Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 7

Văn bản gốc(Tây Tạng)

Trang 1 / 20 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཤྲཱི་སམྤུ་ཊ་ཏནྟྲ་རཱ་ཛ་ཊཱི་ཀ་ཨ་མ་ནཱ་ཡ་མཉྫ་རི་ནཱ་མ། བོད་སྐད་དུ། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་མན་
ངག་གི་སྙེ་མ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྒེག་མོའི་
དགའ་བ་ཤིན་ཏུ་མང་དང་གཉིས་སུ་མེད་པའི་སྐུ་ཡིས་འགྲོ་རྣམས་ཀྱི། །མུན་པའི་ཚོགས་རྣམས་ནུབ་པར་མཛད་པའི་སྤྲུལ་པ་རྣམས་ཀྱིས་ནང་གི་འོད་ཟེར་འཆར་མཛད་ཀྱང་། །གང་གི་སྟོབས་ནི་
གཉུག་མའི་སྤྲོས་མེད་ཤེས་རབ་མཆོག་དང་ཐུགས་རྗེ་ཡང་དག་སྦྱོར་ཡིན་པ། །རྡོ་རྗེའི་དབང་ཕྱུག་དེ་ཡིས་ཁྱེད་ལ་ཆེན་པོའི་ས་ཡི་ཕུན་ཚོགས་རོལ་པ་མཛད་གྱུར་ཅིག །ཕལ་ཆེར་མགོན་པོ་དེ་ཡིས་
བདག །བྱིན་གྱིས་བརླབས་པས་དེ་གསུང་གི །དོན་ནི་རང་ཉིད་གསལ་སྨྲ་སྟེ། །དབུལ་པོ་ལ་ནི་མ་བཞིན་ནོ། །གཞན་ཡང་རྨི་ལམ་དུ་མཐོང་བའི། །རྡོ་རྗེ་བཙུན་མོས་བསྐུལ་བའི་ཕྱིར། །

རིན་ཆེན་ལྟ་བུའི་ཡང་དག་སྦྱོར། །སེམས་ཅན་དོན་དུ་དབྱེ་བར་བྱ། །གང་ཡང་ཡང་དག་བླ་མས་རྒྱས་མཛད་པའི། །མན་ངག་དཔག་བསམ་ལྗོན་པའི་སྙེ་མ་ནི། །འབྲས་བུའི་དགའ་སྟོན་གགས་མེད་
གྱུར་རྣམས་ཀྱིས། །འགྲོ་བ་ཚིམ་བྱའི་ཆེད་དུ་བསྐྱེད་པར་བྱ། །འདིར་ངེས་པར་བརྗོད་པར་བྱ་བ་ལ་སོགས་པ་ཐོས་པ་མེད་ན་ཕལ་ཆེར་དམ་པ་རྣམས་ཉན་པ་ལ་སོགས་པ་ལ་མི་འཇུག་པའི་ཕྱིར་ན་བརྗོད་པར་བྱ་བ་ལ་སོགས་པ་སྡུད་
པ་པོས་དོན་གྱི་ཤུགས་ཀྱིས་འཕེན་ཞིང་གསུངས་པ། འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པའོ། །འདིར་བརྟག་པ་བཅུའི་བདག་ཉིད་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ནི་རྗོད་པར་བྱེད་པའོ། །དེའི་སྟོན་པ་པོ་ནི་འབྲས་
བུའི་རྒྱུད་ཀྱི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། བརྗོད་པར་བྱ་བ་ཡང་ངོ་། །དེ་མངོན་དུ་བྱེད་པའི་རྒྱུ་ཉིད་ཀྱིས་ན་རྒྱུའི་རྒྱུད་དང་ཐབས་ཀྱི་རྒྱུད་ཀྱང་བརྗོད་པར་བྱའོ། །དེ་ལྟ་ན་ཡང་བསྟན་པར་བྱ་བ་དང་སྟོན་པ་པོའི་འབྲེལ་
པ་དང་། རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་འབྲེལ་པ་དང་། རྒྱུ་དང་འབྲས་བུའི་འབྲེལ་པ་བརྗོད་དོ། །གདུལ་བྱ་རྣམས་ཀྱིས་ཀྱང་དཔལ་ཡང་དག་པར་སྦྱོར་བའི་དོན་རྟོགས་པ་ནི་དགོས་པའོ། །རྡོ་རྗེ་ལྟ་བུ་བདེ་བ་ཆེན་པོ་རོ་

གཅིག་པ་འགྲོ་བ་ཐམས་ཅད་ལ་ཕན་པ་བྱེད་པ་འབྲས་བུ་རྡོ་རྗེ་འཆང་གི་ངོ་བོ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་དགོས་པའི་དགོས་པའོ་ཞེས་འཕངས་སོ། །དེ་སྐད་དུ་ཡང་། དགོས་པ་བསྡུས་པའི་དོན་བཅས་ཤིང་། །ཚིག་དོན་བཅས་ཤིང་མཚམས་སྦྱར་བཅས། །བརྒལ་ལེན་བཅས་པ་མདོ་ཡི་དོན། །སྨྲ་བ་
རྣམས་ཀྱིས་བརྗོད་པར་བྱ། །ཞེས་པའི་རིགས་པས་དགོས་པ་བརྗོད་པའོ། །བསྡུས་པའི་དོན་ལ་སོགས་པ་བརྗོད་པར་བྱ་སྟེ། །དེ་ལ་རབ་ཏུ་བྱེད་པ་དང་པོར་བསྐྱེད་པ་དང་རྫོགས་པའི་རིམ་པའི་བདག་ཉིད་ཅན་གྱི་རིམ་པ་གཉིས་མདོར་བསྟན་ཅིང་། གཉིས་པར་ནི་རྒྱུའི་རྒྱུད་རྫོགས་པའི་རིམ་པ་ཁོ་ན་རྒྱས་པར་བཤད་དོ། །
གསུམ་པ་དང་བཞི་པ་དག་གིས་ནི་རྫོགས་པའི་རིམ་པ་ཁོ་ན་རབ་ཏུ་རྒྱས་པར་བཤད་པས་མངོན་པར་གསལ་བར་བྱས་སོ། །ལྔ་པར་ནི་རིམ་པ་གཉིས་པོ་འདི་ཡང་དབང་བསྐུར་བ་ཁོ་ན་ལ་བསྟན་པར་བྱ་ཞིང་གོམས་པར་བྱའོ་ཞེས་རིམ་པ་གཉིས་ཀྱི་ཡན་ལག་ཏུ་དབང་བསྐུར་བ་རྣམ་པར་སྤྲོས་སོ། །དྲུག་པར་ནི་ཀུན་
རྫོབ་དང་དོན་དམ་པའི་དབང་བསྐུར་བ་ཐོབ་ཅིང་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འདོད་པས་དབང་པོ་རབ་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དངོས་ཀྱི་ཐབས་ཕྱག་རྒྱའི་རྣལ་འབྱོར་གྱི་དངོས་སུ་བའི་ཐབས་རྫོགས་པའི་རིམ་པ་བསྒོམ་པ་ཁོ་ན་ངེས་པར་བཞག་གོ། །བདུན་པ་དང་བརྒྱད་པ་དང་དགུ་པ་དང་
བཅུ་པ་དང་བཅུ་གཅིག་པ་དང་བཅུ་གཉིས་པར་དབང་པོ་འབྲིང་དང་རྟུལ་པོ་དག་གིས་རྫོགས་པའི་རིམ་པ་ནི་བསྐྱེད་པའི་རིམ་པ་རིམ་གྱིས་དང་ཅིག་ཅར་བསྒོམ་པ་སྔོན་དུ་འགྲོ་བས་བསྒོམ་པར་བྱའོ་ཞེས་རྫོགས་པའི་རིམ་པའི་དངོས་སུ་བའི་ཐབས་བསྐྱེད་པའི་རིམ་པ་བསྒོམ་པ་གསལ་བར་མཛད་དོ། །
བཅུ་གསུམ་པ་དང་བཅུ་བཞི་པ་དང་བཅོ་ལྔ་པ་དང་བཅུ་དྲུག་པར་དེ་ལྟར་རིམ་པ་གཉིས་སྒོམ་པ་པོའི་རྣལ་འབྱོར་པ་ལས་དང་པོ་པའི་མངོན་པར་འདོད་པ་སྒྲུབ་པའི་དོན་དུ་ཉེ་བར་གྱུར་པའི་རྣལ་འབྱོར་མ་རྣམས་ཀྱི་བརྡ་ཡོངས་སུ་ཤེས་པའི་ཆེད་དུ་ཐབས་ཀྱི་ཡན་ལག་ངག་གི་བརྡ་ལ་སོགས་པ་རྣམས་
གསུངས་སོ། །བཅུ་བདུན་པར་བརྡ་ཤེས་པ་རྗེས་སུ་གཟུང་བའི་དོན་དུ་གནས་པ་ལ་སོགས་པ་འདུ་བའི་གནས་གསུངས་སོ། །བཅོ་བརྒྱད་པར་དེར་འདུས་པའམ་གཞན་གྱིས་རིམ་པ་གཉིས་བསྒོམས་པས་ཐབས་ཀྱི་ཡན་ལག་རྣམ་པར་དག་པ་ཁོ་ནའི་ཡུལ་ལོངས་སྤྱོད་པའི་དོན་དུ་རིམ་

པ་གཉིས་དང་ཕུང་པོ་ལ་སོགས་པ་རྣམ་པར་དག་པ་གསལ་བར་མཛད་དོ། །བཅུ་དགུ་པ་དང་ཉི་ཤུ་པར་རྣམ་པ་དེ་ལྟ་བུའི་ཡང་སྤྱོད་པ་མེད་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མ་ཡིན་ནོ་ཞེས་པས་ཀུན་དུ་བཟང་པོའི་སྤྱོད་པ་གསལ་བར་མཛད་དོ། །ཉི་ཤུ་རྩ་གཅིག་པ་དང་ཉི་ཤུ་
རྩ་གཉིས་པར་དེའི་རྗེས་སུ་རབ་ཏུ་བྱེད་པ་གསུམ་པར་གསུངས་པའི་རྫོགས་པའི་རིམ་པ་དང་རྩའི་གནས་ཀྱི་ཁྱད་པར་རྣམ་པར་གཞག་པ་ཡང་ལེགས་པར་གཞག་པར་མཛད་དོ། །ཉི་ཤུ་རྩ་གསུམ་པ་དང་རྩ་བཞི་པར་ནི་རྫོགས་པའི་རིམ་པ་འདི་ལྟར་བསྒོམ་པའི་དོན་དུ་ཕྱི་རོལ་གྱི་དཀྱིལ་འཁོར་དང་སྦྱིན་སྲེག་ལ་
སོགས་པར་འཛིན་པས་སླུ་བ་ལས་གྲོལ་བའི་ཆེད་དུ་རྫོགས་པའི་རིམ་པའི་དཀྱིལ་འཁོར་དང་སྦྱིན་སྲེག་དང་མཆོད་པ་ལ་སོགས་པ་རྒྱས་པར་བསྟན་ཏོ། །ཉི་ཤུ་རྩ་ལྔ་པ་དང་རྩ་དྲུག་པ་དང་རྩ་བདུན་པ་དང་རྩ་བརྒྱད་པར་སྔར་བཤད་པའི་བརྡ་དང་ལྟ་སྟངས་བཞི་པོ་རྣམས་དང་ལས་རབ་འབྱམ་ཡང་ཐབས་ཀྱི་ཡན་ལག་ཉིད་ཀྱི་
ཕྱིར་ན་རབ་ཏུ་སྤྲོས་སོ། །ཉི་ཤུ་རྩ་དགུ་པར་ནི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་རང་བཞིན་བསྟན་ཏོ། །སུམ་ཅུ་པར་བགྲང་ཕྲེང་ལ་སོགས་པའོ། །སུམ་ཅུ་རྩ་གཅིག་པར་འཕོ་བའོ། །སུམ་ཅུ་རྩ་གཉིས་པར་ཐབས་ཀྱི་ཡན་ལག་ཉིད་ཀྱིས་ན་སྔགས་རྣམས་བསྡུས་སོ། །སུམ་ཅུ་རྩ་གསུམ་པར་ནི་རྫོགས་པའི་
དཀྱིལ་འཁོར་བསྒོམས་པས་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན་གྱི་བལྟམས་པ་དང་། བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་རྣམ་པར་འཕྲུལ་པ་རྣམས་ཀྱིས་སྐྱེ་བ་བསྟན་ཏོ། །སུམ་ཅུ་རྩ་བཞི་པར་ནི་བགེགས་ཉེ་བར་ཞི་བ་ལ་སོགས་པའི་དོན་དུ་ཐབས་ཀྱི་ཡན་ལག་གཏོར་མ་གསུངས་སོ། །སུམ་
ཅུ་རྩ་ལྔ་པར་ནི་ཐབས་ཀྱི་ཡན་ལག་ཐང་སྐུ་དང་གླེགས་བམ་དག་གོ། །སུམ་ཅུ་རྩ་དྲུག་པར་ནི་སྔར་གསུངས་པའི་གནས་ལ་སོགས་པ་རྣམས་སུ་ཚོགས་ལ་འདུ་བ་ན་རྣལ་འབྱོར་པའི་རོལ་མོ་ལ་སོགས་པ་གསུངས་སོ། །སུམ་ཅུ་རྩ་བདུན་པར་ནི་དེ་ལྟར་ཞུགས་པ་བསྒོམ་པ་དང་མ་བྲལ་བ་ལ་ཕྱི་རོལ་གྱི་ཕྱག་
རྒྱ་མེད་པར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མ་ཡིན་ནོ་ཞེས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དངོས་སུ་བའི་ཐབས་རིགས་ཀྱི་སྒེག་མོ་བསྟེན་པ་ངེས་པར་བྱས་སོ། །སུམ་ཅུ་རྩ་བརྒྱད་པར་ནི་དེ་ལྟར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དུས་སུ་རྣལ་འབྱོར་ཅན་གྱི་དབང་ཕྱུག་གི་གཙུག་གི་ནོར་བུ་ལ་བསྙེན་བཀུར་

བླ་ན་མེད་པ་གསུངས་སོ། །སུམ་ཅུ་རྩ་དགུ་པར་ནི་རང་གི་དོན་ཕུན་སུམ་ཚོགས་པར་ལྡན་པའི་བཅོམ་ལྡན་འདས་འདིའི་རང་གི་ངོ་བོའི་ཁྱད་པར་དང་སྒྱུ་མའི་རྣམ་པར་འཕྲུལ་པ་སུམ་ཅུ་རྩ་གསུམ་པར་མདོར་བསྟན་པ་རྒྱས་པར་བསྟན་ཏོ། །བཞི་བཅུ་པར་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འདི་དག་
འབྲས་བུའི་རྒྱུད་ཡིན་ཞིང་། སྐྱེས་བུའི་དོན་གྱི་མཆོག་འདི་ཐམས་ཅད་ཀྱང་རྟོག་པའི་དྲ་བ་མཐའ་དག་དྲུངས་ཕྱུང་བའི་བླ་ན་མེད་པའི་ཤེས་རབ་དང་ཐབས་བསྒོམ་པས་དམ་ཚིག་བསྟན་པ་མེད་ན་ཕུན་སུམ་ཚོགས་པ་མ་ཡིན་ཞེས་དམ་ཚིག་བསྟེན་པ་གསལ་བར་མཛད་དོ། །དེ་ལྟར་བསྡུས་པའི་དོན་གྱིས་རྒྱུད་ཀྱི་
དོན་ཐམས་ཅད་ཕུལ་དུ་བྱུང་བར་བསྟན་པའི་དོན་དུ་རྒྱུད་ཀྱི་འབྲེལ་པ་བརྗོད་ནས། འཆད་པ་པོ་དང་ཉན་པ་པོ་རྣམས་ཀྱིས་བདེ་བླག་ཏུ་འཆད་པ་དང་། གཟུང་བའི་ཆེད་དུ་མདོར་བསྡུས་པས་མངོན་པར་བརྗོད་པའི་དོན་གྱི་ཚིག་གི་དོན་བཤད་པ་ལ་སོགས་པ་གནས་སྐབས་ཇི་ལྟ་བ་བཞིན་བཤད་པར་བྱའོ། །དེ་
ལ་འདི་སྐད་ཅེས་པ་ལ་སོགས་པ་འཛུམ་པ་མཛད་དོའི་ཚིག་མཐར་ཐུག་པ་དང་པོར་གླེང་གཞི་སྟེ། འདི་ཡོད་ན་བསྟན་པ་རབ་ཏུ་འཇུག་པའི་ཕྱིར་རོ། །ཡུལ་དང་དུས་དང་སྟོན་པ་པོ་དང་འཁོར་ཚོགས་པ་ནི་བསྟན་པའི་དང་པོའི་རྒྱུ་སྟེ། དེ་རྣམས་མེད་ན་བསྟན་པ་མི་འཐད་པའི་ཕྱིར་རོ། །དེ་གསུངས་པ། དད་
ལྡན་འཇུག་པའི་ཡན་ལག་ཏུ། །སྟོན་པ་འཁོར་དང་དབང་པོ་དང་། །ཡུལ་དང་དུས་དག་ངེས་བསྟན་པ། །རང་ཉིད་ཚད་མར་གྲུབ་ཆེད་དུའོ། །ཞེས་སོ། །འདིར་རང་ཉིད་ཚད་མ་ནི་སྡུད་པར་བྱེད་པའི་འོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པ་བཞིན་ཆོས་བསྟན་
པ་དེ་ལྟར་གདུལ་བྱ་མཐའ་ཡས་པ་རྣམས་རྗེས་སུ་འཛིན་པ་ཡང་དག་པར་ཞུགས་པའོ། །ཡང་དེའི་དུས་ན་སྐལ་པ་མེད་པར་གྱུར་པའི་གདུལ་བྱ་གཞན་རྣམས་ཡོད་དེ། དེ་རྗེས་སུ་གཟུང་བའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ཁོ་ནའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུས་པའི་
བཅོམ་ལྡན་འདས་ཀྱིས། འདི་སྐད་བདག་གིས་ཐོས་པ་ཞེས་བྱས་ནས་ངའི་ཆོས་བསྡུ་བར་བྱའོ་ཞེས་ཆོས་ཡང་དག་པར་སྡུད་པའི་མདོར་གསུངས་ཏེ། དེས་ན་སྡུད་པར་བྱེད་པས་དེ་བཞིན་ཁོ་ནར་བསྡུས་སོ། །འདིར་སྡུད་པ་པོ་ནི་སུ་ཡིན་ཞེ་ན། མིང་ངེས་པར་བྱེད་པ་འདིས་ཅི་བྱ་སྟེ། བཅོམ་

ལྡན་འདས་ཀྱིས་བཀའ་གནང་བ་ཁོ་ནས་དེས་བརྗོད་པའི་ཕྱིར་འདིར་ནི་བཅོམ་ལྡན་འདས་ཁོ་ནའི་གསུང་སྟེ། སྡུད་པར་བྱེད་པ་ནི་རྗེས་སུ་བརྗོད་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་རྒྱུད་རྣམས་སུ་མཐའ་མར་ཡང་སྡུད་པ་པོའི་མིང་མ་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་འཁོར་ཆེན་པོར་
གཏད་པའི་ཁུར་ཡིན་པ་ཉིད་ཀྱི་ཕྱིར་ན་ཐམས་ཅད་ཀྱིས་སྨྲ་བར་བྱ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་སྟོན་པ་པོ་ལས་ཇི་སྐད་ཐོས་པ་བཞིན་དུ་གཅིག་གིས་སྨྲ་བར་བྱེད་ཅིང་། དེ་ལས་གཞན་པ་དེ་ལ་ཤེས་པ་དང་ལྡན་པ་རྣམས་ཀྱང་དེའི་རྗེས་སུ་སེམས་པར་བྱེད་དོ་ཞེས་པས་ན་བསྡུ་བར་བརྗོད་པར་བྱའོ། །འདིར་
ཞུ་བ་པོ་ཡིན་པ་ཉིད་ཀྱི་ཕྱིར་རྡོ་རྗེ་སྙིང་པོའོ་ཞེས་གསུང་ངོ་། །གཞན་ཡང་གདུལ་བྱའི་སྐྱེ་བོའི་དབང་གིས་སྟོན་པ་པོ་ཁོ་ན་སྡུད་པ་པོར་འགྱུར་རོ་ཞེས་འཆད་པར་འགྱུར་རོ། །དེ་ལ་བསྡུ་བར་བྱ་བའི་རྒྱུད་ཀྱི་དོན་མཐའ་དག་ཕྱིན་ཅི་མ་ལོག་པར་ཡིད་ལ་མངོན་དུ་བཞག་པར་འདི་སྐད་ཅེས་པའི་ཚིག་ཕྲད་འདིས་
གསལ་བར་མཛད་དོ། །དེའི་ཕྱིར་ཨེ་ཝཾ་གྱི་ཡི་གེ་འདི་རྒྱུད་ཀྱི་དོན་མཐའ་དག་གིས་དོན་དང་ལྡན་པ་བསྟན་ཏོ། །རྒྱུད་ཀྱི་དོན་ཡང་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ཀྱིས་ན་ཡི་གེ་གཉིས་ཀྱི་ཆ་ཤས་སུ་གྱུར་པས་གནས་པའོ་ཞེས་འདོམས་པར་མཛད་དོ། །ཨེ་ཝཾ་གྱི་ཡི་གེས་སྤྱིར་བཤད་ནས་ཁྱད་
པར་དུ་རྒྱས་པར་འཆད་པར་འགྱུར་བས་ན་ཟློས་པ་ཉིད་མེད་དོ། །དེ་ལྟར་ན་ཡང་འདི་ནི་ངག་ཆེན་པོ་གཅིག་ཏུ་གྱུར་པ་སྟེ། རྒྱུད་གཅིག་ཏུ་བརྗོད་དོ། །བདག་གིས་ཞེས་པ་བདག་ཉིད་ཁོ་ནས་རང་ཉིད་ཀྱིས་བཅོམ་ལྡན་འདས་ལས་ཐོས་ཀྱིས་བརྒྱུད་པས་མ་ཡིན་པའོ། །ཐོས་པ་ཞེས་པ་རྣ་བའི་རྣམ་པར་
ཤེས་པས་ཚིག་ལས་དང་ཡིད་ཀྱི་རྣམ་པར་ཤེས་པས་དོན་ལས་རྟོགས་ཀྱི། འདི་བདག་གིས་མངོན་སུམ་དུ་བྱས་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཁོ་ནས་འདིར་རྣམ་པ་ཐམས་ཅད་རྟོགས་པའི་ཕྱིར་རོ་ཞེས་ཆོས་ལ་གུས་པ་ཉེ་བར་སྟོན་ཏོ། །ཡང་ན་རྟོགས་པ་ཡང་མངོན་པའི་ང་རྒྱལ་མེད་པ་ཉིད་ཀྱིས་སྟོན་
པ་པོ་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས། ཆོས་རིན་པོ་ཆེ་ཉན་པའི་བདུད་རྩིས་མི་ངོམས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་གསན་ན། གཞན་ཕྲ་མོ་རྣམས་ཀྱིས་ལྟ་ཅི་ཞེས་བསླབ་པའི་དོན་དུ་ཐོས་པ་སྨོས་སོ། །དེ་ལྟར་སྤྱིར་ཉེ་བར་

འཕངས་ནས་ཁྱད་པར་དུ། དུས་གཅིག་ན་ཞེས་པ་ལ་སོགས་པས་གླེང་གཞི་དེ་རིམ་གྱིས་སྟོན་པར་བྱེད་དོ། །གཅིག་འདི་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དུ་མས་ཉེ་བར་ཐོབ་པ་ཚེས་དང་རྒྱུ་སྐར་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་མ་བཅད་པ་བསམ་གྱིས་མི་ཁྱབ་པའི་དུས་ཀྱི་ཁྱད་པར་འགའ་
ཞིག་གོ། །དེ་ཡང་འདིར་སྐད་ཅིག་བཞི་པའི་ངོ་བོ་ལ་དུས་ཞེས་བརྗོད་པར་བྱའོ། །དུས་གཅིག་པོ་དེར་བཅོམ་ལྡན་འདས་དེའི་བདག་ཉིད་ཀྱིས་བཞུགས་སོ་ཞེས་འབྲེལ་ཏོ། །ཡང་ན་དུས་གཅིག་ན་ཞེས་པ་སྐད་ཅིག་ལས་ཏེ། འདིས་བདག་ཉིད་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་
པའི་སྒོ་ཐོབ་པ་ཉིད་གསལ་བར་བྱེད་དོ། །ཡང་ན་དུས་གཅིག་གི་ཚེ་འདི་ཐོས་ཤིང་། གཞན་གྱི་ཚེ་གཞན་ནོ་ཞེས་པས་བདག་ཉིད་མང་དུ་ཐོས་པ་ཉིད་དུ་གསུངས་སོ། །ཡང་ན་དུས་གཅིག་ཁོ་ན་ན་འདི་ཐོས་ཀྱི་གཞན་གྱི་ཚེ་ནི་མ་ཡིན་པས་ན། རྒྱུད་སྡེ་རིན་པོ་ཆེ་འདི་རྙེད་པར་དཀའ་བ་ཉིད་
དུ་རྟོགས་པར་བྱེད་དོ། །འདིས་བདུད་བཞི་པོ་གཞོམ་པར་བྱ་བས་ན་བཅོམ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བརྗོད་དོ། །དེ་རྡོ་རྗེ་རྩེ་མོར་གསུངས་པ། ཉོན་མོངས་བདུད་སོགས་འཇོམས་པའི་ཕྱིར། །འཇོམས་པ་བཅོམ་པ་ཞེས་བརྗོད་དོ། །ཤེས་རབ་ཀྱིས་གཞོམ་ཉོན་
མོངས་དེ། །དེ་ཕྱིར་ཤེས་རབ་བཅོམ་པར་བརྗོད། །ཡང་ན་འདི་རྣམས་ཀྱིས་སྐལ་བར་བྱེད་དོ་ཞེས་པ་སྐལ་བ་སྟེ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་རྣམས་སོ། །གང་གསུང་བར་འགྱུར་བ་དབང་ཕྱུག་དང་ནི་ཞེས་པ་ལ་སོགས་པའོ། །སྐལ་པ་དེ་འདི་ལ་ཡོད་པས་བཅོམ་ལྡན་ནོ། །ཡང་ན་
མི་མཐུན་པའི་ཕྱོགས་བདུད་བཞི་རྣམས་བཅོམ་པས་ན་བཅོམ་ལྡན་ཏེ། ངེས་པའི་ཚིག་གིས་ན་ཕྱིས་པའོ། །ཐམས་ཅད་ཀྱང་དེ་རྣམས་ཡིན་ཞིང་། ཆོས་རྣམས་ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བ་དེ་བཞིན་ཉིད་ནི་དེ་བཞིན་ཏེ། དེ་གཤེགས་ཤིང་རྟོགས་པ་རྣམས་ཀྱང་ངོ་། །དེ་
བཞིན་ཉིད་ལས་བྱོན་པ་ཡང་སྟེ། འགྲོ་བའི་དོན་དུ་སྤྲོ་བར་བྱེད་པའི་ཕྱིར་རོ། །གཞན་རྣམས་ལ་དེ་བཞིན་ཁོ་ནར་གསུང་ངོ་ཞེས་པ་ངེས་པའི་ཚིག་གིས་སྒྲུབ་པས། དེ་བཞིན་གཤེགས་པ་རྣམས་ཀྱང་ངོ་། །དེ་རྣམས་ཀྱི་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་བདག་ཉིད་སྐུ་

དང་གསུང་དང་ཐུགས་རྣམས་སོ། །དེ་རྣམས་ཀྱི་དེ་རྣམས་ཁོ་ན་ནི་སྙིང་པོ་སྟེ། དེ་རོ་གཅིག་པ་རྡོ་རྗེ་འཛིན་པའོ། །དེ་རྣམས་དེ་ལས་བྱུང་བའི་ཕྱིར་དང་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །གླེགས་བམ་ཁ་ཅིག་ལ་སྙིང་པོ་ཞེས་ཀློག་པ་མེད་དེ། འབྲི་མཁན་གྱི་སྐྱོན་
ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་ཁོ་ནས་སྙིང་པོའི་སྒྲ་འདིར་ཉེ་བར་བླངས་པ་ནི་རབ་ཏུ་བྱེད་པ་བཞི་པར་འཆད་པར་འགྱུར་རོ། །དེ་ཉིད་ནི་རྡོ་རྗེ་སྟེ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ལ། དེ་ཉིད་བཙུན་མོ་སྟེ་བླ་ན་མེད་པའི་དགའ་བའི་རྒྱུ་ཉིད་ཀྱི་ཕྱིར་ན། རྡོ་རྗེ་སྙེམས་མ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་བདག་ཉིད་དེ། དེའི་དེ་ཁོ་ན་ཡང་བྷ་ག་ཆོས་འབྱུང་སྟེ། དེ་ཡོངས་སུ་གྱུར་པ་ཉིད་ཀྱི་ཕྱིར་དང་དེའི་རང་བཞིན་ཉིད་ཀྱི་ཕྱིར་ཏེ། དེ་སྐད་དུ་ཡང་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་དུ་གསུངས་པ། བྷ་ག་བཅོམ་ལྡན་སངས་རྒྱས་ཏེ། །དེས་ན་འདོད་ཆགས་སུན་མི་དབྱུང་། །
ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་ཟུར་གསུམ་པ། བྷ་གའི་བདག་ཉིད་ཅན་སྟོབས་བཅུ་ལ་སོགས་པའི་ཆོས་འབྱུང་བ། འཁྱུད་པའི་བརྟེན་པར་བྱ་བ་ལྷ་མོའི་པད་མ་ཞེས་བྱ་བ་རྟེན་གྱི་ངོ་བོ་ལ་བཞུགས་སོ། །མང་པོའི་ཚིག་ནི་
རྡོ་རྗེ་སྙེམས་མ་ནི་བཙུན་མོ་ཐམས་ཅད་བསྡུས་པའི་རྣམ་པ་ཅན་ཉིད་ཀྱི་ཕྱིར་དང་། གདུལ་བྱའི་དབང་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཐམས་ཅད་ཀྱི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་སོ་སོའི་ནང་དུ་འཇུག་པའི་ཆོས་འབྱུང་གི་ནང་ལ་གནས་པའི་
སྣ་ཚོགས་པདྨ་དང་རྡོ་རྗེ་ལ་གནས་པའི་རྡོ་རྗེ་ནོར་བུའི་རྩེ་མོ་ཅན་ཁང་པ་བརྩེགས་པར་བཞུགས་པའི་རྡོ་རྗེ་འཛིན་པ་ཆེན་པོའི་དཀྱིལ་འཁོར་ཉེ་བར་སྟོན་པའི་ཕྱིར་ཡང་ངོ་། །འདིར་རྟེན་གྱི་བདག་ཉིད་ལ་ཁང་པ་བརྩེགས་པ་མ་གསུངས་པ་ཉིད་ན་ཡང་བྷ་ག་ན་གནས་པའི་ཁང་པ་བརྩེགས་པར་
ཞེས་དོན་གྱིས་ཏེ། དཔེར་ན་གྲོང་ཁྱེར་ན་ཕྱུག་པོ་གནས་སོ་ཞེས་པ་གྲོང་ཁྱེར་ན་གནས་པའི་ཁང་བཟངས་ནའོ་ཞེས་དོན་གྱིས་ཡིན་པ་བཞིན་ནོ། །དེ་ལྟར་མ་གསུངས་པ་ནི་དོན་གཞན་བསྡུ་བའི་དོན་དང་། བདེ་བ་ཆེན་པོའི་ས་གཞི་གཙོ་བོ་ཉིད་དུ་ཉེ་བར་བསྟན་པའི་དོན་དུའོ། །ཁང་པ་

བརྩེགས་པ་ཡང་དེ་དང་རོ་གཅིག་པ་ཁོ་ན་ཡིན་པས་སོ། །ཡང་ན་ནང་གི་བདག་ཉིད་ཅན་ས་ལ་སོགས་པའི་རང་བཞིན་སྤྱན་མ་ལ་སོགས་པའི་བཙུན་མོའི་བྷ་ག་རྣམས་ཏེ་ཆོས་འབྱུང་དང་སྤྲུལ་པ་ལ་སོགས་པའི་པདྨ་རྣམས་ཏེ་དེ་རྣམས་སུ་བཞུགས་སོ། །བཞུགས་སོ་ཞེས་པ་ནི་རྣམ་པ་སྣ་ཚོགས་
པའི་ཐབས་ཅན་གྱི་སྐུ་དང་གསུང་དང་ཐུགས་རྣམས་ཀྱིས་མོས་པ་སྣ་ཚོགས་པ་གདུལ་བྱའི་སེམས་ཅན་གྱི་ཡིད་ཕྲོགས་ཏེ་ཨ་ཝརྫི་ཏ་ཝན་ཀུན་ནས་འདུན་པར་མཛད་པ་གང་གི་ཚེ་ཡིན་པ་དེའི་ཚེ་དེ་ལས་དེར་བདག་གིས་ཐོས་སོ་ཞེས་སྔ་མ་དང་སྦྲེལ་ལོ། །གནས་པར་མཛད་དོ་ཞེས་མ་བརྗོད་པ་ནི་
དེ་ཁོ་ན་ཉིད་དུ་ན་བཅོམ་ལྡན་འདས་གང་དུ་ཡང་མི་གནས་པའི་ཕྱིར་རོ། །གང་གསུང་བར་འགྱུར་བ། བྷ་ག་དེར་དེ་བཞིན་གཤེགས་པ་མཐའ་དག་བཙུན་མོ་དང་བཅས་པ་གནས་སོ་ཞེས་པ་དེར་ནི། དུས་ཀྱི་མཚམས་མེད་པར་གནས་ཞེས་མངོན་པར་དགོངས་སོ། །དེ་ལྟར་གྱུར་པའི་
ཡུལ་གསུམ་དུ་བཅོམ་ལྡན་འདས་བཞུགས་པ་བསྟན་པས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ལྷན་ཅིག་སྐྱེས་པའི་སྐུ་ལ་གསལ་བར་རྟོགས་པར་བྱ་སྟེ། སྐུ་དེ་ཁོ་ནས་ཀྱང་རྒྱུད་བསྟན་པས་ཡང་དེ་དང་རོ་གཅིག་པར་བསྟན་ཏོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་
དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྟེ་ཐུགས་རྗེ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཁོ་ན་སྟེ། དེའི་བཙུན་མོ་ཕྱག་རྒྱ་ཆེན་མོ་བཅོམ་ལྡན་འདས་མ་ཤེས་རབ་ཆེན་མོ་ཀུན་དུ་བཟང་མོའི་མིང་གཞན་ཅན་ནོ། །དེའི་བྷ་ག་ནི་སྟོང་
པ་ཉིད་དོ། །བཅོམ་ལྡན་འདས་དེ་དེར་བཞུགས་ཏེ་དེའི་བདག་ཉིད་དུ་གྱུར་ནས་རོ་གཅིག་པའི་རང་བཞིན་གྱིས་ཏེ། དབྱེ་བ་མཐའ་དག་གི་མཆོག་ཏུ་འཛིན་པ་མེད་པའི་ཕྱིར་འཁོར་བའི་བར་དུ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་དང་
རྣལ་འབྱོར་པ་དང་རྣལ་འབྱོར་མ་དང་མཁའ་འགྲོ་དང་མཁའ་འགྲོ་མ་དང་ཕྱག་རྒྱ་དང་དཀྱིལ་འཁོར་དང་སྔགས་བྱེ་བ་ཕྲག་རྣམས་དང་ལྷན་ཅིག་ཏུ་རྣམ་པར་རྟོག་པ་མེད་ཀྱང་སྔོན་གྱི་འཕེན་པའི་ཤུགས་ཀྱི་དབང་ལས་སེམས་ཅན་རྣམས་ཐམས་ཅད་ལ་ཅི་བྱ་ཞེས་སྨྲ་བའི་ཚུལ་གྱིས་གནས་པའོ་

ཞེས་པའི་དོན་ཏེ། ཇི་སྐད་དུ་གསུངས་པ། ཡིད་བཞིན་ནོར་བུ་ལྟར་རྟོག་པའི། །རླུང་རྣམས་ཀུན་གྱིས་བསྐྱོད་བྱ་མིན། །དེ་ལྟར་གནས་ཀྱང་སེམས་ཅན་གྱི། །རེ་བ་མ་ལུས་རྫོགས་པར་མཛད། །ཅེས་པ་དང་། འཁོར་ལོ་འཁོར་བའི་སྦྱོར་བ་ཡིས། །བྱ་བ་
མེད་པའི་སྐྱོབ་པ་ལའང་། །འདུ་བྱེད་འཕེན་པའི་ཤུགས་ལས་ནི། །བསྟན་པ་ཡང་དག་རབ་འཇུག་བྱེད། །ཅེས་སོ། །གང་ཡང་འདིར་ཨེ་ཝཾ་གྱི་ཡི་གེ་ལ་སོགས་པའི་དོན་གཞན་ཡང་འདིར་དང་རྒྱུད་གཞན་རྣམས་སུ་གསུངས་པ་ནི་བསྟན་པ་གཞན་ཁོ་ན་ཡིན་ཅིང་གདུལ་བའི་
སྐྱེ་བོ་རྣམས་ཀྱིས་གཟུངས་ཐོབ་པའི་དོན་དུ་སྟེ། ཡི་གེ་གཅིག་ཏུ་དོན་གྱི་ཕུང་པོ་ཆེན་པོ་འཕངས་ནས་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་དེ་རྣམས་དོན་ཆེན་པོ་ཉིད་ཀྱིས་མཆོག་ཏུ་བཀྲ་ཤིས་པ་ཉིད་ཀྱིས་ན་རྒྱུད་ཀྱི་དང་པོར་ཉེ་བར་བསྟན་ཏོ་ཞེས་ཀྱང་གསལ་བར་བྱས་པར་འགྱུར་རོ། །འདིར་
དེ་བརྗོད་པ་པོ་ཉིད་ཀྱིས་ན་འདི་རྣམས་སྡུད་པ་རུ་འཐད་པ་ནི་མ་ཡིན་ཏེ་ཕན་ཚུན་འབྲེལ་པ་མི་འཐད་པའི་ཕྱིར་རོ། །དོན་དེ་ཡང་ངག་གཞན་རྣམས་སུ་ཉེ་བར་དམིགས་པར་བྱ་བའོ་ཞེས་པ་འདིར་རྣམ་པར་བཤད་པའི་འབད་པས་ཅི་བྱ། དེ་ལྟར་དུས་དང་ཡུལ་དང་སྟོན་པ་པོ་ཕུན་སུམ་
ཚོགས་པ་གསུངས་སོ། །འཁོར་ཕུན་སུམ་ཚོགས་པ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་དབུས་སུ་ཞེས་སོ། །རྣལ་འབྱོར་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའོ། །དེ་ལ་དབང་ཕྱུག་ནི་དབང་འབྱོར་བ་སྟེ།
དེ་ཐོབ་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཏེ། ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སོ། །མང་པོ་ཉིད་དུ་ཉེ་བར་མཚོན་པ་ཉིད་ཀྱིས་ན་རིགས་མཐུན་པ་རྣམས་ལས་རྡོ་རྗེ་སྙིང་པོ་ངེས་པར་གཟུང་བའི་དོན་དུ་དང་པོར་བསྟན་གྱི། འཁོར་འདི་རྣམས་
ཁོ་ན་ཙམ་ནི་མ་ཡིན་ཏེ། དེ་རྣམས་མཐའ་ཡས་པ་ཉིད་ཀྱི་ཕྱིར་རོ། །གང་མཇུག་ཏུ་གསུང་བར་འགྱུར་བ། དེ་ནས་རྣལ་འབྱོར་པ་དང་རྣལ་འབྱོར་མ་དང་མཁའ་འགྲོ་དང་མཁའ་འགྲོ་མ་དང་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་དང་དེ་བཞིན་གཤེགས་པའི་ཚོགས་རྣམ་པ་དུ་མ་སྟེ་

ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཞེས་སོ། །བཅོམ་ལྡན་འདས་གཞན་གྱི་སེམས་མཁྱེན་པ་ཉིད་ཀྱིས་ཡང་དག་པར་སྦྱོར་བ་ཉན་པའི་སྐལ་བ་དང་ལྡན་པར་འཁོར་རྣམས་རྟོགས་ཤིང་། རྡོ་རྗེ་སྙིང་པོ་གསོལ་བ་འདེབས་པར་ནུས་པར་གཟིགས་ནས། མ་བསྐུལ་བར་
གསོལ་བ་འདེབས་པ་པོ་མེད་དོ་ཞེས་པས་ན་བསྐུལ་བར་དགོངས་པས། རྒྱུད་ཀྱི་རྒྱལ་པོའི་དོན་འདི་ནི་མགོ་སྨོས་པས་ཤེས་པ་ཁོ་ནའི་སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་ལོ་ཞེས་གསལ་བར་བྱེད་ཅིང་འཛུམ་པ་མཛད་དོ། །མགོ་སྨོས་པས་གོ་བ་ཉིད་ཀྱིས་དགོངས་པ་དེ་རྟོགས་ནས་
རྡོ་རྗེ་སྙིང་པོས་གསོལ་བ་འདེབས་པར་ཞུགས་སོ་ཞེས་སྟོན་ཏོ། མཛད་མ་ཐག་ཏུ་ནི་བར་མ་ཆད་པར་རོ། །སྟན་ལས་ཏེ་ཟླ་བའི་དཀྱིལ་འཁོར་ལས་སོ། །ས་ལ་ཞེས་པ་ནི་སྟན་ལ་མ་ཡིན་པའོ། །འདི་ཡང་མ་འོངས་པ་རྣམས་ལ་ཡང་གསོལ་བ་འདེབས་པ་སློབ་པའོ། །གསོལ་
བ་འདེབས་པ་གསུངས་པ། ཉན་པར་ཞེས་བྱ་བ་ལ་སོགས་པའོ། །ཡེ་ཤེས་ཀྱི་དབང་པོ་ཞེས་པ་ལ་ཡེ་ཤེས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་མ་ལུས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པ་ཕུན་སུམ་ཚོགས་པས་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་བྱང་ཆུབ་
པ་རྟོགས་པ་ཕུན་སུམ་ཚོགས་པ་སྟེ། དེ་ལ་དབང་པོ་ནི་མཆོག་ཏུ་དབང་ཐོབ་པའོ། །ཡང་ན་མཆོག་གི་དབང་ཕྱུག་ཐོབ་པ་དེས་སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པ་སྟོན་པ་པོའི་ཚོགས་ཀྱི་གཙུག་གི་ནོར་བུ་ཉིད་ཀྱིས་ན་དབང་པོའོ། །ཡང་ན་མེ་ལོང་ལྟ་བུ་ལ་
སོགས་པའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱིས་ན་ཡེ་ཤེས་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་རྣམས་ཡིན་ལ། དེ་རྣམས་ཀྱི་དབང་པོ་བདག་པོ་སྟེ། དེ་སྐྱེད་པ་པོ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་བདག་ལྟ་བུ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་སྟོན་པ་ནི་ཁྱོད་ཁོ་ནའོ་
ཞེས་པའི་བསམ་པ་ནི་གསོལ་བ་འདེབས་པ་པོ་ཡེ་ཤེས་ཀྱི་དབང་པོ་ཞེས་བོད་པ་པོའི་འོ། །ཨེ་མའོ་རྡོ་རྗེ་སྙིང་པོ་དྲིས་ཤིག་ཅེས་པ་ཚིག་ཡོངས་སུ་བསྒྱུར་བས་འདྲི་བར་འདོད་པས་ཞེས་སྦྲེལ་ལོ། །ཨེ་མ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་ཀྱང་སྦྲེལ་བར་བྱའོ། །མགོ་སྨོས་

པས་གོ་བ་ཉིད་ཀྱིས་མཉན་པར་འོས་པ་དང་རྗེས་སུ་མཐུན་པའི་ཉན་པ་པོ་རྡོ་རྗེ་སྙིང་པོ་ལ་སོགས་པ་རྣམས་ངོ་མཚར་གྱི་སྤྱོད་ཡུལ་ཉིད་ཀྱི་ཕྱིར། ཨེ་མ་ཞེས་ངོ་མཚར་བར་བྱས་ནས་བོད་པའོ། །རྡོ་རྗེ་སྟོང་པ་ཉིད་ཡེ་ཤེས་སྙིང་པོ་ནང་དུ་བྱས་པ་འདིའི་ཡིན་པ་ཞེས་པ་རྡོ་རྗེ་སྙིང་པོའོ། །
དེ་ལྟར་ཤེས་རབ་ཕུན་སུམ་ཚོགས་པ་བཤད་ནས་ཐུགས་རྗེ་ཕུན་སུམ་ཚོགས་པ་གསུངས་པ། བརྩེ་བ་ཆེན་པོ་ལེགས་སོ་ལེགས་སོ་ཞེས་པ་སྟེ། སྙིང་རྗེ་ཆེན་པོ་ནི་ཤིན་ཏུ་ལེགས་པ་ཉིད་ཀྱི་ཕྱིར་ལེགས་སོ་ལེགས་སོ་ཞེས་གསུངས་སོ། །བདག་ཅག་ནི་འདིར་ཟབ་མོའི་ཆོས་ལ་སྐལ་པ་མེད་པའི་ཕྱིར་
བཅོམ་ལྡན་འདས་ཀྱིས་མ་བོས་ཞེས་དོགས་པས་སོ་སོའི་སྐྱེ་བོ་ཉན་པ་པོའི་བསམ་པ་སྒྱིད་ལུག་པ་བསལ་བའི་ཆེད་དུ་བོད་པར་བྱེད་པ་ནི་ཆེན་པོ་ཞེས་པ་སྟེ། ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལས་ཆེ་བའི་བྱང་ཆུབ་ལ་སེམས་དཔའ་སྟེ། བསམ་པ་འདི་རྣམས་ཀྱི་ཡིན་པ་ཞེས་པས་བྱང་ཆུབ་སེམས་
དཔའ་ཆེན་པོ་རྣམས་སོ། །ཡོན་ཏན་རྣམས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ཏེ་དེ་རྣམས་ཀྱི་འབྱུང་གནས་ནི་རྟེན་རྣམས་སོ། །ཚིག་གཉིས་པོས་ནི་འདི་རྣམས་ཀྱི་ཤེས་རབ་དང་ཐུགས་རྗེའི་རང་བཞིན་ཉིད་གསུངས་སོ། །དེ་ལྟར་ཤེས་རབ་དང་ཐབས་གསལ་བར་གྱུར་པ་
ཉིད་ཀྱིས་ཁྱེད་ཀྱང་འདི་ཉན་པར་དབང་བའོ་ཞེས་གསལ་བར་བྱས་སོ། །དེ་ལྟར་གྱུར་པ་ཁོ་ནའི་གཞན་རྣམས་ཀྱང་འདི་ལ་དབང་བའོ་ཞེས་ཀྱང་བསྟན་པར་འགྱུར་རོ། །རྒྱུད་ཐམས་ཅད་ལ་ཞེས་པ། དེ་རྣམས་ལ་ཡོད་པའི་གསང་ཆེན་ཡང་འདིར་དོགས་པ་མེད་པ་ཉིད་དུ་བརྗོད་པར་འགྱུར་བ་
ཉིད་ཀྱི་ཕྱིར་རོ། །གསང་ཆེན་རྣམ་པ་མང་པོ་བཤད་པར་བྱ་བ་ཉིད་ཀྱིས་ན་གསུངས་པ། དེ་ཐམས་ཅད་ཅེས་པའོ། །བླ་ན་མེད་པའི་ཆོས་ཉན་པར་རུང་བ་ཉིད་ཀྱིས་བསྔགས་པའོ། །རབ་ཏུ་དགའ་ཞིང་ཞེས་པ་ལ་སོགས་པ་སྟེ། རབ་ཏུ་དགའ་བ་ཁོ་ན་ལས་དྲེགས་པ་མེད་པ་ཉིད་དུ་བསྒྲུབ་
པའི་ཆེད་དུ་ཡང་ཡང་དུ་ཕྱག་བྱས་པའོ། །ཅི་ཞེས་པ་ནི་བརྗོད་པར་བྱ་བའོ། །ཅི་ལྟར་ཞེས་པ་ཚད་མའི་རྣམ་པ་དྲིས་པའོ། །ཅི་ཞེས་པ་ཆོས་རྣམས་ཐམས་ཅད་ཀྱི་ཐུན་མོང་བ་ལ་སྟེ། དེའི་རང་གི་ངོ་བོ་ཅི་ཞིག་པའོ། །ཐམས་ཅད་ཀྱི་ཡུལ་མ་ཡིན་པ་ཉིད་ཀྱིས་གསང་ཆེན་ནོ། །ཡང་

དག་སྦྱོར་བྱུང་ཞེས་པ་ནི་དང་པོའི་གཅིག་གི་ཚིག་ཕྱིས་པའོ། །ཅི་ལྟར་ཞེས་པ་རྒྱུ་དང་འབྲས་བུའི་དངོས་པོ་དྲིས་པའོ། །དེ་ལ་སྟེ་ཡང་དག་པར་སྦྱོར་བ་ལས་བྱུང་བ་ལས་སྒྲུབ་པར་བྱེད་པའི་མཚན་ཉིད་དུ་འགྱུར་བ་ཅི་ལྟར་དང་ཅི་ཞིག་པའོ། །ཐམས་ཅད་ཀྱང་དེ་ཡིན་ལ་རྒྱུད་རྣམས་ཀྱང་ཡིན་
པས་ཞེས་པ། རྒྱུད་ནི་རྒྱུན་རྣམ་པ་གསུམ་སྟེ། དེ་སྐད་དུ་ཡང་འདུས་པ་ཕྱི་མར་གསུངས་པ། རྒྱུད་ནི་རྒྱུན་ཞེས་བྱ་བར་བརྗོད། །རྒྱུན་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་རང་བཞིན་ཉིད་དང་ནི། །མི་འཕྲོགས་པ་ཡི་རབ་དབྱེ་ལས། །མདོར་བསྟན་པའི་ཚིག་རྣམས་ཀྱི་རྒྱས་པར་བསྟན་པ་
གསུངས་པ། རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ནི་ཐབས་ཞེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་སོ། །དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ནི་རང་བཞིན་དང་རྣམ་པ་ཞེས་པ་དོན་གཞན་མ་ཡིན་ཏེ་རང་གི་ངོ་བོ་ཞེས་པའི་དོན་ཏོ། །
དེ་རྒྱུ་སྟེ་ཉེ་བར་ལེན་པའི་བྱེད་པ་པོ་རྒྱུའི་རྡོ་རྗེ་འཛིན་པ་སྟེ། གང་འདི་རྣམས་ཀྱི་ཐོག་མ་མེད་པའི་བག་ཆགས་ཀྱི་དྲི་མས་མ་གོས་པ་ངོ་བོ་ཉིད་ཀྱིས་གྲུབ་པའི་སངས་རྒྱས་ཉིད་དེ་ཁོ་ན་ནི་དྲི་མ་མེད་པ་ཉིད་ཐོབ་པའི་མཚན་ཉིད་ཅན་སངས་རྒྱས་ཉིད་ཀྱི་རྒྱུའོ་ཞེས་པའི་དོན་ཏོ། །གལ་ཏེ་ཡང་ངོ་བོ་ཉིད་ཀྱིས་འདི་
རྣམས་འོད་གསལ་བར་གྱུར་པ་མ་ཡིན་ན། སོལ་བ་བཞིན་དུ་བཀྲུས་ཀྱང་དྲི་མ་མེད་པར་མི་འགྱུར་རོ། །དེ་འཕགས་པ་བྱམས་པས་གསུངས་པ། ཐམས་ཅད་ལ་ནི་ཁྱད་མེད་ཀྱང་། །དེ་བཞིན་ཉིད་ནི་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །
ཞེས་སོ། །རྒྱུ་དེ་ལས་གློ་བུར་བའི་དྲི་མ་དང་བྲལ་བ་ལས་གང་དྲི་མ་དང་བྲལ་བ་ཉིད་ཐོབ་པའི་མཚན་ཉིད་ཅན་གྱི་འབྲས་བུ་འབྲས་བུའི་རྡོ་རྗེ་འཛིན་པ་དེ་ནི་མི་འཕྲོགས་པར་བརྗོད་པར་བྱ་སྟེ། བག་ཆགས་ཀྱི་དྲི་མ་རྣམས་ཀྱིས་མི་འཕྲོགས་པ་ཉིད་ཀྱི་ཕྱིར་ཏེ། འཕྲོགས་པ་ནི་ཡང་དག་པར་
འཕྲོགས་པ་སྟེ་འགྲིབ་པའམ་སྡུད་པའོ། །དྲི་མ་མེད་པ་ཉིད་ཐོབ་པའི་ཐབས་ཏེ་ལྷན་ཅིག་བྱེད་པའི་རྐྱེན་བསྐྱེད་པ་དང་རྫོགས་པའི་རིམ་པའི་ངོ་བོ་ནི་གཞི་ཞེས་བརྗོད་པར་བྱ་སྟེ། དེ་ལ་བརྟེན་ནས་སྐྱེ་བ་དང་གནས་པའི་ཕྱིར་ན་མྱུ་གུའི་ས་གཞི་བཞིན་ནོ། །ཐབས་དེ་ཡང་དངོས་སུ་བ་

ནི་ཕྱག་རྒྱ་ཆེན་པོ་འགྲུབ་པའི་དུས་སུ། ཕྱག་རྒྱའི་རྣལ་འབྱོར་ལས་འཆད་པར་འགྱུར་བའི་རྗེས་སུ་བསྒྲུབ་པ་སྟེ། དེའི་ཡང་དངོས་སུ་བའི་ཐབས་རྫོགས་པའི་རིམ་པ་དང་། དེའི་ནི་བསྐྱེད་པའི་རིམ་པའོ། །དེའི་ཡན་ལག་རྣམས་ནི་ལས་རབ་འབྱམ་དང་དབང་བསྐུར་བ་ལ་
སོགས་པ་རྣམས་སོ། །དེ་ལྟར་རྒྱུའི་རྒྱུད་དང་འབྲས་བུའི་རྒྱུད་དང་ཐབས་ཀྱི་རྒྱུད་ཅེས་པ་རྒྱུད་གསུམ་རྣམས་ཀྱིས་རྒྱུད་ཀྱི་དོན་ཁྱད་པར་དུ་རྟོགས་པར་བྱ་བ་བསྡུས་སོ། །འདུས་པ་ལ་སོགས་པ་རྣམས་ཞེས་པ་ལ་འདུས་པ་ནི་བརྗོད་པར་བྱ་བའི་དོན་ཏེ། དེ་ལྟར་ནི་འདུས་པ་ཕྱི་མར། སྐུ་དང་
གསུང་ཐུགས་རྣམ་པ་གསུམ། །གསང་བ་ཞེས་པར་བརྗོད་པར་བྱ། །འདུས་པ་ཚོགས་པར་རབ་བརྗོད་དེ། །སངས་རྒྱས་ཐམས་ཅད་མངོན་བརྗོད་པའོ། །ཞེས་སོ། །སྟོང་པ་ཉིད་དང་རོ་གཅིག་པའི་ཡེ་ཤེས་ཀྱི་བདུད་རྩི་ཉིད་ཀྱིས་ན། སོ་སོར་རྡོ་རྗེ་གསུམ་གྱི་རང་བཞིན་ཉིད་ཀྱི་
ཕྱིར་སྐུ་གསུང་ཐུགས་ནི་རྣམ་པ་གསུམ་མོ། །སྐལ་པ་མེད་པའི་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་གསང་བ་སྟེ་སྦ་བར་བྱ་བའོ། །སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ན་འགྲོ་བའི་དོན་གསལ་བར་གྱུར་པ་དེའི་འདུས་པ་ནི་བདེ་བ་ཆེན་པོའི་རང་བཞིན་བཅུ་གསུམ་པ་རྡོ་རྗེ་འཛིན་
པའི་ས་ལ་ཚོགས་པ་སྟེ། དེ་ཉིད་ཀྱི་ཕྱིར་དེ་སངས་རྒྱས་ཐམས་ཅད་མངོན་རྗོད་བྱེད་དུ་འགྱུར་རོ། །དེ་བཞིན་དུ་དཔལ་བདེ་མཆོག་སྟེ། ཤྲཱི་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཞིང་། ཤམ་ནི་བདེ་བ་སྟེ། ཁམས་གསུམ་ལས་འདས་པའི་ཕྱིར་མཆོག་གོ། །མཆོག་ཏུ་བདེ་བ་ཆེན་
པོ་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་སྐུ་ཅན་འཁོར་ལོས་སྒྱུར་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་གཟུགས་ཀྱི་བཀོད་པ་ལ་མཁས་པའི་སྤྱོད་པ་ཅན། བག་ཆགས་དང་བཅས་པའི་ཀུན་དུ་རྟོག་པ་མ་ལུས་པ་སོ་སོར་ནུབ་ཀྱང་ཀ་ལ་པིང་ཀའི་ལྟར་སྙན་པའི་སྒྲས་ཆོས་བསྟན་
པས་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་རྣམས་ཚིམ་པར་མཛད་ཅིང་། སྐལ་པ་ཇི་ལྟ་བར་སྤྲུལ་པ་སྣ་ཚོགས་པ་རྣམས་ཀྱིས་སའི་དབང་ཕྱུག་ལ་སོགས་པ་སེམས་ཅན་གྱི་ཕུང་པོ་མ་ལུས་པ་སྨིན་པར་མཛད་གྲོལ་བར་མཛད་པས། གནས་གཙང་མའི་སྟེང་འོག་མིན་གྱི་གནས་

སྟུག་པོ་བཀོད་པ་རྡོ་རྗེ་ནོར་བུའི་རྩེ་མོ་ཅན་ལ་སོགས་པའི་མིང་ཅན་གྱི་ཁང་པ་བརྩེགས་པར་སྲིད་པ་དང་ཞི་བ་ལ་མི་གནས་པའི་མྱ་ངན་ལས་འདས་པའི་བདག་ཉིད་ཅན་ཕྱག་རྒྱ་ཆེན་པོའི་མཚན་གཞན་ཅན་བྱང་ཆུབ་ཆེན་པོ་མངོན་དུ་མཛད་ནས་བཞུགས་པའོ། །དེ་བཞིན་དུ་ཀྱེ་རྡོ་རྗེ་སྟེ།
ཧེ་ཡིག་གིས་ནི་སྙིང་རྗེ་ཆེ། །བཛྲའང་ཤེས་རབ་བརྗོད་པར་བྱ། །སྙིང་རྗེ་ཆེན་པོ་ནི་འགྲོ་བ་མ་ལུས་པའི་དོན་བྱེད་པ་དམིགས་པ་མེད་པའི་སྙིང་རྗེ་སྟེ། དེ་ཡང་འདིར་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རང་བཞིན་ནོ། །ཤེས་རབ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ཡང་སྟོང་པ་ཉིད་དང་
རོ་གཅིག་པའི་ཕྱིར་སྟོང་པ་ཉིད་བཞིན་ཁོ་ནར་རྡོ་རྗེར་བརྗོད་པར་བྱའོ། །དེ་ལྟར་ན་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་འགྲོ་བ་མ་ལུས་པའི་དོན་བྱེད་པ་སྐུ་བཞི་པ་ཀྱེའི་རྡོ་རྗེའོ། །དེ་ལྟར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཁོ་ན་འབྲས་བུའི་བདག་ཉིད་ནི་འདུས་པ་
དང་བདེ་མཆོག་དང་ཀྱེའི་རྡོ་རྗེ་ལ་སོགས་པའི་རང་བཞིན་ཉིད་ཀྱིས་ཐམས་ཅད་དུ་བརྗོད་པར་བྱ་བ་སྟེ། ཐབས་དང་རྒྱུ་ཡང་ངོ་། །དེ་རྗོད་པར་བྱེད་པ་ཉིད་ཀྱིས་ན་དེ་ལྟར་ཐ་སྙད་དུ་བྱས་པ་ནི་གཞུང་གི་རྒྱུད་ཀྱི་ཁྱད་པར་འདུས་པ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་གླེང་གཞི་ནི་ཐོག་མའི་རྒྱུ་ཡང་
དག་པར་སྦྱོར་བ་རྒྱུའི་རྒྱུད་དེ། གང་གི་ཕྱིར་འདི་ཡོད་པ་ཁོ་ན་ན་ཐབས་ཀྱི་རྒྱུད་བྱེད་པ་པོ་འཇུག་པའི་ཕྱིར་ཏེ། རྣམ་པ་གཞན་དུ་ན་མི་རིགས་པའི་ཕྱིར་རོ་ཞེས་དེ་མ་ཐག་ཏུ་བརྗོད་ཟིན་ཏོ། །ཡང་དག་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །ངེས་
པ་ནི་ཚད་མ་དང་ལུང་གིས་གྲུབ་པའོ། །དེ་ལྟར་ན། བརྩེ་ལྡན་སྡུག་བསྔལ་གཞོམ་དོན་དུ། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་ཕྱིར་རོ། །ལུང་དང་རིགས་པས་རྣམ་དཔྱོད་པས། །སྡུག་བསྔལ་རྒྱུ་ནི་ཡོངས་སུ་
བརྟག །ཅེས་པའི་རིགས་པ་ལས། གུས་པ་དང་བཅས་པར་བར་མ་ཆད་པར་དུས་རིང་པོར་གོམས་པ་ལས་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པའི་མངོན་སུམ་སོ་སོ་རང་གིས་རིག་པར་བྱ་བས་མངོན་དུ་མཛད་པའོ། །བཅོམ་ལྡན་འདས་རྣམས་ཁོ་ནའི་མངོན་སུམ་གང་ཡིན་

པ་ནི་རྣམ་པ་ཐམས་ཅད་པའི་དེ་ཁོ་ན་ཉིད་ཀྱི་སྤྱོད་ཡུལ་ཅན་ཉིད་ཀྱི་ཕྱིར་ན། དེ་ཁོ་ན་མི་སླུ་བ་ཉིད་ཀྱིས་དེ་ཁོ་ན་ཉིད་རྣམ་པ་ཐམས་ཅད་པ་ལ་མི་འཁྲུལ་བ་དངོས་སོ། །དེས་ཆོས་རྣམས་ཐམས་ཅད་མཚན་ཉིད་མེད་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་
རབ་ཏུ་མཁྱེན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དངོས་པོ་ཉིད་དུ་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། དེ་ཡང་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་ཤིང་རང་བཞིན་མེད་པ་ཉིད་དུ་དེ་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །དེ་སྐད་དུ་ཡང་འཕགས་པ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་མངོན་སུམ་གྱི་མཚན་ཉིད་ཅན་ཏེ། དེ་ཡང་དེ་བཞིན་གཤེགས་པས་མཚན་ཉིད་མེད་པའོ་ཞེས་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་སོ། །དེའི་བསྟན་པ་མཆོག་ཏུ་ཆེ་བའི་རྗེས་
སུ་དཔག་པས་སོ། །མཐོང་དང་མ་མཐོང་བ་དག་ལ། །རིགས་པས་གྲུབ་དང་རང་ཚིག་གིས། །གནོད་མེད་བསྟན་བཅོས་གང་ཡིན་ཏེ། །གཟུང་བར་བྱ་ཞེས་པའི་རིགས་པའམ། ལུང་གིས་ཀྱང་ཚུ་རོལ་མཐོང་བ་རྣམས་ཀྱིས་ངེས་པའོ་ཞེས་པའི་དོན་ཏོ་ཞེས་པ་ནི།
འདི་གླེང་གཞིའི་སྒྲའི་ཤུགས་ཀྱིས་རྟོགས་པར་བྱ་བའི་དོན་ཏེ། ཅིག་ཤོས་ལྟར་ན་གནོད་པར་བྱས་པ་ཉིད་ཀྱིས་ན་ཡང་དག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་སྒྲུབ་པར་བྱེད་པ་མེད་པས་ན་མ་ངེས་པ་ཉིད་ཀྱི་ཕྱིར་ཅི་ལྟར་གླེང་གཞི་ཉིད་ཡིན། འདི་ཡང་ཕྱིན་ཅི་ལོག་པའི་བདག་ལ་སོགས་པར་
ལྟ་བ་ལ་མངོན་པར་ཞེན་པ་སེང་གེ་དང་འཕྲོག་བྱེད་དང་། དབྱིག་གི་སྙིང་པོ་རྣམས་ཀྱི་ཡུལ་མ་ཡིན་ཞིང་། ཉན་ཐོས་གང་ཟག་གི་བདག་མེད་པ་ཉིད་མངོན་སུམ་དུ་བྱས་པ་ཉིད་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤངས་པ་རྣམས་ཀྱི་ཡང་སྟེ། ཤེས་བྱའི་སྒྲིབ་པ་མཐའ་དག་ཡོད་པའི་
ཕྱིར་དང་། རང་སངས་རྒྱས་རྣམས་ཀྱི་ཡང་སྟེ་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་ཡོད་པའི་ཕྱིར་ལ། དེའི་ཕྱིར་གསང་ཆེན་ནོ། །ཡང་དག་པར་སྦྱོར་བ་འཆད་པ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅེས་པ་སྟེ། ཤེས་རབ་ནི་སྟོང་པ་ཉིད་དང་དེའི་ཡེ་ཤེས་ཀྱང་སྟེ་སྟོང་པ་

ཉིད་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཐབས་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་འགྲོ་བའི་དོན་བྱེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རང་བཞིན་ནོ། །ཤེས་རབ་དང་ཐབས་དེ་དག་གཉིས་སུ་མེད་པར་གྱུར་པས་གང་གི་བདག་ཉིད་དེ་རང་བཞིན་ཡིན་པ་དེ་ནི་དེ་སྐད་དེ། ཡང་
དག་པར་སྦྱོར་བ་ཟུང་འཇུག་གི་ངོ་བོའོ། །དེ་སྐད་དུ་ཡང་འདུས་པ་ཕྱི་མར། ཤེས་རབ་ཐབས་ནི་སྙོམས་འཇུག་པ། །རྣལ་འབྱོར་ཞེས་པར་མངོན་པར་བརྗོད། །རང་བཞིན་མེད་གང་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་སོ། །མཆོག་ཏུ་བྱུང་བ་ཞེས་པ། ཉན་
ཐོས་ལ་སོགས་པ་རྣམས་ལས་མཆོག་ཏུ་གྱུར་པས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་འབྲས་བུའི་རྒྱུད་ཀྱི་བདག་ཉིད་རྣམས་འདི་ལས་བྱུང་ཞིང་སྐྱེས་པས་ན་མཆོག་ཏུ་བྱུང་བའོ། །མ་ནིང་ནི་གཙུག་ལག་ཉིད་ཀྱི་ཕྱིར་རོ། །འདིས་ནི་གླེང་གཞི་ཉིད་མངོན་པར་གསལ་བར་བྱེད་དོ། །དེ་
ཁོ་ནའི་ཕྱིར་གསུངས་པ། ཡང་དག་པར་སྦྱོར་བའི་ཞེས་པ་ལ་སོགས་པའོ། །ཡོན་ཏན་རྣམས་འདིས་ཡང་དག་པར་ཀུན་ནས་འཛིན་པར་བྱེད། ཡོངས་སུ་རྒྱས་པར་བྱེད་ཅེས་པས་ཏིང་ངེ་འཛིན་ཏེ་རྣམ་པར་མི་རྟོག་པའོ། །འོན་ཀྱང་སྒོམ་པས་རྣམ་པར་གཡེང་བ་མ་ལུས་པ་བཟློག་པས་
ཏིང་ངེ་འཛིན་པར་བྱེད་པ་ལ་འདི་མཆོག་ཏུ་འབྱུང་བར་འགྱུར་རོ། །སེམས་མཉམ་པར་གཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་བྱེད་ཅིང་། དེའི་རྗེས་སུ་འགྲོ་བ་ཅན་དུ་དེའི་ཡོན་ཏན་རྣམས་འགྱུར་རོ་ཞེས་ཏིང་ངེ་འཛིན་གྱི་སྒྲ་བརྗོད་པས་གསལ་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་
གསུང་བར་འགྱུར་བ་མཚན་ཉིད་ཅེས་པ་སྟེ། ཏིང་ངེ་འཛིན་པར་བྱེད་པ་ཁོ་ན་ལས་མཚོན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཞེས་པའི་དོན་ཏོ་ཞེས་པ་སྟེ། འདི་ནི་ལྷུར་ལེན་པ་ཉིད་ཀྱི་དོན་ཏོ། །འབྱུང་བ་ནི་སྐྱེ་བའོ་ཞེས་པའི་དོན་བརྗོད་ཀྱི། འབྱུང་བ་དངོས་
པོའི་རྐྱེན་གྱི་མཐའ་ཅན་ནི་མ་ཡིན་ཏེ། དེ་ཁོ་ན་འབྱུང་བའོ་ཞེས་གཞི་མཐུན་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་དེ་ཁོ་ན་སྟེ། ཡང་དག་པར་སྦྱོར་བ་ནི་ཏིང་ངེ་འཛིན་པར་བྱེད་པ་ལས་གློ་བུར་བའི་དྲི་མ་དང་བྲལ་བས་མཆོག་ཏུ་སྟེ་འབྲས་བུ་རྡོ་རྗེ་འཛིན་པའི་རང་བཞིན་དུ་འབྱུང་བའོ་ཞེས་པ་

མཆོག་ཏུ་འབྱུང་བ་སྟེ་བྱེད་པ་པོ་ལ་ཨ་ཙའོ། །དེ་ལྟ་བུར་གྱུར་པ་ཞེས་པ་བཤད་ཟིན་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའོ། །བརྟན་པ་ནི་རི་དང་ཆུ་ཀླུང་དང་རྒྱ་མཚོ་དང་ས་གཞི་དང་རླུང་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་རྣམས་སོ། །གཡོ་བ་ནི་སེམས་ཅན་
རྣམས་སོ། །རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་ངོ་ཞེས་པས་དངོས་པོ་རྣམས་ཏེ། དེ་རྣམས་ཀྱི་རང་བཞིན་དེ་གཉུག་མའི་ངོ་བོ་གང་གི་བདག་ཉིད་དེ་རང་གི་ངོ་བོ་ཡིན་པ་དེ་ནི་དེའི་བདག་ཉིད་ཅན་ཏེ་དེ་ལས་གཞན་པའི་བརྟན་པ་དང་གཡོ་བའི་དངོས་པོའི་རང་བཞིན་མེད་པའི་ཕྱིར་རོ། །བརྟན་པ་ལ་
སོགས་པ་རྣམས་ནི་བྱིས་པ་རྣམས་ཀྱིས་ཀྱང་རྟོགས་པར་བྱ་བ་ཉིད་ན་ཡང་དེའི་རང་བཞིན་འདི་རྟོགས་བྱ་མ་ཡིན་པ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་ཆ་ལ་མ་གོམས་པ་ལས་སོ་ཞེས་གསུངས་པ། འདི་མཚོན་པར་བྱ་ཞིང་མངོན་སུམ་དུ་བྱའོ་ཞེས་པ་འདིས་ཏེ་བསྒོམ་པར་བྱ་བཞིན་པས་སོ་ཞེས་པ་མཚན་ཉིད་
དོ། །ཇི་ལྟར་མི་རྟག་པ་ཉིད་ལ་སོགས་པར་རྗེས་སུ་དཔག་པའི་དངོས་པོའི་རང་བཞིན་ཉིད་ལ་ཡང་སྒོམ་པའི་བདག་ཉིད་ཀྱི་འཇུག་པས་མངོན་དུ་བྱ་བ་དེ་བཞིན་དུ་འདིའོ་ཞེས་དགོངས་པའོ། །བཤད་པ་འདི་ལ་ཡང་དག་པར་སྦྱོར་བ་ཡང་དེ་ཡིན་ལ་མཆོག་ཏུ་བྱུང་བ་ཡང་ཡིན་ཞིང་མཚན་ཉིད་ཀྱང་ངོ་
ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལྟར་རྒྱུ་ལས་འབྲས་བུ་འབྱུང་ངོ་ཞེས་འབྲས་བུའི་རྒྱུད་གསུངས་པ། ཡང་ན་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། ཚིག་གི་དོན་རྣམས་ནི་སྔར་བཞིན་ནོ། །གླེང་གཞི་ཉིད་ནི་བཅོམ་ལྡན་འདས་ཀྱིས་སྔགས་ལ་སོགས་པ་སྟོན་པའི་འོ། །རྡོ་རྗེ་ནི་སྟོང་པ་ཉིད་དེ།
སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པའི་ཕྱིར་རོ། །དེའི་རང་བཞིན་བདེ་བ་ཆེན་པོ་དང་སྙིང་རྗེའི་རང་བཞིན་གྱི་སེམས་ཀྱི་སེམས་པ་གང་གི་ཡིན་པ་དེ་རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཛིན་པའོ། །ཁྱད་པར་དུ་གྱུར་པའི་ཐབས་ཀྱིས་ཕན་བཏགས་པའི་རྒྱུས་འབྲས་
བུ་མངོན་པར་འགྲུབ་པར་བྱེད་དོ་ཞེས་ཐབས་ཀྱི་རྒྱུད་གསུངས་པ། གསང་ཆེན་ཞེས་པ་ལ་སོགས་པ་སྟེ་གསང་ཆེན་ནི་སེང་གེ་དང་འཕྲོག་བྱེད་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པ་སྔགས་དང་དཀྱིལ་འཁོར་པ་ལ་སོགས་པའི་མཚན་ཉིད་དོ། །མན་ངག་གི་བྱ་བ་ལས་བྱུང་ངོ་ཞེས་པ་མན་

ངག་ལས་བྱུང་བ་སྟེ། འདིས་ནི་མཆོག་ཏུ་འབྱུང་ངོ་ཞེས་པས་ན་བྱུང་བ་ཞེས་པའི་དོན་བཤད་དོ། །ཡང་ན་བྱུང་བའི་སྒྲའི་དོན་ནི་སྔར་བཞིན་ཏེ། དེའི་ཡང་སྔགས་ལ་སོགས་པ་རྣམས་ཐབས་ཉིད་དུ་དོན་གྱི་ཤུགས་ཀྱིས་ཐོབ་པ་ཉིད་ཀྱི་ཕྱིར་འདིར་བྱུང་བའི་སྒྲས་གསུངས་སོ། །སོགས་
པའི་སྒྲ་ལས་རབ་འབྱམ་དང་དམ་ཚིག་ལ་སོགས་པའོ། །མཚན་ཉིད་ཀྱི་སྒྲའི་དོན་ནི་སྔར་བཞིན་ནོ། །བཤད་པ་འདི་ལ་ཡང་དག་པར་སྦྱོར་བ་ལས་བྱུང་བ་ནི་ཡང་དག་སྦྱོར་བྱུང་སྟེ། དེ་ཡང་ཡིན་ལ་མཚན་ཉིད་ཀྱང་ངོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལྟར་གྱུར་ན་རྒྱུད་ཐམས་ཅད་
ཀྱི་གླེང་གཞི་ཡང་དག་པར་སྦྱོར་བ་ཡང་ཡིན་ལ། གསང་ཆེན་ལས་བྱུང་བའི་མཚན་ཉིད་ཀྱང་ངོ་ཞེས་དོན་གཉིས་ཀྱི་རྗེས་སུ་མཐུན་པར་བཤད་པ་ན་དོན་གཅིག་གོ་ཞེས་པ་དོན་གསུམ་ནི། ཐམས་ཅད་ཅེས་པ་ལ་སོགས་པའི་ངག་ལན་གཉིས་བཟླས་པས་གསུངས་ཏེ། དོན་
གསུམ་པོ་འདི་དེ་ནི་ཤེས་རབ་ཐབས་ཀྱི་རང་བཞིན་ཏེ། དེ་ཁོ་ན་རྒྱུད་དོ་ཞེས་པས་གཙོ་བོར་བླ་ན་མེད་པའི་ཐབས་ཀྱི་ཆ་གསལ་བར་བྱེད་པའི་ཕྱིར་རྒྱུད་ཀྱི་དོན་ནི་ཕུལ་དུ་བྱུང་བ་དང་བཅས་པར་གསུངས་ཏེ། འདིར་ཕྱག་རྒྱ་ཆེན་པོ་དང་ཡང་དག་པར་སྦྱོར་བ་མཆོག་གི་གོ་འཕང་གི་ངོ་བོ་རྣམས་
ཁོ་ན་དང་སངས་རྒྱས་ཐམས་ཅད་ཀྱང་འཆད་པར་འགྱུར་བའི་ཕྱིར་རོ། །ཤེས་རབ་ཀྱི་ཆ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་ཐུན་མོང་བ་སྟེ། ཡེ་ཤེས་ཀྱི་སྐུ་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་ཁྱད་པར་དང་ངོ་། །ཕྱག་རྒྱ་ཆེན་པོའི་བདེ་བ་ནི་ཐུན་མོང་མ་ཡིན་པའོ། །རྣལ་འབྱོར་གྱི་རྒྱུད་ཀྱི་ཚིག་
གི་དོན་བརྗོད་པས་ནི་ཤེས་རབ་ཀྱི་དེ་ཁོ་ན་ཉིད་ཀྱང་གཙོ་བོར་འཆད་པར་འགྱུར་རོ། །བདག་གིས་ཏེ་རྡོ་རྗེ་སེམས་དཔའ་བདག་ཉིད་ཁོ་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་སོ་སོར་རྟོག་པའི་བསམ་པས་གཞག་པའི་བག་ཆགས་ཡོངས་སུ་སྨིན་པའི་འཕེན་པ་ལས།
བཤད་པ་སྟེ་ནང་གི་དེ་ཁོ་ན་ཉིད་དང་ཕྱིའི་དེ་ཁོ་ན་ཉིད་ཀྱིས་བཤད་བཞིན་པ་ནི། མཆོག་ཏུ་ཚད་མའི་སྐྱེས་བུས་བྱས་པ་ཉིད་ཀྱི་ཕྱིར་མི་སླུ་བ་ཉིད་ཀྱིས་ན་ཐེ་ཚོམ་དང་ཕྱིན་ཅི་ལོག་དག་མི་བྱའོ་ཞེས་དགོངས་པའོ། །དགོངས་པ་འདི་ཁོ་ན་མན་ངག་ལས་བྱུང་བའི་སྒྲ་ཡིས་རྟོགས་

ཀྱང་སླར་ཡང་འདིར་རྟོགས་པར་བྱས་པ་ནི། ཅི་ལྟར་ཡང་ཡིད་ཆེས་པར་དཀའ་བའི་འཇིག་རྟེན་ཡིད་ཆེས་པར་འགྱུར་ཞེས་པའོ། །གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་མང་པོ་རྣམས་ཀྱིས་ཞུས་མོད་ཀྱི། དེ་ལྟར་ཡང་གསོལ་བ་འདེབས་པ་པོ་གཙོ་བོ་ཉིད་ཀྱི་ཕྱིར་
ཉོན་ཞེས་གཅིག་གི་ཚིག་སྟེ། གཞན་རྣམས་རྣམ་པར་གཅོད་པ་ནི་མ་ཡིན་ནོ། །ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་བསྒོམ་པ་ཁོ་ནས་ཐོག་མ་མེད་པའི་སྐྱེ་བ་བརྒྱུད་པར་བསགས་པའི་དྲི་མ་རྩད་ནས་ཕྱུང་བས་ཐ་མལ་པའི་ཕུང་པོར་འཛིན་པ་སྤོང་བ་སྔོན་དུ་འགྲོ་བར་བསྐྱེད་པ་དང་
རྫོགས་པའི་རིམ་པ་དག་གིས་ལྷ་བསྒོམ་པར་བྱའོ་ཞེས་གསུངས་པ། དང་པོར་ཞེས་པ་ལ་སོགས་པ་སྟེ། སྟོང་ཉིད་ནི་རང་བཞིན་མེད་པ་ཉིད་དེ་འོད་གསལ་བའོ། །དྲི་མ་རྣམས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་ཏེ། དེ་རྣམས་ཀྱིས་ལུས་གོས་པའོ། །དེ་དང་ལྡན་པ་
རྣམས་ཀྱི་ཁམས་བཅོ་བརྒྱད་རྣམས་སྟོང་ཉིད་དུ་རྣམ་པར་བསམས་ཏེ། གོས་རྣམས་ལྟར་བཀྲུས་ནས་ཏེ་བསམ་པ་གཙོ་བོ་ཉིད་ལས་བཀྲུས་པར་བྱས་ནས་ལྷ་བསྒོམ་པར་བྱའོ་ཞེས་ལྷག་མའོ། །དེ་ཉིད་ཀྱི་ཕྱིར་རྒྱས་པར་སྟོན་ཏེ། གཟུགས་ཁམས་ཞེས་པའོ། །རཱུ་པ་གནོད་པ་ལ་སྐད་
ཀྱི་བྱིངས་ཏེ་གཟུགས་སུ་བྱེད་རང་ལ་ཕ་རོལ་འཇུག་པ་ལ་གནོད་པར་བྱེད་དོ་ཞེས་པ་གཟུགས་ཏེ་དཀར་པོ་དང་སེར་པོ་ལ་སོགས་པ་དང་རིང་པོ་དང་ཐུང་ངུ་ལ་སོགས་པའོ། །རང་གི་མཚན་ཉིད་འཛིན་པར་བྱེད་དོ་ཞེས་པ་ཁམས་སོ། །གཟུགས་ཀྱང་དེ་ཡིན་ལ་ཁམས་ཀྱང་ཞེས་པ་གཟུགས་
ཁམས་ཏེ་དེས་སོ། །གཟུགས་ཁམས་ཀྱི་ཞེས་པ་གསུམ་པས་གཟུགས་ཏེ། གཙུག་ལག་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་རང་གི་ངོ་བོས་དོན་དམ་པར་གཟུགས་ཀྱི་ཁམས་ཀྱིས་སྟོང་པ་རྣམས་ཞེས་པའི་དོན་ཏོ། །ཀུན་རྫོབ་ཏུ་ཡང་གཟུགས་མེད་པ་ནི་མ་ཡིན་ནོ། །དེའི་ཞེས་པ་དེའོ། །ཉིད་
ཀྱི་སྒྲ་ནི་བཞིན་གྱི་དོན་ལ་སྟེ། གཟུགས་ཀྱི་ཁམས་བཞིན་དུ་སྒྲ་ཡང་སྟོང་པར་བླ་མས་སློབ་མ་ལ་བྱེད་དུ་གཞུག་གོ་ཞེས་པའི་དོན་ཏོ། །འདི་གསལ་བར་བྱེད་ཅིང་སྒྲའི་ཁམས་ཤེས་པ་ལ་སོགས་པ་དཀྱུས་མའི་དོན་དང་འབྲེལ་བར་བྱེད་དོ། །ཡིད་ཅེས་པ་ཡིད་ཀྱི་ཡུལ་ཆོས་ཀྱི་ཁམས་ཏེ་

ཡུལ་ཅན་གྱིས་ཡུལ་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་ཕྱི་མར་ཡང་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །མིག་བདག་ཉིད་ཅེས་བྱ་ཞེས་པ་འདིས་རང་གི་ངོ་བོས་སྟོང་པ་རྣམས་ལ་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པའི་ཡུལ་དང་དབང་པོ་དག་སྟོང་པ་དག་གི་དབུས་སུ་རྣམ་ཤེས་ཅི་ལྟར་མི་
སྟོང་པར་འགྱུར་ཏེ་སྟོང་པ་ཁོ་ནའོ་ཞེས་དགོངས་པའོ། །ཡིད་ནི་དབང་པོ་དང་ཕྱི་རོལ་ནི་ཡུལ་ཆོས་ཀྱི་ཁམས་ཏེ། དེ་དག་གིས་སྟོང་པ་རྣམས་ཀྱིའོ། །ཉེ་བར་སྡུད་པ་ནི་དེའི་ཕྱིར་ཞེས་པ་ལ་སོགས་པའོ། །ཡང་ཡིག་གིས་རྣམ་པར་ཤེས་པའོ། །མྱོང་བ་པོ་ཡང་ཤེས་པའི་ཡང་གིས་དེའི་རྣམ་པར་
ཤེས་པའོ། །སེམས་ནི་ཡིད་ཀྱི་དབང་པོ་དང་དེའི་སྤྱོད་ཡུལ་ནི་སེམས་ལས་བྱུང་བ་སྟེ། ཡང་གིས་དེའི་རྣམ་པར་ཤེས་པའོ། །ཡང་ན་གཟུགས་ལ་སོགས་པ་རྣམས་ཡུལ་ལྔ་རྣམས་དང་། ལྟ་བ་པོ་ལ་སོགས་པ་རྣམས་ནི་དེའི་ཡུལ་ཅན་དབང་པོ་རྣམས་ཏེ། སེམས་དང་མཚུངས་པར་ལྡན་
པ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་སེམས་ཀྱི་ཁྱད་པར་རྣམས་ནི་སེམས་ལས་བྱུང་བ་ཆོས་ཀྱི་ཁམས་ཡུལ་དྲུག་པའོ། །སེམས་ནི་ཡུལ་དྲུག་གི་རྣམ་པར་ཤེས་པ་རྣམས་ཏེ་ཡིད་ཀྱི་དབང་པོ་ཡང་ངོ་། །ཡིད་ཀྱི་དབང་པོ་ནི་མིག་ལ་སོགས་པའི་དབང་པོ་བཞིན་དུ་ལོགས་སུ་
མེད་ཀྱི། འདས་མ་ཐག་པའི་རྣམ་པར་ཤེས་པ་ཁོ་ན་ནི་རྣམ་པར་ཤེས་པའི་ཁྱད་པར་ཕྱི་མ་བསྐྱེད་པའི་བདག་པོ་ཉིད་ཀྱི་ཕྱིར་ཡིད་ཀྱི་དབང་པོར་བརྗོད་དོ། །དེ་ལྟར་ཁམས་བཅོ་བརྒྱད་རྣམས་བརྗོད་དེ། གཟུགས་ཀྱི་ཁམས་དང་མིག་གི་ཁམས་དག་དང་མིག་གི་རྣམ་པར་ཤེས་པའི་
ཁམས་ནས། ཇི་སྲིད་དུ་ཆོས་ཀྱི་ཁམས་དང་ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་རོ། །རྣམ་པར་ཤེས་པ་དྲུག་རྣམས་ཡིད་ཀྱི་སྐྱེ་མཆེད་ཀྱི་ནང་དུ་འདུས་པའི་ཕྱིར་སྐྱེ་མཆེད་བཅུ་གཉིས་ཏེ། གཟུགས་ཀྱི་སྐྱེ་མཆེད་དང་མིག་གི་སྐྱེ་མཆེད་ནས་ཇི་སྲིད་དུ་ཆོས་ཀྱི་སྐྱེ་མཆེད་དང་ཡིད་
ཀྱི་སྐྱེ་མཆེད་ཅེས་པའི་བར་རོ། །དབང་པོ་ལྔ་རྣམས་དང་ཡུལ་ལྔ་རྣམས་ཀྱང་གཟུགས་ཀྱི་ཕུང་པོའོ། །དབང་པོ་ལྔའི་རྣམ་པར་ཤེས་པ་རྣམས་ནི་རྣམ་པར་ཤེས་པའི་ཕུང་པོའོ། །དེ་ལས་གཞན་པ་རྣམ་པར་ཤེས་པ་དང་རྣམ་པར་ཤེས་པའི་ཁྱད་པར་རྣམས་ནི་འདུ་བྱེད་ཀྱི་

ཕུང་པོའོ། །ཚོར་བ་དང་འདུ་ཤེས་ཀྱི་ཕུང་པོ་དག་ནི་སེམས་ལས་བྱུང་བའི་འདུ་བྱེད་ཀྱི་ཕུང་པོ་ཁོ་ནའི་རབ་ཏུ་དབྱེ་བ་དག་སྟེ། འཁོར་བའི་རྩ་བའི་རྒྱུ་ཉིད་ཀྱི་ཕྱིར་ལོགས་པ་བརྗོད་པ་དག་གོ། །དེ་ལ་ཚིམ་པར་བྱེད་པ་དང་ཡོངས་སུ་གདུང་བར་བྱེད་པ་དང་དེ་གཉི་ག་
ལས་གྲོལ་བའི་རང་གི་ཡུལ་གྱི་རང་གི་ངོ་བོ་མངོན་དུ་བྱ་བས་ཡུལ་ཉམས་སུ་མྱོང་བ་རྣམ་པར་ཤེས་པའི་ཉམས་སུ་མྱོང་བའི་རིག་པ་ནི་ཚོར་བ་ཞེས་བརྗོད་དོ། །མཚན་མ་སྟེ་ལྟོ་ཆེ་བ་ཉིད་ལ་སོགས་པའི་ཁྱད་པར་སེམས་ལས་བྱུང་བའི་ཆོས་གང་གིས་འཛིན་ཅིང་འདུས་ཏེ་ཤེས་ལ་ཡེ་ཤེས་
ལ་ཡོངས་སུ་གཅོད་པར་བྱེད་པ་དེ་ནི་མཚན་མར་འཛིན་པའི་བདག་ཉིད་ཅན་འདུ་ཤེས་ཞེས་བརྗོད་དོ། །དེ་ལས་གཞན་པའི་སེམས་ལས་བྱུང་བ་སེམས་པ་ལ་སོགས་རྣམས་ནི་འདུ་བྱེད་ཀྱི་ཕུང་པོའོ་ཞེས་པ་ཕུང་པོ་ལྔ་རྣམས་ཏེ། ཐུབ་པའི་དགོངས་པའི་རྒྱན་དུ་རབ་ཏུ་སྤྲོས་ཟིན་ནོ། །དེ་
ལྟར་ཁམས་བཅོ་བརྒྱད་པོ་རྣམས་ཁོ་ན་ཆོས་ཐམས་ཅད་དེ། དེ་རྣམས་དེ་ཁོ་ན་ཉིད་དུ་ན་རང་བཞིན་མེད་པ་ཉིད་དུ་གསུངས་སོ། །དེ་སྐད་དུ་ཡང་། བརྟག་པ་གཉིས་པར་གསུངས་པ། དབང་པོ་དང་ནི་ཡུལ་ཉིད་དང་། །དབང་པོའི་རྣམ་པར་ཤེས་པ་ཉིད། །རྣལ་འབྱོར་མ་རྣམས་གོ་
བྱའི་ཆེད། །ཁམས་ནི་བཅོ་བརྒྱད་རྣམས་སུ་བཤད། །རང་བཞིན་གདོད་ནས་མ་སྐྱེས་པ། །བདེན་མིན་བརྫུན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །ཞེས་སོ། །འདི་ཇི་ལྟ་བ་བཞིན་དུ་རྣམ་པར་མ་ཤེས་ནས་གལ་ཏེ་
ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཡིན་ན་འོ་ན་མེད་པ་ཉིད་ཀྱི་མཐར་ལྷུང་ངོ་ཞེས་པས་སྟོང་པ་ཉིད་རྣམ་པར་བསམས་པས་ཅིའི་ཕྱིར་དྲི་མ་མེད་པའི་བདག་ཉིད་ཀྱི་དག་པ་ཡིན་ཞེས་རྒོལ་བའི་བསམ་པ་མ་འོངས་པའི་སྐྱེ་བོ་ལ་ལྡེམ་པོར་དགོངས་པས་རྡོ་རྗེ་སྙིང་པོའི་ལན་གླན་པའི་ཆེད་
དུ་སྟོང་པ་ཉིད་ཀྱིས་དེ་མ་ཐག་པར་ལྷའི་རྣལ་འབྱོར་ཕྱོགས་ཙམ་སྟོན་པ་གསུངས་པ། ཉོན་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟ་བར་ཁྱད་པར་གང་གིས་ཚོལ་བར་བྱེད་རྣམ་པར་སེམས་པར་བྱེད་བསྒོམ་པར་བྱ་བའོ་ཞེས་པ་ལམ་མོ། །དེ་དེ་ལྟར་ཉོན་ཞེས་ཕྱི་མ་དང་འབྲེལ་ལོ། །

དེའི་ཁྱད་པར་གསུངས་པ་གཉིས་མེད་ཅེས་པ་གཉིས་ཡོད་པ་མ་ཡིན་པ་ཉིད་ནི་གཉིས་མེད་དེ། གང་གི་ཕྱིར་ན་གཉིས་སྤངས་པ་སྟེ། གཉིས་ཏེ་ཡོད་པ་དང་མེད་པ་ལ་སོགས་སྤངས་ཤིང་བོར་ལ་བཀག་པ་སྟེ། ཡོད་པ་མ་ཡིན་ཞེས་པའི་དོན་ཏོ། །འོ་ན་གཉིས་དང་བྲལ་བ་དབུ་
མར་གྱུར་པའི་སེམས་ཙམ་ཡང་སྣ་ཚོགས་པའི་མདོ་སྡེར་གསུངས་པ་མེད་དམ་ཅི་ཞེ་ན། མེད་དེ་གང་གི་ཕྱིར་ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱིས་སེམས་ཙམ་ཉིད་དུ་བསྟན་གྱི་དོན་དམ་པར་ཡོད་པ་ནི་མ་ཡིན་པའི་ཕྱིར་ཏེ། མདོ་གཞན་དུ་དེ་ཡང་རང་བཞིན་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར་རོ། །
ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་པ། འོད་སྲུངས་སེམས་ནི་ཡོངས་སུ་བཙལ་བར་བྱ་ན་མི་རྙེད་དོ། །གང་མ་རྙེད་པ་དེ་ནི་ཉེ་བར་མི་དམིགས་སོ། །གང་ཉེ་བར་མ་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན་མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དེ་ནི་
དུས་གསུམ་ལས་ཡང་དག་པར་འདས་པའོ། །དེ་ནི་ཡོད་པ་མ་ཡིན་མེད་པ་མ་ཡིན་ཏེ། གང་ཡོད་པ་མ་ཡིན་མེད་པ་མ་ཡིན་པ་སྟེ་མ་སྐྱེས་པའོ། །གང་མ་སྐྱེས་པ་དེ་ལ་རང་བཞིན་མེད་དོ། །གང་ལ་རང་བཞིན་མེད་པ་དེ་ལ་སྐྱེ་བ་མེད་དོ། །གང་ལ་སྐྱེ་བ་མེད་པ་དེ་ལ་འགག་པ་མེད་
དོ། །གང་ལ་འགག་པ་མེད་བ་དེ་ལ་བྲལ་བ་མེད་ཅིང་མ་བྲལ་བ་ལ་ནི་འགྲོ་བ་མེད། འོང་བ་མེད། འཆི་འཕོ་བ་མེད། སྐྱེ་བ་མེད་དོ། །གང་ལ་འགྲོ་བ་མེད་འོང་བ་མེད་འཆི་འཕོ་བ་མེད་སྐྱེ་བ་མེད་པ་དེ་ལ་འདུ་བྱེད་འགའ་ཡང་མེད་དོ། །གང་ལ་འདུ་བྱེད་འགའ་ཡང་མེད་པ་དེ་འདུས་
མ་བྱས་པ་སྟེ། གང་འདུས་མ་བྱས་པ་དེ་འཕགས་པ་རྣམས་ཀྱི་རིགས་སོ་ཞེས་རྒྱས་པར་རོ། །དེ་ཉིད་ཀྱི་ཕྱིར་འདི་ཉིད་དུ་གང་གསུངས་པ། འོད་སྲུངས་རྟག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ། །མི་རྟག་གོ་ཞེས་པ་འདི་ནི་མཐའ་གཉིས་པའོ། །འོད་སྲུངས་དེ་བཞིན་དུ་ཡོད་ཅེས་བྱ་
བ་འདི་ནི་མཐའ་གཅིག་སྟེ། མེད་ཅེས་པ་མཐའ་གཉིས་པའོ། །གང་མཐའ་འདི་དག་གི་དབུས་ནི་དཔྱད་དུ་མེད་པ་བསྟན་དུ་མེད་པ་རབ་ཏུ་མི་གནས་པ་གནང་བ་མེད་པ་རྣམ་པར་རིག་པ་མ་ཡིན་པ་གནས་མེད་པ་སྟེ། འདི་ནི་དབུ་མའི་ལམ་དུ་བརྗོད་པར་བྱ་སྟེ། ཆོས་རྣམས་ཀྱི་

ཡང་དག་པ་སོ་སོར་རྟོག་པའོ་ཞེས་སོ། །ཆོས་ཀྱི་དབྱིངས་དེ་ཡང་འདིའོ་ཞེས་རང་གིས་ངེས་པར་དཔྱད་པར་མི་ནུས་པ་ཉིད་ཀྱི་ཕྱིར་དཔྱད་དུ་མེད་པའོ། །ཕ་རོལ་པོ་རྣམས་ལ་བསྟན་པར་མི་ནུས་པ་ཉིད་ཀྱི་ཕྱིར་བསྟན་དུ་མེད་པའོ། །ནང་གི་ཁམས་དང་
སྐྱེ་མཆེད་ཀྱི་ངོ་བོར་མི་གནས་པ་ཉིད་ཀྱི་ཕྱིར་རབ་ཏུ་མི་གནས་པའོ། །ཕྱིའི་ཁམས་དང་སྐྱེ་མཆེད་བཞིན་དུ་སྣང་ནས་མི་རྟོགས་པའི་ཕྱིར་སྣང་བ་མེད་པའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཁམས་ཀྱི་རང་གི་ངོ་བོ་ལས་འདས་པ་ཉིད་ཀྱི་ཕྱིར་རྣམ་པར་རིག་པ་མ་ཡིན་
པའོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མཐའ་དག་གི་གནས་མ་ཡིན་པ་ཉིད་ཀྱི་ཕྱིར་གནས་མེད་པའོ་ཞེས་བརྗོད་དོ། །གལ་ཏེ་དབུས་སུ་རང་གི་སེམས་ཀྱི་ངོ་བོའི་བདག་ཉིད་ཅན་གྱི་དངོས་པོ་དོན་དམ་པ་ཅུང་ཟད་ཡོད་པར་གྱུར་ན་དེའི་ཚེ་དེ་ཡོད་དོ་དེ་མེད་དོ་ཞེས་པའམ་རྟག་
གོ་ཞེས་པའམ་མི་རྟག་གོ་ཞེས་མངོན་པར་ཞེན་པ་མཐར་ཅི་ལྟར་འགྱུར་ཇི་སྲིད་དུ་དངོས་པོའི་དོན་གྱི་དེ་ཁོ་ན་ཉིད་ཀྱི་རྗེས་སུ་སོང་བ་ན་ཡིད་ལ་བྱེད་པ་ཚུལ་བཞིན་པ་ཁོ་ན་ནི་ལྷུང་བའི་གནས་སོ་ཞེས་རིགས་པ་མ་ཡིན་ཞིང་། བརྟག་པ་ལ་སོགས་པའི་ངོ་བོ་ཉིད་ལས་མ་གཏོགས་པ་
དངོས་པོའི་རྣམ་པ་གཞན་གང་དངོས་པོའི་དེ་ཁོ་ན་ཉིད་དུ་འགྱུར་བ་ཡང་མེད་དོ། །དབུས་ན་དངོས་པོའི་རང་གི་ངོ་བོ་མེད་ན་དོན་མེད་དོ་ཞེས་འཛིན་པ་ཡང་མཐའ་མ་ཡིན་པར་འགྱུར་རོ་ཞེ་ན། དེ་མི་རིགས་ཏེ་མེད་ཅེས་བྱ་བར་ངེས་པར་འཛིན་པ་ནི་ཡོད་པར་འཛིན་པ་མེད་ན་མི་
འབྱུང་བ་ཉིད་ཀྱི་ཕྱིར་ཏེ་ཡུལ་མེད་པའི་དགག་པ་ཡོད་པ་ནི་མ་ཡིན་པས་སོ། །འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པར་ཡང་གསུངས་པ། སྔོན་མཐའ་སྟོང་ཞིང་ཕྱི་མའི་མཐའ་སྟོང་དང་། །སྐྱེ་འཇིག་གནས་པའི་དངོས་པོ་སྟོང་པ་སྟེ། །འདི་ལ་དངོས་པོ་ཡོད་མིན་དངོས་མེད་མིན། །
ཆོས་རྣམས་ཐམས་ཅད་རང་བཞིན་གྱིས་སྟོང་པའོ། །ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་གསུངས་པ། ཡོད་ཅེས་པ་ནི་རྟག་པར་འཛིན། །མེད་ཅེས་པ་ནི་ཆད་པར་བལྟ། །དེ་ཕྱིར་ཡོད་ཉིད་མེད་ཉིད་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་སོ། །དབུ་

མར་འཛིན་པ་ཡང་འཕགས་པ་ལྷའི་ཞབས་ཀྱིས། ཡོད་དང་མེད་པ་ལས་གྲོལ་བ། །དབུ་མ་ཉིད་དུ་གང་རྟོག་པ། །དབུ་མར་མངོན་པར་ཞེན་པ་འདི། །སྒྱུ་མའི་རང་གི་མཚན་ཉིད་མིན། །ཞེས་བཀག་གོ། །དེའི་ཕྱིར་འདི་ནི་མཆོག་ཏུ་ཟབ་པའི་དེ་ཁོ་ན་ཉིད་དེ། བརྟག་བྱ་
མིན་ཏེ་སྤྱི་མེད་པའི་ཕྱིར་རྟོགས་པས་རྟོགས་བྱ་མ་ཡིན་པའོ། །རྣམ་ཤེས་བྱ་མིན་ཏེ་ཁྱད་པར་མེད་པའི་ཕྱིར་དཔྱོད་པའི་ཡུལ་མ་ཡིན་པའོ། །སྤྱི་དང་ཁྱད་པར་དག་ལས་གཞན་པའི་ཡང་རྟོགས་པར་བྱ་བའི་རང་གི་ངོ་བོ་མི་སྲིད་པའི་ཕྱིར་རྟོགས་དཀའ་བའོ། །ཡང་ན་ཐོས་པ་དང་བསམ་པ་དང་
སྒོམ་པའི་རང་བཞིན་གྱིས་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རིམ་པ་ཇི་ལྟ་བར་ཚིག་གསུམ་མོ། །རྟོག་གེ་བ་རྣམས་ཀྱིས་ཏེ་སྤྱི་ལ་སོགས་པའི་རྣམ་པར་རྟོག་པ་ལ་དགའ་བ་སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་དང་ཕྱི་རོལ་གྱི་འདོད་ཆགས་དང་བྲལ་བ་ལ་སོགས་པ་སོ་སོ་སྐྱེ་བོ་རྣམས་
ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་གསང་ཆེན་ནོ། །ནམ་མཁའ་དང་མཉམ་སྟེ་རང་བཞིན་མེད་པ་ཉིད་ཀྱིས་མཚུངས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། དེ་རྣམས་དང་དེ་ཁོ་ནས་འདྲ་སྟེ་རོ་གཅིག་ཏུ་གྱུར་པ་སྒྲིབ་པ་ཐམས་ཅད་སྤངས་པ་
ལས་སངས་རྒྱས་ཐམས་ཅད་ཉིད་ཀྱི་སོ་སོ་རང་གིས་རིག་པར་བྱ་བའོ་ཞེས་པ་དགོངས་པའོ། །གང་གསུང་བར་འགྱུར་བ་སངས་རྒྱས་སྤྱོད་ཡུལ་ལོ་ཞེས་སོ། །དེ་ཡང་རྟོག་པའི་དྲ་བ་མ་ལུས་པ་དང་བྲལ་བའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྣང་བ་མེད་པ་སོ་སོ་
རང་གིས་མ་དམིགས་པ་ལས་རིག་གི་དམིགས་པ་ལས་ནི་མ་ཡིན་ནོ། །ཇི་སྐད་དུ་བདེན་པ་གཉིས་ངེས་པར་བསྟན་པའི་མདོར་གསུངས་པ། ལྷའི་བུ་དོན་དམ་པའི་བདེན་པ་ནི་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་མཆོག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་གྱི་
ཡུལ་ལས་འདས་པའོ་ཞེས་སོ། །འདིས་ནི་ཡུལ་གྱི་དངོས་པོ་ལས་ཡང་དག་པར་འདས་པ་ཉེ་བར་བླངས་པའི་ཕྱིར་ཉེ་བར་དམིགས་པ་ལས་དེ་མཐོང་བ་འགེགས་པར་བྱེད་དོ། །མི་ཤེས་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། དེ་ཁོ་ན་ནི་དེ་ཁོ་ན་ཉིད་མཐོང་བ་ལ་འགེབས་པའི་ཕྱིར་མུན་

པ་དང་འདྲ་བས་མུན་པའོ། །རང་སངས་རྒྱས་རྣམས་ཀྱིས་སྤྲུལ་ཏེ་སྒོམ་པས་བསྐྱེད་པའི་ཡེ་ཤེས་ནི་ཤེས་བྱའི་སྒྲིབ་པ་ཕྱོགས་གཅིག་སྤངས་ན་ཡང་། གལ་ཏེ་གང་གི་ཕྱིར་བག་ཆགས་ཀྱི་རྗེས་སུ་སོན་བ་དེའི་ཕྱིར་དེ་རྣམས་ཀྱིས་ཀྱང་མི་ཤེས་སོ། །འདིས་ནི་
འདི་གསུངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་ལྷའི་རྣལ་འབྱོར་གྱི་བདག་ཉིད་ཅན་ནི་བྱང་ཆུབ་ཀྱི་ལམ་མོ་ཞེས་པའོ། །སུ་རྣམས་ཀྱི་ཞེ་ན་གསུངས་པ། འཁོར་བ་ཞེས་པ་ལ་སོགས་པ་སྟེ། འཁོར་བ་ནི་ཁམས་གསུམ་དུ་ཉོན་མོངས་པ་དང་ལས་ཀྱིས་འཕངས་པའི་སྐྱེ་བའི་རྒྱུན་
ནོ། །དེ་ཁོ་ན་མཛའ་བ་དང་བྲལ་བ་དང་མི་མཛའ་བ་དང་ཕྲད་པ་ལ་སོགས་པ་ཉེ་བར་འཚེ་བ་མང་པོའི་རྒྱུ་ཉོན་མོངས་པའི་ཆུ་སྲིན་ལ་སོགས་པས་ཡོངས་སུ་བསྐོར་བ་ཉིད་ཀྱིས་དང་རྒྱ་ཆེ་བ་ཉིད་ཀྱིས་རྒལ་དཀའ་བ་ཉིད་ཀྱི་ཕྱིར་རྒྱ་མཚོ་སྟེ། དེ་ཉིད་ཀྱི་ཕྱིར་དེ་ནི་འཇིགས་པ་སྟེ་གང་རྣམས་ཀྱི་
འཇིགས་པ་ཆེན་པོ་ཐོབ་པར་བྱེད་པའོ། །སྒྲོལ་བ་ནི་རྒལ་བར་བྱེད་པའོ། །དེར་སོན་པའི་སེམས་ཏེ་མངོན་པར་འདོད་པ་གང་རྣམས་ཀྱི་ཡིན་པ་རིགས་མཆོག་རབ་ཏུ་སད་པ་རྣམས་ཀྱིའོ། །འཁོར་བའི་རྒྱ་མཚོའི་དབུས་སུ་འཇུག་བཞིན་པའི་ལུས་ཅན་རྣམས་བསྒྲལ་བར་ཇི་ལྟར་འགྱུར་
བ་དེ་ལྟར་མཚོན་བྱ་སྟེ། མཚོན་པར་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ལྷའི་རྣལ་འབྱོར། བརྗོད་པ་པོ་སྟེ་ཐུབ་པའི་དབང་པོ་རྣམས་ཀྱིས་འཁོར་བའི་བར་དུ་གསུངས་སོ་ཞེས་པའི་དོན་ཏོ། །མཚོན་བྱེད་ཅེས་ཀློག་པ་ན། མཚོན་བྱེད་ནི་མཚན་ཉིད་དོ། །མཚན་ཉིད་དེ་གསུངས་
པ། མཚོན་པ་རྣམས་ཀྱི་སྟེ་མཚོན་པར་བྱ་བ་རྣམས་ཀྱི་མཚོན་བྱེད་དེ་རང་གི་ངོ་བོ་མཚོན་པར་བྱ་སྟེ་ངེས་པར་བརྟག་པར་བྱའོ། །རྣམ་པར་ཤེས་པར་བྱའོ་ཞེས་པ་རྣམ་ཤེས་ཏེ་ཡུལ་རྣམས་སོ། །འདི་རྣམས་ཀྱིས་ཤེས་པར་བྱ་བའོ་ཞེས་པ་ཤེས་པ་སྟེ་དབང་པོ་རྣམས་སོ། །དེའི་
སེམས་རྣམས་ནི་དྲུག་གོ། །ཤེས་བྱ་རྣམས་ཀྱི་སྟེ་ཁམས་བཅོ་བརྒྱད་པོ་དེ་རྣམས་ཀྱི་ཤེས་བྱ་སྟེ་ཤེས་པར་བྱ་བ་མཚན་ཉིད། ཤེས་པས་ཏེ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བལྟ་བྱ་སྟེ་དེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་གི་ངོ་བོར་མཚོན་པར་བྱའོ་ཞེས་པའི་དོན་ཏོ། །གང་ལས་འདི་

རྣམས་བལྟ་བ་སྟེ། ངེས་པར་དཔྱད་པས་རྟོགས་པ་སྟེ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཆུབ་པར་འགྱུར་བ་དེ་ལས་རྟོགས་པ་བལྟ་བའི་བསམ་ལྡན་པའི་སྟེ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ངེས་པར་རྟོགས་པའི་སེམས་དང་ལྡན་པའི་རྣལ་འབྱོར་པའི་འོ། །ལམ་ཞེས་པ་ལམ་སྟེ་གཉིས་སུ་མེད་པའི་ཡེ་
ཤེས་ཀྱི་བདག་ཉིད་ལྷའི་རྣལ་འབྱོར་གྱི་ལམ་མངོན་དུ་ཕྱོགས་པར་འགྱུར་བའོ། །འདིས་ཀྱང་རང་འདོད་བཞིན་དུ་རྫོགས་པའི་བྱང་ཆུབ་རྟོགས་འགྱུར་རོ། །རྣལ་འབྱོར་པ་འདིའི་རྗེས་སུ་བསྔགས་པ་གསུངས་པ། སྟོང་ཕྲག་ཅེས་པ་ལ་སོགས་པ་སྟེ། སྟོང་ཕྲག་རྣམས་རྣམ་པ་དུ་མར་སྐྱེ་བ་
སྔ་མ་རྣམས་སུ་འགྲོ་བར་ཏེ་མི་ཁོམ་པ་ལ་སོགས་པའི་འགྲོ་བ་ཐོབ་ཅིང་། ད་ནི་སྔ་མའི་མཚན་ཉིད་བརྗོད་པ་ལས། མཉམ་ཉིད་དེ་རོ་གཅིག་པ་ཉིད་ཀྱིས་སྟོང་པར་སྣ་ཚོགས་པ་སྒོམ་པར་བྱེད་པ་ནི་དངོས་གྲུབ་མེད་ན་ཡང་བདེ་འགྲོ་བརྒྱུད་པ་ཁོ་ན་ཐོབ་སྟེ། དེའི་ཕྱིར་འདིས་རང་འདོད་བཞིན་རྟོགས་པར་
འགྱུར་ཞེས་པའི་དོན་ཏོ། །སྟོང་པ་ཉིད་བསྒོམས་ནས་ཅིའི་དོན་དུ་ལྷ་བསྒོམ་པར་བྱ་ཞེ་ན་གསུངས་པ། སྟོང་པ་ཞེས་པ་ལ་སོགས་པའོ། །སྟོང་པ་ཡང་དེ་ཡིན་ལ། འདི་ལས་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་ཞིང་ཡིན་ཞིང་དང་པོ་སྟེ་ཐ་མལ་པའི་ལུས་ཀྱང་ཡིན་ཏེ། དེ་ལ་ས་བོན་འདེབས་
པ་རབ་ཏུ་བསྔགས་ཤིང་དེའི་ཕྱིར་དེ་བྱ་སྟེ། བློ་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ་དེ་དང་ལྡན་པས་སོ། །སྟོང་པ་ཉིད་ཀྱིས་ཡོངས་སུ་དག་པའི་ལུས་ལ་ས་བོན་བསྐྲུན་པ་ནི་བློ་དང་ལྡན་པའི་བྱང་ཆུབ་ཀུན་ནས་ཐོབ་པར་བྱེད་པའོ་ཞེས་པ་བསྡུས་པའི་དོན་ཏོ། །དེ་ལྟར་གཉིས་སུ་མེད་པའི་
ཡེ་ཤེས་ཀྱི་བདག་ཉིད་ལྷའི་རྣལ་འབྱོར་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གིས་གོམས་པར་བྱའོ། །དོན་འདི་ཁོ་ན། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་རྣམས་ཆོས་འཆད་དོ། །ཞེས་སོ། །
དེ་ལ་རྫོགས་པའི་རིམ་པ་ངེས་པའི་དོན་དུ་སྟོན་པ། རྩ་ཞེས་པ་ལ་སོགས་པའོ། །རྩ་ནི་ཨ་བ་དྷཱུ་ཏཱིའི་སྟེ་གཙུག་ཏོར་ནས་ནོར་བུའི་མཐའ་དང་རྐང་མཐིལ་གྱི་མཐའ་ཇི་སྲིད་པར་གནས་པའོ། །འོན་ཀྱང་གཙུག་ཏོར་དང་སྤྱི་བོ་དང་མགྲིན་པ་དང་སྙིང་ག་དང་། ལྟེ་བ་དང་གསང་བ་དང་ནོར་

བུའི་དབུས་སུ་ཆུད་པའི་རིམ་པ་ཇི་ལྟ་བར་བཞི་དང་སུམ་ཅུ་རྩ་གཉིས་དང་བཅུ་དྲུག་དང་བརྒྱད་དང་དྲུག་ཅུ་རྩ་བཞི་དང་སུམ་ཅུ་རྩ་གཉིས་དང་བརྒྱད་ཀྱི་གྲངས་ཅན་པདྨ་ཉིད་དང་བྷ་ག་ཉིད་དང་འཁོར་ལོ་ཉིད་དུ་བསྟན་པར་བྱ་བ་རྣམས་ཀྱི་དབུས་སུ་མདུད་པའི་གཟུགས་
སོ། །དེའི་སྤྱི་བོར་གནས་པའི་མདུད་པའི་བུ་གནས་ལས་ཀྱི་གཏུམ་མོའི་རྣལ་འབྱོར་གྱིས་སམ། རྫོགས་པའི་རིམ་པ་དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་གྱི་གཏུམ་མོའི་རྣལ་འབྱོར་གྱིས་སམ་ལྷན་ཅིག་སྐྱེས་པའི་གཏུམ་མོའི་རྣལ་འབྱོར་གྱིས་ནོར་བུའི་མདུད་པའི་དབུས་སུ་
འམ་གསང་བའི་མདུད་པར་ངེས་པར་བྱུང་བའི་ཀུན་རྫོབ་དང་དོན་དམ་པའི་ངོ་བོའི་བྱང་ཆུབ་ཀྱི་སེམས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་རང་གི་ངོ་བོ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ནི་རྣལ་འབྱོར་གསུམ་རྣམས་ལས་གང་ཡང་རུང་བའི་རྣལ་འབྱོར་གྱིས་བསྐྱེད་པར་
བྱའོ། །དེ་ཀྱེའི་རྡོ་རྗེའི་རྒྱུད་དུ་གསུངས་པ། དཀྱིལ་འཁོར་འཁོར་ལོའི་ཐབས་དང་པོས། །རང་བྱིན་བརླབ་པའི་རིམ་པས་ཀྱང་། །ཀུན་རྫོབ་དོན་དམ་ངོ་བོ་ཅན། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །ཀུན་རྫོབ་ཀུན་ད་ལྟ་བུ་ལ། །དོན་དམ་བདེ་བའི་ངོ་བོ་ཅན། །
ཞེས་སོ། །སླར་ཡང་། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །མཁའ་མཉམ་ཐབས་དང་བཅས་ལྡན་པ། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ཤེས་རབ་ཐབས་ཀྱི་རང་བཞིན་ལས། །ཁུ་བའི་རྣམ་པ་བཅོམ་ལྡན་འགྱུར། །དེ་ཡི་བདེ་བ་འདོད་མར་བཤད། །ཅེས་དང་།
སླར་ཡང་། རང་བྱིན་བརླབ་པའི་རིམ་འདི་ནི། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །ཞེས་དང་། སླར་ཡང་། དཀྱིལ་འཁོར་འཁོར་ལོའི་ཐབས་དང་པོས། །རྟག་པར་ངེས་པར་འགྲོ་བར་འགྱུར། །ཞེས་སོ། །འདིར་ཐབས་དང་བཅས་ལྡན་པ་ཞེས་པ་ནི་ཐབས་དང་
བཅས་པ་ཐམས་ཅད་དུ་ལྡན་པ་སྟེ། ལྡན་པ་ཉིད་ཁོ་ནར་འཇིག་རྟེན་གསུམ་ཞེས་པ་ལ་སོགས་པས་བསྟན་ཏོ། །གསུམ་རྣམས་ཀུན་རྫོབ་ཏུ་སྐད་ཅིག་སོ་སོར་འཇིག་ཅིང་རྣམ་པར་འཇིག་གོ་ཞེས་པ་འཇིག་རྟེན་ལུས་དང་ངག་དང་རྟོག་པ་རྣམས་འདིའི་ཡིན་པ་ཞེས་པ་འཇིག་

རྟེན་གསུམ་སྟེ་སེམས་ཅན་ནོ། །དེ་ཁོ་ན་འཇིག་རྟེན་གསུམ་ཉིད་དེ་རང་གི་དོན་ལ་ཡ་ཎའོ། །མཚུངས་པ་ཁོ་ན་མཚུངས་པ་ཉིད་ཅེས་པ་ཇི་ལྟ་བ་བཞིན་ནོ། །ཁུ་བ་དང་བདེ་བ་དག་གི་བར་ནི་ཤེས་རབ་དང་ཐབས་ཀྱི་རྣམ་པར་དབྱེ་བ་སྟེ། སྙོམས་པར་ཞུགས་པའི་ལྷ་དག་གི་
ལྟར་ཡིན་གྱི། འདི་དོན་དམ་པ་ནི་མ་ཡིན་ནོ། །དོན་དམ་པའི་ཤེས་རབ་དང་ཐབས་ཉིད་ནི་སྟོང་པ་ཉིད་དང་སྙིང་རྗེ་དག་ཁོ་ནའི་འོ། །རང་བྱིན་བརླབ་པ་ནི་དབང་བསྐུར་བ་ལ་སོགས་པ་ལ་རང་ཉིད་བྱིན་གྱིས་རློབ་པར་བྱེད་པ་གང་ཡིན་པ་སྟེ། ཀུན་མཁྱེན་ཡེ་ཤེས་ཀྱང་དེའི་རང་བཞིན་
ཁོ་ནའོ། །འོད་གསལ་བ་ཞེས་པ་སྤྲོས་པ་ཐམས་ཅད་ཀྱི་མུན་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ཕུལ་དུ་བྱུང་བར་གསལ་བའི་ངང་ཚུལ་ཅན་ཏེ། ཤེལ་དག་པ་ཇི་ལྟ་བ་བཞིན་ནོ། །ལྔ་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་
བཞིན་དེ་ཁོ་ན་ཉིད་ནི་དྲུག་པ་རྡོ་རྗེ་སེམས་དཔའི་ངོ་བོ་སྟེ། དེའི་དབུས་ན་དེའི་བདག་ཉིད་ཀྱིས་གནས་པ་རོལ་པར་བྱེད་པས་ན་ལྷ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་བདེ་བའོ། །དེ་བརྟག་པ་གཉིས་པར་ཡང་གསུངས་པ། བྱང་ཆུབ་སེམས་ནི་ལྷ་ཉིད་དོ། །ཞེས་སོ། །ཀླུ་སྒྲུབ་ཞབས་
ཀྱིས་ཀྱང་། སེམས་ཀྱི་རྡོ་རྗེ་རྣམ་གྲོལ་ལས། །ལྷ་གཞན་མངོན་པར་བརྗོད་དུ་མེད། །ཅེས་སོ། །མི་གསལ་བ་ནི་དོན་དམ་པར་ཏེ། སྟོང་པ་ཉིད་ཀྱི་ཕྱིར་རོ། །གསལ་བའི་གཟུགས་ཅན་ཞེས་པ་ཀུན་རྫོབ་ཏུའོ། །འཕེལ་བ་ཞེས་པ་ལ་སོགས་པ་ལ། རི་དྷུ་འཕེལ་བ་ལའོ། །འཕེལ་བར་
བྱེད་པ་འཕེལ་བ་དང་། དེའི་ཙམ་སྟེ་མཐའ་དག་ཉིད་མཆོག་སྟེ་ཕུལ་དུ་བྱུང་བ་གང་གི་ཡིན་པ་དེ་དེ་སྐད་དོ། མཆོག་གི་རྫུ་འཕྲུལ་མ་ལུས་པ་དང་ལྡན་པ་ཞེས་པའི་དོན་ཏོ། །ཕྲ་བ་སྟེ་དོན་དམ་པར་ཟབ་པ་ཉིད་ཀྱི་ཕྱིར་ཀུ་ཤའི་རྩེ་མོ་ལྟ་བུའི་བློ་ཅན་གྱི་སྤྱོད་ཡུལ་ལོ། །ཀུན་རྫོབ་ཏུ་ནི་ཐིག་
ལེའི་གཟུགས་ཅན་ནོ། །གང་གིས་ཉེ་བར་འཇལ་བ་ཡིད་ཡིན་པ་དེ་ནི་ཡིད་དཔེ་ཅན་ཞེས་པ་གཙུག་ལག་སྟེ་ཡིད་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །སྙིང་གི་དབུས་ན་ཞེས་ལྷན་ཅིག་སྐྱེས་པའི་གཏུམ་མོའི་རྣལ་འབྱོར་གོམས་པར་གྱུར་པ་རྣམས་ཀྱི་སྙིང་པོ་ཉིད་ཀྱི་ཕྱིར་སྙིང་ཞེས་བྱ་བ་

བདེ་བ་ཆེན་པོའི་འཁོར་ལོའི་མདུད་པའི་དབུས་སུའོ། །རྟག་ཏུ་ཞེས་པ་ཐམས་ཅད་ཀྱི་ཚེ་སྟེ། འཁོར་ལོ་གཞན་དུ་རེས་འགའ་གནས་ཀྱི་དུས་ཐམས་ཅད་དུ་མ་ཡིན་ནོ་ཞེས་དགོངས་པའོ། །འོད་དང་ལྡན་པ་ཞེས་པ་ནི་འོད་ཟེར་དང་ལྡན་པ་སྟེ་སྒྲིབ་པའི་མུན་པ་ཐམས་ཅད་འཇོམས་
པའི་ཡེ་ཤེས་ནི་འོད་ཟེར་རོ། །དེ་ཉིད་ཀྱི་ཕྱིར་གེགས་མེད་པའི་སྣང་བ་རབ་འབྱམ་པ་ཉིད་ཀྱི་ཕྱིར་འོད་ཆེན་ཏེ། ལུང་ཉིད་ཀྱི་ཕྱིར་སྐྱེས་པ་ཉིད་དོ། །བཅུ་གཉིས་མཐའ་ཞེས་པ་བཅུ་གཉིས་དང་མཐའ་སྟེ། ཉེ་བ་ལས་དེ་རྣམས་ཁོ་ནའི་འོ་ཞེས་པ་ཀུན་དུ་སྡུད་པ་ལས་བཅུ་གསུམ་མོ། །དགུ་མཐའ་ཞེས་པ་
དེ་ལྟར་བཅུའོ། །སྐུད་པ་ཞེས་པ་སྐུད་པ་ལ་སྟེ། ཐམས་ཅད་སྐུད་པའི་རང་བཞིན་ཁོ་ནའོ། །གཅིག་ཅེས་པ་གནས་སོ། །འདི་རྣམས་ནི་ཇི་ལྟར་རིགས་པར། རྐང་མཐིལ་ནས་ནི་མགོ་བོའི་བར་ལ་གནས་པ་རྣམས་ནི་འཆད་པར་འགྱུར་བའི་པུ་ཡིག་ལ་སོགས་པ་གནས་ཉི་ཤུ་རྩ་བཞི་རྣམས་ཏེ་རྣམ་འབྱུང་ནས་ཏེ་
འཕྲོས་པས་ཁྱབ་པར་བྱས་ནས་སོ། །ལྟེ་བའི་དབུས་སུ་ཞེས་པ་གསང་བ་ཡང་ལྟེ་བར་བརྗོད་པར་བྱ་སྟེ། དེའི་ཕྱིར་འདིར་གསང་བའི་མདུད་པའི་དབུས་སུ་རྣལ་འབྱོར་གྱི་གཏུམ་མོ་བསྒོམ་པ་ལས་ཁྱད་པར་ཅན་གྱི་བདེ་བ་ཆེན་པོའི་བདག་ཉིད་ཀྱིས་སྤྲོས་པ་བཅོམ་ནས་གནས་པའོ། །ལྔ་པ་ཞེས་པ་ལ་སོགས་པ་
སྟེ། གཙུག་གི་འཁོར་ལོའི་རྩ་བཞི་པོ་རྣམས་ཀྱི་དབུས་སུ་ཨ་ཝ་དྷཱུ་ཏཱི་ལྔ་པའི་ཆ་ཁོ་ན་ཆ་ཙམ་སྟེ། གང་ཀླུའི་དབང་པོའི་ལྟར་འཁྱིལ་པའི་རྣམ་པས་མདུད་པའི་རང་གི་ངོ་བོས་འཁོར་ལོ་སོ་སོར་རྣམ་པར་རྒྱས་ཤིང་ཁྱབ་པར་བྱེད་ཅེས་པས་རྣམ་རྒྱས་པའོ། །ཆ་བཅས་ཀྱང་ཞེས་ལུང་སྟེ། ཆ་རྣམས་ཏེ་རྩ་
རྣམས་དང་ལྷན་ཅིག་འཇུག་གོ་ཞེས་པ་ཆ་བཅས་ཀྱང་སྟེ། དེ་འབྱེད་ཅིང་ངོ་། །ནི་ནི་ཁྱད་པར་ཅན་གྱི་ལྷན་ཅིག་སྐྱེས་པའི་བདེ་བའི་བདག་ཉིད་དུ་རྡོ་རྗེ་ནོར་བུའི་དབུས་སུ་མཚན་ཉིད་དང་བྲལ་བའི་སྐད་ཅིག་ཉིད་ཀྱིས་སྤྲོས་པ་མེད་པའི་རང་གི་ངོ་བོར་བྱུང་ཞིང་རྟོགས་པ་སྟེ་ལས་ཀྱི་གཏུམ་མོ་བསྒོམ་པ་རྣམས་ཀྱིའོ། །
དེ་ཅི་ལྟར་ཞེ་ན་གསུངས་པ། སྐྱེ་གནས་ཞེས་པ་ལ་སོགས་པ་སྟེ། སྐྱེ་གནས་ཀྱི་སྟེ་ཤེས་རབ་མའི་པདྨའི་དབུས་སུ་འདུག་པའི་རྡོ་རྗེ་ནོར་བུར་གནས་པ་ཞེས་པ་མ་འཕོས་པའོ། །འདི་ཡང་ཅི་ལྟར་ཞེ་ན་གསུངས་པ། ཆོས་ཞེས་པ་ལ་སོགས་པ་སྟེ། ཆོས་ཀྱི་དབྱིངས་ཀྱིས་ཏེ་སེམས་རྣལ་འབྱོར་སྒྲུབ་པ་ལས་

བརྟན་པར་གྱུར་པས་ཞུ་བར་བྱས་པའོ། །འདི་ནི་རྣལ་འབྱོར་གཞན་ལ་ཡང་རྟོགས་པར་བྱའོ། །ཁྱད་པར་འདི་རྣམས་ཀྱིས་འདི་ས་བོན་ཉིད་དོ་ཞེས་བསྟན་པར་བྱ་བའི་ཆེད་དུ་གསུངས་ཟིན་ཡང་དྲན་པར་བྱེད་པ་ས་བོན་ཞེས་པའོ། །འདི་ནི་རྫོགས་པའི་རིམ་པའི་ཕྱོགས་ལ་ངེས་པའི་དོན་དུ་རྣམ་པར་བཤད་
པའོ། །བསྐྱེད་པའི་རིམ་པའི་ཕྱོགས་ལ་དྲང་བའི་དོན་དུ་དཔྱིད་ཀྱི་ཐིག་ལེའི་རྣལ་འབྱོར་བསྐྱར་ཏེ་སྟོན་པ་ནི་རྩ་ཞེས་པ་ལ་སོགས་པ་སྟེ། རྩའི་མདུད་པའི་བུ་ག་ལ་བརྟེན་པའི་ས་བོན་ཏེ་ཧཱུཾ་ཡིག་ནག་པོ་བཅོམ་ལྡན་འདས་ཀྱི་རང་གི་ངོ་བོ་དཔྱིད་ཅེས་བྱ་བའོ། །ཕྱེད་ཅེས་བྱ་བ་ལས་ལ་སོགས་པའོ། །ཕྱི་མོ་ཕྱེད་པ་
ཡང་དེ་སྟེ་གསལ་བྱེད་ནི། ཕྱི་མོ་ཕྱེད་པ་ཅན་ནོ་ཞེས་པའི་རིགས་པ་ལས། ཧ་ཡིག་མི་འགྱུར་བ་གཞོམ་དུ་མེད་པ་ཡིན་ཞིང་མཆོག་ཀྱང་སྟེ། ཨ་ཡིག་ལ་གནས་པ་ཉིད་ཀྱིས་ཕུལ་དུ་བྱུང་བ་སྟེ། ཨ་ཡིག་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་རྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཐིག་ལེ་སྤྱི་བོར་གནས་
པ་ཡིས། །གཟུགས་སུ་བྱས་ཤིང་མཚན་མར་བྱས། །ཞེས་པ་ཐིག་ལེའི་གཟུགས་ཅན་ནོ། །མན་ངག་ལས་ཟླ་ཚེས་དང་ནཱ་ད་དང་བཅས་པའོ། །གནས་གསུངས་པ། སྙིང་གི་དབུས་སུ་གནས་ཞེས་པ་དཔྱིད་དོ། །མན་ངག་ལས་བདེ་བ་ཆེན་པོའི་འཁོར་ལོའི་དབུས་སུ་ཧཾ་ཡིག་གོ། །བཅུ་གཉིས་
མཐའ་ཅན་ནི་ཨཾ་ཡིག་མི་འགྱུར་བ་སྟེ། རྀ་རཱྀ་ལྀ་ལཱྀ་མ་ནིང་བཞི་སྤངས་ནས་དབྱངས་རྣམས་ཀྱི་བཅུ་གཉིས་པ་མཐའ་མ་ཅན་འདིའོ་ཞེས་ཚིག་རྣམ་པར་སྦྱར་བའི་ཕྱིར་རོ། །མན་ངག་ལས་ཟླ་ཚེས་དང་ནཱ་ད་དང་བཅས་པའོ། །དགུ་མཐའ་ཞེས་པ་དགུ་པ་མཐའ་ལ་ཡོད་པ་མཐའ་ཅན་ཏེ་ཨོ་ཡིག་མི་འགྱུར་བའོ། །
མན་ངག་ལས་ཟླ་ཚེས་དང་ཐིག་ལེ་དང་ནཱ་ད་དང་བཅས་པའོ། །གནས་གསུངས་པ་ལྟེ་བའི་དབུས་སུ་རྣམ་པར་གནས་ཏེ་ཨཾ་ངོ་། །མན་ངག་ལས་མགྲིན་པའི་དབུས་སུ་ཨོཾ་མོ། །ས་བོན་བཞི་པོ་འདི་ཡང་རྐང་མཐིལ་ནས་ནི་སྤྱི་གཙུག་བར་མངོན་པར་ཁྱབ་པར་བྱས་ནས་གནས་པའི་སྐུད་པ་གཅིག་
སྟེ་ཨ་ཝ་དྷཱུ་ཏཱི་ཞེས་བྱ་བ། ཆ་བཅས་རྣམས་ཀྱང་སྟེ་འཁོར་ལོའི་སྐུད་པ་རྣམས་འབྱེད་པ་རྡོ་རྗེའི་དབུས་སུ་སོན་པ་ལ་ངེས་པར་བྱུང་ཞིང་བརྟེན་ནས། སྐྱེ་གནས་བྷ་ག་པདྨ་བཞི་པོ་རྣམས་ཀྱི་ལྟེ་བའི་དབུས་སུ་གནས་པ་ཆོས་ཀྱི་དབྱིངས་བྱང་ཆུབ་ཀྱི་སེམས་ཟླ་བ་ཞུ་བར་བྱས་པ་དག་བརྟན་པར་གྱུར་པ་གང་

གིས་ཡིན་པ་དེ་ནི་ས་བོན་ནོ་ཞེས་པ་སྔ་མ་བཞིན་ནོ། །རྫོགས་པ་དང་བསྐྱེད་པའི་རིམ་པ་འདི་དག་གི་ཡང་སྒོམ་པ་སྟོན་པར་བྱེད་དེ། རིམ་པ་ཞེས་པ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་སེམས་དེའི་རིམ་པས་འཕོ་བ་སྟེ་འགྲོ་བ་བཟུང་ངོ་ཞེས་ཕྱི་མ་དང་འབྲེལ་ལོ། །རླུང་གི་བཞོན་པ་ཅན་གྱི་
སེམས་འགོག་པར་བྱ་ཞིང་། རྣལ་འབྱོར་གོམས་པས་མི་གཡོ་བར་བྱེད་པར་གྱུར་པ་ན་རྫོགས་པའི་རིམ་པ་ལ་གནས་པའོ། །སྒོ་དགུ་རྣམས་ནི་འདིར་མིག་དང་སྤྱི་བོ་དང་སྣ་དང་རྣ་བ་དང་ལྕེ་དང་མགྲིན་པ་དང་། དཔུང་པ་དང་སྙིང་ག་དང་ལྟེ་བའི་རྩ་རྣམས་ཏེ། བསྐྱེད་པའི་རིམ་པ་ལ་གནས་པས་ནི་ས་བོན་
དགོད་པས་གཟུང་བར་བྱའོ་ཞེས་གསུངས་པ། ས་ཡི་ས་བོན་གཉིས་པོ་ནི། །ཞེས་པ། སའི་ས་བོན་གཉིས་ནི་ཧཱུཾ་ཡིག་གཉིས་སོ། །དེའི་མིག་ཏུ་ཞེས་པ་མིག་གཉིས་སུ་བསྒོམ་པར་བྱའོ། །འབར་བ་ཞེས་པ་མེའི་ས་བོན་ཀྵུཾ་རྐན་ལའོ། །རླུང་གི་སྟོང་པ་སོགས་ས་བོན། །ཞེས་པ་སྟོང་པ་ཉིད་ལ་སོགས་
པ་རྣམ་པར་དག་པ། རླུང་གི་ས་བོན་ནི་ཡཾ་ཡིག་གོ། །སྣ་དང་རྣ་བ་སོགས་ཞེས་པ་སྣའི་ཁུང་བུ་གཉིས་དང་རྣ་བའི་ཁུང་བུ་གཉིས་སུའོ། །དང་པོའི་སེམས་ཞེས་པ་གཙོ་བོའི་སེམས་ཀྱི་ངོ་བོ་ཞེས་པའི་དོན་ཏོ། །བདུད་རྩི་ཆུ་ཡི་ས་བོན་ནི། །ཞེས་པ་བདུད་རྩིའི་ས་བོན་སུཾ་ཡིག་སྟེ། དེ་ཡང་ཆུ་རྣམ་པར་དག་
ཅིང་དེའི་ས་བོན་ལྕེའི་དབང་པོ་ལ་སྦྱར་བར་བྱའོ། །གང་ལས་དེ་དེར་གཙོ་བོ་ཉིད་ཡིན་པ་སྟེ། འདིའི་རྒྱས་པར་བཤད་པ་དབང་ཕྱུག་ཅེས་པའོ། །མགྲིན་པར་གཏི་མུག་ས་བོན་ཏེ། །ཞེས་པ་མགྲིན་པ་ལ་གཏི་མུག་རྣམ་པར་དག་པའི་ས་བོན་སྨྼྻུཾའོ། །་དཔུང་པར་ཞེས་པ་དཔུང་པའི་རྩ་བ་གཉིས་
སུའོ། །ཉོན་མོངས་དེ་བཞིན་ནོ་ཞེས་པ་ཉོན་མོངས་པ་རྣམ་པར་དག་པའི་ས་བོན་སྨྼྻུཾའོ། །གཡོ་བ་ཞེས་པ་རླུང་སྟེ། དེའི་ས་བོན་ཡྨྼྻུཾ་སྙིང་ག