Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 6
Văn bản gốc(Tây Tạng)
Trang 1 / 21 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་སྱ་བཛྲ་པ་དོད་ངྷ་ར་ཎ་ནཱ་མ་པཉྩི་ཀཱ། བོད་སྐད་དུ། དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྡོ་རྗེའི་ཚིག་བཏུ་བ་ཞེས་བྱ་བ། དཔལ་དགྱེས་པའི་
རྡོ་རྗེ་ལ་ཕྱག་འཚལ་ལོ། །འཁོར་བར་མི་གནས་འཁོར་བར་རྒྱུ་ལ་ཕྱག་འཚལ་ལོ། །འཇིགས་པ་ཞི་མཛད་འཇིགས་པ་སྐྱེད་ལ་ཕྱག་འཚལ་ལོ། །ཆགས་བྲལ་འདོད་ཆགས་བདག་ལ་ཕྱག་འཚལ་ལོ། །
མུན་སེལ་མུན་ནག་འདྲ་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདག་བློ་དགེ་འཇུག་དང་། །མཚུངས་མེད་ཤེས་རབ་སྐྱབས་དང་ལྡན་གྱུར་པའི། །འཁོར་བ་བླ་མར་གྱུར་པ་ཇི་སྙེད་པའི། །ཞབས་རྡུལ་སྤྱི་
བོའི་གཙུག་གིས་གུས་བླངས་ནས། །དཔལ་ལྡན་རྒྱུད་རྒྱལ་དགྱེས་པའི་རྡོ་རྗེ་འདིའི། །རྡོ་རྗེའི་ཚིག་རྣམས་མཁས་པས་སྦས་པ་རྣམས། །སྒྲ་བཞིན་པ་ལ་ཞེན་པ་བཟློག་པའི་ཕྱིར། །བདག་གིས་ཅུང་ཟད་
གསལ་བར་བཏུ་བར་བྱ། །འདི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ངའི་གསུང་རབ་རྣམས་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་གླེང་གཞི་དང་ལྡན་པར་བསྡུས་ཤིག་
ཅེས་གསུངས་པས། དེའི་ཕྱིར་ཡང་དག་པར་སྡུད་པ་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་འདིར་གླེང་གཞི་ཉེ་བར་དགོད། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཏེ་ཞེས་བྱ་བ་དང་པོར་བཀོད་པ་འདི་ཡང་དང་པོར་ཕུན་སུམ་ཚོགས་པ་རྗོད་པར་བྱེད་པ་ཐུན་མོང་གི་ལུགས་ཀྱིས་བཤད་པར་བྱ་སྟེ། དེ་ལ་འདི་སྐད་ཅེས་བྱ་བ་ནི་དྲིས་པའི་ཚིག་
གི་ལན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་ཁྱོད་ཀྱིས་བཅོམ་ལྡན་འདས་ལ་ཇི་ལྟར་ཐོས་པ་ལྟར་སྨྲོས་ཤིག་ཅེས་དྲིས་པ་དང་། དེས་བདག་གིས་འཆད་པར་བྱེད་པ་འདི་སྐད་བཅོམ་ལྡན་འདས་
ལས་ཐོས་སོ་ཞེས་ལན་བཏབ་པའི་ཕྱིར་རོ། །བདག་གིས་ཞེས་བྱ་བ་ནི་འདི་སྐད་ཐོས་པ་དེ་ཉིད་མངོན་དུ་ཐོས་ཀྱི་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་ནི་མ་ཡིན་ནོ་ཞེས་བསྟན་པའོ། །ཐོས་པ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་ཡུལ་
དུ་བྱས་པའོ། །འདིས་ན་མངོན་སུམ་དུ་བྱས་པར་ཁས་མི་ལེན་ཏེ། དེ་ནི་ཐམས་ཅད་མཁྱེན་པ་དེ་ཁོ་ནའི་ཡུལ་ཡིན་པའི་ཕྱིར་རོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་ཡང་དང་ཡང་དུ་འདི་མཉན་པ་མ་ཡིན་གྱི། དུས་གཞན་དུ་ནི་གཞན་ཐོས་
ལ། དུས་གཅིག་ན་ནི་འདི་ཐོས་ཞེས་བསམས་པའོ། །དེ་བས་ན་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བའི་ཚིག་འདི་རྣམས་རིམ་པ་བཞིན་དུ་གྱ་ཚོམ་དུ་མི་འཇུག་པ་དང་། ལེགས་པར་གཟུང་བ་དང་། སྟོན་པའི་མངོན་སུམ་གྱི་སློབ་མ་ཡིན་པ་དང་། ཐོས་པ་མང་པོའི་ཡོན་
ཏན་རྣམ་པ་བཞིས་སྡུད་པ་པོ་ཕུན་སུམ་ཚོགས་པ་བསྟན་ཏོ། །དུས་ཕུན་སུམ་ཚོགས་པ་བསྟན་པ་དུས་གཅིག་ན་ཞེས་སྨོས་པ་ཉིད་དོ། །འདི་ལྟར་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུའི་ལོ་བརྒྱད་ཅུར་འཛམ་བུའི་གླིང་དུ་བཞུགས་པ་དེ་སྲིད་ལ། རྒྱུད་རིན་པོ་ཆེ་འདི་ནི་ཡང་ནས་ཡང་དུ་མ་
གསུངས་ཀྱི། དུས་གཅིག་ན་ལན་ཅིག་གསུངས་པ་ཁོ་ན་སྟེ། དེ་བས་ན་འདིའི་དུས་ན་དུས་གཞན་པས་ཁྱད་པར་འཕགས་པ་དེ་ཁོ་ནའོ། །དེ་བཞིན་དུ་འདི་ནི་རྙེད་དཀའ་བའི་ཕྱིར་བསྟན་པའི་བདག་ཉིད་ཕུན་སུམ་ཚོགས་པར་ཡང་ལེགས་པར་བརྗོད་པའོ། །དེ་ལྟར་ཡང་། འཇིག་རྟེན་
དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་ལན་འགའ་ཞིག །འབྱུང་འགྱུར་ན་ཡང་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །ཞེས་གསུངས་སོ། །སྟོན་པ་ཕུན་སུམ་ཚོགས་པ་བསྙད་པར་བཅོམ་ལྡན་འདས་ཞེས་
སྨོས་ཏེ། བདུད་བཞིའི་དགྲ་བཅོམ་པའི་ཕྱིར་མཛད་པའི་ངེས་པའི་ཚིག་གི་ཚུལ་གྱིས་བཅོམ་ལྡན་འདས་ཏེ་དེས་སོ། །ཡང་ན་ཉོན་མོངས་པ་འཇོམས་པའི་དོན་གྱིས་ཤེས་རབ་ནི་བཅོམ་པའི་སྒྲས་བསྟན་ལ་དེ་དང་བཅས་པས་བཅོམ་ལྡན་འདས་སོ། །ཡང་ན་འཇིགས་པ་བྲལ་བས་ནི་བཅོམ་
ལྡན་འདས་ཏེ། ཇི་ལྟར་འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་བ་ལས། ནམ་མཁའ་ལྟ་བུའི་ཆོས་རྣམས་ནི། །ལུས་ཅན་དག་ལ་རབ་སྟོན་ཀྱང་། །འདི་ལ་འཇིགས་པ་མི་མངའ་བས། །དེའི་ཕྱིར་བཅོམ་ལྡན་འདས་ཞེས་བཤད། །ཅེས་གསུངས་པ་ལྟ་བུའོ། །ཡང་ན་
ཡོན་ཏན་མཐའ་ཡས་པ་ལྡན་པའི་ཕྱིར། བཅོམ་ལྡན་འདས་ཏེ། དེ་ཉིད་ནི་འདི་ཉིད་ལས་ཡོན་ཏན་དྲུག་ཅེས་བཤད་པ་ནི། དབང་སོགས་ཡོན་ཏན་མཐའ་དག་གོ། །ཞེས་འཆད་པར་མཛད་དོ། །ཡང་ན་སྲིད་པ་དང་མྱ་ངན་ལས་འདས་པ་བྲལ་བས་བཅོམ་ལྡན་འདས་ཏེ། རྟག་པ་མི་གནས་
པ་མྱ་ངན་ལས་འདས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་དག་ནི་རྣམ་གྲངས་ཀྱི་རབ་ཏུ་སྦྱོར་བས་ཡིན་གྱི་ཐེ་ཚོམ་གྱི་སྦྱོར་བས་ནི་མ་ཡིན་ནོ། །འཁོར་ཕུན་སུམ་ཚོགས་པར་བརྗོད་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་སྐུ་དང་གསུང་དང་ཐུགས་དང་། རྡོ་རྗེ་
བཙུན་མོ་རྣམས་ཞེས་བྱ་བ་སྨོས་ཏེ། འདི་ལྟར་འཇིག་རྟེན་ལས་འདས་པའི་འཁོར་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་། སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་གྱིས་བསྡུས་པ། སྐུ་དང་གསུང་དང་། ཐུགས་རྡོ་རྗེའི་བྱང་ཆུབ་
སེམས་དཔའ་རྣམས་དང་། བདག་མེད་རྣལ་འབྱོར་མ་ལ་སོགས་པ་རྡོ་རྗེ་བཙུན་མོ་རྣམས་དང་ཐབས་གཅིག་ཏུ་ཐོས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་འཇིག་རྟེན་པའི་འཁོར་རྣམས་དང་ཡང་སྟེ། དེ་ལྟར་ཡང་རྒྱུད་འདི་ཉིད་ཀྱི་བརྟག་པ་སུམ་ཅུ་རྩ་གཉིས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ལས་རྗེས་སུ་ཡི་
རང་བརྗོད་པ་ལས། ལྷ་ལ་སོགས་པའི་འཁོར་སྨོས་པའི་ཕྱིར་རོ། །དེ་ལྟར་ཅིའི་ཕྱིར་དང་པོར་མ་བྱས་ཤེ་ན། འདིའི་ཟླས་གྲུབ་པའི་ཕྱིར་མི་དགོས་ཏེ། ངེས་པར་འདུ་བར་ཟླའི་སྒོ་ནས་རྟོགས་པར་འགྱུར་བ་ཁོ་ནའོ། །གནས་ཕུན་སུམ་ཚོགས་པ་གསལ་བར་བྱ་བའི་ཕྱིར། བྷ་ག་ཞེས་བྱ་བ་སྨོས་ཏེ། ཡེ་
ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་བེམས་པོ་མ་ཡིན་པའི་ཁང་པ་བརྩེགས་པ་གྲུ་བཞི་སྒོ་བཞི་པ། འཇིག་རྟེན་ལས་འདས་པའི་རྐྱེན་གྱི་ཁྱད་པར་གྱིས་སྤྲས་པ། ཚད་མེད་པའི་བསོད་ནམས་ཀྱི་རྒྱུ་ལས་བྱུང་བ་དེ་ནི་བྷ་ག་སྟེ་དེ་ནའོ། །འདི་ཉིད་གང་ན་ཞེ་ན། གང་དག་སྐལ་བ་དང་ལྡན་པ་དེ་དག་ལ་ནི་རྒྱལ་
པོའི་ཁབ་ལ་སོགས་པ་ཐ་མལ་པའི་གནས་འདི་དག་ཉིད་དེ་ལྟར་སྣང་བའོ། །ཁ་ཅིག་ན་རེ་འདོད་ཆགས་དང་བཅས་པའི་ལམ་ནི་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་བཤད་དོ་ཞེས་ཟེར་ལ། དེ་ཉིད་ཀྱི་ཕྱིར་རི་རབ་རིའི་རྩེ་མོ་ཁང་བུ་བརྩེགས་པའི་གཞལ་ཡས་ཁང་ནི་བྷ་ག་སྟེ་དེར་ཞེས་སོ། །ཁ་ཅིག་ན་རེ་
ལོངས་སྤྱོད་རྫོགས་པའི་སྐུ་ཡིས་འདི་གསུངས་ལ། དེ་ཡང་གཟུགས་ཀྱི་རྩེ་མོའི་འོག་མིན་ན་གནས་པས། གཞི་ཚད་མེད་པ་ཐམས་ཅད་ཀུན་དུ་སོན་པ། མཐའ་དེ་བཞིན་གཤེགས་པའི་ཡུལ་དུ་གྱུར་པ་སྟུག་པོ་བཀོད་པའི་ཞིང་ཁམས་ཁོ་ན་བྷ་ག་སྟེ་དེར་ཞེས་སོ། །བཞུགས་ཏེ་ཞེས་བྱ་བ་ནི་གདུལ་བྱ་
རྣམས་ཀྱི་ཡུལ་དང་མཐུན་པར་སྤྱོད་ལམ་བཞི་དང་ལྡན་པར་བཞུགས་པའོ། །དེ་ལྟར་ན་འདི་སྐད་བདག་གིས་ཐོས་པ་ཞེས་པ་ནས་བཞུགས་ཏེ་ཞེས་པའི་བར་གྱིས་རྒྱུད་ཀྱི་རྒྱལ་པོ་འདིའི་ཕུན་སུམ་ཚོགས་པ་རྣམ་པ་དྲུག་ལེགས་པར་གསུངས་པའོ། །དེ་ནི་རྒྱུད་ཀྱི་གླེང་གཞི་སྡུད་པ་པོ་ཕུན་སུམ་
ཚོགས་པར་བསྟན་པའི་སྒོ་ནས་བཤད་དེ། དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་སྐུ་དང་གསུང་དང་ཐུགས་ནི་མི་ཕྱེད་པའི་རྡོ་རྗེ་སྟེ། དེ་རྣམས་ཉིད་འདི་ལྟར་གདུལ་བྱའི་དབང་གིས་བཙུན་མོར་གྱུར་པའོ། །དེ་རྣམས་ཀྱི་བྷ་ག་ནི་བླ་མའི་
ཡང་བླ་མའི་ཆོས་བསྟན་པ་དང་མཐུན་པའི་ཆོས་ཁང་པ་བརྩེགས་པ་སྟེ་དེ་ལའོ། །བཞུགས་ཏེ་ཞེས་པ་ནི་སྔ་མ་བཞིན་ནོ། །སུ་བཞུགས་ཤེ་ན། བཅོམ་ལྡན་འདས་ཏེ་སྔ་མ་བཞིན་ནོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེ་ན། དེའི་ཕྱིར་འདི་སྐད་བདག་གིས་ཞེས་པ་སྟེ་ཚད་མེད་པ་བཞི་པོ་དང་ངོ་། །
ཐོས་པ་ནི་ལྡན་པར་འགྱུར་བའོ། །དུས་གཅིག་ན་ནི་སྐད་ཅིག་གཅིག་ལའོ། །དེ་བས་ན་འདི་སྐད་དུ་ཚད་མེད་པ་བཞི་དང་ལྡན་པར་གྱུར་པའི་བཅོམ་ལྡན་འདས་བཙུན་མོའི་བྷ་ག་ལ་བཞུགས་པ་དེ་སྡུད་པ་པོས་སྐད་ཅིག་གིས་མངོན་དུ་བྱས་ན་ཡང་དག་པར་སྡུད་པ་པོ་བདག་ཉིད་རྣམ་པ་ཐམས་
ཅད་མཁྱེན་པར་ཁས་བླངས་པའོ་ཞེས་བསྟན་པར་འགྱུར་རོ། །ད་ནི་རྒྱུད་ཀྱི་གླེང་གཞི་སྐྱེ་བོ་འདོད་ཆགས་ཅན་དགའ་བར་བྱེད་པའི་ཚུལ་གཉིས་པ་བརྗོད་དེ། དེ་ལ་འདི་སྐད་ནི། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུའི་སྐུ། །ཞེས་པའོ། །བདག་གིས་ནི་འདོད་ཆགས་
དང་བཅས་པའི་སེམས་ཀྱིས་སོ། །ཐོས་པ་ནི་བསྟན་པའོ། །དུས་གཅིག་ནི་སྐབས་གཅིག་ནའོ། །བཅོམ་ལྡན་འདས་ཞེས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མེ་ཏོག་ཀུནྡ་ལྟ་བུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་
དང་ཐུགས་དེ་རྣམས་ཉིད་རྣམ་པར་མི་རྟོག་པ་ཏིང་ངེ་འཛིན་གྱི་ཚུལ་གྱིས་རྡོ་རྗེའོ། །ཡང་དེ་རྣམས་ཉིད་འདོད་ཆགས་ཆེན་པོས་འདུལ་བའི་དབང་གིས་བཙུན་མོར་གྱུར་པའོ། །དེ་རྣམས་ཀྱི་བྷ་ག་ནི་ཡི་གེ་ཨེ་འདྲ་སྟེ། དེ་ལ་གནས་པའི་ཁང་པ་བརྩེགས་པ་རྣམས་ལའོ། །བཞུགས་ཏེ་ཞེས་པ་རྣམ་
པ་གཉིས་མ་སྤངས་པས་གདུལ་བྱ་འདོད་ཆགས་ཆེན་པོས་འདུལ་བ་དང་རྗེས་སུ་མཐུན་པར་བཞུགས་པ་སྟེ། འདི་ལྟར་སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུའི་སྐུ། །བཙུན་མོའི་བྷ་ག་བདེ་ལྡན་ལ། །ཁུ་བའི་མིང་གིས་བཞུགས་པར་
གྱུར། །དེ་མེད་ན་ནི་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ད་ནི་རྒྱུད་ཀྱི་གླེང་གཞི་སྟོན་པ་ཕུན་སུམ་ཚོགས་པ་བརྗོད་པས་ཀྱང་བཤད་དེ། འདི་ལྟར་འདི་སྐད་ནི་ཆོས་ཀྱི་སྐུའོ། །བདག་གིས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཐོས་པ་ནི་སྤྲུལ་པའི་
སྐུའོ། །དུས་གཅིག་ན་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་བའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྐུ་གསུམ་དབྱེར་མེད་པ་བདེ་བ་ཆེན་པོའི་རང་བཞིན་ནོ། །འདི་གསུངས་པ། འཆད་པ་པོ་སྟེ་ང་ཡི་ཆོས། །རང་ཡོན་ལྡན་པས་ཉན་པ་ང་། །ཞེས་སོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བཙུན་མོ་ནི་སྔ་མ་བཞིན་ནོ། །དེའི་བྷ་ག་ལ་ཞེས་པ་ནི་འདི་སྐད་དུ། རྡོ་རྗེ་བཙུན་མོ་དམ་པ་ཡི། །བྷ་ག་ཡི་གེ་ཨེ་གཟུགས་འདྲ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་ལྡན་ང་ཡི་གཙུག་ལག་ཁང་། །ཞེས་གསུངས་པའི་དོན་ཏོ། །བཞུགས་
ཏེ་ཞེས་པ་ནི་འཁོར་རྣམ་པ་གསུམ་གྱི་ཡིད་དང་མཐུན་པར་རོ། །འདི་དག་ནི་རྒྱུད་ཀྱི་གླེང་གཞི་རྣམ་པར་བཤད་པ་བཞིར་བྱས་པའོ། །གླེང་གཞི་དེ་ལྟ་བུ་དང་ལྡན་པའི་རྒྱུད་འདིའི་དགོས་པ་ལ་སོགས་པ་ཡང་བརྗོད་པར་བྱ་སྟེ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་གཞུང་འདི་ནི་
རྗོད་པར་བྱེད་པའོ། །དེས་ཡང་དག་པར་བསྟན་པར་བྱ་བའི་དོན་གྱི་ཚོགས་མ་ལུས་པ་ནི་བརྗོད་པར་བྱ་བའོ། །འདི་དག་རྒྱུ་དང་འབྲས་བུར་གནས་པ་ནི་འབྲེལ་བ་ཞེས་པ་སྟེ་ཕན་ཚུན་རག་ལས་པའི་ཕྱིར་རོ། །འདི་དག་ལ་བརྟེན་ཏེ་ལེགས་པར་རྟོགས་པ་སྔོན་དུ་སོང་བས། སྐུ་གསུམ་གྱི་མཐར་
ཐུག་པ་གྲུབ་པའི་བར་ནི་དགོས་པའོ། །འཁོར་བ་ཇི་སྲིད་དུ་གཞན་གྱི་དོན་འབྱུང་བ་ནི་འདིར་དགོས་པའི་ཡང་དགོས་པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལྟར་ཡང་གསུངས་པ། གཞན་དོན་ཕུན་སུམ་སངས་རྒྱས་ཀྱི། །འབྲས་བུའི་གཙོ་བོར་བཤད་པ་སྟེ། །སངས་རྒྱས་ཉིད་
སོགས་དེ་ལས་ཡང་། །དེ་ཡི་དོན་གྱི་འབྲས་བུར་བརྗོད། །ཅེས་སོ། །འདི་ནི་དགོས་པ་ལ་སོགས་པ་བརྗོད་པའོ།། །།ད་ནི་ལེའུ་དང་པོའི་རྡོ་རྗེའི་ཚིག་བཏུ་བར་བྱ་སྟེ། ལུས་སུ་གནས་དང་ཡེ་ཤེས་ཆེ། །རྟོག་པ་ཐམས་ཅད་སྤངས་པ་ཡིས། །དངོས་པོ་ཀུན་ལ་ཁྱབ་བྱེད་དེ། །
ལུས་སུ་གནས་ཀྱང་ལུས་མི་སྐྱེ། །ཞེས་བྱ་བ་ལ། ལུས་སུ་གནས་པ་དང་ཞེས་པ་དམིགས་པ་དང་བཅས་པ་དེ་བཞིན་གཤེགས་པ་དབུགས་དབྱུང་བའོ། །ཡེ་ཤེས་ཆེ་ཞེས་པ་ནི་དམིགས་པ་མེད་པར་རྡོ་རྗེ་འཆང་ཆེན་པོར་དབུགས་དབྱུང་བའོ། །རྟོག་པ་ཐམས་ཅད་སྤངས་པ་ཡིས། །ཞེས་པ་
ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་ཚུལ་གྱིས་སོ། །དངོས་པོ་ཀུན་ལ་ཁྱབ་བྱེད་དེ། །ཞེས་པ་ནི་ཐམས་ཅད་ནི་འགྲོ་བའི་དོན་བྱེད་པའོ། །ལུས་སུ་གནས་ཀྱང་ཞེས་བྱ་བ་ནི། ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུར་བཅས་ཀྱང་ངོ་། །ལུས་མི་སྐྱེ་ཞེས་པ་ནི་དེ་ལས་གཞན་པའི་ལུས་ལས་མི་འབྱུང་ཞེས་
བྱ་བའོ། །འདི་སྐད་དུ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་རྣམ་པར་མི་རྟོག་པའི་ཚུལ་གྱིས་འགྲོ་བའི་བདེ་བ་ལ་སྤྱོད་པ་ནི་སྐུ་གསུམ་ལ་གནས་པ་སྟེ། དེའི་ཕྱིར་ལུས་གཞན་ལས་དེ་འབྱུང་གི། བདག་ཉིད་ཀྱི་སེམས་ཀྱི་རྒྱུའོ་ཞེས་བསྟན་པར་འགྱུར་རོ། །ཡང་ན་
ལུས་སུ་གནས་དང་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་གཟུགས་ཀྱི་སྐུའི་ངོ་བོའོ། །ཡེ་ཤེས་ཆེ་ཞེས་པ་ནི་མི་དམིགས་པའི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །རྟོག་པ་ཐམས་ཅད་སྤངས་པ་ཡིས། །ཞེས་བྱ་བ་ནི། རྣམ་པར་རྟོག་པ་མ་ལུས་པ་ནུབ་པའི་རང་བཞིན་ནོ། །དངོས་པོ་ཀུན་ལ་ཁྱབ་
བྱེད་དེ། །ཞེས་པ་ནི་ཐོག་མ་དང་ཐ་མ་མེད་ཅིང་མི་མཉམ་པ་དང་མཉམ་པ་ནམ་མཁའ་ལྟ་བུས་ཆོས་ཐམས་ཅད་ལ་ཁྱབ་པར་བྱེད་པ་མཆོག་ཏུ་ཟབ་པའི་རང་བཞིན་ཆོས་ཀྱི་སྐུའོ། །ལུས་སུ་གནས་ཀྱང་ཞེས་པ་ནི་ལུས་ཀྱི་རྣམ་པ་ཡིན་ཡང་ངོ་། །ལུས་མི་སྐྱེ་ཞེས་བྱ་བ་ནི། ལུས་དེ་ཡང་ལུས་
ཀྱིས་ཤེས་པར་མི་བྱེད་ཅེས་པའོ། །འདི་སྐད་བསྟན་ཏེ། གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུའི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུ་ནི་སྐུ་གསུམ་གྱི་མཆོག་གི་རྣམ་པ་ཡིན་མོད་ཀྱི། དེ་ལྟར་ལུས་ཅན་དུ་འབྱུང་བ་མ་ཡིན་ནོ། །སྨེ་ཤ་ལྟ་བུར་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་
ལ་སོགས་བསྲེགས་པ་དང་། །ཧཾ་ལས་ཟླ་བ་འབབ་པའོ། །ཞེས་བྱ་བ་ལ། སྨེ་ཤ་ཞེས་བྱ་བ་ནི་རེག་པར་བྱ་བ་མ་ཡིན་པ་ཡི་གེ་ཨོཾ་གྱི་གཟུགས་ཅན་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་རེག་པར་མི་ནུས་པའོ། །དེ་ཡང་
འབར་བ་དང་། མཆེད་པ་དང་། དྲོ་བ་དང་། དུ་བར་འཐིབས་པ་དང་། གསལ་བ་ལ་སོགས་པའི་གཟུགས་ཀྱིས་གནས་པའོ། །ལྟེ་བར་ཞེས་བྱ་བ་ནི། སྤྲུལ་པའི་འཁོར་ལོའི་འདབ་མ་དྲུག་ཅུ་རྩ་བཞི་པའི་པདྨའི་ལྟེ་བར་རོ། །འབར་བ་ཡི་ཞེས་བྱ་བ་ནི་འབུད་པ་དང་། འབར་བས་སྦར་ཏེ།
མར་མེའི་རྩེ་མོ་ལྟ་བུར་ཨ་ཝ་དྷཱུ་ཏཱིའི་རྩའི་ལམ་ནས་སོང་བའོ། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །ཞེས་བྱ་བ་ནི། དེ་ནས་སྙིང་གར་གནས་པའི་ཆོས་ཀྱི་འཁོར་ལོ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུཾ་དང་། འདབ་མ་བཞི་ལ་ས་བོན་བཞི་གནས་པ་རྣམས་ལེགས་པར་བསྲེགས་པའོ། །
སྤྱན་མ་ལ་སོགས་བསྲེགས་པ་དང་། །ཞེས་བྱ་བ་ནི། འཁོར་ལོ་དེ་ཉིད་ཀྱི་མཚམས་ཀྱི་འདབ་མ་བཞི་ལ་ས་བོན་བཞི་གནས་པ་ལེགས་པར་བསྲེགས་པའོ། །དེ་བས་ན་ཕུང་པོ་ལྔ་དང་ཁམས་བཞིའི་བདག་ཉིད་སངས་རྒྱས་ལྔ་དང་། ལྷ་མོ་བཞིའི་རྣམ་པར་རྟོག་པའི་བདག་ཉིད་རྣམས་བསྲེགས་པས་
སྣང་བ་མེད་པ་ལ་འཇུག་པར་འགྱུར་རོ། །དེ་ནས་ཡང་བར་ཆད་མེད་པར་མཚན་མ་དང་བཅས་པར་ལངས་ཏེ། ལོངས་སྤྱོད་ཀྱི་འཁོར་ལོར་སོང་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་གནས་སོ། །དེའི་འོག་ཏུ་བདེ་བ་ཆེན་པོའི་གནས་སུ་སོང་ནས་རྣམ་པར་རྟོག་པ་མ་ལུས་པ་ནི་བདག་གིས་བསྲེགས་སོ་
ཞེས་སེམས་པས། ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་མ་ལུས་པས་མི་གོས་པས་སྟོབས་དང་མི་འཇིགས་པ་དང་། ཆོས་མ་འདྲེས་པའི་རང་བཞིན་གྱི་ཟླ་བའི་ཐིག་ལེ་སུམ་ཅུ་རྩ་གཉིས་ནས་བབས་ནས། སྤྲུལ་པའི་འཁོར་ལོར་འཛག་པའོ། །དེ་བས་ན། ཧཾ་བསྲེགས་ཟླ་བ་བབས་པའོ། །ཞེས་གསུངས་
པའོ། །འདིར་ཧཾ་བསྲེགས་པ་ཞེས་པ་ནི་བསྲེག་པ་ཡིན་ཏེ། གཞན་དུ་ན་བྱང་ཆུབ་སེམས་འབབ་པའི་གཞི་མི་འབྱུང་བའི་ཕྱིར་རོ། །འདི་ལ་མན་ངག་ནི། བསྐྱེད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པས་རྐང་པའི་མཐིལ་དག་ནི་གསང་བའི་གནས་ཀྱི་མཐར་ཐུག་པར་རླུང་གི་དཀྱིལ་འཁོར་དུ་རྣམ་པར་
བསམས་ལ། དེ་ནས་ཡང་གསང་བའི་གནས་ཉེ་འཁོར་དང་བཅས་པ་མེའི་དཀྱིལ་འཁོར་གྲུ་གསུམ་དུ་བྱས་ཏེ། དེ་ཡང་ཨ་ཝ་དྷཱུ་ཏཱིའི་རྩའི་ལམ་ན་སོང་སྟེ་སྙིང་ག་ཆོས་ཀྱི་འཁོར་ལོ་པདྨ་འདབ་མ་བརྒྱད་པ་མ་ལུས་པར་བསྲེགས་ཏེ་སྣང་བ་མེད་པའི་ཡེ་ཤེས་ལ་འཇུག་པའོ། །དེ་ནས་ཡང་སླར་འོད་
ཟེར་གྱི་གཟུགས་ཀྱིས་ལམ་དེ་ཉིད་ནས་བྱུང་སྟེ། མགྲིན་པར་སོན་པ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་གནས་སོ། །དེ་ནས་ཡང་སླར་ལོངས་སྤྱོད་རྫོགས་པའི་སྐུ་དོར་ནས་འོད་ཟེར་གྱི་གཟུགས་ཀྱིས་ལམ་དེ་ཉིད་ནས་བྱུང་སྟེ་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོར་སོང་
ནས་ཡི་གེ་ཧཾ་དཀར་པོ་ཁ་སྦུབ་པར་གནས་པ་ལ་རེག་པས་དྲོ་བར་བྱས་ཏེ། སླར་འོག་ཏུ་ཐིམ་པའི་ཚུལ་གྱིས་སོང་བ་དང་། དེ་ནས་ཧཾ་ལས་ཁུ་འཕང་གི་རི་ལུ་ལྟ་བུར་ཟླ་བ་འབབ་པས་འཁོར་ལོའི་གནས་རྣམས་སུ་སོང་སྟེ། ཆོས་ཀྱི་འཁོར་ལོ་ཡང་བསྲུབས་ནས་སྤྲུལ་པའི་འཁོར་ལོར་སོང་བ་
དང་། སླར་གྱེན་དུ་དང་པོའི་གནས་ཀྱི་མཐར་ཐུག་པར་འཕངས་ཏེ། དེ་ནས་སླར་ཡང་བབས་པའི་རིམ་པས་གང་གི་ཚེ་མངོན་སུམ་གྱུར་གྱི་བར་དུའོ། །དེ་ནས་སྣང་བ་མེད་པ་ལ་འཇུག་པར་འགྱུར་བའོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་བརྟག་པ་དང་པོའི་ལེའུ་བརྒྱད་པ་ལས། གང་གིས་
དགྱེས་རྡོར་མི་ཤེས་པ། ཁ་དེའི་རྩེ་མོར་གནས་པའི་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པ་ལ་བརྟན་པ་ཨཾ་གི་ཡི་གེ་འོད་ཟེར་ཁ་དོག་ལྔ་པ་བལྟས་ཏེ་དེ་ནས་རླུང་གི་དཀྱིལ་འཁོར་ནས་རླུང་ལངས་པས་མེའི་དཀྱིལ་འཁོར་འབར་བར་གྱུར་པ་དང་། ཡི་གེ་ཨཾ་ལས་མར་མེའི་རྩེ་མོ་ལྟ་བུའི་འོད་
བྱུང་སྟེ། ཆུ་བོའི་རྒྱུན་ནི་འབབ་པ་དང་། །མར་མེའི་སྣང་བ་འབྲེལ་པ་བཞིན། །ངལ་བ་འབྲས་བུ་མེད་པས་ན། །རྟག་ཏུ་དེ་ཉིད་སྦྱོར་བ་ཡིས། །ཉིན་དང་མཚན་དུ་གནས་པར་བྱ། །ཞེས་གསུངས་ལ། དེ་བཞིན་དུ་བརྟག་པ་གཉིས་པའི་ལེའུ་བཞི་པ་ལས་ཀྱང་། ལྟེ་བའི་དཀྱིལ་འཁོར་ལ་གནས་པ། །
དབྱངས་ཡིག་དང་པོའི་ངོ་བོ་ཉིད། །བློ་ལྡན་མཁས་པས་དེར་བརྟག་གོ། །དེ་འདིར་བཅོམ་ལྡན་ཤེས་རབ་མ། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །རིང་པོ་མ་ཡིན་ཐུང་ངུ་མིན། །གྲུ་བཞི་མ་ཡིན་ཟླུམ་པོ་མིན། །བྲོ་བའི་རོ་དང་དྲི་མིན་ཏེ། །ལྷན་ཅིག་སྐྱེས་དགའ་བྱས་པ་ཡིས། །རྣལ་འབྱོར་པ་ཡིས་
དེ་བསྐྱེད་ལ། །དེ་ཡི་བདེ་བ་སྤྱད་པར་བྱ། །ཕྱག་རྒྱ་ཆེན་པོ་བདེ་སྦྱིན་པའི། །དངོས་གྲུབ་དེ་ཡི་ལྷན་ཅིག་འགྱུར། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་དེ་བཞིན་འདིར། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡི། །ཤེས་རབ་ཏུ་ནི་ཉེ་བར་སྤྱད། །དེ་ནི་ལྷན་ཅིག་སྐྱེས་
དགའི་དངོས། །དེ་འདིར་བདེ་ཆེན་རྣལ་འབྱོར་བཟང་། །དེ་འདིར་དཀྱིལ་འཁོར་འཁོར་ལོ་དང་། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སོ་སོར་རྟོག་པར་ཡང་དག་འགྱུར། །དེ་འདིར་བྱ་བ་ནན་ཏན་ཏེ། །ཆོས་དབྱིངས་རྣམ་པར་དག་པ་སྟེ། །
དེ་འདིར་དཀྱིལ་འཁོར་བདག་པོར་གསུངས། །དེ་འདིར་བདག་མེད་རྣལ་འབྱོར་མ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ། །ཞེས་གསུངས་སོ། །དེ་ལ་འདིར་རྣལ་འབྱོར་རྣམ་པ་གཉིས་ཀྱང་འདིའི་ཡན་ལག་ཡིན་ཏེ། འདི་ལྟ་སྟེ། །ཤིན་ཏུ་སྤྲོས་པའི་ཡན་ལག་དང་། །མདོར་བསྡུས་པ་ཡི་ཡན་
ལག་གོ། །དེ་ལ་ཤིན་ཏུ་སྤྲོས་པའི་ཡན་ལག་ནི། རྗེ་བཙུན་ནག་པོའི་ཞལ་སྔ་ནས་ཀྱིས་རིམ་པ་བཞི་པར་གསལ་བར་རབ་ཏུ་མཛད་དོ། །མདོར་བསྡུས་པའི་ཡན་ལག་འདིར་བརྗོད་དེ། ལུས་ལ་འཁོར་ལོ་བཞི་རྣམས་གནས། །སྤྲུལ་དང་ཆོས་དང་ལོངས་སྤྱོད་དང་། །བདེ་བ་ཆེན་པོ་ཞེས་
བྱའོ། །དེ་ལ་སྤྲུལ་དང་ལོངས་སྤྱོད་ནི། །ཤེས་རབ་རང་བཞིན་གྱེན་ཕྱོགས་ཤིང་། །ལྟེ་བ་ཉི་མས་རབ་བརྒྱན་པ། །དྲུག་ཅུ་རྩ་བཞི་བརྒྱད་ཕྲག་གཉིས། །འདི་གཉིས་འདབ་མར་ཤེས་པར་བྱ། །དེ་དག་དབུས་ནས་ཨཾ་དང་ཨོཾ། །འོད་ཟེར་གྱེན་དུ་རྒྱུ་བའོ། །དེ་བཞིན་ཆོས་དང་བདེ་ཆེན་ནི། །ཐབས་ཀྱི་
རང་བཞིན་ཐུར་བལྟས་ལྡན། །འདི་དག་ལྟེ་བ་ཟླ་བས་བརྒྱན། །ཟླ་དབུས་ཧཱུཾ་དང་ཧཾ་ལྡན་པའོ། །བརྒྱད་དང་སུམ་ཅུ་རྩ་གཉིས་ཀྱི། །འདབ་མས་འདི་གཉིས་མཛེས་པར་བྱས། །དེ་ནས་མཆོངས་དང་རེག་ལྡན་དང་། །འཕྱང་དང་རབ་ལྡན་འབར་བ་དང་། །སླར་ཡང་རབ་གནས་ཐིམ་པ་དང་། །ཤེས་
རབ་བཞི་ལ་གནས་པར་བསམ། །རིམ་པ་དག་ནི་འདི་ཉིད་ཀྱིས། །གང་ཚེ་སེམས་ནི་བརྟན་གྱུར་དང་། །སྣང་བ་མེད་ལ་འཇུག་པར་བྱ། །ཞེས་བྱ་བ་ནི་འདིའི་མན་ངག་གོ། །དེ་བཞིན་དུ་ལྟེ་བར་པདྨ་དམར་པོ་ནི། །རྣམ་རྒྱས་འདབ་མ་བཞི་པ་ཉིད། །གྱེན་དུ་ཕྱོགས་པའི་ལྟེ་བ་ལ། །ཉི་མ་ཤེས་རབ་ཨཾ་
གཟུགས་མའོ། །འདི་ཡི་འདབ་མ་གཞན་ལ་ནི། །དབྱངས་ཀྱི་ཡི་གེ་བཅུ་བཞི་སྟེ། །འོག་དང་སྟེང་དང་མཚམས་སུ་ཡང་། །བསམ་བྱ་དེ་རྣམས་འབར་བ་ཡིས། །པདྨའི་རྩ་བའི་སྐུད་པ་ལྟར། །ཤིན་ཏུ་ཕྲ་བའི་རི་མོ་རྣམས། །བར་མེད་ཡིད་ཀྱིས་བྲིས་པ་རྣམས། །རྣལ་འབྱོར་ཅན་གྱིས་རྣམ་
བསམས་ན། །ཉི་མ་དག་ནི་ཉུང་ཤས་ཀྱིས། །མངོན་དུ་བྱེད་འགྱུར་འཁྲུལ་པ་མེད། །ཅེས་བྱ་བ་འདི་ཡང་མདོར་བསྡུས་པའི་ཡན་ལག་གོ། །འདི་ལྟ་བུ་ལ་སོགས་པ་སྤྲོས་པ་དང་བཅས་པའི་རྫོགས་པའི་རིམ་པ་རྣམས་ནི་སྤྲོས་པ་མེད་པའི་རྫོགས་པའི་རིམ་པ་ལ་འཇུག་པར་བྱ་བའི་དོན་ཁོ་
ན་ཡིན་པར་ཤེས་པར་བྱའོ། །ལེའུ་དང་པོའི་རྡོ་རྗེའི་ཚིག་བཏུ་བའོ།། །།ད་ནི་ལེའུ་ལྔ་པའི་རྡོ་རྗེའི་ཚིག་ལ་འཇུག་པར་བྱ་སྟེ། འདིར་ནི་མ་དང་སྲིང་མོ་སོགས། །རྣལ་འབྱོར་ལྡན་པས་རྟག་ཏུ་མཆོད། །ཅེས་བྱ་བ་ལ་འདིར་ནི་ཞེས་བྱ་བ་ནི། གསང་བ་བླ་ན་མེད་པ་འདོད་ཆགས་དང་བཅས་པའི་
ལམ་འདིར་རོ། །མ་དང་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་གང་ཞིག་གང་གི་རིག་མ་ཤེས་རབ་མར་བྱིན་གྱིས་བརླབས་པའོ། །སྲིང་མོ་སོགས་ཞེས་བྱ་བ་ལ། །སྲིང་མོ་ནི་གང་ཞིག་རང་དང་ན་ཚོད་མཚུངས་པའི་བུད་མེད་ལས་ཀྱི་ཕྱག་རྒྱར་བྱིན་གྱིས་བརླབས་པའོ། །སོགས་ཞེས་བྱ་བ་ནི་བུ་མོ་དང་།
ཚ་མོ་ལ་སོགས་གཟུང་བའི་ཕྱིར་རོ། །འདི་དག་ཀྱང་རང་བས་གཞོན་པ་ལ་སོགས་པ་ཕྱག་རྒྱར་བྱིན་གྱིས་བརླབས་པ་ལ་བྱའི་སྒྲ་ཇི་བཞིན་པར་ནི་མ་ཡིན་ཏེ། རྒྱུད་རྣམས་ལས་གསུངས་པའི་འཁྲུལ་པ་བསལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་ཆེན་པོའི་རྒྱུད་ལ་ལར་གསུངས་པ།
མ་དང་བུ་མོ་སྲིང་མོ་སོགས། །བགྲོད་བྱ་མིན་ལ་བགྲོད་པར་བྱེད། །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེའི་ཕྱིར་བརྟག་པ་གཉིས་པའི་ལེའུ་ལྔ་པ་ལས། མ་དང་བུ་མོ་སྲིང་མོ་དང་། །ཚ་མོ་སྲུ་མོ་མེའུ་མོ་དང་། །སྒྱུག་མོ་རང་གི་ནེ་ནེ་མོ། །རིག་མ་བརྒྱད་དུ་རྣམ་གྲགས་ཏེ། །འོ་བྱེད་དམ་དུ་
འཁྱུད་པ་ཡིས། །རྣལ་འབྱོར་པ་ཡིས་མཆོད་པར་བྱ། །ཞེས་གསུངས་པ་དང་། དཀར་མོ་དང་། རྐུན་མོ་དང་། རོ་ལངས་མ་ལ་སོགས་པ་བརྒྱད་དུ་བྱིན་གྱིས་བརླབས་པའི་རིག་མ་བརྒྱད་ལ་དགོངས་པའོ། །དེ་བཞིན་དུ་བརྟག་པ་གཉིས་པའི་ལེའུ་བདུན་པ་ལས། གང་ཞིག་མ་དང་སྲིང་མོ་དང་། །
ཚ་མོ་དང་ནི་སྒྱུག་མོ་ལའང་། །ཚོགས་ཀྱི་འཁོར་ལོའི་མཆོད་ཆེན་པོ། །བྱས་ན་དངོས་གྲུབ་དེས་ཐོབ་པོ། །ཞེས་གསུངས་པ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུ་སྟེ་བལྟ་བར་བྱའི། སྒྲ་ཇི་བཞིན་པ་ནི་མ་ཡིན་ནོ། །རྣལ་འབྱོར་ལྡན་པས་ཞེས་བྱ་བ་ནི་ཐབས་དང་
ཤེས་རབ་ཀྱི་ཏིང་ངེ་འཛིན་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་པའི་མཐར་ཐུག་པ་ལ་གནས་པར་གྱུར་པའོ། །རྟག་ཏུ་མཆོད་ཅེས་པ་ནི་ཇི་སྲིད་སྤྲོས་པ་དང་བྲལ་བའི་གནས་མ་ཐོབ་ཀྱི་བར་དུ་སྙོམས་པར་འཇུག་པའི་བདེ་བས་ཚིམ་པར་བྱ་བའོ། །དེ་ལ་འདིར་བསྡུས་པའི་དོན་ནི་ན་ཚོད་ལ་སོགས་པའི་བུད་
མེད་མ་ལ་སོགས་པའི་བརྡས་བསྟན་པ་དག་བཟུང་ལ་ལེགས་པར་སྦྱངས་ཏེ་བདག་ཉིད་ཀྱང་སྦྱངས་ལ་དེ་དང་སྙོམས་པར་འཇུག་པའི་བདེ་བས་ལུས་ཀྱི་བདག་ཉིད་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ལྷའི་དཀྱིལ་འཁོར་རྣམས་དེས་ཚིམ་པར་བྱས་ཏེ། དེ་ནས་རྡོ་རྗེ་ནོར་བུའི་ནང་དུ་སེམས་
སོན་པ་བླ་ན་མེད་པའི་མཆོད་པས་དགྱེས་པར་བྱའོ། །གང་གི་ཚེ་བླ་ན་མེད་པའི་མཆོད་པ་ལ་ལེགས་པར་གནས་པ་ན་དེའི་སྙོམས་པར་འཇུག་པའི་བདེ་བའི་མཆོད་པ་བརྩམ་པར་མི་བྱའི། བླ་ན་མེད་པའི་མཆོད་པ་ཁོ་ན་ལ་གནས་པར་བྱའོ། །དེ་ལྟར་གསུངས་པ། བུད་མེད་སྤངས་ཤིང་དོར་ནས་སུ། །
ཡེ་ཤེས་ཕྱག་རྒྱ་གོམས་པར་བྱེད། །ཡེ་ཤེས་གྲུབ་ནས་དེ་ནས་ནི། །ཕྱག་རྒྱ་ཆེན་པོས་བྱང་ཆུབ་འགྲུབ། །ཅེས་པའོ། །ཡང་གསུངས་པ། གསང་བའི་སྙོམས་པར་འཇུག་པ་འདིས། །ཕྱི་རོལ་སྦྱོར་བ་བལྟ་མི་བྱ། །ཞེས་སོ། །དེ་བས་ན་གང་དག་ཕྱག་རྒྱ་ཆེན་པོ་དང་སྙོམས་པར་འཇུག་མི་ནུས་པ་དེ་དག་
ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་གསུངས་ཀྱི་ཕྱག་རྒྱ་ཆེན་པོ་དང་སྙོམས་པར་འཇུག་ནུས་པ་རྣམས་ལ་ནི་མ་ཡིན་ནོ། །དེའི་ཕྱིར་བརྟག་པ་གཉིས་པའི་ལེའུ་བརྒྱད་པ་ལས། ཧ་ཅང་མི་རིང་མི་ཐུང་ཞིང་། །ཞེས་པ་ལ་སོགས་པ་ཕྱག་རྒྱ་ཆེན་པོ་བསྟན་པ་ནི་
ཐུགས་རྗེ་ཆེན་པོས་འཆད་པ་སྟོང་པ་བསྟན་པའི་དཔེ་ཡིས་དམན་པ་རྣམས་བྲིད་པར་གསུངས་པ་ཁོ་ནའོ། །དེ་ལྟར་མིན་ན་སྤྲོས་པ་མེད་པའི་རྫོགས་པའི་རིམ་པས་ཅི་ཞིག་བྱ། ཕ་ལས་ཐོབ་པ་ཇི་ལྟའི་བདེ། །བདེ་བ་དེ་ནི་བདག་ཉིད་སྤྱོད། །གང་གིས་འཆི་བའང་བདེ་བ་སྟེ། །བདེ་བ་དེ་ནི་བསམ་
གཏན་བརྗོད། །ཅེས་བྱ་བ་ནི། ཕ་སྟེ་སེམས་ཙམ་གྱི་རྣམ་པ་ནི་ཕ་ཞེས་བྱའོ། །ཕ་དེ་ལས་ཐོབ་པའི་བདེ་བ་ཇི་ལྟ་བའི་བདེ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་མཚན་ཉིད་ཀྱི་བདེ་བ་ཙམ་མོ། །བདེ་བ་དེ་ནི་བདག་ཉིད་སྤྱོད། །ཅེས་བྱ་བ་ནི། རང་གི་བདག་ཉིད་བླ་ན་མེད་པའི་སྟོང་པ་དང་།
སྙིང་རྗེའི་ངོ་བོ་ཐོག་མ་མེད་པ་ནས་མངོན་པར་སངས་རྒྱས་པར་རྟོགས་པར་བྱ་བའོ། །བདེ་བ་དེ་ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། གང་གིས་འཆི་བའང་བདེ་བ་སྟེ། །ཞེས་བྱ་བ་གསུངས་ཏེ། བདེ་བ་གང་གིས་འཆི་བ་ནི་ལུས་དང་ངག་དང་ཡིད་ཀྱིས་རྩོལ་བའི་སྲོག་གི་རླུང་འགགས་པ་ནི་གང་གིས་
འཆི་བའོ། །དེས་ཅིར་འགྱུར་ཞེ་ན། བདག་གི་བདེ་བ་དེ་ནི་ཞེས་བྱ་བ་སྨོས་ཏེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་ནོ། །བསམ་གཏན་ཞེས་བྱ་བ་ནི་དེ་ཉིད་རྣམ་པར་མི་རྟོག་ཅིང་རྩེ་གཅིག་པའི་ཕྱིར་རོ། །བརྗོད་ཅེས་བྱ་བ་ཇི་ལྟར་བཤད་པ་ནི་ཀུན་རྫོབ་པ་ཡིན་ནོ་
ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། ཆོས་ཐམས་ཅད་སེམས་ཙམ་དུ་རྟོགས་པས་དེ་དང་མི་ལྡན་པ་རྣམས་ལ་བྱམས་པ་ཆེན་པོ་སྔོན་དུ་བྱས་ཏེ། སྣང་བ་མེད་པ་ལ་འཇུག་པ་ནི་ཐ་མལ་པའི་སྲོག་ཆད་པའི་ངོ་བོ་འཆི་བ་ཞེས་བསྟན་པ་རྫོགས་པའི་བྱང་ཆུབ་ཐོབ་སྟེ། བསམ་གཏན་
ཞེས་བྱ་བའི་མིང་གིས་ཀུན་རྫོབ་ཏུ་གནས་པར་མ་གྱུར་ཏོ། །ཡང་ཕ་ཞེས་བྱ་བ་ནི་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ཀྱི་སེམས་སོ། །ཇི་ལྟའི་ཞེས་བྱ་བ་ནི་ཚོགས་པ་ཇི་ལྟ་བའི་འོ། །བདེ་བ་ནི་ཁམས་གསུམ་པའི་བདེ་བའི་རང་བཞིན་ནོ། །ཐོབ་པ་ཞེས་པ་ནི་རྙེད་པའོ། །བདེ་བ་དེ་ནི་བདག་ཉིད་
སྤྱོད། །ཅེས་བྱ་བ་ནི་བླ་ན་མེད་པའི་བདེ་བ་དེ་བཞིན་གཤེགས་པའི་རང་བཞིན་དེ་ལས་ཀྱི་ཕྱག་རྒྱ་ལ་མི་ལྟོས་པར་བསྒོམ་པ་ཙམ་གྱིས་འགྲུབ་པར་བྱའོ། །གང་གིས་བདེ་བ་ཞེས་བྱ་བ་ནི་རང་བཞིན་གྱིས་འབྱུང་བའོ། །འཆི་བ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་
རྣམས་ཤིན་ཏུ་སྐྱེ་བ་མེད་པས་ཤི་བར་བྱས་པའོ། །བདེ་བ་ནི་བསམ་གཏན་བརྗོད་ཅེས་བྱ་བ་ནི་བསམ་གཏན་ཕུལ་དུ་བྱུང་བ་ལས་དེ་འབྱུང་བའོ། །དེ་ཉིད་རྡོ་རྗེ་འཆང་བདེ་བ་ཆེན་པོའི་རང་བཞིན་ནོ། །བརྗོད་ཅེས་བྱ་བ་ནི་བླ་མ་རྣམས་ཀྱིས་རང་གི་སེམས་ཁོ་ན་ལས་དེ་འབྱུང་གིས་སྐྱེའོ་ཞེས་བརྗོད་དོ། །འདི་
སྐད་དུ་རྣལ་འབྱོར་པའི་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ཀྱི་སེམས་བདེ་བའི་འབྱུང་གནས་དེ་ཚོགས་བཟང་ངན་གྱིས་འགྲོ་བ་དམ་པ་དང་། དམ་པ་མ་ཡིན་པར་གྱུར་པ་ཐམས་ཅད་ལ་བདེ་བ་ཆེན་པོ་དབྱེར་མེད་པར་རྟོགས་པ་འཐོབ་པའི་ཐབས་ནི་རང་གི་སེམས་ཁོ་ན་བས།
རང་བཞིན་གྱིས་བདེ་བ་འབྱུང་བ་ཟག་པ་དང་བཅས་པའི་ཆོས་རྣམས་འགགས་པ་ཐོབ་པ་ནི་བསམ་གཏན་ཕུལ་དུ་བྱུང་བ་བསླབས་པ་ལས་བྱུང་བར་བླ་མ་དམ་པ་རྣམས་ཀྱིས་གསུངས་སོ་ཞེས་བྱ་བ་ནི་འདི་ནི་འདིར་མན་ངག་གིས་ཏེ། དེ་བས་ན་བརྟག་པ་དང་པོའི་ལེའུ་བཅུ་པ་ལས། ཕྱག་རྒྱའི་རྒྱུ་དང་
རྣམ་པར་བྲལ། །ཞེས་གསུངས་པ་སྟེ། སྐྱེ་བོ་ཤེས་རབ་དང་སྙིང་རྗེའི་རྐང་པ་དང་ལྡན་པ་དེ་དག་ལ་ནི་དང་པོ་ཡང་གསང་བ་ཤེས་རབ་ཡེ་ཤེས་དང་། བཞི་པ་རྣམས་དགོས་པ་མ་ཡིན་ལ། ཕྱི་ནས་ཀྱང་སྤྲོས་པ་དང་བྲལ་བའི་ཕྱག་རྒྱ་ཆེན་པོ་མ་གཏོགས་པར་ཕྱག་རྒྱ་གཞན་ལ་བསྟེན་པ་ཉིད་མི་དགོས་
སོ། །དེ་ལྟར་ན་དེ་དག་ནི་འདོད་ཆགས་ཀྱི་ཉེས་པས་ཀྱང་མ་རེག་ལ། འདོད་ཆགས་ཀྱིས་གྲོལ་བར་བྱེད་པའི་ཐབས་ལ་ཡང་གནས་པས་ན་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་གནས་ཀྱི་མན་ངག་རྣམས་གཟུང་བ་དང་སྦྱིན་པ་ལ་དབང་ཐོབ་པ་ཡང་ཡིན་ནོ། །ཇི་ལྟར་ན་དེ་དག། དབང་བསྐུར་བ་དང་
བྲལ་བཞིན་དུ། །དེ་ཡི་མན་ངག་འཛིན་པ་དང་། །སྦྱིན་ལ་དབང་ཐོབ་དེ་ལྟ་ན། །ཡང་དག་དབང་ནི་བསྐུར་བ་ལ། །དེ་ཉིད་བསྟན་ཞེས་རྡོར་འཛིན་གསུངས། །གཞན་དུ་དེ་ལ་དངོས་གྲུབ་ནི། །མེད་ཅིང་བྱང་ཆུབ་མེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ཡང་དེ་ལྟ་མིན་ནོ་ཞེ་ན། དེ་ནི་མ་
ཡིན་ཏེ་དཔེར་ན་མིག་སྨན་གྱི་ཐུར་མས་མིག་དབྱེ་བའི་ཚོར་བ་སྡུག་བསྔལ་མ་མྱོང་བ་རྣམས་ལ་ཐུར་མའི་རིག་པ་བཟུང་བ་དང་། སྦྱིན་པའི་དབང་མེད་པ་ནི་མ་ཡིན་པ་ལྟར། དེ་ཡང་དེ་དང་འདྲའོ། །གལ་ཏེ་དེ་ནི་མ་ཡིན་ཏེ་འདིར་ཉམས་སུ་མྱོང་བའི་དོན་སྟོན་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ།
ལྷན་ཅིག་སྐྱེས་དགའ་གཞན་དག་གིས། །བརྗོད་མིན་གང་ནས་མི་རྙེད་ཀྱང་། །ཞེས་གསུངས་པའི་ཕྱིར་དང་། དེ་བཞིན་དུ། གཞོན་ནུ་མ་ཡི་རབ་དགའ་ལྟར། །བསྟན་དུ་མེད་པའི་བདེ་བ་འབྱུང་། །ཞེས་གསུངས་པས། རང་གིས་ཉམས་སུ་མྱོང་བ་ཇི་ལྟ་བ་སློབ་མ་ལ་བརྗོད་པ་མ་ཡིན་ནོ། །གཞན་
ཡང་ཉམས་སུ་མྱོང་བའི་དོན་བརྗོད་ན། །ཅི་དབང་པོ་གཉིས་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་བརྗོད་པའམ། ཡང་ན་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རྟོགས་པ་བརྗོད། དང་པོ་ནི་མ་ཡིན་ཏེ། དེ་ནི་བླ་མ་ལ་རག་མི་ལས་ཤིང་འདོད་ཆགས་དང་བྲལ་བ་ཐམས་ཅད་ལ་འབྱུང་བའི་ཕྱིར་རོ། །ཕྱོགས་
གཉིས་པ་ལྟར་ན་ནི་དེ་ཐོབ་པ་ལ་རག་མི་ལས་ཤིང་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་དང་མི་ལྡན་པ་འགའ་ཞིག་གིས་ཀྱང་འགྲུབ་པར་ཐལ་བའི་ཕྱིར་རོ། །གང་གསུངས་པའི། ཡང་དག་དབང་ནི་བསྐུར་བ་ལ། །ཞེས་བྱ་བ་ལ་སོགས་པ་ནི་ཟློག་པར་བྱེད་པ་ཉིད་མ་ཡིན་ཏེ། རིག་པའི་དབང་གི་དགོངས་པ་དང་ཡུལ་ཐམས་ཅད་མ་
བཟུང་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་འདི་ནི་རིགས་པ་མ་ཡིན་ཏེ། རིག་པའི་དབང་ནི་སྐུ་རྣམ་པར་དག་པ་ཡིན་ལ། གསང་བ་དང་ཤེས་རབ་ཡེ་ཤེས་དག་པ་ནི་གསུང་དང་ཐུགས་རྣམ་པར་དག་པ་ཡིན་པའི་ཕྱིར་གང་གིས་རིག་པའི་དབང་བསྐུར་བ་དེ་ནི་སྐུ་འབའ་ཞིག་རྣམ་པར་དག་པ་ཡིན་གྱི་ཐུགས་དང་གསུང་དག་པ་མ་ཡིན་ནོ་
ཞེ་ན། དེ་ལྟ་མོད་ཀྱི་འདི་ནི་མཆོག་ཏུ་འཁྲུལ་པའི་གནས་གང་ཟག་གི་བསམ་པ་ལ་བརྟེན་པ་ཙམ་ཡིན་གྱི་ངེས་པར་གྱུར་པ་ཉིད་མ་ཡིན་ནོ། །དེ་ལྟར་མིན་ན་རིག་པའི་དབང་ཡོངས་སུ་ཉམས་པར་འགྱུར་ཏེ། འདི་ལྟར་ཆུ་དང་ཅོད་པན་དང་རྡོ་རྗེ་དང་དྲིལ་བུ་དང་། མིང་གིས་རིམ་པ་བཞིན་དུ་མེ་ལོང་ལྟ་བུ་
དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམས་འགྲུབ་པར་གསུངས་པའི་ཕྱིར་རོ། །གང་ཡང་ཡེ་ཤེས་ལྔ་རྣམ་པར་དག་པའི་མཐར་གྱུར་ཀྱང་གསུང་དང་ཐུགས་རྣམ་པར་མ་དག་པ་ཞིག་ན་སུ་ཞིག་བསྟན་པ་འདི་
ལ་བརྩོན་པར་འགྱུར། དེ་བས་ན་གང་གིས་རིག་པའི་དབང་བཟུང་བ་དེ་ནི་དབང་རྣམ་པ་གསུམ་ལ་དབང་བ་ཁོ་ནའོ། །དེ་ལྟར་ན་འདི་དག་ནི་བསྟན་པར་མི་འགྱུར་ཏེ་དོན་མེད་དོ་ཞེ་ན། ཐམས་ཅད་དུ་ནི་དགག་པར་མི་སྦྱོར་རོ། །དཔེར་ན་འགའ་ཞིག་ཏུ་མུ་ཏིག་གི་དོ་ཤལ་དག་པ་བས་ཆང་བ་སྟོང་བ་བསྟན་
པ་ཉིད་ཆེས་ཐབས་སུ་འགྱུར་བ་ལྟ་བུའོ། །ལེའུ་ལྔ་པའི་རྡོ་རྗེའི་ཚིག་བཏུ་བའོ།། །།ད་ནི་ལེའུ་དྲུག་པའི་རྡོ་རྗེའི་ཚིག་བཏུ་བ་ལ་འཇུག་པར་བྱ་སྟེ། ཤིང་གཅིག་དྲུང་ངམ་དུར་ཁྲོད་དུ། །བསྒོམ་པ་དག་ནི་དགེ་བར་གསུངས། །མཚན་མོ་མོའི་ཁྱིམ་དེ་བཞིན། །ཡང་ན་དབེན་དང་བས་
མཐར་ནི། །ཅུང་ཟད་དྲོད་ནི་ཐོབ་བྱས་ལ། །གང་ཞིག་འདོད་པས་སྤྱད་པ་བྱ། །ཞེས་བྱ་བ་ལ་ཤིང་གཅིག་ཅེས་བྱ་བ་ནི་ལག་པ་ལ་སོགས་པ་ཡལ་ག་དུ་མ་དང་ལྡན་པའི་ལུས་ཉིད་དོ། །དུར་ཁྲོད་ཅེས་བྱ་བ་ནི་རང་གི་ལུས་ཉིད་དེ། དེ་ལྟར་ཡང་འདི་ཉིད་ལས། དབུགས་
དང་རབ་ཏུ་ལྡན་པ་ལ། །དུར་ཁྲོད་ཅེས་ནི་མངོན་པར་བརྗོད། །ཅེས་གསུངས་སོ། །ཁམས་བདུན་པ་ནི་མ་མོ་སྟེ་དེ་རྣམས་འདུས་པ་ནི་མ་མོའི་ཁྱིམ་མོ། །དེ་བས་ན་དེ་ཡང་རང་གི་ལུས་ཉིད་དོ། །འདོད་ཆགས་ལ་སོགས་པ་གཉིད་ལོག་པའི་དུས་ནི་མཚན་མོའོ། །དབེན་པ་ནི་རྣམ་པར་རྟོག་པ་མི་རྒྱུ་བའོ། །
བས་མཐའ་ཞེས་བྱ་བ་ནི་པདྨའི་ལྟེ་བར་རོ། །བསྒོམ་པ་དག་ནི་དགེ་བར་གསུངས། །ཞེས་བྱ་བ་ནི་རང་གི་ལུས་དང་འདྲ་བའི་ཤེས་རབ་མ་དང་། སྙོམས་པར་འཇུག་པས་རྫོགས་པའི་རིམ་པ་བསྒོམ་པར་བསྔགས་པའོ། །འདི་སྐད་བསྟན་ཏེ། རང་གི་ལུས་ཐ་མལ་པའི་འདོད་ཆགས་ལ་སོགས་པ་
དང་བྲལ་བ་རྣམ་པར་རྟོག་པ་ངན་པ་དང་བྲལ་བས་རིག་མའི་པདྨའི་ལྟེ་བར་རྡོ་རྗེ་བཞག་སྟེ་མན་ངག་ཇི་ལྟ་བས་བསྒོམ་པར་བྱའོ། །གང་ཞིག་རྣལ་འབྱོར་ངལ་བར་བྱས་པས་ནུས་པ་ཁྱད་པར་ཅན་རྙེད་པས་ཉེ་བར་འཚེ་བས་མི་གནོད་པའི་མཐུ་དེ་ནི་དྲོད་ཅེས་བརྗོད་ལ། དེ་ཡང་ཡོངས་སུ་རྫོགས་པར་མ་
ཡིན་པས་ན་ཅུང་ཟད་ཐོབ་ཅེས་བྱས་ལ་ཞེས་སྨོས་སོ། །དེ་ལྟར་དྲོད་ཐོབ་པ་དེ་དག་ཀྱང་ངེས་པར་ནི་སྤྱོད་པ་བྱེད་པ་མ་ཡིན་ཏེ། རང་གི་འདོད་པ་ལ་རག་ལས་པས་ན་གང་ཞིག་འདོད་པས་སྤྱད་པ་བྱ་ཞེས་གསུངས་སོ། །འདི་དག་ནི་སྒྲ་ཇི་བཞིན་བཤད་པ་ནི་གོ་སླའོ། །རྟག་ཏུ་སྙིང་རྗེ་བཏུང་བྱ་སྟེ། །སེམས་
ཅན་ཀུན་གྱི་དོན་གྱི་རྒྱུར། །རྣལ་འབྱོར་བཏུང་དགའི་རྣལ་འབྱོར་པ། །བཏུང་བ་གཞན་གྱིས་བཟི་མི་བྱེད། །ཅེས་བྱ་བ་ལ་རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །སྙིང་རྗེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བར་འདོད་པས་སོ། །བཏུང་བྱ་སྟེ་ཞེས་པ་ནི་ལོངས་སྤྱོད་
རྫོགས་པ་དང་། སྤྲུལ་པའི་སྐུར་གྱུར་པས་འཇིག་རྟེན་ཐམས་ཅད་ལ་ཆོས་བསྟན་པས་མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཛུད་པའོ། །དེ་ཉིད་ཀྱི་ཕྱིར། སེམས་ཅན་ཀུན་གྱི་དོན་གྱི་རྒྱུར། །ཞེས་གསུངས་སོ། །རྣལ་འབྱོར་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་འདི་
ཉིད་ཀྱང་དམ་པ་དག་གིས་འདོད་ཅིང་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་བཏུང་བའོ། །དེ་འཐུང་བ་ལ་དགའ་བའི་རྣལ་འབྱོར་པ་དེས་ནི་ཆོས་ཀྱི་སྐུ་ཐོབ་པར་འགྱུར་ཏེ་བླང་བར་བྱ་བའི་ཕྱོགས་སོ། །ཕྱོགས་ཅིག་ཤོས་བསྟན་པ། བཏུང་བ་གཞན་གྱིས་བཟི་མི་བྱེད། །ཅེས་གསུངས་ཏེ། སྟོང་
པ་ཉིད་དང་སྙིང་རྗེའི་བདུད་རྩིའི་བཏུང་བ་ལས་གཞན་པ་ཐམས་ཅད་ཀྱིས་བཟི་བར་མི་བྱེད་པ་སྟེ་ཆོས་ཀྱི་སྐུ་ཐོབ་པར་མི་འགྱུར་རོ། །འདི་ལྟར་གསུངས་པ། མཚན་དང་དཔེ་བྱད་ཀྱི་སྐུ་གཟུགས་ཀྱི་སྒྲུབ་པ་ལ་མངོན་པར་དགའ་བར་གྱུར་ན་འདི་ནི་བརྩོན་འགྲུས་རྩོམ་པ་མ་ཡིན་ནོ། །འོན་ཀྱང་
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ལྷུན་གྱིས་གྲུབ་པར་འཇུག་པའི་ཆོས་ཀྱིས་མངོན་པར་རྟོགས་པ་སྒྲུབ་པ་ལ་མངོན་པར་དགའ་བར་འགྱུར་རོ་ཞེས་སོ། །ཡང་ན། རྟག་ཏུ་སྙིང་རྗེས་བཏུང་བྱ་སྟེ། །ཞེས་བྱ་བ་དུས་ཐམས་ཅད་དུ་སྙིང་རྗེ་ཆེན་པོ་སྔོན་དུ་སོང་བས་ཆང་ལ་སོགས་པ་རྣམས་
བདུད་རྩིའི་ཆུར་བྱིན་གྱིས་བརླབས་ཏེ། བདག་ཉིད་ལྷའི་ངར་འཛིན་པ་དང་བཅས་པས་བཏུང་བར་བྱ་སྟེ་ལོངས་སྤྱད་པར་བྱའོ། །སེམས་ཅན་ཀུན་གྱི་དོན་གྱི་རྒྱུད། །ཅེས་བྱ་བ་ནི། རྣལ་འབྱོར་པའི་ལུས་དང་ངག་ཇི་སྙེད་པ་དེ་དག་ཐམས་ཅད་ནི་སེམས་ཅན་རྣམས་ཐེག་པའི་མཆོག་ལ་འཇུག་པར་བྱ་བའི་
ཚེ་དེ་ཁོ་ནར་སྤྱད་པར་བྱའོ། །རྣལ་འབྱོར་ནི་ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་ཏོ། །དེ་བཏུང་བ་ལ་དགའ་བ་ནི་རྟག་པར་རྒྱུན་མི་འཆད་པར་ཡིད་ལ་བྱེད་པའོ། །རྣལ་འབྱོར་པ་ཞེས་པ་ནི་དམ་ཚིག་དང་ཏིང་ངེ་འཛིན་གྱི་ཚུལ་མ་ལུས་པར་ཤེས་པའོ། །བཏུང་མིན་གཞན་གྱིས་ཞེས་བྱ་བ་ནི་འགྲོ་བ་རྣམས་
མངོན་པར་མ་དད་པ་རྣམས་བྱེད་པ་བསྲུང་བར་བྱ་བ་ལ་སོགས་པའི་དམ་ཚིག་ཉམས་པར་བྱེད་པ་ཐབས་དང་ཤེས་རབ་ཀྱི་ཚུལ་ལས་རིང་དུ་སོང་བའོ། །བཟི་བར་བྱེད་ཅེས་པ་ནི་རྣམ་པར་གཡེང་བ་སྔོན་དུ་སོང་བས་ལུས་དང་ངག་དང་ཡིད་བཟི་བར་བྱེད་པ་སྟེ་བརྒྱལ་བ་དང་འདྲ་བར་འགྱུར་རོ། །གང་
གསུངས་པ་ཡང་། ངར་འཛིན་པ་ནི་བསྐྱེད་པའི་ཕྱིར། །ཇི་ལྟར་ཡེ་ཤེས་མི་བརྒྱལ་བར། །དམ་པ་དགའ་བའི་སེམས་ཀྱིས་ནི། །ཆུང་ངུ་ཉིད་ལ་གོམས་པར་བྱ། །ཞེས་སོ། །ལེའུ་དྲུག་པ་རྡོ་རྗེའི་ཚིག་བཏུ་བའོ།། །།ད་ནི་ལེའུ་བཅུ་པའི་རྡོ་རྗེའི་ཚིག་བཏུ་བ་ལ་འཇུག་པར་བྱ་སྟེ།
མཆོག་ཏུ་དགའ་བའི་བསྒོམ་བྱ་དང་། །ཞེས་བྱ་བ་ནི་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་རྟེན་གྱི་དཀྱིལ་འཁོར་ཏེ། དེ་མེད་ཅེས་བྱ་བར་སྦྱར་རོ། །སྒོམ་པ་པོ་ཡང་མེད་པ་སྟེ། །ཞེས་བྱ་བ་ནི་གང་ལ་ལྷ་དགུ་ལ་སོགས་པར་བཀོད་པའི་ལྷ་རྣམས་ཏེ་
བརྟེན་པའི་དཀྱིལ་འཁོར་དེ་མེད་པའོ། །ལུས་མེད་གཟུང་མེད་འཛིན་པའང་མེད། །ཅེས་པ་ནི། གཟུགས་ཀྱི་ཕུང་པོ་ལ་སོགས་པའི་རང་བཞིན་རྡོ་རྗེ་མ་ལ་སོགས་པ་ལྔ་དང་། གཟུགས་ལ་སོགས་པའི་རང་བཞིན་དཀར་མོ་ལ་སོགས་པ་དྲུག་དང་། མིག་ལ་སོགས་པའི་རང་བཞིན་གཏི་
མུག་རྡོ་རྗེ་མ་ལ་སོགས་པ་དྲུག་མེད་ཅེས་པའོ། །ཤ་མེད་ཁྲག་མེད་བཤང་གཅི་མེད། །ཅེས་པ་ནི་སྤོས་མོ་ལ་སོགས་པ་མཚམས་སྲུང་བ་བཞི་མེད་ཅེས་པའོ། །སྨྲེ་བ་མེད་ཅིང་རྨོངས་པའང་མེད། །ཅེས་བྱ་བ་དང་། ཁྲུས་དང་གཙང་སྦྲ་མེད་པ་སྟེ། །ཞེས་བྱ་བ་ནི་སྤྱན་མ་དང་། བདག་ཉིད་
མ་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་མེད་ཅེས་པའོ། །ཆགས་མེད་སྡང་མེད་གཏི་མུག་མེད། །ཕྲག་དོག་ཕྲ་མེད་ང་རྒྱལ་མེད། །ཅེས་པ་ནི་རིགས་དྲུག་འཁོར་ལོས་སྒྱུར་བ་མི་བསྐྱོད་པ་དང་། སྒྱུ་འཕྲུལ་དྲ་བ་དང་། རྡོ་རྗེ་ཉི་མ་དང་། པདྨ་གར་གྱི་དབང་ཕྱུག་དང་། །རྡོ་རྗེ་མྱུར་འགྲོ་
དང་། དམ་པ་དང་པོ་རྣམས་མེད་ཅེས་པའོ། །སྒོམ་དང་བསྒོམ་པ་ལྟ་བུ་དང་། །ཞེས་བྱ་བ་ནི་ལམ་དང་དེར་བརྟེན་པ་དག་སྟེ་མེད་ཅེས་བྱ་བར་སྦྱར་རོ། །དགྲ་དང་གཉེན་བཤེས་དག་དང་ནི། །ཞེས་བྱ་བ་ནི་གཞོམ་པར་བྱ་བའི་བདག་ཉིད་ཉོན་མོངས་པ་དང་། ཉེ་བར་བླང་བར་སངས་རྒྱས་
ཀྱི་ཡོན་ཏན་དག་སྟེ། དེ་དག་ཀྱང་མེད་ཅེས་བྱ་བར་སྦྱར་རོ། །རླབས་མེད་ལྷན་ཅིག་སྐྱེས་བཤད་དེ། །སྣ་ཚོགས་དང་ནི་བྲལ་བའོ། །ཞེས་བྱ་བ་ལ་ཡུལ་གྱི་ཆུ་བོ་ལ་རྐྱེན་དག་གི་རླུང་གིས་བསྐུལ་ཞིང་འབྱུང་བའི་བདག་ཉིད་རྣམ་པར་རྟོག་པ་དག་ནི་རླབས་ཏེ། གང་ལ་དེ་ཆད་པ་དེ་ནི་སྤྲོས་
པ་དང་བྲལ་བ་དཔེ་ཅན་གྱི་ལྷན་ཅིག་སྐྱེས་པར་བཤད་དོ། །དེ་ཉིད་ཀྱི་ཕྱིར་འདི་ནི་རྟོག་པ་སྣ་ཚོགས་ནུབ་པ་མར་མེའི་རྒྱུན་རླུང་མེད་པ་ལྟར་ཞི་བ། ཡེ་ཤེས་རང་དང་གཞན་རིག་པ་བྲལ་བ་ཉིད་ཀྱིས་བདག་མེད་པ་གང་ཡིན་པ་དེ་ཉིད་ཀྱི་ཕྱིར། སྣ་ཚོགས་དང་ནི་བྲལ་བའོ། །ཞེས་གསུངས་
ཏེ། འདི་ལྟ་བུའི་ལྷན་ཅིག་སྐྱེས་པ་ལ་འདོད་པར་བྱའི། དཔེའི་ལྷན་ཅིག་སྐྱེས་པའི་བྱིས་པའི་སྐྱེ་བོ་ཐམས་ཅད་དང་མཚུངས་པར་སྤྱོད་པ་དབང་པོ་གཉིས་ལས་སྐྱེས་པའི་བདེ་བ་ལ་ནི་གདུང་བར་མི་བྱའོ། །རྟག་པ་དང་པོའི་ལེའུ་བཅུ་པའི་རྡོ་རྗེའི་ཚིག་བཏུ་བའོ།། །།ད་ནི་
བརྟག་པ་གཉིས་པའི་རྡོ་རྗེའི་ཚིག་བཏུ་བ་ལ་འཇུག་པར་བྱ་སྟེ། རང་གི་ཁྱིམ་དུ་མཚན་མོ་ནི། །གྲུབ་པ་ང་ཞེས་བསམ་པར་བྱ། །ཞེས་བྱ་བ་གསུངས་ཏེ། རང་གི་རྣམ་པར་རྟོག་པས་ཕུང་པོ་ལྔ་ལེན་པས་ན་སྲེད་པ་དང་བཅས་པའི་ཕུང་པོ་ལྔ་པོ་དེ་དག་ནི་རང་གི་ཁྱིམ་མོ། །མཚན་མོ་ཞེས་བྱ་
བ་ནི་དབང་པོའི་གྲོང་གཉིད་ལོག་པ་སྟེ། གང་ཡུལ་ལ་མི་འཇུག་པའོ། །གྲུབ་པ་ང་ཞེས་བསམ་པར་བྱ། །ཞེས་བྱ་བ་ནི་ཐ་མལ་པའི་རྣམ་པར་རྟོག་པ་ལས་གྲོལ་བས་གྲུབ་པའི་སྐྱེས་པའི་དཔལ་ཧེ་རུ་ཀ་ལ་སོགས་པ་ནི་བདག་གོ་ཞེས་བསམ་པར་བྱའོ། །དེ་ལྟར་ཡང་གསུངས་ཏེ། ཐ་མལ་རྣམ་པ་
གཞོམ་པའི་ཕྱིར། །རང་ལ་ལྷ་ཡི་ངར་འཛིན་བྱ། །ངར་འཛིན་དེ་ཡང་གཞོམ་པའི་ཕྱིར། །དམིགས་པ་མེད་པ་རྣམ་པར་བསྒོམ། །གང་ཚེ་སེམས་ནི་མཉམ་གནས་པའང་། །དེའི་ཚེ་དེ་ཉིད་ཡིན་པར་ངེས། །ཞེས་སོ། །ཇི་ལྟར་ངར་འཛིན་པའི་ཚུལ་ཡང་། དང་པོའི་ལས་ཅན་རྣལ་འབྱོར་པ། །དེ་ནི་
སྤྲུལ་སྐུ་ལ་གོམས་བྱ། །སྤྲུལ་པ་བརྟན་པར་གྱུར་པ་ན། །ལོངས་སྤྱོད་རྫོགས་པ་བརྟན་པར་བསྒོམ། །སྤྲུལ་པའི་སྐུ་ནི་གསལ་གྱུར་ཅིང་། །ལོངས་སྤྱོད་རྫོགས་པ་གསལ་ཙམ་ན། །ཆོས་སྐུ་དམིགས་པ་མེད་འདི་ནི། །མདོར་བསྡུས་སྨོས་པའོ་ཞེས་གསུངས་སོ། །ལེའུ་གཉིས་པའི་རྡོ་རྗེའི་
ཚིག་བཏུ་བའོ།། །།ད་ནི་ལེའུ་བཞི་པའི་རྡོ་རྗེའི་ཚིག་བཏུ་བ་ལ་འཇུག་པར་བྱ་སྟེ། འཇུག་པའི་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེ་སྐྱེ་མཆེད་ཐབས་ཡིན་ནོ། །ཞེས་བྱ་བ་ལ་འཇུག་པ་ནི་རྡོ་རྗེའོ། །དེའི་བདེ་བ་ནི་ནོར་བུའི་ནང་དུ་སོང་བའི་བདེ་བའི་ཡེ་ཤེས་སོ། །དེ་ཉིད་ནི་ཆོས་ཐམས་ཅད་བདག་ཉིད་གཅིག་
པར་རྒྱས་འདེབས་པའི་ཕྱིར་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་ནི་མི་དམིགས་པའི་ཡེ་ཤེས་ཏེ། དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་སྐྱེ་བའི་སྒོར་གྱུར་པས་ན་སྐྱེ་མཆེད་དོ། །ཐབས་ཡིན་ནོ་ཞེས་བྱ་བ་ནི་ཕུལ་དུ་བྱུང་བའི་ཡེ་ཤེས་སུ་ཉེ་བར་འགྲོའོ། །ཡང་ན་འཇུག་པ་ནི་རྡོ་རྗེའོ། །དེའི་བདེ་བ་ནི་དམ་པའི་
བདེ་བ་མཐའ་དང་བྲལ་བའི་དང་པོའོ། །ཡེ་ཤེས་དེའི་རང་བཞིན་ནི་ཕྱག་རྒྱ་ཆེན་པོ་སྟེ། ཡི་གེ་ཨཾ་གི་གཟུགས་ཅན་ནི་ཤེས་རབ་མའོ། །རྡོ་རྗེ་ནི་མི་ཕྱེད་པའོ། །སྐྱེ་བ་ནི་རྣམ་པར་ཤེས་པ་སྟེ། མཆེད་པ་ནི་ཞུམ་པ་དང་ལོངས་སྤྱོད་པ་དང་དབང་བྱེད་པའི་རིམ་པའོ། །ཐབས་
ཡིན་ནོ་ཞེས་པ་ནི་དེ་ཉིད་ཀྱང་གནས་དང་ཉེ་བའི་གནས་ལ་སོགས་པ་དག་ཏུ་ཁྲིད་པའོ། །རབ་ཏུ་དམ་པར་གྱུར་ཏེ་སྐྲག་ནས་འདར་བར་གྱུར་ཅིང་བརྒྱལ་ནས་ས་ལ་འགྱེལ་ཏོ་ཞེས་བྱ་བ་ལ་སོ་སོ་སྐྱེ་བོའི་དེ་བཞིན་ཉིད་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་
ལྷན་ཅིག་དབྱེར་མེད་པར་བསྒྲུབ་པའི་ཆོས་འདི་ནི་ངོ་མཚར་དུ་བྱས་པ་ཡིན་ནོ་ཞེས་ཤེས་པས་ན་རབ་ཏུ་དམ་པར་གྱུར་ཏོ་ཞེས་གསུངས་སོ། །སྐྲག་ནས་ཞེས་བྱ་བ་ནི་འཁོར་བ་ཇི་སྲིད་དུ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཅིང་རྟོགས་པར་དཀའ་
བ་མཆོག་ཏུ་ཟབ་པས་དད་པ་དམན་པ་རྣམས་ཀྱིས་འཇུག་པར་མི་ནུས་པས་ནའོ། །འདར་བར་གྱུར་ཅིང་ཞེས་པ་ནི་འཇིག་རྟེན་ཐམས་ཅད་ལས་ཡང་དག་པར་འདས་པ་དཀའ་བ་མེད་ཅིང་མྱུར་བའི་ཐབས་བླ་ན་མེད་པ་དགྱེས་པའི་རྡོ་རྗེ་ཞེས་བྱ་བའི་ཆོས་ཐོས་པས་འདར་བར་གྱུར་པ་ལ་སོགས་
པའི་མཚན་མ་རྣམས་ཐོབ་པའོ། །བརྒྱལ་ནས་ཞེས་བྱ་བ་ནི་ཆོས་ཐམས་ཅད་དབྱེར་མེད་པ་བདེ་བ་ཆེན་པོའི་རང་བཞིན་རྣམ་པར་རྟོག་པའི་ཏིང་ངེ་འཛིན་གྱི་ཚུལ་གྱིས་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཤིན་ཏུ་སྐྱེ་བ་མེད་པར་བྱས་པའོ། །ས་ལ་འགྱེལ་ཏོ་ཞེས་བྱ་བ་ནི་བག་ཆགས་དང་
བཅས་པའི་ཕུང་པོ་ལ་སོགས་པ་བཅད་པ་དེ་ཁོ་ནའི་ཆོས་ཐོས་པས་དམན་པ་དག་འཇིག་སྟེ་ལུས་ཀུན་ས་ལ་ལྷུང་བར་གྱུར་པའོ། །ལེའུ་བཞི་པའི་རྡོ་རྗེའི་ཚིག་བཏུ་བའོ།། །།ད་ནི་ལེའུ་བཅུ་གཅིག་པའི་རྡོ་རྗེའི་ཚིག་བཏུ་བ་ལ་འཇུག་པར་བྱ་སྟེ། ཡེ་ཤེས་འདི་ནི་ཆེས་ཕྲ་སྟེ། །ཞེས་བྱ་བ་ནི། རྟག་
ཏུ་ཉམས་སུ་མྱོང་བའི་བདག་ཉིད་བེམས་པོ་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཕྱིར་ཡེ་ཤེས་ནི་འདི་ནའོ། །ཆེས་ཕྲ་སྟེ་ཞེས་བྱ་བ་ནི་དེ་ཙམ་དུ་ཡང་བློ་རགས་པ་དག་གིས་རྟོགས་པར་མི་ནུས་པའི་ཕྱིར་ཏེ། གང་ཡང་དེ་ཡང་དག་པར་ཉམས་སུ་མྱང་བར་བྱ་བ་མ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། རྡོ་རྗེ་ནི་སེམས་སོ། །
དེ་ཡང་རྣམ་པར་མི་རྟོག་པའི་རང་བཞིན་གྱི་ཕྱིར་སྙིང་པོ་ཞེས་བཤད་དོ། །རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་ཡིན་པས་ན་སེམས་དེ་ཉིད་སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའ་ལྟ་བུ་ཁོ་ན་བས་ནམ་མཁའ་འདྲ་བ་ཞེས་གསུངས་སོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་རྡུལ་མེད་
པས་ན་རབ་ཞི་བ་ཞེས་སོ། །མི་གནས་པའི་མྱ་ངན་ལས་འདས་པའི་ཐར་པ་སྦྱིན་པས་གྲོལ་སྦྱིན་ནོ། །སྒྲིབ་པ་རྣམས་རབ་ཏུ་ཞི་བས་ན་རབ་ཞི་བའོ། །བླ་མའི་བླ་མ་དེ་ཁོ་ན་ཡེ་ཤེས་རང་འབྱུང་གི་མིང་གིས་བསྙད་པ་རྟོགས་པའི་ཐབས་སུ་གྱུར་པས་ན། ཁྱོད་ཀྱི་ཕར་ནི་ཁྱོད་ཉིད་འགྱུར། །ཞེས་
པའོ། །འདི་སྐད་བསྟན་ཏེ། དབང་བཞི་པའི་སྐབས་སུ་རྣམ་པར་རྟོག་པ་ཐམས་ཅད་ནུབ་པའི་ཡེ་ཤེས་དེ་བླ་མའི་མན་ངག་དང་། རང་གི་བསོད་ནམས་ཀྱི་མཐུས་མངོན་སུམ་དུ་བྱོས་ཤིག་ཅེས་བརྗོད་པའོ། །འདི་ཡང་ཡང་དག་པའི་ཡེ་ཤེས་མངོན་སུམ་དུ་བྱས་པ་དང་། དེ་དཔེའི་ཡེ་ཤེས་
མངོན་སུམ་དུ་བྱས་པའི་དབྱེ་བས་རྣམ་པ་གཉིས་ཉིད་དུ་ཤེས་པར་བྱ་སྟེ། དེ་ལྟ་མིན་ན་དཔེའི་ཡེ་ཤེས་འབའ་ཞིག་ལ་ནི་དོན་མེད་ལ་དཔེ་ཅན་གྱི་ཡེ་ཤེས་ཉི་ཚེ་འབྱུང་བ་ཡང་དང་པོར་དཔེ་སྔོན་དུ་ངེས་པར་འགྲོ་བའི་ཕྱིར་ན་མི་སྲིད་པའོ། །དེ་བས་ན་དཔེའི་ཡེ་ཤེས་ཀྱིས་ནི་འདི་སྨད་པ་ཉིད་ལ། དཔེ་ཅན་
གྱི་ཡེ་ཤེས་ཀྱིས་མཆོག་ཏུ་གྱུར་པ་ཁོ་ནའོ། །དེའི་ཕྱིར་གང་གིས་དང་པོ་ཉིད་ནས་དཔེ་ལ་མ་བརྟེན་པས་དཔེ་ཅན་གྱིས་ཡེ་ཤེས་འབྱུང་བར་ནུས་པ་དེ་དག་ནི་དཔེའི་ཡེ་ཤེས་ལ་མི་བརྟེན་ལ། འགའ་ཞིག་དཔེའི་ཡེ་ཤེས་ལ་མ་བརྟེན་པར་དཔེ་ཅན་ལ་འཇུག་པར་མི་འགྱུར་བ་དེ་དག་ནི་གཉི་ག་ལ་
བརྟེན་པའོ། །འདིར་ཡང་ངེས་པར་ཚངས་པར་སྤྱོད་པའི་སྔགས་པས་ནི་དཔེའི་ཡེ་ཤེས་ཉམས་སུ་མྱོང་བར་མི་བྱ་སྟེ། རྩ་བའི་རྩ་བས་བླ་མ་དང་བཅས་ཏེ་ངན་འགྲོར་གཞོལ་བའི་ཕྱིར་རོ། །གང་ཞིག་ངས་དེ་ཉམས་སུ་མྱོང་བར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་པ་དེ་དག་གིས་ཀྱང་དང་པོའི་
སྡོམ་པ་ཉམས་པར་མི་བྱའི་ལེགས་པར་གཏང་བར་བྱའོ། །ལེའུ་བཅུ་གཅིག་པའི་རྡོ་རྗེའི་ཚིག་བཏུ་བའོ།། །།དཔལ་ལྡན་རྒྱུད་རྒྱལ་འདི་ལ་རྣམ་སྤྱོད་པའི། །སྐྱེ་བོ་བློ་འཕགས་དུ་མས་རྣམ་མང་དུ། །དོན་གྱི་སྡེབ་སྦྱོར་མང་དུ་ལྷུར་བླངས་པས། །ཤིན་ཏུ་གསལ་བ་རྣམ་བཤད་རྣམ་མང་
མཛད། །བདག་གིས་དེ་རྣམས་ལ་གནས་དོན་ཉིད་འདིར་བསྡུས་ཀྱི། སྔོན་ཆད་མ་བྱུང་འགའ་ཞིག་འདིར་བརྗོད་གང་ཡང་མེད། །འོན་ཀྱང་འདི་ལས་དྲི་མེད་བསོད་ནམས་གང་སྐྱེས་དེས། །བདག་ནི་རྣམ་ཀུན་འགྲོ་བའི་དོན་ལ་མངོན་པར་བཤད། །དཔལ་དགྱེས་པ་རྡོ་རྗེའི་
དཀའ་འགྲེལ་རྡོ་རྗེའི་ཚིག་བཏུ་བ་ཞེས་བྱ་བ་ནང་གི་དོན་བཤད་པ་སློབ་དཔོན་ཆེན་པོ་ཀཱ་མ་དྷེ་ནུ་པས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་བི་ན་ཡ་དེ་བ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།{D1193༄༅༅། །རྒྱ་གར་སྐད་དུ།
ཤྲཱི་ཧེ་བཛྲ་ནཱ་མ་ཏནྟྲ་ཨརྠ་སཾ་གྲ་ཧ། བོད་སྐད་དུ། དཔལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་དོན་བསྡུས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེན་པོའི་རོ་རྫོགས་པ། །བདེ་བ་ཆེ་ལ་ཕྱག་འཚལ་ནས། །དགྱེས་པའི་རྡོ་རྗེ་རྒྱུད་ཀྱི་དོན། །ཅི་ནུས་བདག་གིས་བྲི་བར་བྱ། །
སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ། བྱང་ཆུབ་ཀྱི་ཕྱོགས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྒོ་ནས་ཚོགས་བསགས་ཏེ། བསྐྱེད་པའི་རིམ་པ་ནས་བརྩམས་ནས། ས་བདུན་པའི་བར་དུ་ཀུན་རྫོབ་ཀྱི་བདེན་པ་རྫོགས་པར་མཛད། །ས་བརྒྱད་པ་ནས་ས་བཅུ་པའི་
བར་དུ་སྣང་བ་གསུམ་རྣམ་པར་དག་པར་སྦྱངས་ནས་ས་བཅུ་ཐོབ་སྟེ། ཟུང་ངུ་འཇུག་པའི་རིམ་པས་ཀུན་དུ་བཟང་པོའི་ས་ལ་དོན་དམ་པའི་བདེན་པ་ལྷུན་གྱིས་གྲུབ་སྟེ། དགའ་ལྡན་ནས་འཛམ་བུའི་གླིང་དུ་བབས་ཏེ། དཀའ་ཐུབ་ཀྱིས་སྤྲུལ་པའི་སྐུ་འཇིག་རྟེན་མི་ཡུལ་དུ་བཞག་ནས། ཡིད་
གནས་གྱུར་པའི་ཏིང་ངེ་འཛིན་གྱི་སྐུ་འོག་མིན་དུ་གཤེགས་ཏེ། མངོན་པར་བྱང་ཆུབ་པ་མངའ་བརྙེས་ནས། གསང་སྔགས་ཀྱི་ཚུལ་གྱིས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཚངས་པ་ཆེན་པོའི་གནས་དང་། དབང་སྒྱུར་གྱི་ཁང་པ་དང་། རི་རབ་ཀྱི་སྟེང་ལ་སོགས་པར་ལྷ་རྣམས་བཏུལ་
ལོ། །དེ་ནས་མི་ཡུལ་དུ་གཤེགས་ཏེ་རྡོ་རྗེའི་གདན་ལ་མདོན་པར་སངས་རྒྱས་ནས། ལྷ་དང་མི་ལ་སོགས་པའི་གདུལ་བའི་ཐབས་མང་དུ་གསུངས་མོད་ཀྱི། མདོར་བསྡུ་ན་རྣམ་པ་གསུམ་སྟེ། ལྟ་བ་ངན་ཅིང་སྤྱོད་པ་ཞན་པས་སྤྱངས་པའི་ཡོན་ཏན་ལ་སོགས་པ་ཤིན་ཏུ་ཉམ་ཐག་པས།
ཡུན་རིང་པོ་ནས་བྱང་ཆུབ་ཚོལ་བར་བྱེད་པ་རྣམས་ལ་ནི། འཕགས་པའི་བདེན་པ་བཞི་དང་གང་ཟག་ལ་བདག་མེད་པར་རྟོགས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བའི་ཆོས་བསྟན་ཏོ། །གདུལ་བྱ་ཁ་ཅིག་བདག་ཏུ་ལྟ་བ་དང་། ང་རྒྱལ་དང་འདོད་ཆགས་ལ་སོགས་པས་དྲེགས་པས། སྙིང་
རྗེ་དང་ཤེས་རབ་ཀྱི་རྒྱུ་ཆེ་བ་རྣམས་ལ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་སོགས་པ་དང་། ཚད་མེད་པ་ལ་སོགས་པའི་སྒོ་ནས་བདག་མེད་པ་གཉིས་དང་ལྡན་པ་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་རྒྱ་ཆེ་བ་བསྟན་པ་དང་། གདུལ་བྱ་ཁ་ཅིག་དཀའ་ཐུབ་དང་འདོད་པའི་ཡུལ་སྤངས་པས་
སྐྲག་པ། ཟབ་མོ་ལ་ལྷག་པར་མོས་པ། ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་སྣོད་དུ་གྱུར་པ། སྙིང་རྗེ་ཆེན་པོས་སེམས་ཀྱི་རྒྱུད་བརླན་པ་རྣམས་ལ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པར་མངོན་པར་སྤྲུལ་ནས། འདོད་ཆགས་ཀྱི་ཆོས་ཀྱི་སྤྱོད་པའི་ཚུལ་ལྟ་བུ་བསྟན་ཏེ། གསང་སྔགས་ཀྱི་སྤྱོད་པ་
བསྟན་པ་ཡིན་ནོ། །དེ་ལ་འགྲོ་བ་གང་སྐྱེ་བ་གཞན་དུ་གོམས་པའི་སྟོབས་ཀྱིས་ནགས་ཚལ་དབེན་པ་ལ་མངོན་པར་དགའ་ཞིང་། ཁྲུས་དང་དཀྱིལ་འཁོར་བྲི་བ་དང་། དཀའ་ཐུབ་དང་མཆོད་པ་དང་། སྦྱིན་སྲེག་དང་བཟླས་བརྗོད་ལ་སོགས་པའི་བྱ་བ་མེད་པར་ཡིད་མཉམ་པར་འཇོག་མི་ནུས་པ།
དེ་ཁོ་ན་ཉིད་བསྒོམ་པའི་ནུས་པ་ཆུང་བ་མཚན་མ་ཅན་གྱི་སྤྱོད་པ་ལ་མངོན་པར་དགའ་བ་རྣམས་ལ། སྤྱིའི་སྤྱོད་པ་དེ་དག་ཤས་ཆེར་སྟོན་པའི་བྱ་བའི་རྒྱུད་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་དང་། རིག་པ་མཆོག་གི་རྒྱུད་དང་། རབ་ཏུ་གྲུབ་པའི་རྒྱུད་ལ་སོགས་པ་བཀའ་སྩལ་པ་ཡིན་ནོ། །གང་ཞིག་བྱ་བའི་ཁྱད་
པར་ལ་ཡང་མོས་ཤིང་། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་རྒྱ་ཆེན་པོ་ལ་ཡང་སྦྱོར་བའི་ནང་གི་བདག་ཉིད་ཅན་གྱི་ཚུལ་ཡང་མི་འདོར་བར་སྤྲོ་བ་དེ་དག་ལ་ནི། བྱ་བ་དང་། རྣལ་འབྱོར་གྱི་ཆ་གཉིས་ལས་མཐུན་པའི་གཉིས་ཀའི་རྒྱུད། ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བ་ཞེས་བྱ་བ་དང་། རྣམ་པར་
སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་ཏོ། །གདུལ་བྱ་ཁ་ཅིག་དེ་ཁོ་ན་ཉིད་ལ་མ་ཆོད་པར་དགའ་བའི་སེམས་དང་ལྡན་པ། རྣལ་འབྱོར་ལ་ལྷག་པར་མོས་པ། ཕྱིའི་ཡོ་བྱད་ལ་མི་དགའ་བར་ཏིང་ངེ་འཛིན་གྱིས་རྒྱུད་རྣམ་པར་དག་པར་འདོད་པ་
རྣམས་ལ་ནི། བྱ་བའི་ཡན་ལག་ཉུང་ཞིང་རྣལ་འབྱོར་གྱི་ཡན་ལག་གཙོ་ཆེར་སྟོན་པའི་རྣལ་འབྱོར་གྱི་རྒྱུད། དཔལ་མཆོག་དང་པོ་ཞེས་བྱ་བ་དང་། རྣལ་འབྱོར་གྱི་རྒྱུད་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་དང་། རྟོགས་པ་ཐམས་ཅད་བསྡུས་པའི་རྒྱུད་ལ་སོགས་པ་བཀའ་
སྩལ་ཏོ། །གདུལ་བྱ་ཁ་ཅིག་རང་བཞིན་གྱིས་དབང་པོ་རྣོ་བ། དེ་ཁོ་ན་ཉིད་བསྒོམ་པར་གཅིག་ཏུ་འདུན་པ་སྔོན་གོམས་པའི་སྟོབས་ཀྱི་བྱ་བ་ཡོད་པ། དངོས་པོ་ཐམས་ཅད་ལ་ཐ་དད་པའི་འདུ་ཤེས་མི་འཇུག་པ། ཐེག་པ་ཆེན་པོ་ལ་སེམས་རྣམ་པར་སྦྱངས་པ། ཤེས་རབ་དང་ཐབས་
གཉིས་སུ་མེད་པའི་སྤྱོད་པ་ལ་མངོན་པར་དད་པའི་བདག་ཉིད་ཆེན་པོ་དེ་ལ་ནི། དེ་ཁོ་ན་ཉིད་ཀྱིས་རྣལ་འབྱོར་གཙོར་མཛད་དེ་གཉིས་སུ་མེད་པའི་ཚུལ་གྱིས་འཇུག་ཅིང་། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ཆེན་པོའི་རྣལ་འབྱོར་
ཆེན་པོའི་རྒྱུད། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་རྒྱུད་དང་། འདུལ་བ་དོན་ཡོད་པར་གྲུབ་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་དང་། དཔལ་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་དང་། ངེས་པར་བརྗོད་པ་
བླ་མ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལ་སོགས་པ་བཀའ་སྩལ་ཏོ། །དེ་ལྟར་གསང་སྔགས་ཀྱི་རྣམ་པར་ཐར་པ་གྲངས་མེད་པ་བཀའ་སྩལ་པ་ལས། དཔལ་གསང་བ་འདུས་པ་ལ་སོགས་པ་ཐབས་ཀྱི་རྒྱུད་དང་། ཟླ་གསང་ཐིག་ལེའི་རྒྱུད་དང་། རྡོ་རྗེ་དྲ་བའི་རྒྱུད་ལ་སོགས་པ་ཤེས་རབ་
ཀྱི་རྒྱུད་རྣམས་ནི་ཤིན་ཏུ་སྦས་པ་སྟེ། སྟོན་པས་ཀྱང་དུས་ཐམས་ཅད་དུ་ཐམས་ཅད་ལ་སྟོན་པར་མ་མཛད་དེ། ཤིན་ཏུ་གསང་བ་ཉིད་དུ་གསུངས་པ། ཤེས་རབ་ཤིན་ཏུ་ཆེ་བ་དང་ལྡན་པའི་སྤྱོད་ཡུལ་དུ་བསྟན་ཞིང་གསང་བའི་དོན་སྦས་ཏེ་བཀའ་སྩལ་པ་ཡིན་ནོ། །ཅིའི་ཕྱིར་འོད་སྲུངས་ཐུབ་པ་
ཆེན་པོ་མངོན་པར་རྫོགས་པར་སངས་རྒྱས་བའི་ཚེ་ན་ཡང་བཀའ་སྩལ་ཅིང་མ་བསྟན་ཏོ། །དེ་བཞིན་དུ་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་ལ་སོགས་པ་མངོན་པར་རྫོགས་པར་སངས་རྒྱས་བའི་ཚེ་ན་ཡང་གསང་སྔགས་ཀྱི་རྣམ་པར་ཐར་པ་བཀའ་མ་སྩལ་ཏོ། མར་མེ་མཛད་ཐུབ་པ་
ཆེན་པོ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཡང་། གསང་བའི་རྒྱུད་བཀའ་མ་སྩལ་ཏོ། །ལྔ་བརྒྱ་ཐ་མ་དང་ཉེ་བ་ལ་བདེ་བར་གཤེགས་པ་ཤཱཀྱ་ཐུབ་པས། ལྷ་དང་མི་ལ་སོགས་པའི་འགྲོ་བ་ལས་འཕྲོ་དང་སྐལ་བར་ལྡན་པ་རྣམས་ཚེགས་ཆུང་ངུས་སྐྱེ་བ་བདུན་ལ་སོགས་པས་དངོས་
གྲུབ་ཆེན་པོ་དག་ལ་དགོད་པའི་ཕྱིར། གཟུགས་ཁམས་སུ་ཡང་སངས་རྒྱས་ཉིད་དང་། ཚངས་པའི་རྒྱལ་པོ་ལ་སོགས་པར་སྐུ་བསྟན་ནས་བསྐུལ་བ་དང་། འདོད་ཁམས་སུ་ཡང་དབང་ཕྱུག་ཆེན་པོ་ལ་སོགས་པ་དང་། ལྷ་མ་ཡིན་དང་བདུད་ལ་སོགས་པ་འདུལ་བའི་ཕྱིར། དཔལ་ཧེ་
རུ་ཀའི་སྐུ་ཆེན་པོ་གར་རྣམ་པ་དགུ་ལ་སོགས་པ་དང་ལྡན་པའི་སྐུ་བསྟན་ནས་བཏུལ་བ་དང་། འདོད་ཁམས་ཀྱི་ལྷ་ཀླུ་ལ་སོགས་པ་ཕལ་ཆེར་ནི་དཔལ་ཕྱག་ན་རྡོ་རྗེ་དང་། ཀུན་དུ་བཟང་པོ་དང་། འཇམ་དཔལ་དབྱངས་དང་། རྡོ་རྗེ་སྙིང་པོ་ལ་སོགས་པའི་སྐུ་བསྟན་ནས། གསང་སྔགས་
ཀྱི་རྣམ་པར་ཐར་པས་བྱང་ཆུབ་ལ་བཀོད་པ་དང་། འཛམ་བུའི་གླིང་ལ་སོགས་པར་ཡང་མི་རྣམས་འདུལ་བའི་དོན་དུ། སངས་རྒྱས་ཀྱི་སྐུ་ཉིད་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་བྱད་དུ་བསྟན་པ་དང་། མུ་སྟེགས་ཅན་གདུལ་བའི་ཕྱིར་མུ་སྟེགས་ཀྱི་སྟོན་པ་རྣམས་ཀྱི་ཆ་བྱད་གདོང་ལྔ་
གཙུག་ཕུད་ལྔ་པ་དང་། ཟུར་ཕུད་ལྔ་པ་དང་། གཅེར་བུ་ཐལ་གོས་ཅན་ལ་སོགས་པའི་གཟུགས་སུ་བསྟན་ནས་བཏུལ་བ་དང་། དེ་བཞིན་དུ་འགྲོ་བ་རིས་དྲུག་སོ་སོ་ཅེས་འདུལ་བའི་གཟུགས་སུ་བསྟན་ནས་བྱང་ཆུབ་ལ་བཀོད་པ་ཡིན་ནོ། །རྒྱུད་འདི་ནི་གསང་བ་བས་ཀྱང་ཆེས་གསང་བ་ཡིན་ཏེ།
རྒྱུད་ཐམས་ཅད་ཀྱི་ཐ་མའི་ཐ་མར་བསྟན་པ་ཡིན་ནོ། །དཔལ་དགྱེས་པའི་རྡོ་རྗེའི་རྒྱུད་འདིའི་མཚན་ཐོག་མར་སྨོས་པའི་དགོས་པ་ནི། ཉན་པའི་སྐྱེ་བོ་དག་ལྡོག་པའི་ཡན་ལག་ཏུ་མི་འགྱུར་བའི་ཕྱིར་ཐོག་མར་མཚན་སྨོས་སོ། །དེ་ཡང་དང་པོར་དགོས་འབྲེལ་གྱི་ཡན་ལག་བཞི་དང་ལྡན་པར་བསྟན་ཏེ།
བརྗོད་པ་དང་། དགོས་པ་དང་། འབྲེལ་པ་དང་། དགོས་པའི་ཡང་དགོས་པའོ། །དེ་ལ་བརྗོད་པ་ནི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ནས། ཉེས་བྲལ་རྣམ་གྲོལ་ཞི་བ་སྟེར། །ཁྱོད་ནི་ཕ་སྟེ་རང་བདག་ཡིན། །ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དགོས་པ་ནི་འདི་ཉིད་དང་གཞུང་ལྟར་
དཀྱིལ་འཁོར་དུ་ཞུགས་ཏེ་དབང་བསྐུར་ཞིང་དམ་ཚིག་ཕོག་ནས། མན་ངག་ཐོབ་སྟེ་དཀྱིལ་འཁོར་དང་སྦྱིན་སྲེག་དང་། མཆོད་པ་དང་། བཟླས་བརྗོད་དང་། རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་འགྲུབ་པ་ནི་དགོས་པའོ། །དེ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། སྒྱུ་
མའི་དཔེ་བཅུ་གཉིས་ཀྱི་ཚུལ་དུ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་མཛད་པ་ནི་དགོས་པའི་ཡང་དགོས་པའོ། །འབྲེལ་པ་ནི་དཀྱིལ་འཁོར་དུ་འཇུག་ཅིང་དམ་ཚིག་དཔོག་པ་ལ་སོགས་པ་ནི་རྒྱུ་ཡིན་ལ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ནི་འབྲས་བུ་ཡིན་ཏེ། དེ་གཉིས་རྒྱུ་དང་
འབྲས་བུའི་ཚུལ་དུ་འབྲེལ་བས་ན་འབྲེལ་བའོ། །འདིའི་རྒྱུ་དང་པོའི་བརྟག་པ་ནི་སུམ་ཅུ་རྩ་གཉིས་བསྟན་ལ། དེ་ལས་འདི་ནི་བརྟག་པ་གཉིས་སློབ་དཔོན་གྱིས་ལོགས་སུ་བཏོན་པ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་དག་ནི་བརྟག་པ་དང་པོ་རྡོ་རྗེ་དྲ་བའི་རྒྱུད་ཅེས་བྱ་བ་འདིའི་རྒྱུ་དང་པོ་ཡིན་ལ། འདིར་
གཉིས་སུ་ཕྱེ་བའི་དང་པོ་ནི་རྒྱུད་ཕྱི་མ་ཡིན་ལ། གཉིས་པ་ནི་ཕྱི་མའི་ཡང་ཕྱི་མ་ཡིན་ནོ། །གཟུ་ལུམས་མ་ཡིན་པའི་ཕྱིར་རོ། །སློབ་དཔོན་རྡོ་རྗེ་ཙནྡྲས་མཛད་པའི་ཊཱི་ཀཱ་ལས་ཚིག་གི་དོན་བཤད་པ་ཉུང་ངུར་བསྡུས་པ་ཡིན་ནོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ། འདིའི་
སྡུད་པ་པོ་ཕྱག་ན་རྡོ་རྗེས། སྟོན་པ་ལ་འདི་ཁོ་ན་སྐད་ཐོས་ཏེ་བརྒྱུད་དེ་འོངས་པ་མ་ཡིན་ཏེ། མངོན་སུམ་དུ་དུས་གཅིག་གི་ཚེ་རྒྱུད་འདི་ཐོས་སོ་ཞེས་པའི་དོན་ཏོ། །ལ་ལ་དག་ནི་འདིའི་སྡུད་པ་པོ་ནི་རྡོ་རྗེ་སྙིང་པོ་སྟེ། དེས་ཀྱང་བཅོམ་ལྡན་འདས་དབང་སྒྱུར་གྱི་ཁང་པ་དང་། རི་རབ་ཀྱི་རྩེ་མོ་ལ་སོགས་
པ་ན་བཞུགས་པའི་ཚེ་ན་ནི། རྒྱུད་གཞན་དང་གཞན་དག་གསུངས་ལ། དུས་གཅིག་གི་ཚེ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་བཙུན་མོའི་བྷ་ག་ལ་བཞུགས་པའི་ཚེ། རྒྱུད་འདི་ཐོས་ཏེ་མངོན་སུམ་དུའོ་ཞེས་པའི་དོན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་པ་ལ། གང་དུ་
དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལ་བཅོམ་ལྡན་འདས་ཞེས་བྱའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཅན་ཏེ། བཙུན་མོའི་བྷ་ག་ལ་བཞུགས་ནས། རྒྱུད་འདི་བཤད་ཅེས་པའི་དོན་ཏོ། །རྣམ་པ་གཅིག་ཏུ་ན་འདི་སྐད་ཅེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་
ཅད་ནི། ཆོས་གཅིག་ཏུ་གསུངས་ལ་ཐ་དད་པར་ནི་མ་ཡིན་ཏེ། དེ་བས་ན་འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་འདི་སྐད་ཐོས་ཞེས་བྱའོ། །དེ་ཡང་འདི་སྐད་ནི་ཨེ་ཝཾ་སྟེ་ཨེ་ཀ་ར་ནི་ཤེས་རབ་ཀྱི་བདག་ཉིད་དུ་འདྲེན་ལ། ཝཾ་ཀ་ར་ནི་ཐབས་ཀྱི་བདག་ཉིད་དུ་འདྲེན་ཏེ། དངོས་སུ་ཨེ་ནི་ཡུམ་མོ། །ཝཾ་
ནི་ཐབས་སོ། །བྱིན་དུ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལས། རྒྱུད་ལ་སོགས་པ་ཐམས་ཅད་འབྱུང་བར་རྟོགས། །ཞེས་བྱ་བ་སྟེ། འདི་སྐད་བདག་གིས་རྟོགས་པའི་དུས་གཅིག་ན། ཞེས་བྱའོ། །ཡང་ན་འདི་སྐད་བདག་གིས་ཞེས་བྱ་བ་ནི། ཨེ་ཝཾ་མ་ཡཱ་སྟེ། ཨེ་ནི་འདི་ཞེས་
པ་དང་སྦྱར། ཝཾ་ནི་སྐད་དང་སྦྱར། བདག་ནི་མ་དང་སྦྱར། གིས་ནི་ཡཱ་དང་སྦྱར་ཏེ། དེ་ཡང་ཕྱག་རྒྱ་རྣམ་པ་བཞི་དང་འབྲེལ་ཏེ། སངས་རྒྱས་སྤྱན་ནི་ལས་ཀྱི་ཕྱག་རྒྱ་སྟེ། ཨེ་དང་སྦྱར། དེ་ཡང་འདི་ཞེས་བྱ་བ་དང་འབྲེལ་ཏོ། །མཱ་མ་ཀཱི་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། ཝཾ་དང་སྐད་ཅེས་བྱ་བ་
དང་འབྲེལ་ཏོ། །གོས་དཀར་མོ་ནི་ཕྱག་རྒྱ་ཆེན་པོ་དང་། མ་དང་བདག་བྱ་བ་དང་འབྲེལ་ཏོ། །སྒྲོལ་མ་ནི་དམ་ཚིག་གི་ཕྱག་རྒྱ་དང་ཡཱ་དང་གིས་ཞེས་བྱ་བ་དང་སྦྱར་རོ། །དེ་ལྟར་ཕྱག་རྒྱ་བཞི་དང་ལྡན་པར་ཤེས་སམ་རྟོགས་པའི་དུས་གཅིག་ན་ཞེས་བྱའོ། །ཡང་ན་ཨེ་ཝཾ་ནི་ཆོས་ཀྱི་སྒོ་ཐམས་ཅད་
སྟོན་པར་འདྲེན་ཏེ། ཐུན་མོང་མ་ཡིན་པ་གསང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། ཨེ་ནི་ཤེས་རབ་ཉིད་གྱུར་ལ། །ཝཾ་ནི་རབ་དགའི་བདག་པོའོ། །ཐིག་ལེ་མི་ཤིགས་དེ་ཉིད་ནི། །དེ་ལས་ཡི་གེ་ཉིད་ཀྱང་སྐྱེས། །ཆོས་ཀྱི་ཕྱག་རྒྱའི་ཡི་གེ་ནི། །དེ་ཉིད་ཤེས་པ་གང་གིས་
ཤེས། །དེ་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བྱེད་པར་འགྱུར། །ཡང་། ཨེ་ཝཾ་ཡིག་གཉིས་སྒྱུ་མ་ལ། །ཐམས་ཅད་མཁྱེན་པ་འདིར་བཞུགས་ནས། །དམ་ཆོས་བསྟན་པའི་ཐོག་མར་ནི། །ཨེ་ཝཾ་དེ་ཕྱིར་ཐོག་མར་བཤད། །ཅེས་འབྱུང་བས། ཆོས་ཐམས་ཅད་ཨེ་ཝཾ་
ལས་འབྱུང་བས་འདི་སྐད་ཅེས་སྨོས་སོ། །ཅི་སྟེ་ཚིག་དང་དོན་འབྲེལ་བར་སྟོན་པ་ནི་སྡུད་པ་ཡིན་ན། ཐོས་པ་སྨོས་བཞིན་དུ་ཤེས་པ་དང་རྟོགས་པ་ཅི་ཞིག་བྱ། ལན་དུ་དེ་བཞིན་གཤེགས་པ་ནི་དགོངས་པའི་དབང་དུ་གསུངས་ཏེ། མི་དགོངས་པར་ནི་མ་ཡིན་ཏེ། འདི་ནི་སྒྲ་ཇི་བཞིན་མ་
ཡིན་པར་བཤད་པ་སྟེ། འདི་ལྟར་ཤེས་རབ་དང་ཐབས་གཉིས་སུ་མེད་པར་གྱུར་པ་ནི་ཤེས་པ་ཡིན་ལ། དེ་ལས་མཐར་ཐུག་པ་ཆགས་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་དབུ་མར་ཡང་མི་དམིགས་པའི་སྐད་ཅིག་མ་ལ་ནི་དུས་གཅིག་ན་ཞེས་བྱའོ། །བཅོམ་ལྡན་འདས་
ཞེས་བྱ་བ་ནི། འདི་ཉིད་ལས། དབང་ཕྱུག་ལ་སོགས་ལེགས་རྫོགས་པ། །ཡོན་ཏན་དྲུག་ཏུ་བཤད་པ་དག། །དཔལ་ལྡན་འབྱོར་པའི་སངས་རྒྱས་ནི། །བཅོམ་ལྡན་འདས་ཞེས་རབ་ཏུ་བཤད། །ཅེས་པ་ནས་ལྡན་ཞེས་བྱའོ། །བཅོམ་པ་ནི་གཞན་ཡང་ཉོན་མོངས་པ་ལ་སོགས་
པའི་བདུད་རྣམས་བཅོམ་པས། བཅོམ་ལྡན་འདས་ཡིན་ཞེས་འབྱུང་བས་ན། བཅོམ་ལྡན་འདས་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཞེས་པ་ལ། དེ་བཞིན་གཤེགས་པ་ལྔ། བཙུན་མོ་མཱ་མ་ཀཱི་ལ་སོགས་པའི་བྷ་ག་ན་བཞུགས་ཤེའོ། །ལ་
ལ་དག་ནི་བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེ་ཉིད་བཙུན་མོའི་བྷ་ག་ལ་བཞུགས་ཞེས་བྱ་བར་སྦྱར་རོ། །འདི་ལྟར་ཞེས་བྱ་བ་ལ་རྡོ་རྗེ་སྙིང་པོས་ཞུས་པ་སྟེ་འདི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་གང་ལགས་ཞུས་པ་དང་། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ། གསང་བ་བས་ཆེས་གསང་བ་ཞུས་པ་ལེགས་སོ་ལེགས་སོ་ཞེས་བཀའ་སྩལ་ཏེ། བསྟོད་པའི་ཚིག་སྟེ། རྡོ་རྗེ་ཆེན་པོ་རྡོ་རྗེ་སྙིང་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི། ཞུ་བ་པོ་བྱང་
ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་བསྟོད་པའོ། །རྡོ་རྗེ་སེམས་དཔའ་དང་སེམས་དཔའ་ཆེན་པོ། དམ་ཚིག་སེམས་དཔའ་ཆེན་པོ་སྙིང་པོ་དགྱེས་པ་ཞེས་བྱ་བ་ནི། དགྱེས་པའི་རྡོ་རྗེ་ལས་ཧེ་རུ་ཀ་བཞི་བྱུང་བ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེ། སྐུའི་བདག་ཉིད་དོ། །
དངོས་སུ་དབུ་གཅིག་ཕྱག་གཉིས་པའོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཏེ་གསུང་གི་བདག་ཉིད་པས་ཕྱག་བཞི་པའོ། །དམ་ཚིག་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་ཐུགས་ཀྱི་བདག་ཉིད་དེ། རྡོ་རྗེ་སེམས་དཔའ་སྟེ་དབུ་གསུམ་ཕྱག་དྲུག་པའོ། །སྙིང་པོ་དགྱེས་པ་ནི་དགྱེས་
པའི་རྡོ་རྗེ་ཉིད་དེ། དབུ་བརྒྱད་པ་ཕྱག་བཅུ་དྲུག་པའོ། །དེ་ལྟ་བུའི་དོན་བཤད་ཀྱིས་ཉོན་ཅིག་པའི་དོན་ཏོ། །མི་ཕྱེད་པས་ན་རྡོ་རྗེར་བཤད། །ཅེས་པ་ལ། བཤིག་ཅིང་འདྲལ་དུ་མེད་པའམ། སྐུ་གསུང་ཐུགས་མི་ཕྱེད་པའམ། ཡེ་ཤེས་ལྔ་དང་ལྡན་པ་ལ་བྱའོ། །སེམས་དཔའ་
སྲིད་པ་གསུམ་གཅིག་ཅེས་པ་ནི། སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་འོ། །སྲིད་པ་གསུམ་ནི་ཁམས་གསུམ་མོ། །དེ་ལྟར་ཁམས་གསུམ་ཉིད་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་ཤེས་ཏེ། གཅིག་པ་ཉིད་ནི་དེ་དག་གི་ངོ་བོ་རང་བཞིན་མེད་པར་ཤེས་པའོ། །ཤེས་རབ་འདི་ཡི་སྦྱོར་བས་
ན། །ཞེས་པ་ནི། དེ་ལྟ་བུའི་ཤེས་རབ་ཀྱིས་ཆོས་ཉིད་དུ་སྦྱོར་བ་སྟེ། དེ་ཉིད་ལ་རྡོ་རྗེ་སེམས་དཔར་སྦྱར་ཏེ། གོང་མའི་སྐུའི་བདག་ཉིད་ཞལ་གཅིག་ཕྱག་གཉིས་པ་དང་སྦྱར་རོ། །ཡེ་ཤེས་ཆེན་པོའི་རོ་རྫོགས་པ། །ཞེས་བྱ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྷུན་གྱིས་གྲུབ་
པས་ན། རོ་རྫོགས་པ་ཞེས་བཤད་དོ། །རྣམ་པ་གཅིག་ཏུ་ན་དགྱེས་པའི་རྡོ་རྗེའི་ཡེ་ཤེས་ཀྱི་བདེ་བ་ཆེན་པོའི་རོ་བསྟར་ཞིང་རྫོགས་པ་ཞེས་བྱ་སྟེ། སྣང་བ་མཐའ་ཡས་ཀྱི་བདག་ཉིད་ཕྱག་བཞི་པ་དང་སྦྱར་ཏེ་དེ་ཉིད་ནི་སེམས་དཔའ་ཆེ་ཞེས་བཤད་དོ། །རྟག་ཏུ་དམ་ཚིག་བསྙེན་པ་ནི། །ཞེས་
པ་ལ། དམ་ཚིག་ནི་བཟའ་བ་དང་བཏུང་བའི་དམ་ཚིག་ལ་བྱ་ན། འདིར་ཤེས་རབ་དམ་ཚིག་གི་བདག་ཉིད་ལ་བསྙེན་པར་འདྲེན་ཏེ། དངོས་སུ་རྡོ་རྗེ་སེམས་དཔའ་སྟེ་དབུ་གསུམ་ཕྱག་དྲུག་པ་དང་སྦྱར་རོ། །དེ་ལ་ནི་དམ་ཚིག་སེམས་དཔར་རབ་ཏུ་བརྗོད་ཅེས་བྱའོ། །སྙིང་རྗེ་ཆེན་པོ་དགྱེས་པ་སྟེ།
རྡོ་རྗེ་ཤེས་རབ་དག་ཏུ་བཤད། །ཅེས་པ་ལ། སྙིང་རྗེ་ནི་ཐམས་ཅད་ལ་ཁྱབ་པ་ལ་བྱ་ན། སྙིང་རྗེས་དགྱེས་པའི་ཐབས་ཏེ་ཡབ་དང་སྦྱར་ལ། དེ་ཉིད་བདེ་བ་ཆེན་པོའི་དགྱེས་པ་དང་ལྡན་ཞེས་བྱའོ། །རྡོ་རྗེ་ཤེས་རབ་ཏུ་བསྟན་པ་ནི་ཡུམ་དང་སྦྱར་ཏེ་ཡུམ་ཤེས་རབ་ལ་བྱ་སྟེ། དངོས་སུ་ཐབས་དང་
ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཅེས་བྱའོ། །དེ་ལྟ་བུའི་ཐབས་དང་ཤེས་རབ་ཏུ་འབྲེལ་པའི་རྒྱུ་དང་ཡིས་བཤད་ཅེས་བྱ་བའི་དོན་ཏོ། །ཅི་སྟེ་ཏ་ཏྭ་སཾ་གྲ་ཧ་ལ་སོགས་པ་ཤེས་རབ་ཀྱི་རྒྱུད་མ་ཡིན་ནམ་ཞེ་ན། འོན་ཏེ་དེ་རྣམས་ལ་ནི་ཐབས་ཀྱི་ཤས་ཆེ་ལ། ཤེས་རབ་ཀྱི་ཤས་ཆུང་བར་སྟོན་ལ། འདིར་
ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་རྒྱུད་ཡིན་པས། དེ་ཐབས་ཁྱད་པར་དུ་ཆེ་བས་ན། ཤེས་རབ་ཐབས་དག་བདག་ཉིད་རྒྱུད། །ང་ཡིས་བཤད་ཀྱིས་ཉན་པར་གྱིས། །ཞེས་བྱ་བའོ། །མཐོང་བ་འགུགས་ཤིང་བརྡ་ཆེན་དང་། །མཁས་པའི་མཐུ་ནི་དུ་མ་བྱེད། །
ཅེས་པ་ལ་མཐོང་བ་ནི་འོག་ནས་མནན་པ་དང་། བསྐྲད་པ་དང་། མངོན་སྤྱོད་ལ་སོགས་པའོ། །དགུག་པ་ནི་བགེགས་དང་བར་དུ་གཅོད་པ་དག་གོ །བརྡ་ནི་འོག་ནས་འབྱུང་བ་དག་གོ། །མཁས་པ་ནི་བྱ་བ་དངོས་གྲུབ་བརྒྱད་ལ་སོགས་པའོ། །ཡེ་ཤེས་རྣམ་ཤེས་མཐུ་དག་ནི། །ལྷ་མོ་
རྣམས་ལས་ཡང་དག་འབྱུང་། །ཞེས་བྱ་བ་ལ་དངོས་སུ་བདག་མེད་པའི་རྣལ་འབྱོར་མ་དང་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ལས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲུབ་སྟེ། སངས་རྒྱས་ཀྱི་སྒྱུ་འཕྲུལ་དང་མཐུ་རྣམས་ཐོབ་ཅེས་བྱ་བའི་དོན་ཏོ། །དེ་བས་ཐོག་མར་
རྒྱུ་གཅིག་པུ། །ཧེ་རུ་ཀ་ནི་སྐྱེད་བྱེད་ཡིན། །ཞེས་པ་ལ། །ཧེ་རུ་ཀ་དངོས་པོར་བསྒོམ་པ་ནི་གྲོལ་བར་མི་འགྱུར་ན། ཇི་ལྟར་བྱ་ཞེ་ན། འོན་ཏེ་རྩ་བ་ལས། འདི་བསྒོམས་པ་ནི་རྣམ་གྲོལ་ཞིང་། །བསྒོམས་པས་འཆིང་བ་བཅིངས་པ་ལས། ཞེས་གསུངས་ཏེ། འདི་བསྒོམས་པས་ནི་རྣམ་གྲོལ་ཞིང་། །
རང་བཞིན་གྱིས་མ་སྐྱེས་པར་བྱའོ། །བསྒོམས་པས་འཆིང་བ་ནི་དངོས་པོར་བསྒོམས་པས་འཆིང་བ་ཡིན་ལ། དངོས་པོ་ཧེ་རུ་ཀའི་སྐུ་ལ་བྱ་ལ། དེ་ཉིད་ཆུ་ཟླ་ལྟར་སྐྱེ་འགོག་དང་བྲལ་བར་ཤེས་པ་ནི། དེ་ཡིས་གྲོལ་བར་ཡོངས་ཤེས་བྱ། །ཞེས་བྱ་བའི་དོན་ཏོ། །དེ་བས་ན་མཁས་པ་ནི་མ་སྐྱེས་
པར་ཤེས་པ་སྟེ། དངོས་པོ་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པར་ཤེས་པའོ། །དངོས་པོ་རང་བཞིན་མེད་པར་ཤེས་པ་དེ་བཞིན་དུ། ཧེ་རུ་ཀའི་སྐུ་ཡང་དངོས་པོ་མེད་པར་ཤེས་པའི་དོན་དུ། ཡེ་ཤེས་ལུས་ལ་གནས་པ་སྟེ། དངོས་པོ་ཀུན་ལ་ཁྱབ་པར་གནས། །ཞེས་པ་ལ། གོང་མ་
ལྟ་བུའི་ཡེ་ཤེས་ནི་གཞན་ན་མེད་དེ། རང་གི་སེམས་ཉིད་འོད་གསལ་བར་ཤེས་པར་བྱའོ། །ཡེ་ཤེས་ཐེར་ཟུག་མ་ཡིན་པས་དངོས་པོ་ཀུན་ལ་ཁྱབ་ཅེས་བྱ་སྟེ། ཐམས་ཅད་ཀྱི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །འོ་ན་དེ་ལུས་ལ་གནས་ཞེས་སྨོས་པས་ན། དངོས་པོ་ཐམས་ཅད་ཡིན་ནོ་ཞེ་ན།
མ་ཡིན་ཏེ། ལུས་ལ་འདས་ཞེས་སྨོས་པ་ཡིན་ནོ། །དེ་བས་ན་ཡེ་ཤེས་དེ་ནི་གཅིག་དང་དུ་མའི་བདག་ཉིད་དང་བྲལ་བ། རྟོག་པ་སྟེ་མཚན་མར་འཛིན་པའི་རྟོག་པ་ལས་འདས་པའི་དོན་ཏོ། །ལ་ལ་དག་ནི་ཤེས་རབ་ཀྱི་རང་གི་ངོ་བོ་བྱ་བ་ལ། ལུས་ལ་སྤྱིར་ཡེ་ཤེས་གནས་པའི་རྣམ་གྲངས་ནི་ན་ཌི་
སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པ་མང་ཡང་། མདོར་ན་སུམ་ཅུ་རྩ་གཉིས་ཏེ། དེ་དག་གི་གཙོ་བོ་ནི་རྩ་གསུམ་ཡིན་ཏེ། ལ་ལ་ནཱ་ནི་ཤེས་རབ་རྣམ་པར་དག་པའི་ངོ་བོ་སྟེ་གཡས་ན་གནས་སོ། །ར་ས་ནཱ་ནི་ཐབས་རྣམ་པར་དག་པའི་བདག་ཉིད་གཡོན་ན་གནས་སོ། །ཨ་ཝ་ངྷཱུ་ཏཱི་ནི་བྱང་ཆུབ་
ཀྱི་སེམས་རྣམ་པར་དག་པའི་ངོ་བོ་དབུས་ན་གནས་ཏེ། གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་བྲལ་བའོ། །ལ་ལ་ནཱ་ནི་མི་བསྐྱོད་རྒྱུ། །ཞེས་པ་ནི། གཡས་པའི་རྩ་ལས་དྲི་ཆུ་འབྱུང་བ་ན་ཨག་ཤོ་བྱཱའི་བདག་ཉིད་དོ། །ར་ས་ནཱ་ནི་ཁྲག་ཀྱང་རྒྱུ་ཞེས་པ་ནི་གཡོན་ན་གནས་པ་སྟེ། རིན་ཆེན་འབྱུང་
ལྡན་གྱི་བདག་ཉིད་དོ། །ཨ་ཝ་དྷཱུ་ཏཱིར་རབ་གྲགས་པ། །ཤེས་རབ་ཟླ་བ་རྒྱུ་བར་འདོད། །ཅེས་པ་ནི་དབུས་ན་གནས་པ་སྟེ། དོན་ཡོད་གྲུབ་པའི་བདག་ཉིད་ཀྱི་དོན་ཏོ། །མི་ཕྲེད་པ་དང་ཕྲ་བའི་གཟུགས། །ཞེས་བྱ་བ་ལ་སོགས་པ་ནི། ན་ཌི་སུམ་ཅུ་རྩ་གཉིས་ཀྱི་མིང་ངོ་། །དེ་དག་གི་གྲངས་ནི་མི་ཕྱེད་
པས་ནི་སོ་དང་སེན་མོ་སྐྱེད་དོ། །ཕྲ་པའི་གཟུགས་ཀྱིས་སྐྲ་དང་སྤུ་སྐྱེད་དོ། །ལྷ་ཞེས་བྱ་བའི་རྩས་ནི་པགས་པ་སྐྱེད་དོ། །གཡོན་པས་ནི་ཤ་སྐྱེད་དོ། །གཡོན་པ་ཅན་གྱིས་ནི་ཆུ་བ་སྐྱེད་དོ། །རུས་སྦལ་སྐྱེས་ཀྱིས་ནི་རུས་པ་སྐྱེད་དོ། །དངོས་པོ་ཅན་གྱིས་ནི་མཁལ་མ་སྐྱེད་དོ། །དབང་གིས་ནི་སྙིང་སྐྱེད་
དོ། །གནོས་པས་ནི་མིག་སྐྱེད་དོ། །བྱིན་རླབས་ཀྱིས་ནི་མཁྲིས་པ་སྐྱེད་དོ། །མ་མོས་ནི་གློ་བ་སྐྱེད་དོ། །མཚན་མོ་རྒྱུ་བས་ནི་རྒྱུ་མ་སྐྱེད་དོ། །གྲུབ་སྟེར་གྱིས་ནི་གྲང་བ་སྐྱེད་དོ། །ཨུ་ད་རི་ནི་དར་ནིས་ལྟོ་བ་སྐྱེད་དོ། །ལ་ལ་ནཱ་ནིས་མི་བསྐྱོད་སྐྱེད་དོ། །ཨ་ཝ་དྷཱུ་ཏཱིས་ནི་ཤེས་རབ་ཟླ་བ་རྒྱུ་བ་སྐྱེད་དོ། །
ཁྲག་རྒྱུ་བ་ནི་རོའོ། །དྲང་པོས་ནི་བཤང་བ་སྐྱེད་དོ། །མདོག་ནག་གིས་ནི་ཤ་དང་པགས་པའི་སྲུབས་སྐྱེད་དོ། །ཐུན་མོང་གིས་ནི་མཆིལ་མ་སྐྱེད་དོ། །གཞིར་སྟེར་གྱིས་ནི་རྣ་སྦབས་སྐྱེད་དོ། །རྣལ་བྲལ་གྱིས་ནི་ཁྲག་སྐྱེད་དོ། །དགའ་བས་ནི་ཚིལ་སྐྱེད་དོ། །གྲུབ་པས་ནི་མཆིལ་མ་སྐྱེད་དོ། །རྣམ་
སྨིན་གྱིས་ནི་མིག་རྣག་སྐྱེད་དོ། །མེ་ཏོག་གིས་ནི་སྣབས་སྐྱེད་དོ། །མཁྲིས་གསུམ་གྱིས་ནི་གཟུགས་སྐྱེད་དོ། །འདོད་མས་ནི་སྐྲ་སྐྱེད་དོ། །འདོད་མས་ནི་སྐྲ་སྐྱེད་དོ། །ཁྱིམ་གྱིས་ནི་དྲི་སྐྱེད་དོ། །ཙཎྜིས་ནི་རོ་སྐྱེད་དོ། །ཀ་ཏ་ཡས་ནི་རག་བྱ་སྐྱེད་དོ། །བདུད་ཀྱི་བུ་མོས་ནི་ཆོས་ཐམས་ཅད་རང་བཞིན་
མེད་པ་སྟེ། དེ་དག་ནི་རྩ་སུམ་ཅུ་རྩ་གཉིས་ཀྱི་སྐྱེ་བ་དང་བསྐྱོད་པའོ། །དེ་རྣམས་ཀྱི་རྣམ་པར་དག་པ་ནི་ལྷ་མོ་སྟེ་བདག་མེད་མ་དང་། རྡོ་རྗེ་མ་དང་། གཽ་རཱི་མ་དང་། བ་རི་དང་། རྡོ་རྗེ་མཁའ་འགྲོ་མ་དང་། པུཀྐ་སཱི་དང་། ཤ་ཝ་རཱི་དང་། ཙཎྜ་ལཱི་དང་། ཌོམྤི་དང་། གཽ་རཱི་དང་། ཙཽ་རཱི་དང་།
པེ་ཏཱ་ལཱི་དང་། གྷསྨ་རཱི་དང་། ས་སྤྱོད་དང་། མཁའ་སྤྱོད་དོ། །དེ་ལྷ་མོ་དེ་རྣམས་རྩ་གཉིས་གཉིས་ལ་དབང་ཞིང་དག་པའོ། །དེ་ལས་ལ་ལ་ནཱ་དང་། ར་ས་ནཱ་དང་། ཨ་ཝ་དྷཱུ་ཏཱི་ནི་བདག་མེད་པའི་རྣལ་འབྱོར་མའོ། །ལྷག་མ་ཉི་ཤུ་རྩ་དགུ་ནི་འབད་པས་སྤང་བར་བྱའོ། །ཅིའི་ཕྱིར