོའི་ལ་ལའི་ལྟེ་བ་རྒྱས་པར་བྱ་བའི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །ཆགས་པ་དང་བྲལ་གནས་སུ་འགྲོ། །ཞེས་པ་ནི་བདེ་བ་ཆེན་པོ་ཡེ་ཤེས་དེ་སྤྲོས་པ་དང་བྲལ་བའི་རང་བཞིན་དགའ་བའི་གནས་སུ་ཤེས་པར་འགྱུར་རོ། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ཡིན་པར་སྟོན་ཏོ། །
དཔལ་དང་ལྡན་པའི་རྡོར་འཛིན་པའི། །ལྷ་མོ་གནས་དེར་ཤེས་པར་བྱ། །ཞེས་པ་ཐབས་ཀྱི་མཁའ་དང་ཤེས་རབ་ཀྱི་དབྱིངས་ཤེས་པས་གནས་ཏེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་འཁོར་དཔག་ཏུ་མེད་པའི་ཡང་དཔག་ཏུ་མེད་པ་དང་བཅས་ནས་བཞུགས་པ་ལ་ནི་ལྷ་མོ་ལ་བོས་
ནས་ཤེས་པར་གྱིས་ཤིག་པའོ། །དེ་ལྟ་བུ་ཡི་འདུས་པའི་སའི། །ཞེས་པ་ནི། མཁའ་འགྲོ་དང་མཁའ་འགྲོ་མ་དང་རྣལ་འབྱོར་དང་རྣལ་འབྱོར་མ་ལ་སོགས་པ་སྔར་བཤད་པའི་འཁོར་ཐམས་ཅད་སྔར་གྱི་གནས་སུ་འདུས་པ་ལ་དེ་སྐད་ཅེས་བྱའོ། །དུར་ཁྲོད་ཆེན་པོའི་ཆོས་ཀྱི་འབྱུང་གནས་
ཀྱི་གཞིར་ཞེས་པ་ནི་དབུགས་འབྱུང་བ་ལ་སོགས་པ་སྤངས་པའི་དུར་ཁྲོད་ཡེ་ཤེས་ལ་སོགས་པའི་ཤིན་ཏུ་བདེ་བ་ཆེན་པོ་འདུས་བྱས་ཀྱི་ཆོས་ཐམས་ཅད་དང་འདུས་མ་བྱས་ཀྱི་ཆོས་རྣམས་དེ་ལས་འབྱུང་བའི་ཕྱིར་ནི་ཆོས་ཀྱི་འབྱུང་གནས་ཐམས་ཅད་ཀྱི་སྐྱེ་བ་དང་འགག་པ་དང་། གནས་
ས་ཡིན་པས་ན་གཞི་ཞེས་བཤད་དོ། །གྲངས་མེད་པ་ནི་བྱེ་བས་ཡང་དཔག་ཏུ་མེད་པའི་ཡང་དཔག་ཏུ་མེད་པའོ། །རྣལ་འབྱོར་ནི་རང་བཞིན་དགའ་བའི་དོན་ལ་མཆོག་གི་དགའ་བ་དང་ཆད་པའི་དགའ་བས་སྦྱོར་བས་སོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ་ཞེས་པ་ལ་སོགས་པའི་དོན་ནི་

སྔར་བཤད་དོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཅུ་བདུན་པའི་དཀའ་བ་བཀྲལ་བའོ།། །།སོར་བཅུ་གཉིས་ནི་ཚིགས་པ་མེད། །ཅེས་པ་ནི་མགྲིན་པའི་སྟེང་ནས་ཚིགས་པའམ། འདུད་པ་མེད་པའི་སང་ངེ་འདུག་པའི་སོར་བཅུ་གཉིས་ཀྱིས་ཚངས་པའི་བུ་གའི་བར་དུའོ། །
འོག་གི་ཆ་ནི་བཅུ་གཉིས་ཕྱེད། །ཅེས་པ་ནི་མགྲིན་པའི་འོག་ནི་རླུང་གི་འཁོར་ལོ་ཡན་ཆད་དུ་བཅུ་གཉིས་ཕྱེད་དེ་མདུད་པ་དྲུག་ཡོད་པའོ། །དེ་བཞིན་སྤྲུལ་པའི་པདྨ་རུ། །ཞེས་པ་ལ་སོགས་པ་ནི་སྔར་བཞིན་དུ་མདུད་པ་སྤྲུལ་པའི་འཁོར་ལོའི་གསང་བའི་པདྨའི་རྩ་གཙོ་བོ་གསུམ་སྟེ། པིངྒ་ལ་དང་།
ཨིན་ད་དང་། སོ་ཤོ་མནའ་གསུམ་གྱིས་པདྨའི་འདབ་མ་གསུམ་མོ། །དེས་ནི་ཡེ་ཤེས་གསལ་བར་བྱེད་དོ། །དེ་རྣམས་ལ་ནི་འདི་ལྟར་བསྟན་ཏེ། རྩ་དང་བཅས་པའི་ལྟེ་བའི་ནང་དུ་ཞེས་པ་གསུངས་སོ། །རྩ་དང་པདྨར་བཅས་པའི་ལྟེ་བ་ཡོད་པའི་ནང་དུ་འབྱུང་ངོ་། །རྩ་བ་རྩ་བའི་ནང་
འོངས་ནས། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོ་ན་ཡོད་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། རྩ་བ་དེ་རྩ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩ་བ་སྲོག་གི་ནང་དུ་འོངས་ནས་བདེ་བ་ལ་ལ་གནས་སོ། །དེ་ཡང་འདི་ལྟ་སྟེ། འདབ་མའི་སྐྱེ་རུ་བཅར་ཏེ་གནས། །ཞེས་པ་ལ་
སོགས་པ་ནི་སྲོག་རྩ་དང་། བདེ་བ་དང་། འཛིན་མ་དང་། རོ་མ་དང་། རྟོག་མེད་མ་དང་བཅས་པ་སྟེ་གསུམ་གྱིས་འདབ་མ་ལ་གནས་པ་རྩའི་རྩེ་མོ་སླར་ལ་དུམ་གཅིག་བཀུག་ནས་ཡོད་པ་དེ་ནི་སངས་རྒྱས་རིན་ཆེན་སྣོད་དོ། །བུ་ག་ཕྲ་མོས་ནང་ན་ལྡན། །ཞེས་པ་ལ་སོགས་པ་ནི་སྲོག་གི་རྩ་བ་ལ་བུ་
ག་དང་། འཛིན་མ་ལ་སོགས་པའི་རྩ་གསུམ་དང་ལྡན་ནས་གནས་པའོ། །འཛིན་མ་ལ་སོགས་པའི་རྟེན་ཀྱང་ཡིན་ཏེ་དགའ་བའི་རང་བཞིན་རྩ་གསུམ་གྱི་རྟེན་ནོ། །རྒྱུ་དང་འབྲས་བུ་གཉིས་མེད་ཀྱིས། །ཞེས་པ་ནི་སྲོག་གི་རྩ་ནི་རྒྱུ་ལ་རྩ་གཞན་གསུམ་པོ་ནི་འབྲས་བུ་སྟེ་བདེ་བ་ཆེན་པོའི་རང་བཞིན་
དགའ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་སོ། །རྩ་བ་འབྲས་བུ་རྒྱ་ཡིས་བཏབ་པ་ནི་རང་བཞིན་གྱི་ཡེ་ཤེས་ཀྱིས་རྒྱུ་དང་འབྲས་བུའི་རྩ་ལ་སོགས་པའི་དངོས་པོ་ཐམས་ཅད་ནི་གཉིས་སུ་མེད་པ་འོད་རབ་ཀྱིས་རྒྱས་བཏབ་པའོ། །དྲུག་ཕྱེད་རྩ་བ་དང་ལྡན་ནི། །ལ་སོགས་པ་ནི་སྲོག་གི་རྩ་དང་རྩ་གསུམ་ལྡན་པའི་

བདག་པོའམ། ཡང་ན་སྲོག་གི་རྩ་སོར་གསུམ་བྱ་གདོང་དུ་ཡོད་པ་ལ་བྱ་བ་ལ་བསྟན་ཏོ། །སྲོག་གི་རྩ་ནི་བྱད་དང་གཟུགས་ལ་སོགས་པ་གསལ་བའི་ཆོས་ཅན་ཡིན་ནོ། །དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་ལ་སོགས་པའི་ཡོན་ཏན་ནོ། །བཅུ་དྲུག་ཕྱེད་
ཕྱེད་བྱེ་བྲག་ཏུ། །ཞེས་པ་ནི་བཅུ་དྲུག་གི་ཕྱེད་བརྒྱད། དེའི་ཕྱེད་བཞི་སྟེ། ལ་ལ་ནཱ་དང་། ར་ས་ནཱ་དང་། ཨ་ཝ་དྷཱུ་ཏཱི་དང་། སྲོག་གི་རྩ་དང་བཞི་ལ་ནི་སྲོག་མ་འཛིན་མ་རོ་མ། རྟོག་མེད་མ་བཞི་རུ་བཤད་དོ། །དེ་ནི་རྩའི་སྐུད་པ་གཅིག་པུའོ། །ཞེས་པ་ནི་དོན་དམ་པ་རུ་གཅིག་པུའོ། །རྩ་བ་གསུམ་དབྱེ་
སྐལ་ལྡན་མོ། །ཞེས་པ་ལ་སོགས་པ་ནི་ཡང་ན་འཛིན་མ་ལ་སོགས་པ་གསུམ་ལ་འབྲས་བུ་ཡང་དེ་རང་ངོ་། །ཡང་ན་སྲོག་རྩ་བྱ་གདོང་གི་གནས་སུ་སོར་གསུམ་ན་མེ་རེ་མདུད་པ་མེད་པར་འདུག་གོ། །འབྲས་བུ་གསུམ་པོའི་སྣ་ལ་སོར་གཅིག་གནས་པ་འདི་ནི་རྩ་དང་འབྲས་བུ་གཉིས་ཀྱི་གནས་ནི་ལ་ལ་
ནཱ་དང་། ར་ས་ནཱ་དང་། ཨ་ཝ་དྷཱུ་ཏཱི་དང་གསུམ་གྱི་གནས་ནི་སྲོག་གི་རྩའོ། །གསུམ་པོ་རྒྱུ་དང་འབྲས་བུའི་བྱེ་བྲག་ལ་ནི་བཅུ་གཉིས་ཕྱེད་དོ། །གཅིག་པོ་ནི་དེ་རྣམས་འབྲས་བུ་གཅིག་པའོ། །འབྲས་བུ་ནི་ཕྲ་བའི་རང་བཞིན་ནམ་འཇམ་པ་རྟོག་མེད་མའོ། །རིན་ཆེན་ཁ་ནང་ཡན་ཆད་དོ། །ཞེས་པ་
ལ་སོགས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའི་ལྟེ་བ་ནས་རླུང་གི་འཁོར་ལོ་ལྟེ་བ་རིན་པོ་ཆེའི་ཁ་རུ་གནས་པ་ཡེ་ཤེས་ཀྱི་རང་བཞིན་ཐིག་ལེ་རྒྱུ་བའི་རྩ་བའི་སྐུད་པ། སྦྱོར་བ་དྲུག་གི་རྟེན་བྱེད་པའི་སྐུད་པ་ཡོད་དོ། །སྦྱོར་བ་དྲུག་ནི་ཆར་ཡང་ཞེས་པ་ལ་སོགས་པ་བསྟན་ཏོ། །དཔལ་ནི་གཞན་མིན་འདིར་ནི་
ཆད། །ཅེས་པ་རྒྱུད་ཀྱི་མཚན་དང་ཚད་བསྟན་ཏེ་དཔལ་ཡེ་ཤེས་ཐིག་ལེ་ནི་སྦྱོར་བ་དྲུག་ཏུ་བཤད་དོ། །འདི་སྐད་དུ་ཤྲཱི་ཛྙཱ་ན་ཏི་ལ་ཀ་ཞེས་པའི། ཆར་ཡང་དང་ཐིག་ལེའི་ཚུལ། ཚུལ་ཙམ་མཆོག་གཞན་མཆོག་དྲུག་དང་། །ཉུངས་ཀར་ཞེས་པས་སོ། །དཔལ་ལྡན་ཡེ་ཤེས་ཐིག་ལེ་འདི། །
ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངོ་བོ་རུ་བཞུགས་པ་འདི་ནི་ཐམས་ཅད་ཀྱི་བདག་པོའོ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཞེས་པ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་མ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པའི་དཀྱིལ་འཁོར་བ་དང་། དེ་ཡང་རྩའི་དངོས་པོ་ཡིན་ཏེ།

རྩ་རེ་རེ་མཁའ་འགྲོ་མ་རེ་རེ་བསྟན་ཏེ། མཁའ་ནི་སྟོང་པ་ལ་བྱང་ཆུབ་ཀྱི་སེམས་འགྲོ་བའོ། །ཡང་ན་ཆོས་ཐམས་ཅད་དབྱིངས་སུ་འགྲོ་བའོ། །འཇུག་པ་གནས་པ་ལོངས་སྤྱོད་ཡིན། །ཞེས་པ་ནི་གཡོན་གྱི་ཨི་ད་ས་ཧི་ལ་གྱེན་དུ་འཇུག་པའི་སྟེང་དུ་འགྲོ་བ་ལོངས་སྤྱོད་ཀྱི་གནས་པའོ། །རླག་པ་འགྲོ་བའི་
གནས་སུ་ཡོད། །ཅེས་པ་ནི་ལ་ལ་ནཱ་གླ་རྩི་འོག་ཏུ་འགྲོ་བ་རླག་པའི་གནས་སོ། །འབྱུང་བ་དབང་གིས་གནས་སུ་སྟེ། །ཞེས་པ་དབུས་ཀྱི་སོ་ཤོ་མནའ་ག་བུར་གནས་པ་དབུས་སུ་གནས་ནས་དབང་གིས་གནས་སོ། །རང་བཞིན་དེ་ནི་མཆོག་གཞན་མཆོག །ཅེས་པ་ནི་རླག་པ་དང་། ལོངས་སྤྱོད་དང་།
དབང་དང་གསུམ་ལ་སོགས་པའི་འབྲས་བུ་ཕྱག་རྒྱ་ཆེན་པོའི་རང་བཞིན་ནི་མཆོག་དང་མཆོག་གི་ཡང་མཆོག་གོ། །གཡོན་ལ་སོགས་པ་ནི་ཤེས་པར་སླའོ། །དེ་བཞིན་འདི་ནི་དྲན་པའོ། །ཞེས་པ་ནི་གཡོན་པ་ལ་སོགས་པའམ། སྟེང་འོག་ལ་སོགས་པ་དང་འདྲའོ། །དེ་རྣམས་ལྟེ་བའི་དབུས་སུ་ནི། །
ཞེས་པ་ནི་རྩ་རྣམས་ལ་སོགས་པ་གསང་བའི་ལྟེ་བའི་དབུས་ན་ཡོད་དོ། །སྐྲ་རྩེ་བྱེ་བ་བརྒྱ་ཡི་ཆ། །ཞེས་པ་ནི་མཚན་པའི་ངོ་བོའི་ཚུལ་ཏེ་རབ་ཏུ་གསུངས་སོ། །ཚད་དང་དེ་བཞིན་དུ་ནི་གནས། །ཞེས་པ་ནི་དེ་ཡན་ཆད་དུ་ཚད་དང་གནས་བསྟན་པའི་སྐབས་སུ་མཚན་ཀྱང་བསྟན་པའོ། །ཞལ་བཟངས་ཡེ་ཤེས་
ཐིག་ལེའོ། །ཞེས་པ་ལ་སོགས་པ་གོ་སླའོ། །དེ་ཀུན་ས་ཡི་དབང་ཕྱུག་བདག །ཅེས་པ་ནི་ས་བཅུ་དྲུག་གི་བདག་པོ་ནི་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་དབང་ཕྱུག་ཆེན་པོའོ། །གནས་ལ་སོགས་པ་དགའ་བའི་གནས། །ཞེས་པ་ནི་གནས་དང་ཉེ་བའི་གནས་ལ་སོགས་པ་བཅུ་དྲུག་པོ་ནི་དགའ་བ་
བཅུ་དྲུག་ཏུ་སྦྱར་རོ། །ས་ཡི་སྒྲ་ཡིས་བརྗོད་ཡིན་ནོ། །ཞེས་པ་ནི་མོས་པ་སྤྱོད་པ་ལ་སོགས་པ་བཅུ་དྲུག་དང་ཡང་སྦྱོར་རོ། །ཇི་ལྟར་སྦྱོར་ཞེ་ན། དེ་ནི་གནས་དང་ཉེ་བའི་གནས་ལ་སོགས་པའི་རིམ་པས་སྦྱར་ཏེ། དེ་ཡང་འདི་སྐད་བསྟན་ཏོ། །གནས་ལ་སོགས་རིམ་དབྱེ་བ་ཡིས། །དགའ་སོགས་རིམ་པར་
དབྱེ་བའོ། །དེ་ལྟར་ས་ཡི་དབྱེ་བའོ། །གནས་དང་འདོད་དགའ་མོས་སྤྱོད་ས། །ཉེ་གནས་འདར་དགའ་རབ་དགའི་ས། །ཞིང་དང་འགྲོ་དགའ་དྲི་མེད་ས། །ཉེ་ཞིང་དགའ་བོ་འོད་བྱེད་པ། །ཚན་དོ་རྒྱས་དགའ་འོད་འཕྲོ་བ། །ཉེ་ཚན་བདུད་དགའ་སྦྱང་དགའ་བ། །འདུས་པ་འབྱུང་དགའ་མངོན་གྱུར་པ། །

ཉེ་འདུས་མཆོག་དགའ་རིང་དུ་སོང་། །དུར་ཁྲོད་འབར་དགའ་མི་གཡོ་བ། །ཉེ་འདུས་ཐིག་དགའ་ཆགས་བློ་གྲོས། །བྱིལ་མོས་དགའ་བ་ཆོས་སྤྲིན་ས། །ཉེ་བྱི་ཆད་དགའ་ཀུན་དུ་འོང་། །ལམ་ནས་ཨུཏ་དགའ་ཀུན་སྣང་མཆེད། །ཉེ་བའི་ཚུལ་དགའ་སྣང་བ་ཐོབ། །སྦྱོར་བ་གཉིས་
དགའ་འོད་རབ་ས། །ཉེ་སྦྱོར་རང་བཞིན་བརྗོད་དུ་མེད། །གནས་ལ་སོགས་པའི་དབྱེ་བ་ཡིས། །དགའ་བ་ས་དང་ཕྱེ་ལ་སྦྱར། །ཞེས་སོ། །གཞན་ཡང་རྒྱ་ཆེར་སྦྱར་རོ། །མོས་པ་སྤྱོད་པ་ནི་དྲོད་རྩེ་མོ་བཟོད་པ་འཇིག་རྟེན་ཆོས་ཀྱི་མཆོག་དང་ལྡན་པའི་ས་སྟེ་དང་པོའོ། །ཆུའི་དབང་གི་འབྲས་བུའོ། །རང་བཞིན་
དགའ་བའི་སྒྲོན་མ་ལས་ལེའུ་བཅོ་བརྒྱད་པའི་དཀའ་བ་བཀྲལ་བའོ།། །།རྒྱུད་ལ་སོགས་པའི་ཚད་ལ་སོགས་པ་བསྟན་ནས་བཅོམ་ལྡན་མོས་སློབ་དཔོན་དང་སློབ་མ་འབྲེལ་བར་བྱ་བའི་ཕྱིར་དང་། རྒྱུད་ཀྱི་རིམ་པ་གོང་དུ་མ་གསུངས་པ་དེས་ཞུས་པས། དེ་ནས་ཡང་ནི་བཤད་བྱ་བ་ནི་ཞུས་མ་ཐག་བཤད་
པར་ཞལ་གྱིས་བཞེས་པ་སྟེ་གོང་དུ་བསྟན་ཀྱང་ཞེས་པའོ། །བླ་མ་སློབ་མའི་མཚན་ཉིད་དོ། །ཞེས་པ་ལ་སོགས་པ་ནི་དེ་གཉིས་འབྲེལ་པའི་མཚན་ཉིད་དེ། དེ་ཡང་སྔོན་ལ་བླ་མའི་ཡོན་ཏན་བསྟན་ཏོ། །གཞན་ཞེས་པ་ལ་སོགས་པ་ནི་བུམ་པའི་དབང་ལ་སོགས་པ་དབྱེ་བ་དང་གསང་བའི་དབང་དང་ཤེས་རབ་ཡེ་
ཤེས་ཀྱི་དབང་དང་བཞི་པའི་དབང་ལ་སོགས་པ་དགོངས་པའི་དབང་ཡན་ཆད་ཐོབ་པ། སེམས་ཅན་ལ་སྙིང་རྗེ་དང་ལྡན་པ། སྔགས་ཀྱི་སྤྱོད་པ་ལ་སོགས་པས་རླབས་ཆེན་པོ་དང་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའི་བླ་མ་རྡོ་རྗེ་སེམས་དཔའ་དངོས་སོ། །སློབ་མ་ཡང་དེ་ལྟར་ཡོན་ཏན་ཚང་བའི་སློབ་མ་གཟུང་
ངོ་། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་བཅུ་དགུ་པའི་དཀའ་བ་བཀྲལ་བའོ།། །།སློབ་དཔོན་ལ་སོགས་པའི་མཚན་ཉིད་བཤད་ནས་རྒྱུད་ཀྱི་རིམ་པ་དང་དོན་དང་བཅས་པར་བཤད་དོ། །ས་བོན་ལས་ནི་མྱུ་གུ་བཞིན། །ཞེས་པ་ནི་ས་བོན་མྱུ་གུ་དེ་ལས་སྡོང་བུ་དེ་བཞིན་དུ་རྩ་བའི་རྒྱུད་ལས་
བརྟག་པའི་རྒྱུད། དེ་ལས་རྒྱུད་ཕྱི་མ། དེ་ལས་ཕྱི་མའི་ཕྱི་མ། དེ་ལས་བཤད་པའི་རྒྱུད། དེ་ལས་སྙིང་པོའི་རྒྱུད། དེ་ལས་འབྲས་བུའི་རྒྱུད། དེ་ལས་རྨད་དུ་འབྱུང་བའི་རྒྱུད་དོ། །རྒྱུད་ཀུན་རིམ་པས་སོ་ཞེས་པ་ནི་སྔོན་མའི་རྒྱུད་དེ་ལྟར་ཤེས་པས་གཞན་རྣམས་ཀྱང་ཤེས་པའི་རིམ་པ་ནི་འབྲེལ་པ་

ལ་རྒྱུད་ཅེས་བཤད་དོ། །ཡང་ན་དོན་ནི་རྒྱུད་ཡིན་ཏེ། །ཞེས་པ་ནི་རྡོ་རྗེ་སེམས་དཔའི་དོན་ནི་ཚིག་དང་ཡི་གེས་མཚོན་པས་འབྲེལ་པ་ལ་རྒྱུད་ཅེས་པའམ། ཡང་ན་རྡོ་རྗེ་སེམས་དཔའི་དོན་བརྗོད་པ་ལ་ནི་སྔར་བཞིན་རྒྱུད་འཛིན་ཞེས་བྱའོ། །ཡང་ན་རིམ་པ་གཉིས་ནི་རྒྱུད། །ཅེས་པ་ནི་བསྐྱེད་པའི་རིམ་པའི་སྒོ་ནས་
ཞུགས་པས་རྫོགས་པའི་རིམ་པ་ཐོབ་པ་འབྲེལ་བའོ། །ལྷ་མོ་ནི་བོས་ནས་བཤད་པའོ། །གང་དུ་སྐལ་ལྡན་མོ་ཞེས་པ་ནི་དུས་གཅིག་ཏུ་གནས་པའི་ས་སྟེ། དེ་ཡང་། ཤེས་རབ་ཐབས་གཉིས་ཕྲད་པའི་ས། །དེ་ནི་རྒྱུད་དུ་བཤད་པ་ཡིན། །ཞེས་བྱ་བ་ནི་ཡབ་ཡུམ་གཉིས་བསྲུབས་པ་ལས་ཟླ་བ་ཉི་མ་ཕྲད་
པ་གང་ཡིན་པའི་སྐལ་བ་དང་ལྡན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སླར་རྡོ་རྗེ་འཛིན་པའི་རིགས་གཅིག་ཏུ་གྱུར་པ་དེ་རྒྱུད་དུ་བཤད་དོ། །ཡང་ན་ཡེ་ཤེས་ལས་འབྱུང་བ། །ཞེས་བྱ་བ་ལ་སོགས་པ་ནི་ཏནྟྲ་ནི་རྒྱུད་དེ། ཡབ་ཡུམ་གཉིས་ལྷའི་སྐུ་རྫོགས་ནས་ཐ་མལ་པའི་རྟོག་པ་ལ་སོགས་པའི་དྲི་མ་
སྤངས་ནས་ཟླ་བ་དང་ཉི་མའི་དངོས་པོ་འདྲེས་པ་ལས་ཚད་པའི་དགའ་བ་དེའི་རྣམ་པ་ལས་རང་བཞིན་དགའ་བ་དོན་དམ་པ་མཚན་མ་ལ་སོགས་པ་དང་བྲལ་བ་ཀུན་རྫོབ་ཏུ་ཆུའི་ཟླ་བ་ཉ་གང་བ་བཞིན་དུ་གནས་པ་ནི་ཨའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཨ་ནི་སྐྱེ་བ་དང་འགག་པ་མེད་དེ་གང་ལ་སྐྱེ་འགག་
མེད་པ་དེ་ལ་ནི་དོན་དམ་པ་ཞེས་བྱའོ། །མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་གསུངས་སོ། །ལུང་ལས་ཀྱང་འདི་སྐད་སྟོན་ཏེ། ཨ་ཞེས་ནམ་མཁའི་དབྱིངས་ན་བདེ། །བརྗོད་པ་ཐམས་ཅད་སྤངས་པ་སྟེ། །
འགག་པ་མ་ཡིན་སྐྱེ་བ་མིན། །སྐྱེ་འགག་གཉིས་དང་བྲལ་བ་མིན། །ཞེས་གསུངས་སོ། །དེས་ནི་དམ་པའི་ཚུལ་གྱི་རྒྱུད་ཀྱི་དོན་ཡང་བཤད་དོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་ཉི་ཤུ་པའི་དཀའ་བ་བཀྲལ་བའོ།། །།རྒྱུད་ཅེས་བྱ་བ་ཡབ་ཡུམ་གཉིས་ཡིན་པར་བསྟན་པས་བཅོམ་
ལྡན་འདས་མོས་བདག་རང་གི་ངོ་བོ་དང་རྒྱུད་གང་ཡིན་པ་ཞུས་པའོ། །བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་ནི་བསྟན་གྱིས་དེ་བཞིན་དུ་རྟོགས་པར་དཀའ་བའི་དོན་ནི་སྒྲུབ་པ་པོ་ཡང་དག་པའི་ཡེ་ཤེས་དང་ལྡན་པས་བཅོམ་ལྡན་མོ་རྙེད་པའོ། །ལྷ་མོ་ཁྱོད་ནི་འབྱུང་བ་མིན། །ཞེས་པ་ལ་སོགས་པ་ནི་རྒྱུ་ལས་

ཀྱང་མི་འབྱུང་གཅིག་ནས་གཅིག་ཏུ་ཡང་མི་སྐྱེ། གོང་ནས་འོག་ཏུ་ཡང་འཕོ་བ་མ་ཡིན། སྐྱེ་ཤིའི་མཚན་མ་ལ་སོགས་པའི་ཆོས་དང་བྲལ་བའི་རླབས་ཅན་ནོ། །རང་གི་ངོ་བོ་ཡེ་ཤེས་འོད། །ཅེས་པ་ལ་སོགས་པ་ནི་བཅོམ་ལྡན་འདས་ཡེ་ཤེས་ཐིག་ལེ་སྔར་བསྟན་པ་དེའི་འོད། དེ་བས་
ན་རང་འོད་ཀྱི་ཤེས་རབ་ཅེས་གསུངས་སོ། །འདི་ནི་ཀུན་རྫོབ་དང་དོན་དམ་པའི་བྱེ་བྲག་གིས་ཕྱེ་ན་ཕྱི་ལ་སོགས་པའི་རང་གི་ཤེས་རབ་དང་བཅས་པའི་དབྱེ་བའོ། །གཞན་མིན་བདག་དང་ཁྱོད་མིན་ན། །ཞེས་པ་ལ་སོགས་པ་ནི་ཡབ་དང་ཡུམ་གཉིས་མེད་ན་དེ་བཞིན་གཤེགས་པས་ཀྱང་རྙེད་པར་དཀའི།
འཇིག་རྟེན་ཐམས་ཅད་ཀྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པའི་སྐྱོན་ཡོད་དེ། དེ་བས་ན། མགོ་བོ་བཅད་པའི་མི་བཞིན་དུ། །ཞེས་གསུངས་སོ། །ཐམས་ཅད་མཁྱེན་པའི་ཆོས་དང་འདྲ་བ་ཤེས་ནས་འདི་ལྟར་སེམས་ཅན་རྣམས་རྡོ་རྗེ་འཛིན་པའི་འབྲས་བུ་རྙེད་པ་ཡང་ལྷ་མོའི་ཡོན་ཏན་དུ་བརྗོད་དོ། །དོན་དམ་
པར་དེ་ལྟར་ཡིན་ཡང་། ཀུན་རྫོབ་བསྐྱེད་པའི་རིམ་པར་ནི། །མཆོག་གི་ནམ་མཁའི་གནས་ནས་བྱོན། །ཞེས་པ་ལ་སོགས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་མཆོག་ཁྱད་པར་ཅན་གྱི་ནམ་མཁའ་ནས་བྱོན་ནས་ལོངས་སྤྱོད་རྫོགས་པའི་འཁོར་ལོར་གཤེགས་པ་དང་། ཆོས་ཀྱི་འཁོར་ལོར་གནས་སོ། །དེ་
ནས་སྤྲུལ་པའི་འཁོར་ལོར་དུས་རྟག་ཏུ་བཞུགས་ཏེ། བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ནི་རྒྱུ་ཡིན་ལ། ལོངས་སྤྱོད་ནི་འབྱུང་བའི་ཁུངས་སོ། །ཆོས་ནི་གནས་པའི་རྟེན་སྤྲུལ་པ་ནི་རང་བཞིན་གྱི་གཞིའོ། །ཀུན་རྫོབ་རྣམ་པའི་གཟུགས་སུ་ནི། །ཞེས་པ་ལ་སོགས་པ་ནི་ཀུན་རྫོབ་ལས་དོན་དམ་པའི་ཡེ་ཤེས་ཀྱི་སྐུ་
ཡབ་ཀྱི་བྱང་ཆུབ་ཀྱི་སེམས་དང་། ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་དུ་གསང་སྣའི་སྙིང་པོ་ན་བཞུགས་སོ། །ལངས་ན་བདེ་བ་ཡིན་པདྨ། །ཐིག་ལེ་ཁོང་དུ་ཆུད་པའི་ཕྱིར། །ཞེས་པ་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྟོགས་ནས་རྙེད་པར་བྱ་བའི་དོན་དུ་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ལས་
རླུང་གིས་མེ་སྦར་བ་ལས་ལངས་ཏེ་སྤྲུལ་པར་འབར་བའོ། །གཤེགས་ནས་བརྟེན་པ་ཀུན་ཀ་ཚིག །ཅེས་པ་ནི། ལྟེ་བ་ནས་གྱེན་དུ་གཏུམ་མོའི་འོད་གཤེགས་པས་ཆོས་ཀྱི་འཁོར་ལོའི་རྟོག་པའི་དངོས་པོའི་ཕུང་པོ་དང་ཁམས་ལ་སོགས་པ་ཀུན་བསྲེག་པའོ། །རྒྱལ་བའི་ཐིག་ལེ་ཁྱེར་ནས་སུ། །ཞེས་

པ་ནི་དེ་བཞིན་གཤེགས་པའི་འོད་ཀྱིས་ལོངས་སྤྱོད་ལ་སོགས་པ་ནས་གསེར་སྒོར་ཞུགས་པས་བདེ་བ་ཆེན་པོའི་བདུད་རྩི་ལ་རོལ་ཅིང་ཡང་སྔར་གྱི་ལམ་ནས་འབབ་པའོ། །ཡང་ནི་ཁྱོད་འདིར་བྱོན་པའི་དོན། །ཞེས་པའི་ཐབས་དང་ལྷན་ཅིག་སྣོད་རང་གི་པདྨ་རུ་བྱིན་པའོ། །དེ་ལ་འདི་སྐད་བསྟན་ཏོ། །ཆོས་
ཀྱི་འཁོར་ལོའི་བར་དུ་བསྲེགས་པའང་གསོས་ནས་ལྟེ་བའི་སྤྲུལ་པའི་འཁོར་ལོའི་དབུས་ན་གནས་པའོ། །དེའི་ཚེ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་ཉི་ཤུ་རྩ་གཅིག་པའི་དཀའ་བ་བཀྲལ་བའོ།། །།ཕྱག་རྒྱ་ཆེན་པོའི་རང་གི་ངོ་བོ་བསྟན་ནས་ཡང་བཤད་དོ། །
བྱང་ཆུབ་སེམས་ནི་གསང་བ་ཡིན། །ཞེས་པ་ནི་གསང་བ་དོན་རབ་འབྲིང་ཐ་མའི་དབྱེ་བས་གསུམ་དུ་བཤད་དོ། །ཁུ་བའི་བྱང་ཆུབ་ཀྱི་སེམས་ལ་སྐབས་འདིར་གསང་ཞེས་བསྟན་ཏེ། ཁུ་བའི་ངོ་བོ་འཕུར་དང་བྲལ། །ཞེས་པ་ལ་སོགས་པ་ནི་ཁུ་བ་དེ་འགྲོ་བ་དང་འཕོ་བ་ལ་སོགས་པ་དང་བྲལ་བ་
ཤེས་རབ་ཀྱི་བྷ་ག་ལ་གནས་པ་སེམས་ཅན་ཐམས་ཅད་ལ་ཡང་གནས་པ་དགའ་བ་མྱོང་བར་བྱེད་པའི་དངོས་པོའོ། །བཅོམ་ལྡན་མོས་གསོལ་བ་ཞེས་པ་ལ་སོགས་པ་ནི་བཅོམ་ལྡན་འདས་ལ་སླར་ཞུས་ཏེ་བརྒལ་བ། བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བའི་གཟུགས་གསང་བ་ཡིན་ཕན་ཆད་
ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་གསང་བ་ཤེས་པས་དེའི་ཕྱིར་བུམ་པའི་དབང་། གསང་བའི་དབང་ལ་སོགས་པ་བསྐུར་མི་དགོས་པར་ཐར་བར་འགྱུར་བའི་སྐྱོན་ཡོད་པས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་སླར་ལྷ་མོ་ལ་བསྐྱར་བའོ། །སངས་རྒྱས་ཀྱི་ཡུམ་དེ་
ནི་བདེན་ཞེས་པ་ལ་སོགས་པ་དེ་ནི་དེ་བཞིན་གཤེགས་པའི་རིགས་ལྔ་ལ་སོགས་པའི་བསྐྱེད་པའི་མ་བྱང་ཆུབ་ཀྱི་སེམས་གསང་བ་ཁུ་བ་ཡིན་པས་མ་ནོར་བར་ངེས་པར་གཟུང་ངོ་། །འོན་ཀྱང་ནི་དེ་ལྟར་ཡིན་ཡང་དྲང་བའི་དོན་དང་ངེས་པའི་དོན་གཉིས་སུ་དབྱེའོ། །དེ་ཡང་། དྲང་བའི་དོན་གྱི་ཚིག་གིས་
ལྡན། །ཞེས་པ་ནི་དྲང་དོན་དུ་བྱས་པའི་དབང་གིས་ཚིག་ཏུ་སྨོས་པས་སྐྱེ་ན་ཚིག་དང་དོན་དུ་ལྡན་ནོ། །རྟེན་གྱི་དོན་ཕྱིར་ཡང་དག་ངེས་པའི་དོན། །རྟེན་མེད་ན་ནི་འབྲས་བུ་རྙེད་མི་འགྱུར། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཁུ་བའི་གཟུགས་གསང་བ་ལ་བརྟེན་པ་དྲང་བའི་དོན་ཡིན་ཡང་། ངེས་པའི་དོན་

གྱིས་བདེ་བའི་ཡེ་ཤེས་རྙེད་ལ། ཁུ་བའི་ངོ་བོ་རྟེན་མེད་ན་ངེས་པའི་ཡེ་ཤེས་ཀྱི་འབྲས་བུ་མི་རྙེད་པའོ། །ལུས་ཀྱི་དངོས་མེད་ཇི་ལྟར་འདི་རུ་སེམས། །ཇི་ལྟར་དོན་མཐུན་གསང་ཞེས་པ་ནི་དཔེར་ན་ལུས་པོ་མེད་ན་སེམས་གནས་པ་མེད་པ་བཞིན། དཔེ་དེ་ལྟར་ཁུ་བ་མེད་ན་བདེ་བ་མེད་པ་ནི་དོན་
མཐུན་པའོ། །འོ་ན་སྐྱེ་མཆེད་མུ་བཞི་ལ་གཟུགས་མེད་པའི་ཁམས་སོ། །དེའི་ཕྱིར་འདོད་ཆགས་ཀྱི་ཆོས་བསྟན་པའོ། །ཁུ་བའི་གཟུགས་གང་ཡིན་པ་ལུས་ཏེ། དེ་ན་བདེ་བའི་སེམས་ཡོད་པའི་མི་འགལ་ལམ་ཞེ་ན་དེ་ནི་དེ་ལྟར་བདེན་ཏེ་འོན་ཀྱང་མེ་ཏོག་གཟུགས་མེད་པར་དྲིའི་དངོས་པོ་མི་འབྱུང་བའི་
དཔེ་དང་གཟུགས་མེད་པའི་དབང་དུ་ཆོས་བསྟན་པ་མ་ཡིན་གྱི། འདོད་ཁམས་པའི་དབང་དུ་ཆོས་བསྟན་པའོ། །དེས་ནི་ཐ་མའི་གསང་བ་བསྟན་ཏོ། །དྲང་བའི་དོན་མིན་ངེས་པའི་དོན་ཡང་མིན། །ཞེས་པ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བསྐྱེད་རིམ་དང་བྲལ་ནས་དོན་དམ་པའི་རྫོགས་པའི་གསང་བ་སྟེ་རབ་ཀྱི་
གསང་བ་བསྟན་ཏོ། །ཡང་ན་འབྲིང་གི་དོན་གྱིས་སུ། །ཞེས་པ་ལ་སོགས་པ་ནི་འབྲིང་གི་གསང་བ་སྟེ། དེ་ནི་རང་བཞིན་དགའ་བ་རབ་ཀྱི་གསང་བ་རྙེད་པར་འགྱུར་རོ། །དེ་རྙེད་པ་ནི་བརྗོད་དུ་མེད་པ་ནམ་མཁའི་རང་བཞིན་གྱི་ངོ་བོ་ཡིན་ནོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་ཉི་ཤུ་རྩ་གཉིས་པའི་
དཀའ་བ་བཀྲལ་བའོ།། །།གསང་བའི་དོན་བཅོམ་ལྡན་འདས་ཀྱིས་རང་བཞིན་དགའ་བ་ཞེས་གསུངས་པས་རང་བཞིན་རྟོགས་ན་ཆོས་ཐམས་ཅད་ཀྱི་རྩ་བ་དོན་དམ་པ་ཡིན་པར་དགོངས་ནས། དེ་ནས་བཅོམ་ལྡན་མོས་འཇམ་པའི་དབྱངས་ཀྱིས་ཡང་ཞུ་བར་བྱེད་དོ་ཞེས་པ་ལ་སོགས་པས་ནི་
བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མགོན་མ་མཆིས་པའི་མགོན་དུ་གྱུར་པའི་མགོན་པོ་ཞེས་དབྱངས་སྙན་ཅིང་འཇམ་པ་བརྗོད་ནས་ཆོས་ཐམས་ཅད་ཁྱོད་ཀྱིས་སྔར་གཏན་ལ་ཕབ་པའི་དོན་རང་བཞིན་དགའ་བ་ཇི་ལྟ་བ་ལགས་ཞེས་ཞུས་པ་སྟེ་ལྷ་མོས་སོ། །དེ་ལྟ་བུའི་ཚིག་ཐོས་ནས་ཞེས་པ་ནི་རང་
བཞིན་དགའ་བའི་དོན་དམ་པ་སྤྲོས་པ་དང་བྲལ་བ་དེའི་ངོ་བོ་ཇི་ལྟ་བུ་ཞེས་པའི་ཚིག་ཐོས་ནས་བཅོམ་ལྡན་འདས་ཅང་མི་གསུང་བའི་དངོས་པོས་ཞེས་པ་ལ་སོགས་པས་ནི་རང་བཞིན་དགའ་བའི་དོན་ལ་ཞུགས་ཏེ་བཞུགས་པའོ། །ཅིའི་ཕྱིར་ཞེ་ན། རང་བཞིན་དགའ་བའི་དོན་ནི་མཆོག་དང་ཆད་པའི་གཉིས་

ལས་གྲོལ་བ། ཚིག་དང་བྲལ་བ། ཡི་གེ་དང་བྲལ་བ། རྒྱུ་འབྲས་སྤངས་པ་སྟེ། འདི་ལྟ་བུའོ། །ཟད་པ་མེད་ཅིང་འཕེལ་བ་མེད། །སྐྱེ་བ་མེད་ཅིང་འགག་པ་མེད། །འོང་བ་མེད་ཅིང་འགྲོ་བ་མེད། །འཕོ་བ་མེད་ཅིང་གནས་པ་མེད། །ཐོག་མ་མ་ཡིན་ཐ་མ་མིན། །དབུ་མ་མིན་ཞིང་མཐའ་ཡང་མིན། །
མྱ་ངན་འདས་མིན་འཁོར་བ་མིན། །གཟུང་བ་མ་ཡིན་འཛིན་པ་མིན། །ཤེས་རབ་ཐབས་སུ་སྙོམས་འཇུག་འདི། །ཐམས་ཅད་དེར་ནི་འདུས་པ་ཡིན། །རྣལ་འབྱོར་དབང་ཕྱུག་དུས་ཤེས་པ། །དུས་དང་བྲལ་བ་རང་བཞིན་དོན། །དེ་ལྟའི་རང་བཞིན་དོན་དམ་པ། །ཤར་བ་མེད་ཅིང་
ནུབ་པ་མེད། །གཉིས་པོ་གང་སྦྱར་བ་ཡི་དུས། །དེ་ནི་རང་བཞིན་དགའ་བར་བཤད། །ཅེས་སོ། །དེ་ནས་བཅོམ་ལྡན་མོ་ཞེས་པ་ནས། ཅང་མི་སྨྲ་བར་བཞུགས་སོ་ཞེས་པའི་བར་གྱིས་རང་བཞིན་གྱིས་དོན་ཞུས་པས་འགྱོད་པའོ། །དེའི་དུས་སུ་བྱ་བ་ནས་སྣ་ཚོགས་པར་སྣང་།
ཡོད་པ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་མོ་འཁོར་དང་བཅས་པ་སྣ་ཚོགས་པདྨའི་ནང་ཆོས་ཀྱི་འབྱུང་གནས་སྟོང་པར་མཐོང་བ་ལ་སོགས་པའོ། །དེ་ཡང་སྣ་ཚོགས་ཞེས་པ་ནི་འཁོར་རྣམས་དང་བཅས་པའི་ཚོགས་པའོ། །པདྨ་ཞེས་པ་ནི་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་སྐྱོན་དང་
བྲལ་བའོ། །ཆོས་ཀྱི་འབྱུང་གནས་ནི་སྔར་བཤད་དོ། །སྟོང་པ་ལ་སོགས་པ་ནི་གོ་སླ་བས་མ་བཤད་དོ། །ཀྱེ་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པ་ནི་བཅོམ་ལྡན་འདས་མོ་འཁོར་དང་བཅས་པས་དྲིས་པའོ། །ལྷའི་དབང་ཕྱུག་གིས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཅིའི་ཕྱིར་ཞེ་ན།
རང་བཞིན་བརྗོད་དུ་མེད་པ་དང་ཞེས་པ་ལ་སོགས་པའི་དོན་ནི་སྔར་བཤད་དོ། །རིག་པ་མེད་པ་དེའི་ཕྱིར་དྲིས་པ་ལ་ལན་མེད་པ་ཞེས་པ་ནི་སྔར་བསྟན་ཀྱང་འདིར་ནི་ཤེས་རྒྱུ་འམ། རིག་རྒྱུ་འམ། རྟོགས་པ་མེད་པ་ལ་བསྟན་དུ་མེད་པ་སྟོན་ཅིག་གསུངས་པས་ན་ལན་མེད་པས་ན་བཞུགས་ཞེས་བཤད་
དོ། །རང་བཞིན་དགའ་བ་དཔེ་ཇི་ལྟར་སྣང་བ་མེད་པ་དང་། དེ་ལྟར་ཉམས་སུ་ཀུན་རྫོབ་ཏུ་མྱོང་བ་ཡིན་ཞེ་ནའོ། །རང་བཞིན་དགའ་བའི་ནམ་མཁའ་བཞིན་སྣང་བ་མེད་དེ་སྣང་བ་ཐམས་ཅད་དང་བྲལ་བའོ། །ཉམས་སུ་མྱོང་བ་ནི་ཀུན་རྫོབ་ཏུ་དཔེར་ན་བུ་མོ་ལོ་བཅུ་དྲུག་ལོན་པའི་བདེ་བ་ཤིན་ཏུ་

རྒྱས་པ་བཞིན་ནོ། །དེ་ཡང་ལུང་ལས་ནི། ཇི་ལྟར་གཞོན་པའི་ཆགས་དགའ་དང་། །ཇི་ལྟར་ལྐུགས་པའི་རྨི་ལམ་དང་། །དེ་བཞིན་ཉིད་ཀྱིས་མིག་རྒྱས་བཏབ། །རང་བཞིན་འདི་ནི་ཤིན་ཏུ་ཕྲ། །ཞེས་གསུངས་སོ། །དེ་ཡང་འདི་སྐད་ཀྱང་བསྟན་ཏེ། རྟོགས་ཤིག་རབ་རྟོགས་
བྱེད་པ་ན། །གསལ་འགྱུར་འདི་ནི་བཞི་པ་ཡིན། །ཡེ་ཤེས་སྙིང་པོ་ཤིན་ཏུ་ཕྲ། །རྡོ་རྗེ་སེམས་དཔའ་མཁའ་དང་མཚུངས། །ཞེས་གསུངས་སོ། །དེས་ཅི་ཡང་མ་ཡིན་པའི་རང་བཞིན་དགའ་བའི་དོན་རྙེད་པའོ། །རང་བཞིན་དགའ་བའི་སྒྲོན་མ་ལས་ལེའུ་ཉི་ཤུ་རྩ་གསུམ་པའི་དཀའ་བ་བཀྲལ་
བའོ།། །།གཞན་རྣམས་ནི་བླ་མས་འཆད་པར་འགྱུར་བ་དང་། ཐམས་ཅད་ཀྱི་རྩ་བ་རང་བཞིན་དགའ་བའི་ནོར་བུ་རིན་པོ་ཆེ་དང་འདྲ་བ་ལས་འབྲས་བུ་མེད་པས་མ་བཤད་དོ། །དེ་བས་ན་འདིར་བསྡུས་པའོ། །རང་བཞིན་དགའ་བའི་སྡོམ་གང་ཡིན། །སུས་ཤེས་རྣལ་འབྱོར་དབང་ཕྱུག་
སྟེ། །དེ་ནི་བདག་གིས་གསལ་བཤད་པ། །རང་བཞིན་མཁའ་འགྲོར་བཟོད་པར་གསོལ། །དབང་བཞི་ཐོབ་པའི་རྣལ་འབྱོར་པས། །སྐབས་སུ་བཤད་བཞིན་ཕྱེ་བ་ཡིས། །དགའ་བ་བཞི་ཡི་འབྲས་བུ་བཙལ། །མཁའ་འགྲོ་མ་བཞི་བཟོད་པར་གསོལ། །སྨྱོན་པ་ལྟ་བུའི་ཚིག་
ཡིན་ཡང་། །དྲན་པ་ལྟ་བུའི་དོན་འབྱུང་བས། །སངས་རྒྱས་ལྟ་བུའི་བླ་རྣམས་ལ། །སྒྱུ་མ་ལྟ་བུའི་བཟོད་པ་གསོལ། །རང་བཞིན་དགའ་བའི་རིན་ཆེན་འདི། །ཡེ་ཤེས་སྒྲོན་མས་གསལ་བར་བྱས། །རྙེད་ནས་དབུལ་ཕོངས་བྲལ་བ་བཞིན། །སེམས་ཅན་ཀུན་གྱི་རིན་ཆེན་ཤོག། །རང་བཞིན་
དགའ་སྒྲོན་དཀའ་འགྲེལ་འདི། །བདག་གིས་བརྩམས་པའི་དགེ་བ་འདིས། །ཁམས་གསུམ་ཡེ་ཤེས་སྒྲོན་གྱུར་ནས། །རང་བཞིན་དོན་ནི་རྙེད་པར་ཤོག །དཔལ་རང་བཞིན་དགའ་བའི་སྒྲོན་མ་ཞེས་བྱ་བའི་དཀའ་འགྲེལ། ཁོག་དོན་བསྡུས་པ་སློབ་དཔོན་ཆེན་པོ་རྡོ་རྗེ་གསང་བའི་ཞལ་སྔ་
ནས་མཛད་པ་རྫོགས་སོ།། །།རྒྱ་གར་ཀྱི་མཁན་པོ་མ་ཧཱ་ཡོ་གཱི་ཤྲཱི་པྲཛྙཱ་གུཔྟས་བསྒྱུར་ཅིང་བཤད་པའོ། །རིན་ཆེན་ལྟ་བུའི་འགྲེལ་པ་འདི། །སྣོད་དང་ལྡན་པའི་བུ་ལ་གཏད། །མུན་པ་ལྟ་བུའི་དབང་མེད་ལ། །ལྕགས་ཀྱུ་ལྟ་བུའི་སེམས་ཀྱིས་བསྡོམས། །ཞེས་གཏད་པའི་གཏད་ཚིག་ཆོ་ག་དང་

བཅས་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་ཏི་ལ་ཀ་པཉྩི་ཀཱ་གུ་ཧྱ་ཏཏྟྭ་ནཱ་མ། བོད་སྐད་དུ། དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ཉིད་ལྔ་བརྒྱད་དྲུག་གི་བྱེ་བྲག་དེ་ཁོ་ན་
ཉིད་ཤར། །རྡོ་རྗེ་སྙིང་པོ་བྷ་གར་སྦས་པ་དམ་པའི་བདེ་བ་ཆེ། །སྐུ་གསུམ་ཡེ་ཤེས་ལྔ་རྫོགས་བདེ་གཤེགས་ཀུན་གྱི་ཐུགས་རང་བཞིན། །དཔལ་ལྡན་ཡེ་ཤེས་ཐིག་ལེ་ཁྱེད་ལ་སྒོ་གསུམ་དང་བས་འདུད། །ཐམས་ཅད་མཁྱེན་པས་གསུངས་པ་ལ། །བདག་བློ་གོ་སྐབས་མེད་
མོད་ཀྱི། །གཞན་གྱིས་འདིར་ནི་བསྐུལ་བའི་ཕྱིར། །གསང་བའི་དེ་ཉིད་དཀའ་འགྲེལ་བརྩམ། །ཤེས་རབ་ཆུང་བའི་སེམས་ཅན་རྣམས། །རིགས་པ་ངན་པ་ཆོས་ཀྱི་བློས། །ཇི་ལྟར་གསུངས་ལ་མ་གསུངས་སྨྲ། །དེ་བཞིན་འདིར་ཡང་གསུངས་མོད་ཀྱང་། །སེམས་ཅན་
བསམ་པའི་ཁྱད་པར་གྱིས། །ཞལ་ནས་གསུངས་པའི་ཆོས་ལ་ཡང་། །དགའ་ཞིང་དད་པའི་ཕྱོགས་སུ་འཇུག །དེ་བཞིན་འདི་ལ་ཡང་འཇུག་གོ། །དེ་བས་ཉོན་མོངས་དབང་གྱུར་པའི། །འདི་འདོད་སེམས་ཅན་རྣམས་ལ་ནི། །བརྩེ་བའི་དབང་གིས་གསང་བ་ཡི། །དེ་ཁོ་ན་ཉིད་
བཤད་པར་བྱ། །འདིར་རྒྱུད་ཀྱི་དོན་དེ་ཡང་དགོས་འབྲེལ་རྣམ་པ་ལྔས་བསྟན་ཏེ། ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་དང་། གང་ཟག་གི་རྗེས་སུ་འབྲང་བ་གཉིས་ལས། སྔ་མ་འཇུག་པར་བྱ་བའི་ཕྱིར། །དེ་རྣམས་བསྟན་པར་བྱའོ། །དེ་ལ་རྒྱུད་འདི་དབུ་ནས་ཞབས་
ཀྱི་བར་གྱི། ཚིག་དང་ཡི་གེའི་ཚོགས་ནི་རྗོད་པར་བྱེད་པའོ། །བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་སྐུ་གསུམ་དང་། ཡེ་ཤེས་ལྔའི་བདག་ཉིད་རྣམས་བརྗོད་པར་བྱའོ། །དེ་རྣམས་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་འབྲེལ་བའོ། །དེར་གདུལ་བྱ་རྣམས་ལ་བསྐྱེད་རིམ་ལ་
སོགས་པའི་ཐབས་བསྟན་པས་དགའ་བར་བྱས་ཤིང་འཇུག་དགོས་པ་ནི་དགོས་པའོ། །ཡང་ཞུགས་ནས་གྲུབ་པའི་མཐར་ཕྱིན་པ་འདི་ནི་དགོས་པའི་ཡང་དགོས་པའོ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་ཅེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པའི་

དོན་དེ་ཡང་དག་པར་སྟོན་པའི་ཚིག་གིས་སོ། །བདག་གིས་བྱ་བ་ནི། སྡུད་པ་པོ་ལྷའི་དབང་ཕྱུག་གིས་ཞེས་འབྲེལ་བའོ། །དེའི་དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སྡུད་པ་པོས། ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་ཐོབ་པ་ནི། འདི་སྐད་བདག་གིས་
ཐོས་པའི་དོན་ཏོ། །དུས་གཅིག་ན་ཞེས་བྱ་བ་ནི། འདས་པ་ལ་སོགས་པའི་དུས་བཀག་པ་ཡིན་ཏེ། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་བདག་ཉིད་བཙུན་མོའི་བྷ་ག་ལ་བཞུགས་པའི་དུས་ནའོ། །དེ་ཡང་དྲང་བའི་དོན་གྱིས་རྒྱུད་འདི་འབྱུང་བར་དཀའ་བ་དང་། སྡུད་པ་པོ་ཤེས་རབ་ཆེ་བ་ལ་
སོགས་པར་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། བདུད་རྣམ་པ་བཞི་བཅོམ་པ་དང་དབང་ཕྱུག་ལ་སོགས་པའི་ལེགས་པའི་ཡོན་ཏན་རྣམས་དང་ལྡན་པ་ཡིན་ནོ། །ཇི་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་
ཕུན་ཚོགས་བཅོམ་ལྡན་འདས། །ཡང་ན་མི་མཐུན་པའི་བདུད་དེ་ཀུན་བཅོམ་ནས། བཅོམ་ལྡན་འདས་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་དབང་གིས་འཁོར་བ་དང་། མྱ་ངན་ལས་འདས་པའི་སྐྱོན་གྱིས་མ་
གོས་པར་གཤེགས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་རྣམས་སོ། །ཐམས་ཅད་ཅེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངའ་བརྙེས་པའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་ཡེ་ཤེས་ཀྱི་རང་
བཞིན། བཅོམ་ལྡན་འདས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་སོ། །དབྱེར་མེད་པའི་ཕྱིར་རྡོ་རྗེའི་མཚན་ཉིད་འཛིན་པའི་སྐུ་བདེ་བ་ཆེན་པོ་ཉིད་དོ། །ཇི་སྐད་དུ། དེ་བཞིན་གཤེགས་ཉིད་དཔལ་དང་ལྡན། །དེ་བཞིན་གཤེགས་ཤིང་བྱོན་པའོ། །རིགས་ལྔའི་བདག་ཉིད་སངས་རྒྱས་
རྣམས། །ཐམས་ཅད་དེ་བཞིན་གཤེགས་པའོ། །ཞེས་གསུངས་སོ། །དཔའ་བོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདུད་དང་མུ་སྟེགས་ལ་སོགས་པའི་ཕྱིར་རྒོལ་བའི་ཚོགས་ཐམས་ཅད་བཅོམ་ཞིང་ཞི་བར་བྱེད་པའི་ཕྱིར་ན་དཔའ་བོའོ། །ཇི་སྐད་དུ།

ཕྱིར་ལ་རྒོལ་བཅོམ་དཔའ་བོ་སྟེ། །དེ་བཞིན་སྐྱེ་རྒ་ན་འཆི་ཡི། །སྡུག་བསྔལ་ཞི་བར་བྱེད་པས་ན། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་གསུངས་སོ། །དཔའ་མོ་ཞེས་བྱ་བ་ནི་དེ་བཞིན་དུ་འདིར་ནུ་མ་དང་། མཚན་མ་ལ་སོགས་པའི་ཁྱད་པར་བྱས་པའི་བུད་མེད་ཀྱི་གཟུགས་ཀྱིས་
བཞུགས་པ་སྟེ། ཟླ་མ་ལ་སོགས་པའི་དཔའ་མོ་རྣམས་སོ། །ཐབས་དང་ཤེས་རབ་ཀྱི་རྣམ་པའི་གཟུགས་འཛིན་པའི་དཔའ་བོ་ཆེན་པོ་དང་། དཔའ་མོའི་དབང་ཕྱུག་མས། བཅོམ་ལྡན་འདས་ལ་རྣམ་པར་བསྐོར་ནས་བཞུགས་སོ། །བཙུན་མོ་ནི་རྡོ་རྗེ་བཙུན་མོ་རྣམས་ཏེ། སངས་རྒྱས་
སྤྱན་དང་མཱ་མ་ཀཱི་ལ་སོགས་པ་རྣམས་སོ། །བཙུན་མོ་དང་བྷ་ག་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྙིང་པོ་རྡོ་རྗེ་ཉིད་ཅེས་བྱ་སྟེ། ཁྱད་པར་གྱི་བསྡུ་བའོ། །བཞུགས་ཞེས་བྱ་བ་ནི། བཅོམ་ལྡན་འདས་དང་། འཁོར་ཁྱད་པར་དུ་གྱུར་
པ་དཔའ་བོ་ལ་སོགས་པ་རྣམས་དང་ལྷན་ཅིག་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོ་ནང་སྟོང་པ། འོག་ཕྲ་ལ་སྟེང་ཡོངས་སུ་རྒྱས་པའི་ནང་གི་གཞལ་ཡས་ཁང་ན་བཞུགས་སོ། །ཡང་ན། འདི་སྐད་བདག་གིས་དེ་ཉིད་གསུངས། །བདག་ཉིད་དང་ནི་བཅས་པ་སྟེ། །རང་བཞིན་
བཞི་ཡི་རྣམ་པར་ནི། །དོན་དམ་པར་ནི་ཤེས་པར་བྱའོ། །ཐོས་པའི་དོན་ནི་ཟླ་བདེ་མཆོག །དེ་ནི་ནམ་མཁའ་བཞིན་དུ་མཆོག །གཅིག་ཅེས་བྱ་བ་གཞན་མཆོག་གོ། །སྲིད་དང་མྱ་ངན་འདས་དང་བྲལ། །དུས་ནི་ཕྱག་རྒྱ་ཆེན་པོ་བཤད། །བསྐྱེད་པ་དང་ནི་རྫོགས་པ་སྤངས། །
བཅོམ་ལྡན་འདས་ནི་མཐའ་ཞེས་བསྟན། །རང་དགའ་ཉམས་སུ་མྱོང་བའི་དངོས། །ཐམས་ཅད་སྟོང་པ་ཡེ་ཤེས་གསུམ། །དེ་ཉིད་ཀྱིས་ནི་སྤངས་པའོ། །དེ་བཞིན་གཤེགས་ནི་རྣམས་བྱེད་གྲགས། །དང་པོའི་གནས་ནི་གྲུབ་པར་བྱེད། །སྐུ་ནི་དགའ་བའི་དངོས་པོར་གྲགས། །
དབང་པོ་གཉིས་བྱུང་དང་བྲལ་བའོ། །གསུང་ནི་མཆོག་གི་དགའ་བར་བསྟན། །དམ་ཚིག་ལས་བྱུང་གིས་ནི་སྤངས། །ཐུགས་ནི་ཆད་པས་དགའ་བ་སྟེ། །ཡེ་ཤེས་ལས་བྱུང་གིས་ནི་སྤངས། །རྡོ་རྗེ་དང་ནི་རང་བཞིན་དགའ། །རང་བཞིན་གྱིས་ནི་རྟོག་པ་བྲལ། །དཔའ་བོ་ཆེན་པོ་ཟླ་

བའི་དངོས། །ཞུ་བ་ཆད་པ་སྤངས་པས་གཟུགས། །དཔའ་མོ་དབང་ཕྱུག་མ་བདེ་རྟེན། །དང་པོའི་བདུད་རྩི་ལས་སྐྱེས་པའོ། །རྣམ་སྐོར་ཡན་ལག་ཐམས་ཅད་ཀྱིས། །ཁྱབ་པ་ཆུ་ཡི་པདྨ་བཞིན། །ཤེས་རབ་དེ་ནི་ཚངས་པའི་གནས། །ཚངས་པ་ཡེ་ཤེས་འཛིན་པའི་ཕྱིར། །
བྷ་ག་བདུད་ནི་འཇོམས་པའི་ཕྱིར། །ཡང་ན་ལོངས་སྤྱོད་མྱོང་བས་སོ། །བཞུགས་པ་ཉིད་ཀྱི་མཚན་ཉིད་དེ། །དེ་བཞིན་གནས་པ་ཡང་ན་གཤེགས། །དེ་ལྟ་བུ་ཡི་དོན་དུ་ནི། །འདི་སྐད་བདག་གིས་སོགས་པར་བསྟན། །ཞེས་གསུངས་སོ། །གཞན་ནི་འདི་སྐད་བདག་གིས་ལ་སོགས་པའི་དོན་
ནི། ཕྱི་དང་ནང་དང་གསང་བ་དེ་ཁོ་ན་ཉིད་བཞིར་ཕྱེ་ནས་བསྟན་ཏེ། དེ་སྐད་དུ། ཕྱི་དང་ནང་དང་དེ་བཞིན་གསང་། །དེ་ཉིད་དོན་དང་རྣམ་པ་བཞིར། །དཀྱིལ་འཁོར་དང་ནི་ལུས་དང་ཡང་། །ལས་ནི་ཕྱག་རྒྱ་རང་བཞིན་མེད། །ཅེས་གསུངས་པ་བཞིན་བཤད་ཟེར་རོ། །ཡང་གཞན་དག་ནི།
འདི་སྐད་བདག་གིས་ལ་སོགས་པ་ཞེས་བྱ་བ་ནི་ཕྱི་ལ་སོགས་པའི་དོན་འདི་སྐད་བསྟན་དགོས་པ་གསལ་བར་གསུངས་ཏེ། ཨེ་ཡི་ཡི་གེ་ས་ཞེས་བྱ། །ལས་ཀྱི་ཕྱག་རྒྱས་སངས་རྒྱས་སྤྱན། །སྙིང་རྗེ་ཆེན་པོ་དང་ནི་ཐབས། །སྣ་ཚོགས་དངོས་དང་སྣ་ཚོགས་སྤྱོད། །ལྟེ་བར་སྣ་
ཚོགས་ཆུ་སྐྱེས་ཀྱི། །སྤྲུལ་པའི་འཁོར་ལོ་ལ་གནས་པའོ། །ཝཾ་གི་ཡི་གེ་ཆུར་ཤེས་བྱ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །བྱམས་པ་ཆེན་པོ་སྨོན་ལམ་ལས། །རྡོ་རྗེ་རིགས་ཀྱི་ལྷ་མོ་སྟེ། །སྙིང་གར་ཆུ་སྐྱེས་འདབ་མ་བརྒྱད། །ཆོས་ཀྱི་འཁོར་ལོའི་དབུས་ན་གནས། །མ་ཡིག་མེ་རུ་བརྗོད་
པའོ། །ཕྱག་རྒྱ་ཆེན་པོ་གོས་དཀར་མོ། །དགའ་བ་དང་ནི་སྟོབས་རང་བཞིན། །ལྷ་མོ་པདྨའི་རིགས་སུ་འབྱུང་། །མགྲིན་པར་ཆུ་སྐྱེས་བཅུ་དྲུག་འདབ། །ལོངས་སྤྱོད་འཁོར་ལོའི་དབུས་གནས་པའོ། །ཡ་ཡིག་རླུང་དུ་ཤེས་པར་བྱ། །དམ་ཚིག་ཕྱག་རྒྱ་དམ་ཚིག་སྒྲོལ། །བཏང་སྙོམས་
ཡེ་ཤེས་སྦྱོར་བ་ལས། །ལས་ཀྱི་རིགས་ཀྱི་ལྷ་མོ་གཙོ། །སྤྱི་བོར་འདབ་སྐྱེས་སུམ་ཅུ་གཉིས། །བདེ་ཆེན་འཁོར་ལོ་ལ་གནས་པའི། །ཉོན་མོངས་ཐམས་ཅད་འཇོམས་མཛད་པ། །འཁོར་བ་ལས་སྒྲོལ་སྒྲོལ་མར་བཤད། །ཅེས་བྱ་བ་དང་། དེ་བཞིན་དུ་ཡང་རིགས་ཀྱི་བུ་འདི་སྐད་

བདག་གིས་ཐོས་པ་ཞེས་བྱ་བའི་ཡི་གེ་འདི་དག་ཆོས་ཐམས་ཅད་ཀྱི་ཐོག་མར་བརྗོད་པ་ནི། རྟག་ཏུ་དག་པའི་ཕྱིར་ཡི་གེ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེད་པ་པོར་བྱེད་པ་གྲུབ་པ་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་ན་འདི་སྐད་བདག་གིས་ཐོས་པ་ལ་སོགས་པའི་དོན་
རྒྱས་པར་བཤད་དགོས་ཟེར་རོ། །ཡང་གཞན་ཁ་ཅིག་ན་རེ་འདི་སྐད་བདག་གིས་ཐོས་པ་ལ་སོགས་པའི་དོན་དབྱེ་བར་མི་བྱ་སྟེ། དེ་རང་གི་དོན་ཇི་ལྟ་བ་བཞིན་བསྟན་པ་ཡིན་གྱི། དེ་ཅིའི་ཕྱིར་ཞེ་ན། ལེའུ་དང་པོ་འདི་དང་གཉིས་པའི་སྣོད་དྲང་བ་དང་ངེས་པར་མ་ཕྱེ་བའི་ཕྱིར་ན། རྒྱུད་ཀྱི་དོན་
ཇི་ལྟ་བ་བཞིན་དུ་བཤད་པར་བྱ་སྟེ། དེ་ཡང་སྟོན་པ་བཅོམ་ལྡན་འདས་ནི་རྟོགས་ཤིང་མཁྱེན་པ་དང་ལྡན་པའོ། །འཁོར་དང་བསྡུ་བ་པོར་བཅས་པ་རྣམས་ནི། ཉན་ཅིང་ཤེས་པར་འདོད་པའི་བསམ་པ་ཅན་ཡིན་ནོ། །དེའི་ཕྱིར་འདི་སྐད་བདག་གིས་ཐོས་པ་ལ་སོགས་པའི་བདག་ཉིད་ཀྱི་དོན་
ལ། དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་ལ་བོས་ནས། དེ་ཁོ་ན་ཉིད་གསུམ་ལ་སོགས་པའི་ངོ་བོ་ལ་སོགས་པའི་གླེང་བསླང་བ་ཡིན་ཟེར་རོ། །དེ་དག་གིས་གཞུང་ལ་བདག་གི་ནི་ཡིད་ཆེས་པར་མི་བྱེད་དོ། །འོན་ཀྱང་གཞན་དང་
པོ་སྲིད་པས་དོར་བ་ཡང་མ་ཡིན་ནོ། །སློབ་དཔོན་ཆེན་པོ་ཨིནྡྲ་བྷཱུ་ཏིའི་མན་ངག་གིས་གསུངས་པ་བཞིན་བདག་འཛིན་ཏེ། དེ་ཡང་དྲང་བའི་དོན་དང་ངེས་པའི་དོན་དུ་དབྱེའོ། །དེ་སྐད་དུ། ངེས་དང་དྲང་དོན་བྱེ་བྲག་ཏུ། །འདི་སྐད་བདག་གིས་ལ་སོགས་བཤད། །ཅེས་རྒྱུད་ལས་གསུངས་
སོ། །དེར་དཔལ་ནམ་མཁའ་དྲི་མེད་ཅེས་བྱ་བ་ནི་ཡང་དག་འོད་རབ་ཉིད་ལས་སྟོན་པ་དང་། །འཁོར་གྱི་བྱེ་བྲག་གི་གཟུགས་ཀྱིས་སྤྲུལ་ནས། སེམས་ཅན་གྱི་དོན་མཛད་པ་དང་། དེ་བཞིན་དུ་ཡང་གདུལ་བྱ་ལ་དགོངས་ནས། རྩའི་དབུས་སྟོང་པའི་ནམ་མཁས་ཀྱང་བསྟན་པ་ནི། དེར་
དཔའ་བོ་ཆེན་པོ་དང་། དཔའ་མོར་བཅས་པའི་བཞུགས་གནས་དེ་རུའོ། །དེ་དཔའ་བོ་ཆེན་པོ་བྱང་ཆུབ་སེམས་དཔའ་ནམ་མཁའ་དྲི་མེད་དང་ཞེས་བྱ་བ་ལ་སོགས་པའི་འཁོར་མཆོག་ཏུ་གྱུར་པ་དཔའ་བོ་དང་། དཔའ་མོ་རྣམས་ཀྱང་ཚུལ་ཇི་ལྟ་བ་བཞིན་བཞུགས་ཞེས་བྱ་བའི་ཐ་

ཚིག་གོ། །འདིར་དེ་རྣམས་ཀྱི་མཚན་དང་གྲངས་བཤད་པ། དཔལ་ནམ་མཁའ་དྲི་མེད་དང་། ཤིན་ཏུ་རྩལ་ཕྱེ་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཁ་དོག་དང་དབྱིབས་ལ་སོགས་པའི་དོན་འདི་རྣམས་འོག་ནས་གསུངས་པས་འདིར་རྣམ་པར་བཤད་པ་
གསལ་བར་མ་བྱས་སོ། །དེ་ལྟ་བུའི་ཞེས་བྱ་བ་ནི། མཚན་དང་གྲངས་བསྟན་པ་སྟེ་དེ་རྣམས་སོ། །རབ་ཞལ་ལ་སོགས་པ་ནི། དཔལ་ནམ་མཁའ་དྲི་མེད་ལ་སོགས་པའི་དཔའ་བོ་བཅུ་དྲུག་པོ་རྣམས་དང་། དཔའ་བོ་སུམ་ཅུ་གཉིས་པོ་ཀུན་ནོ། །དེ་རྣམས་ཀྱི་རྣམ་པར་དག་པ་
ནི། འཁོར་ལོ་བཞི་པོ་རྣམས་སོ། །ཡང་ན་དགའ་བ་བཅུ་དྲུག་པོ་རྣམས་སོ། །ཕྱི་རིམ་གྱི་དཔའ་མོ་བཅུ་དྲུག་པོའི་རྣམ་པར་དག་པ་ནི་ཡུམ་ལྔ་དང་། འབྱུང་བ་ལྔ་དང་། ཡེ་ཤེས་དང་། ཆོས་ཀྱི་དབྱིངས་དང་། འདོད་ཆགས་དང་། ཕྲག་དོག་དང་། ང་རྒྱལ་དང་། གཏི་མུག་
དང་། དེ་རྣམས་རྣམ་པར་དག་པའོ། །མ་མོའི་བཙུན་མོ་ཞེས་བྱ་བའི་སྒྲས་ནི་མ་མོ་ནི་མཁའ་འགྲོ་མའི་གཟུགས་སོ། །བཙུན་མོ་ཡང་ཡིན་ཏེ། བཅོམ་ལྡན་འདས་དང་། དཔའ་བོ་རྣམས་ཀྱིས་རོལ་ཅིང་སྤྱད་པའི་གནས་སུ་གྱུར་པའི་བདག་ཉིད་དོ། །བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཞེས་
བྱ་བ་ནི། རྩ་ཕྲ་མོ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་རྣམ་པར་དག་པའི་ཚུལ་དེ་བཞིན་དུ་འདིར་ཡང་གསུངས་པ་ཡིན་ནོ། །རྩ་རྣམས་ཀྱི་དོན་དེ་རྣམས་ཀུན་གྱི་འཁོར་ནི། བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་མ་མོའི་བཙུན་མོ་མཁའ་འགྲོ་མའི་གྲངས་རྣམས་སོ། །དབུས་ནི་མཐའ་གསལ་བའོ། །
ལེགས་དགྱེས་ཆེན་མོའི་སྦྱོར་བས་བཞུགས་པ་ཞེས་བྱ་བ་ནི། ཤེས་རབ་དང་ཐབས་ཀྱི་སྦྱོར་བས་མཉེས་པ་སྟེ། ཡུམ་ཕྱག་རྒྱ་ཆེན་པོ་ནི་མཚུངས་པ་གཞན་དང་མི་མཚུངས་པའོ། །དེ་ཡང་དག་པར་སྦྱོར་ཞིང་རོལ་པས་མཉེས་པ་ནི། ལེགས་དགྱེས་ཀྱི་བདེ་བས་མྱོང་བའོ། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་ལ་བཀའ་སྩལ་པས་ནི། བཅོམ་ལྡན་འདས་ཀྱིས་ཞེས་པའོ། །བྱང་ཆུབ་སེམས་དཔའ་ནི་གཉིས་སུ་མེད་པའི་ཡང་དག་པ་བླ་ན་མེད་པའི་བྱང་ཆུབ་ལ་སྤྱོད་པའོ། །དེ་ཉིད་ཀྱི་དོན་བྱང་ཆུབ་ཏུ་ཐོབ་པ་ལ་སེམས་དཔའ་ནི། བྱང་ཆུབ་

སེམས་མི་གཏོང་བར་སེམས་ཤིང་ཡང་དང་ཡང་དུ་བྱང་ཆུབ་སེམས་དཔའ་སྟེ། བྱང་ཆུབ་སེམས་དཔའོ། །འགྲོ་བའི་བསམ་པ་ཇི་བཞིན་དུ་དོན་སྤྱོད་ནུས་ཤིང་མཛད་པ་ནི་སེམས་དཔའ་ཆེན་པོའོ། །བྱང་ཆུབ་ཀྱི་སེམས་ཉིད་ལྷ་ཡིན་ལ། དེ་ཉིད་ལ་མངའ་བས་ན་ལྷ་དབང་ཕྱུག་
གོ། །འདི་སྐད་དུ། བྱང་ཆུབ་གཉིས་མེད་ཡེ་ཤེས་ཏེ། །དེར་སེམས་མི་གཏོད་སེམས་པའོ། །གང་དེར་འགྲོ་བའི་དོན་བྱེད་པ། །རིན་པོ་ཆེའི་བཞིན་ཆེན་པོས་མཛད། །ཅེས་རྒྱུད་ལས་གསུངས་སོ། །དེས་ན་འདིར་ཀྱེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་
ཕྱུག་ཅེས་བོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། འགྲོ་བ་གདུལ་བྱའི་བསམ་པ་ལ་དགོངས་ནས་གསུངས་སོ། །དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཀྱི་དང་། ཟླ་བ་བདེ་བ་མཆོག་གི་དང་། ཕྱག་རྒྱ་ཆེན་པོའི་དང་། མཐའི་སྟེ། དེ་ལ་རང་གི་
ངོ་བོ་དང་། རྣམ་པ་དང་། ཚད་དང་། དཔལ་ཡེ་ཤེས་ཐིག་ལེར་གྲགས་པ་ཉོན་ཅིག །ཅེས་གསུངས་པ་ལ། དེ་ལྟར་དུས་ཀྱི་སོ་སོ་སྐྱེ་བོ་བྱིས་པ་རྣམས་ཡང་དག་པའི་དོན་ནི་མ་རྟོགས་ཤིང་། རིགས་པ་ངན་པས་སྒྲོ་འདོགས་པ་དང་། སྐུར་བ་འདེབས་པ་ལ་ནི་དགའ། ཁ་
ཅིག་ནི་འབྲེལ་པ་མེད་པར་རྒྱུད་ལ་སོགས་པའི་དོན་བཤད་པར་ཡང་བྱེད། དེ་བཞིན་ཡང་ཁ་ཅིག་ནི་ཕྱིན་ཅི་ལོག་གི་རྟོག་པ་དང་། སྒྲ་དང་རིགས་པ་དང་། ང་རྒྱལ་གྱིས་རྒྱུད་ལ་སོགས་པའི་འགྲེལ་པ་རྩོམ་པར་བྱེད་ཅིང་གྲུབ་པ་ལ་སོགས་པའི་ཡོན་ཏན་དང་མི་ལྡན་པས་དམྱལ་
བར་འགྲོའོ། །དེ་བས་ན་ཁོ་བོས་དེ་རྣམས་ལ་བསམས་ཏེ། འདིར་ཁ་ཅིག་གིས་གཞུང་བཀོད་པ་ནི། དོན་ཇི་བཞིན་དུ་བདག་གིས་བཤད་པར་བྱའོ། །དེ་སྐད་དུ། འགྲེལ་བཤད་མེད་པར་མདོར་བསྡུས་རྒྱུད། །རིགས་པ་ངན་པས་འཆད་པར་བྱེད། །གཞན་གྱི་ཆུང་
མ་ནོར་ཟས་ལ། །སྲེད་བསྐྱེད་ནས་ནི་དམྱལ་བར་འགྲོ། །དེ་བཞིན་དུ་ཡང་། གྲུབ་དང་ཡོན་ཏན་མེད་པར་ནི། །ཁ་ཅིག་འགྲེལ་བཤད་སོགས་བྱེད་ཅིང་། །སྒྲ་དང་རྟོག་གེ་ང་རྒྱལ་གྱིས། །རྣལ་འབྱོར་སྤྱོད་ལས་ཉམས་པར་བྱེད། །ཅེས་གསུངས་སོ། །དེ་ལ་གཞན་དག་ནི། འདི་

སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཞེས་གསུངས་པ་དང་། དེ་ཁོ་ན་ཉིད་གསུམ་ལ་སོགས་པར་སྦྱར་ཏེ། དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ནི། ཨེ་ཝཾ་མ་ཡཱ་ཞེས་བྱ་བས་བསྟན་ཏེ། རྒྱུད་དང་སྡུད་པ་པོར་འབྲེལ་བས་ནའོ། །ཡང་ན་
འདིར་མཐུན་པར་ཨེ་ཝཾ་མ་ཡཱ་ཞེས་བྱའོ། །ཐོས་པ་ནི་ཟླ་བ་བདེ་མཆོག་གོ། །ཐོས་པ་ནི་སྡུད་པ་པོའི་མྱོང་བའི་མཚན་ཉིད་ཅན་ནོ། །དེ་བཞིན་དུ་ཟླ་བ་བདེ་མཆོག་ཀྱང་བསྟན་ནོ། །དུས་ནི་ཕྱག་རྒྱ་ཆེན་པོའི་བདག་ཉིད་དེ། མཚན་མའི་དངོས་པོ་ཐམས་ཅད་དང་བྲལ། བསམ་དུ་མེད་པའི་དུས་
ཕྱག་རྒྱ་ཆེན་པོའི་བདག་ཉིད་དོ། །དེ་གཉིས་དབྱེར་མེད་པར་གཅིག་པའོ། །མཐའ་ཞེས་བྱ་བ་ནི་བཅོམ་ལྡན་འདས་སོ། །སྤྲོས་པའི་མཚན་མ་ཐམས་ཅད་ལས་རིང་དུ་སོང་བས་ན། མཐའ་དང་དབྱེར་མེད་པའོ། །ཇི་སྐད་དུ། འདི་སྐད་བདག་གིས་དེ་ཉིད་གསུམ། །བདག་ཉིད་དང་
ཡང་བཅས་པ་སྟེ། །ཐོས་པའི་དོན་ནི་ཟླ་བདེ་མཆོག །དུས་ནི་ཕྱག་རྒྱ་ཆེན་པོ་སྟེ། །བཅོམ་ལྡན་འདས་ནི་མཐའ་ཞེས་བྱ། །ཞེས་གསུངས་པ་དང་། དེ་བས་ན་དེ་ཁོ་ན་ཉིད་གསུམ་ལ་སོགས་པ་དང་། དཔལ་ཡེ་ཤེས་ཐིག་ལེར་གྲགས་པ་ཉོན་ཅིག་ཅེས་འགྲེལ་པས། དོན་དེ་
བཞིན་བཤད་ཟེར་རོ། །ཁ་ཅིག་ནི་དེ་ལ་དེ་ཁོ་ན་ཉིད་གསུམ་ལ་སོགས་པ་བྱ་བ་ནི། ཆ་ལ་སོགས་པའི་སྦྱོར་བ་དྲུག་དང་གཅིག་པ་ཉིད་ཡན་ལག་སྦྱོར་བ་དྲུག་པོ་ནི། དཔལ་ཡེ་ཤེས་ཐིག་ལེར་བཤད་དོ། །ཡང་ཇི་སྐད་དུ། ཆ་དང་ཐིག་ལེ་དང་ནི་ཚུལ། །དེ་ཉིད་གསུམ་བདག་བསྟན་པ་
ཡིན། །ཚུལ་ཙམ་ཟླ་བ་བདེ་བ་མཆོག །ཕྱག་རྒྱ་ཆེན་པོ་འདིར་ནི་མཆོག །དེ་ཡི་མཐའ་ནི་མཆོག་གཞན་ནོ། །ཞེས་གསུངས་པ་དང་། ཡང་ལེའུ་གཞན་ལས། ཤྲཱི་ནི་གཞན་མིན་འདིར་ནི་ཆ། །ཛྙཱ་ཞེས་བྱ་བ་ཐིག་ལེར་བསྟན། །ན་ཡི་ཡིག་འབྲུ་ཚུལ་ཡིན་ཏེ། །ཏི་ཡི་ཡིག་
འབྲུ་ཚུལ་ཙམ་མོ། །ལ་ཡི་ཡིག་འབྲུ་མཆོག་ཏུ་བཤད། །ཀ་ཡི་མཆོག་གཞན་ཤེས་པའོ། །ཞེས་གསུངས་པའོ། །དེ་ཁོ་ན་ཉིད་གསུམ་ཞེས་བྱ་བ་ལ་སོགས་པ་ནས། དཔལ་ཡེ་ཤེས་ཐིག་ལེར་གྲགས་པ་ཉོན་ཅིག་ཅེས་བྱ་བ་ནི། དེ་བཞིན་བཤད་དགོས་ཟེར་རོ། །ཡང་ཁ་

ཅིག་ན་རེ། རྒྱུད་འདི་དབུ་ཞབས་ཀྱི་དོན་གྱི་སྙིང་པོ་ནི་དེ་ཁོ་ན་ཉིད་བཅུ་ཡིན་ལ། འདི་རྣམས་སྦྱོར་བ་དྲུག་ཏུ་འདུས་ལ། དེ་རྣམས་ནི་བརྗོད་པའོ། །བརྗོད་པ་ལས་བརྗོད་པར་བྱ་བ་རྙེད་པར་འགྱུར། དེ་བས་ན་དེ་ཁོ་ན་ཉིད་གསུམ་ལ་སོགས་པ་དང་། དཔལ་ཡེ་ཤེས་ཐིག་ལེར་གྲགས་པ་
ཉོན་ཅིག་ཅེས་པ་འགྲེལ་དེ་སྐད་དུ་ཡང་། དེ་ཉིད་སུམ་ཅུ་དྲུག་བདག་པོ། །ཆ་ཡི་ཡེ་ཤེས་ཚོར་བྱེད་དེ། །ཞེས་བྱ་བ་ལ་སོགས་པ། ལེའུ་ཉི་ཤུ་རྩ་དྲུག་པ་ནས་རྒྱས་པར་བསྟན་པ་དེའི་ཕྱིར་ན། དེ་ཁོ་ན་ཉིད་གསུམ་ལ་སོགས་པའི་དོན་དེ་བཞིན་དུ་བཤད་དགོས་ཟེར་རོ། །ཡང་ལ་ལ་
དག་ན་རེ། དེ་ཁོ་ན་ཉིད་ལ་སོགས་པའི་དོན་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པའི་གླེང་གཞི་དང་སྦྱར་ལ་བཤད་དེ། བཅོམ་ལྡན་འདས་ཡན་ཆད་སྔར་བཤད་པ་དང་མཐུན་ནོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཅེས་བྱ་བ་ནི། ཟླ་བ་བདེ་མཆོག་གོ། །བྱང་ཆུབ་ཀྱི་སེམས་དབྱེར་མེད་པའི་གཟུགས་ནི། མཆོག་ཏུ་ཟབ་པ་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་བསྡུས་པའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཀྱི་ཞེས་བྱ་བ་ནི། སྐུ་
དང་གསུང་དང་ཐུགས་སྙིང་པོ་རྡོ་རྗེའོ། །ཟླ་བ་བདེ་མཆོག་ནི་དཔའ་བོ་ཆེན་པོ་དང་། དཔའ་མོ་དབང་ཕྱུག་མ་ཡང་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དཔའ་བོ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཡིན་པས་སོ། །དེ་བས་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་ཀྱི་སེམས་དཔའ་ཡིན་ནོ། །
ཕྱག་རྒྱ་ཆེན་པོ་ནི་ཐམས་ཅད་ཀྱི་བདག་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་དོན་རྡོ་རྗེ་ཆོས་ཀྱི་སྐུའོ། །བསོད་ནམས་དང་སྙིང་རྗེའི་དབང་གིས་སྙིང་པོའི་གཟུགས་ཀྱིས་སོ། །དེའི་མཐའ་ནི་བཞུགས་གནས་ཆོས་ཀྱི་འབྱུང་གནས་གཞལ་ཡས་ཁང་དང་བཅས་པའོ། །དེ་ཁོ་
ན་ཉིད་གསུམ་གྱི་བདག་ཉིད་ཀྱི་དང་ཞེས་བྱ་བ་ལ་སོགས་པ་ནི་དྲུག་པའི་སྒྲ་དང་བཅས་པའོ། །དེ་སྐད་དུ་ཡང་། དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ལས་ནི་སྔར་བསྟན་པ་བཞིན་ནོ། །འདིར་ལེའུ་གཉིས་པ་ལས། དེ་ཉིད་གསུམ་ནི་སྐུ་གསུང་ཐུགས། །རྡོ་རྗེ་གསུམ་ནི་ཡེ་ཤེས་

མཆོག །ཟླ་བ་བདེ་བ་མཆོག་གིས་གང་། །དེ་ནི་ཕུང་པོ་དབང་པོ་ཁམས། །ཕྱག་རྒྱ་ཆེན་པོ་རྡོར་སྙིང་པོ། །དེ་ཡི་མཐའ་ནི་བྷ་གར་བཤད། །ཅེས་གསུངས་པས་ན། དེའི་དོན་གླེང་གཞི་དང་། དེ་ཁོ་ན་ཉིད་ཀྱི་སྒྲོན་མ་དང་། ལེའུ་གཉིས་པའི་གཞུང་གིས་དོན་རྒྱས་
པར་བཤད་པར་བྱ་དགོས་ཟེར་རོ། །དེ་རྣམས་ཀྱི་རང་རང་གི་གཞུང་ལ་གཞན་དད་པ་སྲིད་པས་མ་བཀག་པ་ནི་སྔ་མ་བཞིན་ནོ། །འོན་ཀྱང་ཁོ་བོ་ནི་མི་འཐད་དེ། ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་རྒྱས་པར་བཤད་དེ། འདིར་དེ་རྣམས་དང་མཐུན་པ་མ་ཡིན་པ། དེ་
བས་ན་རྒྱུད་ལ་འབྲེལ་བ་མེད་པའི་ཕྱིར་རོ། །བླ་མའི་མན་ངག་གིས་བཤད་པ་འདི་གཉིས་ཀྱི་ལེའུ་གཉིས་པ་དང་བཅས་པ་འདི་ནི་བདག་གི་འདུད་པ་དང་འཇུག་པར་འཐད་པ་ཡིན་ནོ། །ཡང་ལ་ལ་འདི་ལྟར་སེམས་པར་འགྱུར་ཏེ། དེ་ཁོ་ན་ཉིད་གསུམ་ལ་སོགས་པ་གསུངས་པ་ནི་
དོན་དམ་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཉིད་ཡིན་པས། དེ་ལ་ཀུན་རྫོབ་ཀྱི་རྣམ་པ་དང་ཚད་དང་ངོ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཅི་སྙམ་མོ་བར་དཔྱོད་དུ་དོགས་པའི་བསམ་པ་བསླང་སྟེ། འདིའི་དོན་གསལ་བར་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་
དབང་ཕྱུག་མཚན་མ་ལ་སོགས་པའི་རྣམ་པར་རྟོག་པའི་ཆོས་རྣམས་ཀུན་གྱིས་མ་གོས་པ་ནི། དཔལ་ཡེ་ཤེས་ཐིག་ལེ་ཡིན་ན། དེ་ལ་རྣམ་པ་ལ་སོགས་པ་མཚན་ཉིད་ཀུན་རྫོབ་ཏུ་གསུངས་པས། ས་ལ་ལྟ་ཞིང་ཅང་མི་གསུང་བར་འདུག་གོ་ཞེས་བཤད་དོ། །དེའི་དུས་ན་ཞེས་བྱ་བ་ལ་
སོགས་པ་ནི་དོན་དམ་པའི་བདེན་པ་མཚན་མའི་བདེན་པ་རྣམ་པར་རྟོག་པ་སྤངས་པ་ཡིན་ཡང་། བཅོམ་ལྡན་འདས་ཀྱིས་གཉིས་སུ་མེད་པའི་དོན་ལ་དགོངས་ནས། ཞུ་བ་པོ་ལ་སོགས་པས་རྟོགས་པར་བྱ་བའི་ཕྱིར། རྫུ་འཕྲུལ་དང་ཆོ་འཕྲུལ་བསྟན་པ་ནི། ནམ་མཁའ་དངོས་པོ་མེད་
པའི་སྟོང་པ་ལས། དངོས་པོ་ཅན་གྱི་མེ་ཏོག་སྣ་ཚོགས་པ་དང་། དྲི་ཆེན་པོ་དང་ལྡན་པའི་མེ་ཏོག་དང་། རིན་པོ་ཆེ་ལ་སོགས་པའི་ཀུན་རྫོབ་ཀྱི་མཚན་ཉིད་མངོན་པར་སྤྲུལ་ནས། ཆར་བཞིན་ཉིད་ལ་ཉིད་ཀྱིས་ཞབས་ཀྱི་རྩ་བ་ལ་སོགས་པའི་དྲུང་དུ་སྤྲུལ་ནས་བབ་པར་མཛད་དོ། །ཡང་

བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སྔར་བོས་པར་མ་ཟད་ད་ལྟར་ཡང་བོས་ནས། ཁྱོད་ཅི་ཡང་ལན་ནི་སྨྲ་བར་འདུག་པ། ཅི་ཞིག་ལ་ཡ་མཚན་དུ་འགྱུར་བ་ཡིན་ཞེས་པའི་དོན་ཏོ། །ལྷའི་དབང་ཕྱུག་གིས་གསོལ་པ་ཞེས་བྱ་བ་ནི། རྡོ་རྗེ་འཛིན་ལ་སྔར་གྱི་དོན་ལ་
གསོལ་པའོ། །དེ་ལ་རང་གི་ངོ་བོ་དང་། རྣམ་པ་དང་། ཚད་ཡོད་དམ་ཅི་ཞེས་བྱ་བ་ནི། རྟོག་པ་དང་། མཚན་མ་ལ་སོགས་པའི་དངོས་པོ་དང་བྲལ་བའི་དོན་དམ་པའི་བདེ་བ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་ལ་ཀུན་རྫོབ་ཀྱི་རྣམ་པ་ལ་སོགས་པ་ཡོད་དམ་
ཅི། དེ་ལ་བདག་ལྷའི་དབང་ཕྱུག་ཡ་མཚན་སྐྱེད་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཨེ་མའོ། །ལྷའི་དབང་ཕྱུག་ཅེས་བྱ་བ་ནི། རྡོ་རྗེ་འཛིན་པས་དབང་ཕྱུག་དམ་པ་སྦྱིན་པར་མཛད་ནས་བྱིས་པ་སོ་སོའི་སྐྱེ་བོའི་དོན་ལ་བསྐུལ་བའོ། །དཀོན་མཆོག་གསུམ་གྱི་བདག་ཉིད་ཐུགས་ཡང་
དག་པའི་རྡོ་རྗེ་ནི་མཆོག་གི་རྡོ་རྗེ་འཛིན་པའོ། །འདི་གསུངས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་སོགས་པའི་དོན་གཏན་ལ་དབབ་སྟེ། ཆོས་ཅན་གྱིས་ཆོས་ཉིད་དམ་པ་བསྒྲུབ་དགོས་པས་ན་མེད་དམ་ཅི་ཞེས་སོ། །དེ་ལྟར་ཡང་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་གསུམ་ལ་སོགས་པ་ལ། དེ་
རང་གི་ངོ་བོ་དང་། རྣམ་པ་དང་། ཚད་ཀྱིས་ལྷའི་དབང་ཕྱུག་ཡ་མཚན་སྐྱེར་རུང་བའོ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་ཀུན་ནི་ཆོས་ཐམས་ཅད་དོ། །དེའི་ཆོས་ཉིད་ངོ་བོ་ཉིད་ཀྱང་དེ་ཡིན་ལ། །སྟོང་པ་ཉིད་ཀྱང་དེ་ཡིན། དོན་དམ་པའི་བདེན་པ་ཡང་དེ་ཉིད་དོ། །
སྟོང་པ་ཉིད་འདི་ཀུན་རྫོབ་སྒྱུ་མ་ཙམ་ལ་མ་བརྟེན་པར་ཤེས་པར་ག་ལ་འགྱུར་ཏེ་མི་འགྱུར་རོ་ཞེས་སོ། །དེའི་ཕྱིར་མིག་ཡོར་ཙམ་ཞེས་བྱའོ། །ཡང་དག་པ་མ་ཡིན་ལ་ཀུན་རྫོབ་སྒྱུ་མ་དང་། མིག་ཡོར་དང་སྤྲུལ་པ་ལ་སོགས་པའོ། །ཙམ་གྱི་སྒྲས་སྒྱུ་མ་ཉིད་རང་བཞིན་མེད་པར་
བསྟན་ཏོ། །རྒྱུ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སྤྲོས་པ་མེད་པའི་རྒྱུ་དེ་རང་རྟེན་དུ་ཤེས་པར་བྱའོ། །ཇི་སྐད་དུ། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་དམ་རྟོགས་ཤིང་ཆགས་མེད་ནས། །དེ་ཡི་འོག་ཏུ་དབེན་པའོ། །ཞེས་གསུངས་སོ། །ཀུན་རྫོབ་

སྒྱུ་མ་ཙམ་གྱི་ཆོས་ཅན་ཆོས་ལ་བརྟེན་ནས། སྟོང་པ་ཉིད་བསྒྲུབ་པའོ། །ཆོས་ཐམས་ཅད་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་ཀུན་ནོ། །ཇི་ལྟར་གླ་རྩི་ལ་བརྟེན་ནི་དྲི་གང་ཡིན་རྙེད་པར་འགྱུར་གྱི་ཞེས་བྱ་བ་ནི། གླ་རྩི་དང་དྲི་གཅིག་པ་ཡང་མ་ཡིན། ཐ་
དད་པ་ཡང་མ་ཡིན་ཏེ་འོན་ཀྱང་གླ་རྩི་དངོས་པོ་མེད་པར་དྲི་ག་ལས་རྙེད། རྒྱུ་དང་ལྡན་པ་ལ་ཐབས་ཀྱིས་རྙེད་པར་འགྱུར་རོ། །དེ་མེད་པར་ཞེས་བྱ་བ་ནི་གླ་རྩིའི་དངོས་པོ་མེད་པར་མི་རྙེད་དོ། །རྙེད་པར་ཇི་ལྟར་འགྱུར་ཞེས་བྱ་བ་ནི། དངོས་པོ་མེད་པར་དྲི་མི་རྙེད་དེ། རྒྱུ་མེད་པའི་ཕྱིར་རོ། །
དེ་བཞིན་དུ་ཞེས་བྱ་བ་ནི་དོན་སྟོན་པ་ཡིན་ཏེ། རང་གི་ངོ་བོ་དང་ཞེས་བྱ་བ་ལ་སོགས་པ་ནི། ཇི་ལྟར་གླ་རྩི་ལས་དྲི་རྙེད་པ་བཞིན། ཀུན་རྫོབ་ཀྱི་ཐབས་ལ་བརྟེན་ནས་དོན་དམ་པ་རྙེད་པར་འགྱུར་གྱི་གཞན་དུ་ནི་དེ་ལྟ་མ་ཡིན་ནོ། །དེ་སྐད་དུ། ཐབས་མ་ཡིན་པས་རིང་བ་དང་། །ཐབས་
ཀྱིས་རིང་བ་མ་ཡིན་པ། །སྙིང་རྗེས་ཞི་ལ་མི་གནས་ཏེ། །ཤེས་རབ་སྲིད་ལ་མི་གནས་སོ། །ཞེས་བྱ་བ་བཤད་པ་ལྟ་བུའོ། །དེས་ན་ཞེས་བྱ་བ་ལ་སོགས་པ་ལ། སྔར་དཔེའི་དོན་གྱིས་བསྟན་པ་ལ་བསྙག་གོ། །ཁྱབ་དང་ཁྱབ་བྱེད་བྱེ་བྲག་ཏུ། །ཞེས་བྱ་བ་ནི། ཇི་ལྟར་ཤིང་དང་ཤ་
བའི་མཚན་ཉིད་བསྟན་པ་བཞིན་དུ། དོན་དམ་པའི་བདེན་པ་སྤྲོས་པ་དང་བྲལ་བས། ཀུན་རྫོབ་ཀྱི་དངོས་པོ་ལ་ཁྱབ་པས་ཁྱབ་བྱེད་ཀྱི་དོན་ནི་ཟླས་དབྱེའོ། །མཚན་མ་དང་མཚན་མ་མེད་པའི་ཕྱོགས་ཀྱིས་དཀྲི་བར་བྱ་སྟེ། ཐ་དད་པའི་ཆོས་བགྲང་བ་ནི། བྱེ་བྲག་མང་པོའི་དོན་ཏོ། །
དེ་རྣམས་ཐམས་ཅད་དབྱེར་མེད་པས་ན་གཉིས་སུ་མེད་པའི་བདེ་བ་ཆེན་པོའོ། །བདེ་བ་སྐུ་ལ་བརྟེན་པའི་ཕྱིར། །ཞེས་བྱ་བ་ནི། ཀུན་རྫོབ་ཕྱོགས་ཀྱིས་བསྟན་པའི་སྐུའི་དངོས་པོ་ལ། དོན་དམ་པ་དེ་བཞིན་དུ་བརྟེན་པས་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་དེ་ཁོ་ན་ཉིད་བསྒྲུབ་
བྱ་ཐོབ་པར་འགྱུར་བས་ན། སྐུ་ལ་བརྟེན་ན་དེ་ཉིད་འགྱུར། །ཞེས་གསུངས་སོ། །སྐུ་ལ་བརྟེན་པ་ནི་ཐབས་ཀྱིས་རབ་ཏུ་བསྟན་པའོ། །སྐུ་བདེ་རྣམ་པར་ཤེས་ཡིན་ནོ། །ཐམས་ཅད་གཉིས་སུ་མེད་པའི་དངོས། །ཞེས་བྱ་བ་ནི་ཕྱོགས་གཉིས་པའི་ཆོས་རྣམས་བསྡུས་ཏེ། བྱེ་བྲག་

གཉིས་བརྟགས་པ་ཐམས་ཅད་གཉིས་སུ་མེད་པར་ཟུང་དུ་འཇུག་པའོ། །དེ་སྐད་དུ། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པས་ནི། །གང་དུ་དངོས་པོ་གཅིག་གྱུར་པ། །དེ་ནི་ཟུང་འཇུག་ཅེས་བྱར་བསྟན། །ཅེས་བཤད་དོ། །དྲུག་གི་བདེ་བ་ཞེས་བྱ་བ་ནི།
དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ལ་སོགས་པ་དེར་བསྟན་པའོ། །ཡེ་ཤེས་མཆོག་ཅེས་བྱ་བ་ནི་སྤྲོས་པ་དང་བྲལ་བའི་དགའ་བ་གཉིས་སུ་མེད་པའི་ཡེ་ཤེས་སོ། །འོ་ན་དེ་གང་གིས་རྙེད་པར་འགྱུར་ཞེ་ན། སྐུ་དང་བདེ་བ་གཉིས་ལས་འབྱུང་། །ཞེས་སྔར་བསྟན་པར་བྱས་
སོ། །དེ་ནས་སྦྱོར་བ་དྲུག་གི་དོན་གསུངས་པ། །འཁོར་ལོ་དྲུག་གི་དབུས་ན་གནས། །ཞེས་བྱ་བ་ལ་སོགས་པ་ལ། བདེ་བ་ཆེན་པོ་ལ་སོགས་པ་དྲུག་ནི་ལྟེ་བའི་ནང་གི་དབུས་སུ། དེ་ཁོ་ན་ཉིད་གསུམ་ལ་སོགས་པའི་སྦྱོར་བ་དྲུག་བཞུགས་པའི་གནས་སོ། །དང་པོ་གསུམ་
ནི་རྒྱུ་ལས་ཡེ་ཤེས་ཅན་རི་བོང་ཅན་གྱི་རིམ་པ་སྐྱེ་བ་ནི་འབྲས་བུའི་བདག་ཉིད་མཆོག་གོ། །ཕན་ཚུན་འབྲེལ་པས་ན། ལུས་རྟེན་སྲོག་གི་དབྱུག་པ་ཞེས་བྱ་བ་ལ་སོགས་པ་ལ། ལུས་ལ་སྲོག་རྟེན་པའི་ཕྱིར་རོ། །ཡང་ན་སྲོག་ལ་ལུས་རྟེན་པའོ། །ཐིགས་པ་དང་བཅས་དེ་རྣམས་
སྦྱོར། །ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་ཀྱི་སེམས་ག་བུར་དང་བཅས་ནས་རྟོག་མེད་མ་དང་། རླུང་རོ་གཅིག་ཏུ་གྱུར་པའི་རིམ་པས་སྦྱོར་བའོ། །སྲོག་ནི་རླུང་དང་ལྡན་པའི་བྱང་ཆུབ་སེམས། ཡང་ན་དབྱུག་པའི་སྒྲས། སྲོག་མའི་རྩ་ཀ་པའི་གཟུགས་ཀྱིས་འཁོར་ལོ་རྣམས་
ཀྱི་དབུས་ན་གནས་པའོ། །དེ་བས་ན། ལུས་རྟེན་སྲོག་གི་དབྱུག་པ་ལ། །ཞེས་བྱའོ། །ནང་དུའོ་ཞེས་བྱ་བ་ནི། འཛིན་མ་དང་རོ་མ་གཡས་གཡོན་དེ་གཉིས་ཀྱི་དབུས་སུའོ། །དེ་བཞིན་དུ་བྱང་ཆུབ་སེམས་ཀྱི་ལམ་ནི་གསུམ་སྟེ། ཕྱི་དང་ནང་དང་གསང་བའོ། །ཕྱི་ནི་
འཁོར་ལོ་ལ་སོགས་པའི་རྟེན་དང་། བརྟེན་པའི་བདག་ཉིད་ཀུན་དུ་སྦྱོར་བའོ། །ནང་གི་རླུང་དང་བྱང་ཆུབ་སེམས་ལ་སྤྱོད་པའོ། །གསང་བ་ནི་ཡེ་ཤེས་ལ་སྤྱོད་པའོ། །དེ་བཞིན་དུ་ཡང་ནི། ཡེ་ཤེས་སྐྱེས་པའི་ལམ་ནི་བཞི། །སྲོག་མ་ལས་དགའ་རོ་མ་མཆོག །འཛིན་

མ་ལས་ནི་བྲལ་བའི་མཆོག །རྟོག་མེད་རང་བཞིན་དགའ་བའི་ལམ། །ཞེས་གསུངས་སོ། །དེ་སྐད་དུ་ཡང་། ཆ་ཡི་སྦྱོར་བ་ནང་དུ་མིན། །ནང་དུ་དེ་ནི་རྟོག་མེད་ན། །གཡས་གཡོན་མདུད་པའི་ནང་དུ་ནི། །རོ་མ་དང་ནི་འཛིན་མ་གནས། །ཞེས་བཤད་དོ། །དེ་བཞིན་དུ་
གསུམ་དུ་དབྱེ་བ་དང་བཞིར་དབྱེ་བ་ཡང་གསུམ་གྱི་དོན་ཏོ། །དེའི་དོན་ནི་བདེ་ཆེན་འཁོར་ལོའི་ལྟེ་བའི་ཞེས་བྱ་བ་ལ་སོགས་པ་སྟེ། བདེ་ཆེན་ནི་བྱང་ཆུབ་སེམས་ཀུན་རྫོབ་དང་ལྡན་པའོ། །འཁོར་ལོ་ནི་འདབ་མ་སུམ་ཅུ་རྩ་གཉིས་པའོ། །ལྟེ་བ་ནི་གོང་དུ་བཤད་པར་བྱས་སོ། །རི་བོང་
ཅན་གྱི་བྱང་ཆུབ་ཀྱི་སེམས་བདེ་བ་དང་རྩ་དང་ལྡན་པ་ནི་ཟླ་བ་རྒྱས་པའོ། །རྩ་དང་རྒྱས་པ་དང་སྲོག་གི་རླུང་དང་ལྡན་པ་ནི་བཅས་པའོ། །སྦྱོར་བ་དྲུག་གི་དང་པོ་ནི་ཐོག་མའོ། །ཟུར་གསུམ་གྱི་དབྱིབས་ཀྱི་གཟུགས་ཅན་རྣམས་ནི་ཟུར་གསུམ་གྱི་རྣམ་པའི་ཚུལ་ལོ། །རྩ་དང་རླུང་དང་བྱང་
ཆུབ་སེམས་ཀྱི་ཁྱད་པར་ཀུན་གཅིག་གིས་དོན་རྟོགས་པས་ཐམས་ཅད་ཀྱང་ངོ་། །ལོངས་སྤྱོད་ལྟེ་བའི་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཀྱི་རོ་ལ་སོགས་པ་ལ་ལོངས་སྤྱོད་པའོ། །ལྕེ་དང་བཅས་པའི་རྩ་རོ་མྱོང་བར་བྱེད་པ་ནི། ལྕེ་མ་སྟེ། རྟེན་དང་རྟེན་ཅན་མ། དེ་བཞིན་དུ་མིང་
ནི་བརྟགས་པ་ཡིན་ནོ། །རྩ་དང་བདེ་བའི་རང་བཞིན་དང་། གྱེན་དུ་འགྲོ་བའི་རླུང་དང་འཛོམ་པ་ནི་བདེ་བ་དང་ལྡན་པའོ། །སྐེ་ནི་ལོངས་སྤྱོད་འཁོར་ལོའི་རྟེན་ནོ། །ཆོས་ཀྱི་འཁོར་ལོའི་ལྟེ་བའི་ཞེས་བྱ་བ་ལ་སོགས་པ་ནི། སེམས་ལས་ཆོས་རྣམས་འབྱུང་བ་ཡིན་པའི་ཕྱིར།
སྙིང་གའི་གནས་སོ། །པདྨ་འདབ་མ་བརྒྱད་དང་ལྡན་པའོ། །ནམ་མཁའ་མ་ནི་སེམས་ནམ་མཁའ་དང་མཉམ་པའི་དོན་ཏོ། །སྙིང་ག་རྩའི་ཡོན་ཏན་གྱིས་ཡེ་ཤེས་ལྡན་པ་ནི་བདེ་བའི་ཡེ་ཤེས་དང་། གཞིའི་རླུང་དང་ལྡན་པ་སྔར་བསྟན་པ་བཞིན་ནོ། །སྤྲུལ་པའི་འཁོར་ལོའི་
ལྟེ་བ་ཞེས་བྱ་བ་ལ་སོགས་པ་ནི། སྲིད་པ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་འབྱུང་བ་ནི་སྤྲུལ་པའི་དོན་ཏོ། །སེམས་ཅན་དང་སངས་རྒྱས་སྤྲུལ་པའི་འདབ་མ་ནི་དྲུག་ཅུ་རྩ་བཞིས་མཚོན་པའོ། །འདོད་མ་ནི་གཏུམ་མོ་འབྱུང་བའི་གནས་ཀྱི་རྩའི་དོན་ཏོ། །བདུད་རྩི་ལྡན་

ནི་རླུང་ཀྲོ་ངྷ་དང་བཅས་པའི་མཚན་ཉིད་དོ། །མེའི་འཁོར་ལོ་ནི་འདབ་མ་གསུམ་པའི་མེའི་གནས་སོ། །སྔར་ལས་ཁྱད་པར་དུ་གྱུར་པ་ནི་རབ་འོད་མའོ། །འདོད་པར་ལྡན་ནི་རླུང་འདོད་པ་དང་བཅས་པའི་བདེ་བའོ། །རླུང་གི་འཁོར་ལོའི་ལྟེ་བའི་ཞེས་བྱ་བ་ལ་སོགས་པ་ནི། འདབ་མ་
དྲུག་པའི་གནས་ནི་རླུང་གི་འཁོར་ལོ་སྟེ། རླུང་གི་མཚན་ཉིད་དང་ལྡན་པའི་གནས་ན་མོའི་རྩ་ནི་བརྩོན་འགྲུས་མའོ། །གསལ་བའི་རླུང་དང་བཅས་པ་ནི་སྟོབས་དང་བཅས་པའོ། །དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཅེས་བྱ་བ་ལ་སོགས་དོན་གྱིས་སྦྱོར་བ་དྲུག་ཏུ་བཤད་པ་སྟེ། དེས་ན།
དེ་ནི་སྦྱོར་དྲུག་རྣམ་པར་ཤེས། །རྩ་དང་ཐིགས་པ་དང་ལྡན་ནོ། །ཞེས་བྱའོ། །གང་ཚེ་རྟོག་མེད་མས་ནི་འཁྱུད། །དེ་ཚེ་ཚངས་པའི་དབྱུག་པ་ཡིན། །ཞེས་བྱ་བ་ནི་གང་གི་ཚེ་འཁོར་ལོ་རྣམས་ཀྱི་ལྟེ་བ་དང་། བདེ་བ་བཞེངས་བཞུགས་གནས་པར་ལྡན་པ་དེའི་ཚེ། ཚངས་པ་སྟེ།
གང་དང་དེ་གཉིས་རྟག་ཏུ་འབྲེལ་པའི་ཕྱིར་རོ། །ཚངས་པ་ནི་ཡེ་ཤེས་དང་ལྡན་པའི་བྱང་ཆུབ་སེམས་སྲོག་གི་དབྱུག་པ་ལ་འཁྱུད་པའི་ཚུལ་གྱིས་ཚངས་པའི་དབྱུག་པའོ། །ཚངས་པ་ཡེ་ཤེས་འཛིན་པས་ན། །དབྱུག་པ་རྣམ་རྟོག་འཇོམས་པས་སོ། །ཞེས་གསུངས་སོ། །དེའི་
དོན་རྒྱས་པར་བསྟན་པ་ནི། དེ་ཡི་དུས་ནི་བདག་གིས་བཤད། །ཅེས་བྱ་བ་ལ་སོགས་པ་ནི་དེའི་དུས་ཞེས་བྱ་བ་ནི། བཟང་བའི་དུས་དང་། ངན་པའི་དུས་དང་། བསམ་དུ་མེད་པའི་དུས་སོ། །དེ་སྐད་དུ། འོང་བ་བཟང་བའི་དུས་ཞེས་བྱ། །འགྲོ་བས་ངན་པའི་དུས་ཡིན་
ནོ། །བཟང་པོ་དེ་ནི་མཆོག་ཏུ་བསྟན། །ངན་པའི་དུས་ནི་བྲལ་བའོ། །གཉིས་དང་བྲལ་བ་དེ་ཁོ་ཉིད། །རྣམ་རྟོག་དངོས་པོ་ཐམས་ཅད་བྲལ། །ཞེས་གསུངས་སོ། །ཤར་བ་ལ་སོགས་པའི་ཡེ་ཤེས་འབྱུང་བ་གོང་གི་དེ་ནི་འདི་ནས་མར་རོ། །བཅོམ་ལྡན་འདས་བདག་
གིས་བཤད་པའོ། །ཤར་བ་དང་ནུབ་པ་ཞེས་བྱ་བ་ནི་སྟེང་དང་འོག་གི་འཕོ་བས་ན། བདེ་བ་ཆེན་པོའི་འཁོར་ལོའི་ལྟེ་བ་མན་ཆད་དུ་བཅུ་དྲུག་འཕོ་བ་དེ་བཞིན་དུ་ཡང་རིན་པོ་ཆེ་ནོར་བུ་སྤྲུལ་པའི་འཁོར་ལོ་ནས་སྟེང་དུ་འཕོ་བ་བཅུ་དྲུག་གོ། །ཅིའི་ཕྱིར་སྟེང་དང་འོག་ཏུ་འཕོ་

ཞེ་ན། འདིས་འཕོ་བ་སྟེ། བྱང་ཆུབ་ཀྱི་སེམས་དང་རླུང་གཉིས་ཕྲད་པའི་ཕྱིར། འཕོ་བ་སྟེ་ཞེས་གསུངས་སོ། །རྟོག་མེད་མ་ཉིད་ནི་གཅིག་པུའོ། །དངོས་པོའི་ནི་རོ་མ་དང་འཛིན་མ་དང་སྲོག་མའོ། །སྦྱོར་བ་ནི་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་རོ་གཅིག་པས་སྦྱོར་བའོ། །རྩ་
སུམ་ཅུ་རྩ་གཉིས་ནི་མདུད་པ་བཅུ་དྲུག་པ་ཕྲག་གཉིས། སྟེང་དང་འོག་ཏུ་འཕོ་བའི་གཡས་གཡོན་གྱི་གནས་སོ། །བྱང་ཆུབ་ཀྱི་སེམས་དགའ་བ་དང་ལྡན་པའི་གདུ་བུའི་རྣམ་པ་ཞེས་བྱ་བ་ལ། རི་བོང་ཅན་གྱི་རྣམ་པ་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་རིན་པོ་ཆེའི་ནོར་བུ་དང་བཅས་པའི་གནས་
ཀྱི་གདུ་བུ་སུམ་ཅུ་རྩ་གཉིས་ཀྱི་བདག་པོའི་རྣམ་པ་དགའ་བ་བཞི་དང་ལྡན་པའི་རྣམ་པ་དང་། དེ་བཞིན་དུ། འདིར་ཡང་རྣམ་པར་སྦྱར་བར་བྱའོ། །སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅེས་བྱ་བ་ནི། སྲོག་མ་ནི་སྐུའོ། །རོ་མ་ནི་གསུང་ངོ་། །འཛིན་མ་ནི་ཐུགས་སོ། །གསུམ་གྱི་
བདག་ཉིད་ནི་རྟོག་མེད་མའོ། །གཟུང་བ་དང་འཛིན་པའི་རྟོག་པ་མེད་པས་ན། གཅིག་པུ་རྟོག་མེད་མའོ། །རྒྱུའི་དངོས་སུ་སྣང་བ་ལས་འབྲས་བུའི་མིང་བརྟགས་པའོ། །ཡང་ན་སྐུ་ནི་དགའ་བ། གསུང་མཆོག་གི་དགའ་བ། ཐུགས་ཆད་པའི་དགའ་བ། བདག་ཉིད་རང་བཞིན་དགའ་བ་
གཅིག་པུ་རྟོག་མེད་མ་ཞེས་བཤད་དོ། །བདེ་བ་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོ་དྲུག་གི་ལྟེ་བ་དང་པོ་བདེ་བ་ཆེན་པོ་ནས་ཐ་མ་རྡོ་རྗེ་ནོར་བུའི་གནས་བདེ་ཆེན་གྱིས་བཤད་པ་ག་བུར་དང་བཅས་པའི་གཡས་དང་གཡོན་དེ་བཞིན་ཚངས་པའི་དབྱུག་པའོ། །ཇི་ལྟར་ནི་
དཔེས་བཤད་པའོ། །ཙནྡན་གོ་ཤིཪྵའི་ཤིང་གི་དབུས་སུ་སྦྲུལ་མོ་ཡོད་པའོ། །དེ་བཞིན་ཚངས་པའི་དབྱུག་པའི་དབུས་ན། རོ་མ་དང་འཛིན་མ་གཡས་གཡོན། རྟོག་མེད་མ་དབུས་སུའོ། །ལྷའི་དབང་ཕྱུག་དེ་ལ་ཇི་ལྟར་བདག་ཉིད་ཀྱི་དོན་བཤད་ཅེས་བྱ་བ་ནི། གོར་ཤིཪྵའི་
ཙནྡན་དེ་བཞིན་དུ། རྟོག་མེད་མ་ཚངས་པའི་དབྱུག་པ་ལ་མདུན་དུ་འཁྱུད་པའི་དོན་རྒྱས་པར་བཤད་པར་བྱའོ། །དེ་ལ་ཚངས་པའི་རུས་པའི་ཚིགས་པའི་ནང་མཚན་ནོ། །དབྱུག་པའི་སྙིང་པོ་ནི་སྲོག་གི་དབྱུག་པ་དང་གསུམ་པར་ལྡན་པའོ། །དང་པོར་ལས་ཀྱི་ཕྱག་རྒྱ་དང་

མཉམ་པར་སྦྱོར་བ། དང་པོའི་ཟུར་གསུམ་གྱི་རྣམ་པ་མདུད་པའི་ལྟེ་བར་ཞེས་བྱ་བ་ནི། འཕོ་བའི་དང་པོ་རྟེན་ནས་དབྱིབས་ཟུར་གསུམ་དབུས་ཀྱི་ལྟེ་བར། དངོས་ཤེས་རབ་མ་ལས་ཀྱི་ཕྱག་རྒྱ་ལ་ལྟ་བ་ལས་འདར་བའི་རོ་སྐྱེ། ཡེ་ཤེས་འདོད་པའི་དགའ་བ་སྲོག་རླུང་ལྡན་པ་ཟླ་སྟོད་
ཀྱི་ཚེས་གཅིག །ཆུ་ཚོད་གཅིག་གི་བར་དུ་བྱང་ཆུབ་སེམས་ཀྱི་ཐིག་ལེ། རྣམ་པར་འབྱེད་པ་བཤད་པའོ། །རྟེན་པདྨའི་དབྱིབས་ཅན་དུ་དངོས་རིག་པ་ལ་འདོད་པ་ལས་འདར་བ་སྐྱེ། འདར་བའི་དགའ་བའི་ཡེ་ཤེས་ཉེ་བའི་སྲོག་རླུང་དང་ལྡན་པ། ཚེས་གཉིས་ཀྱི་ཟླ་བ་འཕེལ་བ་
བཞིན་ཆུ་ཚོད་གཉིས་ཀྱི་བར་དུ་ཡུན་རིང་བར་མཚུངས་པ། བྱང་ཆུབ་ཀྱི་སེམས་སྟོབས་ཀྱི་ཐིག་ལེ་རྣམ་པར་འབྱེད་པ་ནུབ་པའོ། །རྟེན་དུ་གྲགས་པའི་མིང་ཅན་དུ། དངོས་འདུས་པ་ལས་རྡུལ་སྐྱེ། འགྲོ་བའི་ཡེ་ཤེས་མཉམ་པའི་རླུང་དང་ལྡན་པའི་ཚེས་གསུམ་གྱི་ཆུ་ཚོད་གསུམ་གྱི་
བར་དུ། བྱང་ཆུབ་ཀྱི་སེམས་སྤྲིན་གྱི་ཐིག་ལེ་རྣམ་པར་འབྱེད་པ་ཤར་བའོ། །དེ་བཞིན་དུ་གཞན་རྣམས་ཀྱང་རིམ་པ་བཞིན་དུ་སྦྱར་བར་བྱའོ། །འདར་བ་ལ་སོགས་པའི་མཚན་མ་ཙམ་བསྟན་ཏོ། །བཞི་པ་ནུ་མ་རེག་པ་ལ་རྡུལ་སྐྱེ། ལྔ་པ་དང་དྲུག་པར་བ་སྤུ་ལངས་པ་སྐྱེ། བདུན་པ་
དང་བརྒྱད་པར་དབྱངས་ཀྱི་ཁྱད་པར་སྐྱེ། དགུ་པ་དང་བཅུ་པར་བཀྲག་བཟང་བར་སྐྱེ། བཅུ་གཅིག་པ་དང་བཅུ་གཉིས་པར་ཁ་དོག་འགྱུར་བ་སྐྱེ། བཅུ་གསུམ་པ་དང་། བཅུ་བཞི་པར་དགའ་བའི་སྣང་བ་མི་གསལ་བ་སྐྱེ། མཐའ་མ་གཉིས་ལ་ཡང་སྣང་བ་ཐིམ་པ་སྐྱེའོ། །ཡང་
ན་གཉིད་པ་དང་འཁྲུལ་པ་དང་། བརྒྱལ་བ་དང་། སྐོམ་པ་དང་། འདར་བ་དང་། སྐིག་པ་དང་། སྐྲག་པ་དང་། བྱ་རྨྱངས་དང་། སྡང་བ་དང་། བ་སྤུ་ལངས་པ་དང་། མཆི་མ་འབབ་པ་དང་། དྲོད་དང་། དངོས་པོ་དང་། རྟེན་དང་། ཡེ་ཤེས་དང་། རྣམ་པར་འབྱེད་པ་
ཡང་དེ་བཞིན་ནོ། །མཚན་མས་ཡེ་ཤེས་སྐྱེ་བའི་རིམ་པ་ཤེས་པར་འགྱུར་རོ། །ཡེ་ཤེས་སྐྱེ་བའི་རིམ་པ་ཤེས་པའི་དགོས་པ་གང་ཡིན་སྙམ་པ་ལ། དེས་ནི་རང་བཞིན་དགའ་བ་རྟེན་མེད་རྙེད་ཅིང་ཐོབ་པར་འགྱུར་བའོ། །དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

རིགས་སོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་སྐྱེ་བའི་རིམ་པའི་མཚན་མའི་རྟགས་ནི། དད་པ་ཆེ་བ་དང་། ཤེས་རབ་ཆེ་བ་དང་། སྙིང་རྗེ་ཆེ་བ་དང་། ཆགས་པ་ཆུང་བ་ལ་སོགས་པ་ལས་ཤེས་པར་བྱའོ། །འདི་སྐད་དུ། སྦྱིན་སྲེག་གི་ལེའུ་ལས། དུ་བ་ལས་ནི་མེར་ཤེས་
ཤིང་། །ཆུར་སྐྱར་ལས་ནི་ཆུར་ཤེས་སོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་རྣམས་ལས་ཤེས། །ཞེས་གསུངས་པས་ནི། ཡེ་ཤེས་སྐྱེ་བའི་མཚན་མ་ཡང་དེ་བཞིན་ནོ། །ཡང་ན་རེག་བྱ་མེད་པར་དགའ་བ་ལ་སོགས་པ་སྔར་བཞིན་བསྐྱེད་པར་བྱ་བ་ཡིན་
ནོ། །ཐོགས་ནི་སྡང་འཇིགས་བྱེད་པ་ཡང་། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྣམས་དང་བཅོ་ལྔ་པོའི་དགའ་བ་ལ་སོགས་པས་རེག་པར་མ་ནུས་པའི་མཆོག་གི་ཐིག་ལེ་འདི་ཞེས་བྱ་བའི་དོན་ཏོ། །དཔེ་ནི་འཇིག་རྟེན་པའི་གྲགས་པ་བཞིན་ནོ། །དེ་ལ་ནི་འཕོ་བའི་དོན་དེ་
ལའོ། །ནུབ་བཅུ་དྲུག་ནི་ཐིམ་པའི་སྒྲ་ཡིན་ཏེ། དེའི་དོན་གྱིས་ཤར་བ་ཡང་དེ་བཞིན་ནོ། །ཤར་དང་ནུབ་པ་ནི་རླུང་དང་བྱང་ཆུབ་ཀྱི་སེམས་ཕྲད་པས་འཕོ་ཞིང་། ཤར་ནས་སྐྱེ་བ་དང་། ཐིམ་པ་སྟེང་དང་འོག་ཏུ་འགྲོ་བའི་ཐ་ཚིག་གོ། །བཅོ་ལྔ་པ་དང་བཅུ་དྲུག་པ་རྟེན་ཅན་དང་མཆོག་གི་
དགའ་བ་ནི་མདུད་པའི་རིམ་པས་སྐྱེ་བའི་དོན་ཏོ། །རང་བཞིན་དགའ་ལ་དེ་ཡོད་མིན་ནི་རང་བཞིན་དགའ་བ་སྐྱེ་བ་དང་། འགག་པ་དང་། རྟེན་དང་། རྟེན་ཅན་དང་། ཡོད་པ་དང་མེད་པ་ལ་སོགས་པའི་དངོས་པོ་ཐམས་ཅད་དང་བྲལ་བ་ཤར་བ་དང་ནུབ་པ་ཡོད་པ་མ་ཡིན་ནོ། །ཡོན་
པོའི་གདུ་བུའི་རྣམ་པའི་རྩ་ལྟེ་བའི་དབུས་སུ་ཞེས་བྱ་བ་ནི། སྲོག་མ་དང་བཅས་པའི་མདུད་པ་རྣམས་ཀྱི་ལྟེ་བར། ལྟེ་བའི་གདུ་བུའི་སྒྲས་རྡོ་རྗེ་རིན་པོ་ཆེའི་གནས་སུ་བཞིའི་དོན་འདུས་པའི་དུས་སོ། །དུས་ཀྱི་སྒྲས་ཐིག་ལེ་དང་། དགའ་བ་དང་སོགས་པས་སྟེང་གི་རླུང་དང་། འོག་གི་
རླུང་དང་། རྩ་རྣམས་ལ་ནི་དུས་གཉིས་པའོ། །གཅིག་པ་ནི་ཆགས་པ་དང་། ཆགས་པ་མ་ཡིན་པ་རོ་གཅིག་པའི་དུས་སོ། །དེ་ལྟའི་བདེ་ཆེན་རྣམ་པ་ནི། །ཞེས་བྱ་བ་ནི། སྔར་བཤད་པའི་ཆུ་ཚོད་དང་ལྡན་པའོ། །འཕོ་བ་ཞེས་བྱ་བ་ནི་འཕོ་བ་བཅུ་དྲུག་དང་། འཕོ་བ་དང་།

ཆུ་ཚོད་ཀྱི་སྒྲས། དབྱུ་གུ་དྲུག་ཅུ་རྩ་བཞི་དང་། ཐུན་ཚོད་བརྒྱད་དང་། སྐད་ཅིག་མ་བཞི་པོ་འདི་ཀུན་གྱི་ནང་གི་སྦྱོར་བས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་བདག་གིས་བཤད་ཟིན་པའི་དོན་ཏོ། །དེའི་དོན་བསྡུས་པ་ནི། དངོས་པོ་རྟེན་དང་ཡེ་ཤེས་དང་། །ཞེས་བྱ་བ་ལ་སོགས་
པ་སྟེ། དངོས་པོ་རྟེན་དང་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོའི་སྒྲས་སྦྱོར་བའི་དངོས་པོ་རྣམས་སོ། །རྟེན་གྱི་སྒྲས་ནི་བྱང་ཆུབ་སེམས་ཀྱི་རྟེན་རྩའི་གནས་རྣམས་བསྡུའོ། །ཡེ་ཤེས་ཀྱི་སྒྲས་དགའ་བ་རྣམས་རླུང་དང་ལྡན་པ་བསྡུའོ། །རྣམ་པར་འབྱེད་པའི་སྒྲས་ནི། བྱང་ཆུབ་
སེམས་ཀྱི་ཐིག་ལེ་ལ་སོགས་པ་སྤྱིར་འབྱེད་པ་རྣམས་བསྟན་པ་ཡིན་ཞེས་བྱའོ། །དེ་རང་གི་དོན་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་རོ་མཉམ་སྦྱོར་བ་ཡིན། །ཞེས་བྱ་བ་ནི། རྣལ་འབྱོར་པའི་དངོས་པོ་ནི་ལས་ཀྱི་ཕྱག་རྒྱ་དང་ཐབས་ཀྱི་བདག་ཉིད་གཉིས་དཔལ་ཕྱག་རྒྱ་ཆེན་པོ་
དང་ཡེ་ཤེས་ཐིག་ལེས་བྱིན་གྱིས་བརླབས་པའོ། །དེ་གཉིས་སྦྱོར་བས་རོ་མཉམ་སྦྱོར་བའོ། །དེས་ནི་དགའ་བ་ལ་སོགས་པའི་སྟོབས་ལས་སྐྱེས་པ་ལས་གཉིས་སུ་མེད་པའི་འབྲས་བུ་བདེ་བ་ཆེན་པོ་རྙེད་དོ། །ལས་ཀྱི་ཕྱག་རྒྱ་དང་ཐབས་དང་། རྩ་ལ་སོགས་པའི་རྣམ་པར་རྟོག་
པའི་དངོས་པོའི་ཆོས་ཐམས་ཅད་ཀྱིས། ཡེ་ཤེས་སྤྲོས་པ་དང་བྲལ་བ་ལ་འབྲས་བུ་དང་རྒྱུར་མི་འགྱུར་ལ། དེ་བཞིན་དུ་དངོས་པོའི་ལྷ་ལ་སོགས་པ་ནི། རུ་ཏྲར་སྐྱེ་བའམ། ཡང་ན་འཇིག་རྟེན་གྱི་ལྷ་ཆེན་པོ་ལ་སོགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་བས་ན་རྣམ་པར་མི་རྟོག་
པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་བསྒོམ་པར་བྱའོ། །དེས་འབྲས་བུ་ཡང་དག་པ་སྟོང་པ་ཉིད་ཅེས་བྱ་བ་བདེ་བ་ཆེན་པོ་རྙེད་པར་འགྱུར་རོ། །ཇི་སྐད་དུ། དེ་ཁོ་ན་ཉིད་ཀྱི་རྒྱུད་ལས། སྟོང་ཉིད་བསྒོམས་པས་དེ་ཉིད་འཐོབ། །སྤྲོས་བཅས་རྣམ་པར་རྟོག་པ་ཡིས། །འབྲས་བུ་
དེ་བཞིན་མ་ཡིན་ཏེ། །རྟོག་པས་རྟོགས་པ་སྐྱེ་བར་འགྱུར། །ཞེས་པ་དང་། གླེང་གཞིའི་རྒྱུད་ལས་ཀྱང་། རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ནས། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་གསུངས་

པས་ན། རྟོག་པ་ཅན་བསྒོམས་པས་བྱ་བ་མེད་དེ་རྣམ་པར་མི་རྟོག་པ་བསྒོམ་མོ་ཞེས་སོ། །འདིར་དེའི་དོན་གསལ་བར་བྱའོ། །འདིར་རྟོག་པ་ཡིན་ན་དངོས་པོའི་རྟོག་པས་འབྲས་བུ་དེ་བཞིན་ནོ། །ཇི་ལྟར་འོ་མ་སྦྲུལ་གྱི་དུག་ཡིན་ཡང་། མི་ལ་སོགས་
པའི་དེ་བཞིན་མ་ཡིན་ནོ། །དེ་བཞིན་འདོད་ཆགས་ལ་སོགས་པ་ཡང་བསམ་པའི་ཁྱད་པར་ལས། ཁྱད་པར་ཅན་གྱི་འབྲས་བུར་བྱེད་པར་འགྱུར་རོ། །དེ་བས་འདིར། རྟོག་པ་མིན་པའི་དོན་གསུངས་པ། །ཆགས་པའི་འདོད་ཆགས་རྣམ་དག་བྱེད། །ཅེས་བྱ་བ་ལ་སོགས་པ་ལས།
ཆགས་པ་ནི་རྟོག་པའི་ཡུལ་ཕྱིན་ཅི་ལོག་པ་སྟེ། བུད་མེད་ཀྱི་དངོས་པོ་དང་། གཟུགས་དང་སྒྲ་ལ་སོགས་པ་ལ་ལྟ་ཞིང་མཐོང་བ་ལ་སོགས་པའོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ལ་སོགས་པའི་རྟོག་པ་ལ་ཞེན་ཅིང་ཆགས་པ་ནི་འདོད་ཆགས་ཡིན་ཏེ།
འདོད་པས་བདག་གི་དབང་དུ་བྱས་ནས་མི་གཏོང་བའོ། །རྣམ་དག་ཅེས་བྱ་བ་ནི་དེ་འདིར་དག་པར་འགྱུར་ཏེ། ཐ་མལ་པའི་སྤྱོད་པ་དང