Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 4

Văn bản gốc(Tây Tạng)

Trang 20 / 20 (50.000 ký tự/trang)
ལྟར་བར་རོ། །དེ་ལྟར་རིགས་དྲུག་གོ། །ཇི་ལྟར་འདིར་ལྔ་དང་གསུམ་དང་གཅིག་པར་འགྱུར་ཞེ་ན། དེ་ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་པ། རྡོ་རྗེ་སེམས་དཔའ་
ཞེས་བྱ་བ་ལ་སོགས་པའོ། །དྲུག་དང་ལྔ་ཞེས་པ་ནི་དྲུག་པོ་རྣམས་དང་། ཡང་ལྔ་པོ་རྣམས་སོ། །རྒྱུད་ཐམས་ཅད་ཅེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་རྒྱུད་མ་ལུས་པ་དེ་དག་ཉིད་དོ། །རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་ཡང་ཡིན་མོད་ཀྱི། ཕྱག་རྒྱ་བྱེ་བྲག་ཏུ་གཟུང་བ་ནི་གཙོར་བསྟན་པའི་ཕྱིར་རོ། །
དེའི་བསྡུས་པའི་དོན་ནི་མདོར་བསྡུས་པའི་དོན་ཏོ། །དེ་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་གསུངས་སོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ་ལས་རྟོག་པ་གཉིས་པའི་ལེའུ་བཞི་པའི་བཤད་པའོ།། །།ཕྱག་ནི་བཅུ་དྲུག་ཅེས་པ་ལ་སོགས་པ་
ནི་ཧེ་རུ་ཀའི་བཞེངས་པའི་ལེའུ་འཆད་དེ་ཞལ་ཞེས་པ་ནི་ཞལ་གདོང་ངོ་། །བརླ་དང་བྱིན་པ་དང་རྐང་པའི་བོལ་རྣམས་བསྡུས་པ་ནི་ཞབས་སོ། །མགུལ་པ་ནི་མགྲིན་པའོ། །བདག་གི་འཁོར་ལོ་ཞེས་པ་ནི་བདག་གི་དཀྱིལ་འཁོར་རོ། །རྣལ་འབྱོར་མ་བཅོ་ལྔ་རྣམས་ནི་ནང་གི་རིམ་པ་ལ་
བཞུགས་པ་ལྔ་དང་། ཕྱིའི་རིམ་པ་ལ་བཞུགས་པའི་བཅུ་པོ་རྣམས་ཀྱིས་སོ། །ཡོངས་སུ་བསྐོར་བ་ནི་ཡོངས་སུ་བསྐོར་བ་གང་ཡིན་པ་དེ་ལ་དེ་སྐད་དུ་གསུངས་སོ། །སྔོན་མ་འཚལ་ཞེས་པ་ནི་ལྷའི་ལེའུར་མ་གསུངས་པའི་ཕྱིར་རོ། །ཐོད་པ་པདྨ་སྟེ། བདེ་བ་སྐྱོང་བའི་ཕྱིར་རོ། །ཡང་

དག་རབ་ཏུ་བཤད་ཅེས་པ་ནི་ཡང་དག་པར་རབ་ཏུ་བཤད་ཅེས་བྱའོ་ཞེས་སོ། །འཁོར་ལོ་ཞེས་པ་ནི་ངའི་འཇིག་རྟེན་གྱི་དཀྱིལ་འཁོར་རོ། །ཇི་ལྟར་སྔོན་གསུངས་པ་ཞེས་པ་ནི་ཇི་ལྟར་ཁྱོད་ཀྱི་དེ་བཞིན་ནོ་ཞེས་པའི་དོན་ཏོ། །ང་ཞེས་པ་ནི་ང་སྟེ། མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་
པས་འོག་ནས་འབྱུང་བ་དཔལ་ཧེ་རུ་ཀའི་སྐུ་མངོན་པར་གསལ་བར་གྱུར་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་རོ་ཞེས་པའི་དོན་ཏོ། །བསམས་ཏེ་ཞེས་པ་ནི་བསྒོམ་པར་བྱ་ཞེས་པའོ། །ཁྱོད་དང་ལྷན་ཅིག་ཅེས་པ་ནི་མཱ་མ་ཀཱི་བདག་མེད་མའི་སྐུ་རུ་མངོན་དུ་གྱུར་པ་དང་ལྷན་ཅིག་ལྡན་པར་
བྱས་པའོ། །རྣམ་པར་དཔྱོད་པར་མཐར་ཐུག་པའི་སྔོན་རོལ་ཏུ་སྤྲོ་བའི་དགའ་བ་ཞེས་པ་ནི་འདོད་ཆགས་ཆེན་པོའོ། །རྗེས་སུ་ཞེས་པ་ནི་དེའི་རྗེས་སུ་སྟེ། དེ་ནས་ཞེས་སོ། །ཆགས་པ་ཆེན་པོ་ནི་རྗེས་སུ་ཆགས་པ་སྟེ། རྣམ་པར་དཔྱོད་པའི་མཐར་ཐུག་པའི་མཆོག་ཏུ་དགའ་བའོ་ཞེས་བྱ་
བའི་དོན་ཏོ། །དེ་གཉིས་ནི་འདོད་ཆགས་ཆེན་པོ་དང་རྗེས་སུ་ཆགས་པ་སྟེ། དེས་ཉེ་བར་མཚོན་པའོ། །དེའི་རྗེས་སུ་ལྷན་ཅིག་སྐྱེས་དགའི་རང་བཞིན་ནོ། །ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་དེའི་ངོ་བོ་སྟེ། དེ་རིག་པའི་དུས་ན་རང་བཞིན་གཞན་དག་མི་རིག་པས་ནའོ། །དེས་
ན་དེ་ཙམ་གྱི་ངོ་བོས་མཚོན་ཏོ་ཞེས་པའི་དོན་ཏོ། །འདི་ནས་བཟུང་བ་རྣམས་ཕལ་ཆེར་རིམ་པ་ཐ་དད་པ་སྟེ། འདིར་འབྲེལ་བའི་རིམ་པས་བཤད་པར་བྱ་བ་ཡིན་གྱི་ཚིག་གི་རིམ་པས་ནི་མ་ཡིན་ནོ། །དེས་ན། ལྷན་ཅིག་སྐྱེས་དགའ་རང་བཞིན་ཅན། །ཞེས་པ་ནི་འདིའི་རྗེས་དེ་ལ་དེ་ནས་རྡོ་རྗེ་ཞེས་
བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་རྣམས་བལྟ་བར་བྱའོ། །དེ་ནས་ཞེས་པ་ནི་དེའི་དེ་མ་ཐག་པར་རོ། །རྡོ་རྗེ་ཞེས་པ་ནི་དེ་ཉིད་རྡོ་རྗེ་སེམས་དཔའོ། །ཆགས་ཆེན་ལས་ཞེས་པ་ནི་འདོད་ཆགས་ཆེན་པོ་ལས་སྐྱེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རྒྱུས་སོ། །ཞུ་བར་གྱུར་ཞེས་པ་ནི་ཞུ་
བའི་ཡེ་ཤེས་ཀྱི་གཟུགས་སུ་གྱུར་པའོ། །རིག་མར་བཅས་པ་ཞུ་བར་གྱུར། །ཞེས་པ་ནི་ལྷན་ཅིག་པའི་སྦྱོར་བས་ཞུ་བས་ན་གསུམ་པའོ། །བསམ་པར་བྱའོ་ཞེས་པ་ནི་དེའི་དེ་མ་ཐག་པར་རོ། །རྡོ་རྗེ་ཞེས་པ་ནི་དེ་ཉིད་རྡོ་རྗེ་སེམས་དཔའོ། །ཆགས་ཆེན་པོ་དག་རྣམ་པར་ཞུ་བར་བསམ་མོ་ཞེས་པའི་

དོན་ཏོ། །དེ་ནས་ཞེས་པ་ནི་རྣམ་པར་ཞུ་བའི་དེ་མ་ཐག་པར་རོ། །ལྷ་མོ་ཞེས་པ་ནི་སྤོས་བྱེད་མ་དང་། རི་ཁྲོད་མ་དང་གཏུམ་མོ་དང་། གཡུང་མོ་རྣམས་རང་རང་གི་ཕྱོགས་རྣམས་ནས་བྱོན་པས་རང་རང་གི་གནས་རྣམས་ལ་འདུག་པ་རྣམས་སོ། །བསྐུལ་ཞེས་པ་ནི་ཞུ་བའི་ཏིང་ངེ་
འཛིན་ལས་བསྐུལ་ཏེ་སློང་བའོ། །སྣ་ཚོགས་གླུ་ཞེས་པ་ནི་རེ་རེ་ཞིང་ཚིགས་སུ་བཅད་པ་རེ་རེས་སོ། །དེའི་ཉེ་བར་མཆོད་པ་ནི་འབུལ་བ་ཡིན་པ་དེ་བས་ནའོ། །དེ་ཐོག་མར་སྤྲོས་བྱེད་མས་བསྐུལ་བ། རྗེ་བཙུན་བཞེངས་ཞེས་པ་ནི་རྗེ་བཙུན་བཞེངས་ཤིག་ཞེས་པའོ། །ཐུགས་རྗེར་ལྡན་ཡིད་ཅེས་པ་
ནི་ཡིད་ཐུགས་རྗེ་ཆེན་དུ་མཛད་ནས་སོ། །བདག་ཅེས་པ་ནི་བདག་ལའོ། །ཡོངས་སུ་སྐྱོ་བས་ཞེས་པ་ནི་བདག་ལ་ཡོངས་སུ་སྐྱོབས་ཤིག་ཅེས་པའོ། །ཅིས་ཤེ་ན། བདེ་ཆེན་ཞེས་པ་སྟེ། བདེ་བ་ཆེན་པོ་ནི་ཐར་པ་ཆེན་པོའི་བདེ་བའོ། །དེའི་དོན་དུ་སྦྱོར་བ་སྟེ། ཞུ་བ་ལས་བྱུང་བའི་དགྱེས་པའི་རྡོ་རྗེ་
ཁྱོད་བཞེངས་ཤིག་ཅེས་པའོ། །སྟོང་པའི་རང་བཞིན་ཐོང་མཛོད་ལ། །ཞེས་པ་ནི་སྟོང་པའི་རང་བཞིན་ཏེ་ངོ་བོ་སྤོངས་ཤིག་ཅེས་པ་སྟེ། ཞུ་བའི་གཟུགས་ཐོང་མཛོད་ཅེས་པའི་དོན་ཏོ། །རི་ཁྲོད་མའི་དགོས་པ་སྒྲུབས་ཤིག།།ཅེས་པ་ནི་རི་ཁྲོད་མའི་བྱ་བ་སྒྲུབ་ཏུ་གསོལ་ཞེས་པའོ། །དེ་ནས་གཏུམ་མོའི་
སྟེ། འཇིག་རྟེན་ཉན་མནན་ཞེས་པ་ནི་འཇིག་རྟེན་པ་ཀུན་གྱི་དོན་བྱ་བར་སྙན་གསན་ཕབ་པའོ། །ཁྱབ་བདག་བདེ་བ་ཞེས་པ་ནི་ཀྱེ་ཁྱབ་བདག་བདེ་ཞེས་བོད་པའོ། །སྟོང་པ་ཉིད་ཀྱིས་ཅིའི་ཕྱིར་བཞུགས། །ཞེས་པ་ནི་སྟོང་པ་ཉིད་དེ་ཞུ་བའི་གཟུགས་ཀྱི་བཞུགས་པ་ཅིའི་ཕྱིར་ཞེས་སོ། །གཏུམ་
མོ་བདག་ནི་གསོལ་བ་འདེབས་པ་ནི་གཏུམ་མོ་བདག་ནི་ཤིན་ཏུ་གསོལ་བ་འདེབས་སོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་གསོལ་བ་འདེབས་ཤེ་ན། ཁྱོད་མ་གཏོགས་པར་ཕྱོགས་མི་ཁུམས་ཞེས་པ་སྟེ། ཁྱོད་དང་བྲལ་ན་ནི་ཕྱོགས་སུ་མི་མཐོང་བ་སྟེ། འཐོམས་ན་མུན་པའི་དངོས་པོ་ཙམ་ཞིག་མཐོང་བར་
འགྱུར་རོ། །ཞེས་པའི་དོན་ཏོ། །དེ་ནས་གཡུང་མོའི་སྟེ། མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག།།ཅེས་པ་ནི་ཀྱེ་མིག་འཕྲུལ་མཁན་ཁྱོད་བཞེངས་མཛོད་ཅེས་པ་སྟེ། མིག་འཕྲུལ་མཁན་ལྟ་བུའོ་ཞེས་པའི་དོན་ཏོ། །ད་ནི་མིག་འཕྲུལ་ལྟ་བུ་མ་ཡིན་ནོ་ཞེས་གལ་ཏེ་གསུང་ངོ་ཞེ་ན། འདིར་གསུངས་

པ་བདག་ནི་ཁྱེད་ཀྱི་ཐུགས་འཚལ་བ་སྟེ། བདག་ནི་ཁྱེད་ཀྱི་ཐུགས་རྒྱུ་དང་བཅས་པར་འཚལ་བ་ཡིན་ནོ་ཞེས་སོ། །གཡུང་མོ་བདག་ནི་ཡུལ་ཆེན་མོ། །ཞེས་པ་ནི་གཡུང་མོ་བདག་ནི་གྲོང་ཁྱེར་ཆེན་པོ་བ་ཡིན་པས་བསྒྲངས་པ་སྟེ། བདག་ཅག་ལ་ཁྱེད་ཀྱིས་སླུ་བའི་མཐུ་མེད་དོ་ཞེས་པར་དགོངས་
སོ། །དེས་ན་དོན་མེད་པ་མ་མཛད་ཅེས་ཏེ་མ་མཛད་ཅིག་ཅེས་པའོ། །ཐུགས་རྗེ་རྒྱུན་འཆད་ཅེས་པ་སྟེ། ཐུགས་རྗེའི་རྒྱུན་བར་ཆད་ཅིང་ཆད་པ་སྟེ་ཞུ་བ་དེས་སོ། །ཡང་ན་ཐུགས་རྗེ་རྣམ་པར་སྤངས་ཏེ་ཞུ་བའི་གཟུགས་དེས་བཟློག་པར་མ་མཛད་ཅིག་ཅེས་པའོ། །ཚིགས་སུ་བཅད་པ་ལྔ་པོ་འདིའི་
དེ་མ་ཐག་པར་ཡང་ཨཾ་ཧཱུཾ་དག་གིས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་པོ་འདི་བལྟ་བར་བྱའོ། །རྡོ་རྗེ་ཅན་ཆེན་པོ་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའོ། །ཞུ་པ་ལས་སྐུར་བཞེངས་པ་ཞེས་པ་ནི་བསྐུལ་བའི་གླུ་བཞི་པོའི་ངོ་རུ་བྱས་པས་དེ་ཞུ་བའི་གནས་སྐབས་སྤངས་ཏེ་བཞེངས་པའོ། །ཨཾ་
ཧཱུཾ་དག་གིས་ཞེས་པ་ནི་ཞུ་བ་བསྡུས་པ་ལས་སྐྱེས་པའི་ཡི་གེ་ཨཾ་དང་བཅས་པའི་ཡི་གེ་ཧཱུཾ་གིས་བསྐྱེད་པའོ། །བརྡེབས་པ་ནི་ཀུན་ཏུ་བརྡེབས་པའོ། །བསྡིགས་པ་ཞེས་པ་ནི་དང་པོའི་དོན་ལ་གཉིས་པའོ། །དེ་ལྟ་བུར་ཞལ་བརྒྱད་ཅེས་པའང་གཉིས་པར་བལྟའོ། །ཚིགས་སུ་བཅད་པ་འདིའི་རྗེས་ཐོགས་
སུ་ཞལ་བརྒྱད་ཞབས་ནི་བཞི་པ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་པོ་དང་འབྲེལ་བའོ། །ཞལ་ནི་ཞལ་ལོ། །ཞབས་ནི་བརླ་དང་བྱིན་པ་དང་རྐང་པར་བཅས་པའོ། །འདི་ཡིས་བདུད་བཞི་མཉམ་པར་མནན་པས་ན་དེ་སྐད་ཅེས་གསུངས་སོ་འཇིགས་ཞེས་པ་ནི་འཇིགས་སུ་རུང་བའོ། །མགོ་བོའི་ཕྲེང་
བས་དོ་ཤལ་བྱས། །ཞེས་པ་ནི་མགོ་བོའི་ཕྲེང་བས་འདིའི་དོ་ཤལ་བྱས་པས་དེ་སྐད་ཅེས་བྱའོ། །གར་དང་ཞེས་པ་ནི་ཤིན་ཏུ་དྲག་པོའི་གར་གྱིས་སོ། །འཇིགས་པར་མཛད་ཅེས་པ་ནི་ཇི་ལྟར་འཇིགས་པར་འགྱུར་བ་དེ་ལྟ་བུའི་ཁ་དོག་སྔོན་པོར་རོ། །སྐུ་ཞེས་པ་ནི་སྐུ་ལུས་སོ་སྤྲོ་ཞེས་པ་ནི་འགྲོ་བའོ། །དགའ་བ་ཞེས་
པ་ནི་མཆོག་ཏུ་དགའ་བའོ། །དེ་གཉིས་ནི་སྤྲོད་དེ། རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རོ། །དེ་སྙོམས་པར་འཇུག་པ་ནི་དེ་མངོན་སུམ་དུ་བྱའོ། །དེ་ཁོ་ན་ཉིད་འདིའི་ཕྱག་རྒྱ་གང་དང་ལྡན་པར་ཞེ་ན། འདིར་གསུངས་པ། བདག་མེད་མ་དང་ལྷན་ཅིག་སྦྱོར། །ཞེས་པ་སྟེ་བདག་མེད་མ་ཞེས་པ་ནི་བདག་

མེད་མས་སོ། །ཁྲོ་གཉེར་མེད་པ་ཞེས་པ་ནི་སྤྲོས་པ་མེད་པའི་བདེ་བ་སྟེ་རང་བཞིན་དགའ་བའོ། །དེ་རྙེད་པ་ནི་ཐོབ་པ་དང་ལྡན་པའོ། །དེ་ཁོ་ན་ཉིད་འདིའི་ཕྱག་རྒྱས་གདབ་བྱ་གང་ཡིན་ན། འདིར་གསུངས་པ། ཁྲོ་གཉེར་མེད་པའི་རང་བཞིན་དུའོ་ཞེས་པ་སྟེ། སྤྲོས་པ་ཐམས་
ཅད་ཀྱི་གཉེན་པོའི་ཕྱོགས་ཉིད་ཀྱི་ཕྱིར་ཁྲོ་གཉེར་མེད་པའི་རང་བཞིན་གང་ཡིན་པ་དེ་དགྱེས་པའི་རྡོ་རྗེའི་སྐུ་སྟེ། དེ་འདི་ལ་ཡོད་པས་ན་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་དེ་ཁོ་ན་ཉིད་འདི་ནི་དགྱེས་པའི་རྡོ་རྗེའི་འཁོར་ལོའོ། །དེ་ལས་བཟློག་པ་ནི་བདག་མེད་མའི་འཁོར་ལོར་ཤེས་པར་བྱ་སྟེ། གཙོ་
བོའི་དབྱེ་བས་ནི་ཞལ་བརྒྱད་པོ་རྣམས་ཀྱི་ནང་ནས་གང་དག་ཇི་ལྟར་བལྟ་ཞེ་ན། འདིར་གསུངས་པ། རྩ་བའི་ཞལ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ནག་པོ་ཆེན་པོ་ནི་ཤིན་ཏུ་གནག་པ་སྟེ་སྐུ་བཞིན་ནོ། །རྣམ་པར་གཙིགས་པར་མཛད་ཅེས་པ་ནི་མཆེ་བ་རྣམ་པར་གཙིགས་པའོ། །ཉི་ཤུ་རྩ་བཞི་སྤྱན་
གྱིས་ཕྱུག །ཅེས་པ་དེ་ཇི་ལྟ་བུ་ཞེ་ན། ཞལ་བརྒྱད་པོའི་སོ་སོ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པའི་ཕྱིར་རོ། །ཚིགས་སུ་བཅད་པ་ལྔ་པོ་འདིའི་རྗེས་ཐོགས་སུ་སྒེག་པོ་ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་པ་འདི་སྦྱར་ཏེ། ཞལ་ཐམས་ཅད་ནི་སྤྱིར་སྒེག་པོར་རོ། །དཀར་པོ་ནི་ཞི་
བར་རོ། །མི་དཀར་བ་ནི་དྲག་པོར་རོ། །ལྷ་མོ་རྣམས་ལ་ནི་ཅི་རིགས་པར་སྦྱར་རོ། །དེའི་རྗེས་ཐོགས་སུ་ནི་གླང་པོ་རྟ་བོང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་པོའོ། །བོང་ནི་བོང་བུའོ། །གླང་ནི་བ་ལང་ངོ་། །བྱི་ལ་ནི་བྱི་ལ་ཉིད་དོ། །གཉིས་འཐུང་ལ་སོགས་པ་ནི་གཡས་པའི་
ཕྱག་བརྒྱད་པོ་རྣམས་སུ་མཚན་མ་དེ་རྣམས་སོ། །ས་ལ་སོགས་པ་རྣམས་ནི་ཕྱག་གཡོན་པ་རྣམས་སུ་ཐོད་པ་བརྒྱད་དུ་མཚན་མ་དེ་རྣམས་གང་ཡིན་པའོ། །འདི་དག་ཐམས་ཅད་ཀྱིས་ནི་དང་པོའི་རྣལ་འབྱོར་ཞེས་བྱའི་ཏིང་ངེ་འཛིན་བསྟན་ཏོ། །འདིའི་མཐར་ནི་གྲོང་ཁྱེར་ཞེས་པ་ལ་སོགས་
པའི་ཚིགས་སུ་བཅད་པ་དྲུག་པོའོ། །གྲོང་ཁྱེར་ཡིད་འོང་དེར་ཞེས་པ་ནི་དཀྱིལ་འཁོར་ཉམས་དགའ་བ་དེར་རོ། །ཁྱོད་ནི་བདག་མེད་མ་སྟེ་དེ་དང་བཅས་པས་སོ། །ང་ཞེས་པ་ནི་དགྱེས་པ་རྡོ་རྗེ་དང་རོལ་པར་རོ། །རོལ་པ་ནི་རོལ་བཞིན་པས་སོ། །ཅི་ཡིས་རོལ་ཞེ་ན་དགའ་བས་ཞེས་པ་སྟེ།

དགའ་བ་ནི་སྒྱུ་མའི་བདེ་བ་སྟེ། དེ་ཤིན་ཏུ་རྒྱུན་མི་འཆད་པས་སོ་ཞེས་པ་ནི་གཙུབ་ཤིང་གཙུབས་པའི་མེའི་ཚུལ་གྱིས་ངེས་པར་བཏོན་པའི་དཀར་མོའོ། །ཤར་སྒོ་རུ་ནི་ཡང་དག་གནས། །ཞེས་པ་ནི་ཡང་དག་པར་ཞུགས་པའོ། །དབང་པོར་ཕྱོགས་ཞེས་པ་ནི་བརྒྱད་ཆར་ལ་ཡང་དག་
པར་སྦྱོར་ཏེ། དབང་པོ་ནི་རང་གི་བདག་པོ་ལའོ། །ཕྱོགས་པ་ནི་འདི་ལ་བལྟ་བའོ། །འདི་དག་ནི་དབང་པོར་བལྟ་བ་སྟེ། ཡི་གེ་རའི་ཡི་གེ་ཨེར་བསྒྱུར་བའི་སྒྲས་སོ། །གཙུབ་ཤིང་ཞེས་པ་ནི་འདིས་གཙུབས་པས་སོ། །ཡང་ཞེས་པ་ནི་ཕྱིས་སོ། །ཆེན་པོ་གཉིས་ནི་ཞེས་པ་ནི་དགའ་བ་ཆེན་པོའོ། །
ལྷག་མ་ནི་གོ་སླའོ། །ཚིགས་སུ་བཅད་པ་དྲུག་པོ་འདིའི་དེ་མ་ཐག་པར་ནི་གཾ་ཙཾ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་པོར་སྦྱར་ཏེ། འདི་རྣམས་ཞེས་པ་ནི་རྣལ་འབྱོར་མ་བརྒྱད་པོ་དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་གདོན་པར་བྱའོ། །གང་ནས་ཤེ་ན་འདིར་གསུངས་པ། བདག་
པོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བདག་པོ་ནི་དཀྱིལ་འཁོར་གྱི་དབང་ཕྱུག་གོ། །དགའ་མ་ནི་བདག་མེད་མའོ། །དེ་དག་གི་ས་བོན་དག་གིས་པདྨའི་ནང་ན་བྱང་སེམས་ཞུ་བའི་ཚུལ་གྱིས་སོ། །ཨཾ་ཧཱུཾ་དག་གིས་ཞེས་པ་ནི་ཡི་གེ་ཧཱུཾ་དང་ཡི་གེ་ཨཾ་དག་གིས་སོ། །འབར་གཙིགས་ཞེས་པ་ནི་
འབར་བ་རྣམས་ཀྱིས་ཀུན་ནས་གཙིགས་པར་འཕྲོ་བ་སྟེ། དེ་ཡང་ཡིན་ལ་སྡོང་པོ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །ཚིགས་སུ་བཅད་པ་གཅིག་པོ་འདིའི་མཐར་ནི་དཀར་མོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྒྱད་པོའི་འདི་སྦྱོར་རོ། །རོ་ཧི་ཏ་ཞེས་པ་ནི་ཉའི་ཁྱད་པར་རོ། །རྡེའུ་ཆུང་
ནི་ཅང་ཏེའུའོ། །ཕག་པ་ནི་ཕག་རྒོད་དོ། །ཟླ་བའི་ནོར་བུ་ཞེས་པ་ནི་ནོར་བུ་ཆུ་ཤེལ་ལོ། །ཉེ་དབང་ནི་ཁྱབ་འཇུག་གོ། །ཉི་མའི་བུ་ནི་གཤིན་རྗེའོ། །ལུས་ངན་ནི་ནོར་སྦྱིན་ནོ། །སྟན་ནི་གདན་ཏེ་རིམ་པ་ཇི་ལྟ་བ་བཞིན་ནོ། །ཚིགས་སུ་བཅད་པ་བརྒྱད་པ་འདིའི་མཐར་ནི་མ་མོའི་འཁོར་ལོ་ཞེས་བྱ་
བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་པོ་སྦྱར་ཏེ། འཁོར་ལོ་ནི་ཚོགས་སོ། །འདི་ཐམས་ཅད་ཀྱི་འཁོར་ལོའི་རྒྱལ་པོའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་ཏོ། །གསུམ་པོ་ནི་ལས་རྒྱལ་པོའི་མཆོག་གི་ཏིང་ངེ་འཛིན་ཏེ་དེ་ནི་རྣལ་འབྱོར་གྱི་ཆ་དབྱེ་བ་དང་ལྡན་

པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྒྱུད་དག་ཏུ་བལྟ་བར་བྱའོ། །དེ་ལྟ་བུའི་ཏིང་ངེ་འཛིན་གསུམ་པོ་འདི་དང་ལྡན་པས་སྔགས་ཀྱི་བཟླས་པ་དང་བཅས་པས་སྔོན་དུ་བསྙེན་པ་ལ་སོགས་པ་བྱའོ། །དེ་བས་ན་དེའི་སྐབས་ལ་བབ་པས་བཅོམ་ལྡན་འདས་ལ་ཡུམ་གྱི་ཞུས་
ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །དེ་གཉིས་ཀའི་སྐབས་དབྱེ་བའི་ཕྱིར་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པའོ། །ཇི་ལྟ་བུ་ཞེ་ན། སྔགས་དེ་འདིར་གསུངས་པ། བུད་མེད་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །དེ་ནི་ང་ཡིས་ཞེས་པ་ལ་སོགས་པ་ལ། དེ་ནི་
ཞེས་པ་ནི་ཇི་ལྟ་བུ་འདོད་པའི་སྔགས་དེ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །གང་ཞེས་པ་ནི་ལས་གང་ཡིན་པ་རྣམས་སོ། །བཀུག་པ་ཞེས་པ་ནི་སྔགས་འདི་ཡིས་བཀུག་པའོ། །རྣལ་འབྱོར་བདག་ཉིད་ཅེས་པ་ནི་རྣལ་འབྱོར་པ་སྟེ་ལྷག་མ་ནི་གོ་སླའོ། །སྔགས་གསུངས་པ། རིག་
བྱེད་ཅེས་པ་ལ་སོགས་པ་སྟེ་ཐོག་མའི་ཡི་གེ་ནི་ཨོཾ་མོ། །རྒྱན་ཅེས་པ་ནི་རང་བཞིན་ཉིད་ཀྱིས་སོ། །སྔགས་མཐར་ནི་ཡི་གེ་ཧ་དབྱངས་ཡིག་བཅུ་གཉིས་དང་ལྡན་པ་རྣམས་སོ། །ཕཊ་སྭཱ་ཧཱ་ནི་མཐར་ཐུག་པའོ། །དཀྱིལ་འཁོར་མཆོག་ཏུ་ཞུས་པ་ཞེས་པ་ནི་རི་མོའི་དཀྱིལ་འཁོར་རོ། །
དེ་ལ་ཞེས་པ་ནི་དེ་ཉིད་ལའོ། །སྟོན་པས་ཞེས་པ་ནི་བཀའ་སྩལ་ཏོ། །ཞེས་པ་ལྷག་མའོ། །ཡེ་ཤེས་ཆེར་ལྡན་ཞེས་པ་ནི་སློབ་དཔོན་ནོ། །དཀྱིལ་འཁོར་རང་གིས་བྲི་བར་བྱ། །ཞེས་པ་ནི་བྲིས་སྐུ་མཁན་ལ་སོགས་པས་མི་བྲི་བའོ། །བུམ་པ་རྣམས་ལ་བྲི་ཞེས་པ་ནི་བུམ་པ་ལ་ཚོན་བྲི་
བའོ། །བརྒྱད་ཅེས་པ་ནི་ལྷ་མོ་བརྒྱད་རྣམས་ཀྱི་སྟེ། དོན་གྱིས་ན་རྣམ་པར་རྒྱལ་བའི་བུམ་པ་དང་ལས་ཐམས་ཅད་པའི་བུམ་པ་ཡང་ངོ་། །རྡུལ་ཚོན་གང་གིས་དཀྱིལ་འཁོར་བྲི་བར་བྱ་ཞེ་ན། འདིར་གསུངས་པ། རིན་ཆེན་ལྔ་རྣམས་ཕྱེ་མ་ཡིས། །ཞེས་པ་ལ་སོགས་པའོ། །དེའི་དབུས་
སུ་ཞེས་པ་ནི་ཕྱིའི་རིམ་པའི་དབུས་སུ་སྟེ། སྙིང་པོའི་རིམ་པའི་པདྨ་ལ་དགོངས་སོ། །ཟེའུ་འབྲུ་ཞེས་པ་ནི་གེ་སར་རོ་ཤར་བྷ་ཞེས་པ་ནི་སེང་གེའི་རྒྱལ་པོའོ། །ལྷ་མོ་རྣམས་ཀྱི་ཞེས་པ་ལ་སོགས་པ་ནི་ཇི་ལྟར་ལྷ་མོ་རྣམས་ཀྱི་ཁ་དོག་དེ་བཞིན་དུ་མཚན་མ་རྣམས་སོ་ཞེས་པའི་དོན་ཏོ། །དབུས་སུ་

ཐོད་པ་དཀར་པོ་གང་ཡིན་པ་དེ་ལ་ནི་སྣ་ཚོགས་རྡོ་རྗེས་མཚན་པ་བྲི་བར་བྱའོ། །རྣམ་རྒྱལ་བུམ་པ་དེར་གཞག་པར་བྱ་ཞེས་བྱ་བའི་དོན་གྱིས་དེ་ནས་ཇི་ལྟ་བའི་གནས་རྣམས་སུ་དབང་བསྐུར་བའི་བུམ་པ་རྣམས་གཞག་པར་བྱའོ། །ཞེས་ཤེས་པར་བྱའོ། །གཞུག་པར་བྱ་ཞེས་པ་ནི་གཞུག་པའི་
བྱ་བ་རྣམས་བྱའོ་ཞེས་པའི་དོན་ཏོ། །བརྒྱད་གཉིས་ལོན་པ་ཞེས་པ་ནི་ལོ་བཅུ་དྲུག་ལོན་པའོ། །རིག་མ་བརྒྱད་ཅེས་གསུངས་པ་འདི་དག་གང་ཞེ་ན། འདིར་གསུངས་པ་སྐྱེད་མ་ཞེས་པ་ལ་སོགས་པ་སྟེ། དེ་རྣམས་ནི་མིང་ལ་སོགས་པ་རྣམས་ཀྱིས་དེ་རྣམས་གཟུང་བར་བྱ་བ་ཡིན་གྱི་རང་གི་ངོ་བོ་
དེ་དག་ཉིད་ནི་མ་ཡིན་ནོ། །སྒྱུག་མོ་ནི་སྒྱུག་མོར་གྲགས་པ་སྟེ། ཆུང་མའི་སྐྱེད་བྱེད་མའོ། །འདི་རྣམས་ཀྱིས་ཞེས་པའི་དྲུག་པ་ནི་འདི་རྣམས་ལ་ཞེས་གཉིས་པར་སྦྱར་རོ། །ཇི་ལྟར་བཤད་པ་ཞེས་པ་ནི་དབང་བསྐུར་བའི་ལེའུ་རུའོ། །མཆོད་ཅིང་བསྟོད་པ་དང་། མཆོད་པ་ནི་བསྟོད་ཅིང་མཆོད་
པའོ། །ཁྱད་པར་ཞེས་པ་ནི་ཁྱད་པར་དགའ་བ་ལས་ནི་སྔོན་མའོ། །མཆོག་དགའི་མཐར་ཞེས་པ་ནི་མཆོག་ཏུ་དགའ་བ་ལས་གཞན་པ་སྟེ་ཕྱི་མའོ། །དེ་ཡང་གང་ཡིན་ཞེ་ན། འདིར་གསུངས་པ། མཐའ་ཞེས་པ་སྟེ་ཤེས་རབ་དང་ཡེ་ཤེས་སོ་ཞེས་པའི་དོན་ཏོ། །དེ་ཉིད་ནི་རྒྱུད་རྣམས་ཀུན་ཏུ་
སྦས་པ་ཞེས་པ་སྟེ། གསལ་པོར་མ་མཛད་དོ་ཞེས་སོ། །མཐར་ཐུག་རབ་གསལ་བའོ། །ཞེས་པ་ནི་རྒྱུད་ཐམས་ཅད་ཀྱི་མཐར་ཐུག་པ་འདིར་ནི་རབ་ཏུ་གསལ་བར་གསུངས་པའོ། །དེ་རྣམས་ཀྱི་ནི་རྒྱུད་འདི་རྒྱུད་ཐམས་ཅད་ཀྱི་བླ་མར་གསུངས་སོ། །དེ་ཡི་སྐད་ཅིག་ཇི་ལྟར་བལྟ། །ཞེས་པ་ནི།
དེ་ཤིན་ཏུ་ཡང་གསལ་བར་བྱ་བའི་ཕྱིར་ཞུས་པའོ། །ཐོག་མ་ཞེས་པ་ལ་སོགས་པ་ནི་ལྔ་པོ་འདི་རྣམས་ནི་མེད་པའི་དོན་ཏོ། །ཐོག་མ་དང་ཐ་མ་ནི་རིམ་པ་ཇི་ལྟ་བར་མཆོག་དང་ཁྱད་པར་དག་གོ། །སྲིད་པ་དང་མྱ་ངན་ལས་འདས་པ་ཡང་དེ་དག་ཉིད་དོ། །འདོད་ཆགས་དང་འདོད་ཆགས་དང་བྲལ་
བ་དེ་དག་ཉིད་ཀྱང་འདི་ཉིད་ལའོ། །དེ་ལ་ལྷན་ཅིག་སྐྱེས་པ་ལ་ལྟོས་ནས་སྔ་མ་ཉིད་ཡིན་པས་ཐོག་མའོ། །ཕྱི་མ་ཉིད་ཡིན་པས་ཐ་མའོ། །དེ་ཉིད་འདི་ལས་སྲིད་པའོ་ཞེས་བྱ་བ་དང་དེ་འགགས་པ་ཉིད་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་བར་འགྱུར་ཞིང་། ལྷན་ཅིག་སྐྱེས་པའི་དགའ་བ་

སྐྱེས་པ་ལ་དམིགས་པའི་ཕྱིར་ན་ཆགས་པ་ཡིན་ལ་འགགས་མ་ཐག་པའི་ལྷན་ཅིག་སྐྱེས་པའི་དགའ་བ་ལ་དམིགས་པའི་ཕྱིར་ན་ཆགས་པ་དང་བྲལ་བའོ། །དེ་དག་ལས་ཀྱང་དམན་པའི་ཕྱིར་ན་དགའ་བ་དང་པོ་ཉིད་ནི་དབུ་མ་སྟེ། སྣང་བ་ནི་འབྲིང་པོ་ཞེས་གསུངས་ཏེ་དེ་ཡང་དཔེར་ན་ལུས་འབྲིང་པོ་ཞེས་བྱ་བ་
དང་། ཚིན་ལོན་འབྲིང་པོ་ཞེས་བྱ་བ་ལྟ་བུའོ། །གང་ཞིག་ནི་དེ་རྣམས་གསུམ་ཆར་དུ་ཡང་འགྱུར་བ་མ་ཡིན་ནོ། །ཁྱད་པར་གྱི་དང་པོ་མཆོག་དགའི་མཐའ་ཞེས་པ་ནི་འདས་མ་ཐག་པ་རབ་ཏུ་གསལ་བར་བྱས་པའོ། །འདི་ནི་མཆོག་ཏུ་བདེ་བ་ཆེན་པོ་ཞེས་པ་ནི་འདི་ནི་བདེ་བ་ཆེན་པོའི་མཆོག་ཉིད་དེ་ལྷན་ཅིག་སྐྱེས་པའི་དགའ་བ་
ཞེས་པའི་དོན་ཏོ། །དེ་ལྟ་བུ་དེ་ཉིད་ཀྱིས་སྐད་ཅིག་མའི་ངེས་པ་བཤད་པའི་ཕྱིར་གསུངས་པ། བདག་མེད་གཞན་ཡང་མེད་པའོ། །ཞེས་པ་སྟེ་གང་དེ་ལྟ་བུ་དེ་ཉིད་ལ་གཟུང་བ་པོ་གཞན་དུ་སྣང་བ་དང་། འཛིན་པ་པོ་བདག་ཏུ་སྣང་བ་དེ་དག་མེད་པ་བདེ་བ་དམ་པ་ཙམ་གཉིས་མེད་ཅིང་དམིགས་སུ་མེད་པའི་མཐའ་ཡས་པས་རབ་
ཏུ་གསལ་བ་དེ་ཉིད་ནི་རང་བཞིན་དགའ་བའོ་ཞེས་པའི་དོན་ཏོ། །དེ་སྐད་དུ་འདུ་བའི་ལེའུ་ལས་གསུངས་པ། དགའ་བ་ཅུང་ཟད་བདེ་བ་སྟེ། །མཆོག་ཏུ་དགའ་བ་དེ་བས་འཕེལ། །ཁྱད་པར་དགའ་བ་ཆགས་བྲལ་འགྱུར། །ལྷག་མ་ལྷན་ཅིག་སྐྱེས་དགའ་བ། །དང་པོ་རེག་པར་འདོད་པ་སྟེ། །གཉིས་པ་བདེ་བ་འདོད་པའོ། །གསུམ་
པ་བདེ་བ་ཞིག་པ་སྟེ། །དེ་ཕྱིར་བཞི་པ་བསྒོམ་བྱ་ཡིན། །མཆོག་ཏུ་དགའ་བ་སྲེད་པར་གསུངས། །མྱ་ངན་འདས་པ་དགའ་བྲལ་ཡིན། །དབུ་མ་དགའ་བ་ཙམ་ཉིད་དེ། །ལྷན་ཅིག་སྐྱེས་པས་དེ་རྣམས་སྤངས། །ཞེས་སོ། །སློབ་མ་ལ་དབང་བསྐུར་བའི་ལེའུ་ལས་གསུངས་པ། ཆགས་མེད་ཆགས་དང་བྲལ་བའང་མེད། །དབུ་མར་ཡང་ནི་མི་དམིགས་པ། །
གསུམ་པ་རྣམས་ནི་བྲལ་ཕྱིར་ཉིད། །རང་བཞིན་ཡང་དག་བྱང་ཆུབ་གསུངས། །ཞེས་པ་དང་། ཡང་ན་ཐམས་ཅད་བདག་ཉིད་དོ། །ཡང་ན་ཐམས་ཅད་རྣམ་པར་སྤངས། །ཁྱད་པར་དང་པོ་མཆོག་བྱ་བ། །དགའ་བ་གསུམ་པོ་སྤངས་པའོ། །ཞེས་སོ། །གང་དེ་ལྟར་བསྒོམ་པར་བྱ་བ་ཡང་བཞི་པ་ཡིན་ལ། །སློབ་མ་ལ་དབང་བསྐུར་བའི་ལེའུ་ལས་ཀྱང་། དང་པོ་
དགའ་བ་ཙམ་ཉིད་དེ། །མཆོག་ཏུ་དགའ་བ་གྲངས་གཉིས་པ། གསུམ་པ་ཁྱད་པར་དགའ་བར་བཤད། །བཞི་པ་ལྷན་ཅིག་སྐྱེས་ཞེས་བརྗོད། །ཅེས་པས་ནི་ཁྱད་པར་དགའ་བ་གསུམ་པར་བསྟན་ལ། རང་བཞིན་བཞི་པ་ཞེས་བཤད་པ་ཇི་ལྟ་བུ་ཞེ་ན། སྤང་བྱའི་དགའ་བ་གསུམ་པ་བགྲངས་ནས། དེ་ནས་ནི་བླང་བར་བྱ་བའི་ལྷན་ཅིག་སྐྱེས་

པའི་དགའ་བའི་བགྲང་བ་དེ་བཤད་པ་ཡིན་གྱི། དེར་འདིར་སྐྱེ་བའི་རིམ་པས་མ་ཡིན་པས་ན་འདིར་སྐྱོན་དེ་མེད་དོ། །གལ་ཏེ་ཡང་། བདག་མེད་གཞན་ཡང་མེད་པའོ། །ཞེས་པ་འདིས་ནི་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་དེ་གསུངས་པས་སྐྱེ་བར་འོས་ན་གང་གི་ཚེ་རང་གི་ངོ་བོ་བསྟན་པ་དེའི་ཚེ་ཡང་དེ་ལྟ་བུ་ཉིད་མེད་དོ་ཞེ་ན། དེའི་ཕྱིར་གསུངས་
པ། རང་གི་ལག་པ་གཡས་དང་གཞན། །ཞེས་པ་ལ་སོགས་པ་སྟེ་ལོངས་སྤྱོད་ཅེས་བྱ་བ་ནི་རྣམ་པར་སྤྱོད་པ་ཡོངས་སུ་སྨིན་པ་ནའོ། །བཙིར་བར་བྱ་ཞེས་པ་ནི་སྣའི་རྩེ་མོ་སྟེ་བརླ་གཉིས་ཇི་ལྟ་བ་བཞིན་དུ་མྱུར་དུ་བཙིར་བས་ལན་གཉིས་སུ་དོར་རོ་ཞེས་པའི་དོན་ཏོ། །ཡང་ན་རིམ་པ་གཉིས་དག་སྟེ། གཅིག་ནི་ཕྱིའི་རིག་མས་སོ། །
གཉིས་པ་ནི་བསམས་པས་སོ། །དེ་ལ་དང་པོ་ནི་རབ་ཏུ་གྲགས་པ་ཉིད་དོ། །གཉིས་པ་གསུངས་པ། རང་གི་ལག་པ་གཡས་དང་གཞན། །ཞེས་བྱ་བ་ལ་སོགས་པ་སྟེ། གཉིས་ཀྱིས་མནན་ཞེས་པ་ནི་དེ་དག་གིས་པདྨའི་སྒོར་བྱས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལས་སྐྱེས་པའི་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པ་ཞེས་བྱའོ། །དེ་ཡང་དང་པོར་
མན་ངག་ཙམ་གྱིས་ནི་མངོན་དུ་གྱུར་པ་མ་ཡིན་ཏེ། གཞོན་ནུ་མའི་བདེ་བ་བཞིན། །ཞེས་སོ། །དཔེར་ན་གཞོན་ནུ་མའི་བདེ་བ་མཛའ་མོས་ཉེ་བར་བསྟན་དུ་ཟིན་ཀྱང་དེ་ཉིད་སྐྱེས་པ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། དེ་ལས་ལོངས་སྤྱོད་པའི་དུས་ན་གདོད་སྐྱེ་བ་ལྟ་བུའོ། །གང་ཞིག་གིས་ལྷན་ཅིག་སྐྱེས་པ་མངོན་དུ་བྱས་པ་དེས་ཀྱང་མངོན་དུ་སྨྲ་བར་
མི་ནུས་པའོ། །འདི་བཤད་པར་འདོད་ནས་གསུངས་པ། ཅུང་ཟད་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཞེས་པ་ནི་དུས་དེར་རོ། །ལྐུགས་པའི་རྨི་ལམ་ཇི་བཞིན་ནོ། །ཞེས་པ་ནི་དཔེར་ན་ལྐུགས་པའི་རྨི་ལམ་གསལ་པོར་མཐོང་ཡང་མངོན་དུ་སྨྲ་བར་མི་ནུས་སོ། །བླ་མས་ཀྱང་ལྷན་ཅིག་སྐྱེས་པ་དེ་བཞིན་ནོ། །དེ་ཡང་གང་ཞེ་ན། མཆོག་གི་མཐའ་
དང་དབུས་ཁྱད་པར། །ཞེས་པ་སྟེ་མཆོག་ཏུ་དགའ་བའི་མཐའ་ནི་མཆོག་དགའི་མཐའ་སྟེ་ཕྱི་མའོ། །དབུས་ཁྱད་པར་ཞེས་པ་ནི་ཁྱད་པར་དབུས་ཞེས་བྱ་བར་སྦྱར་ཏེ། གུང་ཉི་མ་ཞེས་པ་ལྟ་བུའོ། །གཉིས་པོ་དག་གི་དབུས་ནི་དེ་ཡིན་ཞེས་བྱར་རུང་གི །བྲལ་བ་འབའ་ཞིག་གི་ནི་མ་ཡིན་ནོ། །ཞེས་ཟེར་ན་གང་གཉིས་པོ་དག་དང་འབྲེལ་
བ་དེ་གཅིག་གིས་ཀྱང་སྨྲ་བར་མི་རུང་སྟེ། དཔེར་ན་གཽ་རཱིའི་བུ་གཞོན་ནུ་སྨིན་དྲུག་ཅེས་ཟེར་བ་དང་དབང་ཕྱུག་ཆེན་པོའི་བུ་གཞོན་ནུ་སྨིན་དྲུག་ཅེས་ཟེར་བ་དེ་ལྟ་བུར་འདི་ཡང་མཆོག་དང་ཁྱད་པར་དག་གིས་དབུས་ནི་ཁྱད་པར་གྱི་དབུས་སོ་ཞེས་གསུངས་སོ། །སྟོང་ལས་སྟོང་ནི་ཞེས་པ་ནི་གཟུང་བ་དང་འཛིན་པ་རྣམ་པར་

སྤངས་པའི་རྣམ་པར་ཤེས་པ་ཙམ་གཉིས་མེད་པ་ནི་སྟོང་པ་ཉིད་དེ། དེ་ལས་ཀྱང་སྟོང་པ་ཉིད་སྣང་བ་མེད་པ་རྣམ་པར་ཤེས་པ་ཙམ་པོ་དེ་ཉིད་སྟོང་པ་ཉིད་དེ་དེ་ཉིད་ཧེ་རུ་ཀ་སྟེ། གཉིས་སུ་འཛིན་པ་དང་གཉིས་སུ་སྣང་བ་དེ་ཉིད་ཀྱིས་ཟོས་པས་ནའོ། །ནི་ཞེས་པའི་སྒྲ་ནི་ཁྱད་པར་དུ་བྱ་བའི་དོན་ཏོ། །འདི་ནི་དེའི་རང་གི་ངོ་བོ་གསུངས་པ་
ཡིན་གྱི། ཡང་བསྟན་པས་མངོན་དུ་གྱུར་པ་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཇི་སྲིད་དཔེའི་ལྷན་ཅིག་སྐྱེས་པ་ཡང་ཤིན་ཏུ་རྟོགས་པར་དཀའ་ན་དོན་གྱི་ལྷན་ཅིག་སྐྱེས་པ་ལྟ་ཅི་ཞིག་ཀྱང་སྨོས་ཏེ། རྣལ་འབྱོར་མ་རྣམས་འདུ་བའི་ལེའུ་ལས་གསུངས་པ། རང་བཞིན་གཞན་གྱིས་བསྟན་མི་ནུས། །གང་ནས་ཀྱང་ནི་རྙེད་མི་འགྱུར། །བླ་མ་བརྒྱུད་
ཐབས་བསྟན་པ་ལས། །བསོད་ནམས་ལས་ནི་རང་གིས་རྟོགས། །ཞེས་སོ། །འདི་ནི་ལེའུ་འདིའི་བསྡུས་པའི་དོན་ཏོ། །རྒྱ་ཆེར་ནི་བདག་གིས་བྱས་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་དགྱེས་པའི་རྡོ་རྗེ་འབྱུང་བར་བལྟ་བར་བྱའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ་ལས་རྟོག་པ་གཉིས་པའི་ལེའུ་ལྔ་པའི་བཤད་པའོ།། །།
ལྷ་མོ་ཞེས་བྱ་བ་ལ་སོགས་པ་ལ་མཆན་ཁུང་དག་ཏུ་ཞེས་པ་ནི་མཆན་ཁུང་གཉིས་དག་ཏུའོ། །ཕྱག་རྒྱ་ལྔ་ཞེས་པ་ནི་ཕྱག་རྒྱ་ལྔ་བཟུང་བའི་ཕྱིར་རོ། །ཆོ་ག་ཞེས་པ་ནི་ཐབས་སོ། །བྱ་བ་ནི་སྤྱོད་པའོ། །དམ་ཚིག་ཅན་ཞེས་པ་ནི་དམ་ཚིག་མཚུངས་པ་ལ་གནས་པས་སོ། །པིར་གྱིས་ཞེས་པ་ནི་པིར་ཉིད་ཀྱིས་སོ། །དམ་ཚིག་བྱིན་བརླབས་སྦྱོར་ཞེས་
པ་ནི་ལྷ་མོའི་གཟུགས་སུ་བསྒོམ་པའི་ཕྱིར་རོ་བཟའ་བར་བྱ་ཞེས་པ་ནི་ཟོས་ནས་ཏེ། བྲི་བར་བྱ་ཞེས་པ་སྔ་མ་དང་འབྲེལ་ཏོ། །གཟུགས་དང་ན་སོ་དག་གིས་སྐལ་པ་བཟང་པོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ་ལས་རྟོག་པ་གཉིས་པའི་ལེའུ་དྲུག་པའི་བཤད་པའོ།། །།
དེ་ནས་ཞེས་པ་ལ་སོགས་པ་ལ། ཇི་ལྟ་ཞེས་པ་ནི་ཇི་ལྟར་བགྱི་ཞེས་པའོ། །མར་ནག་གི་གནས་སུ་ཚིལ་ཆེན་པོ་བྱས་པའི་དུད་པས་སྣག་ཚར་བྱས་པ་དེ་སྣག་ཚའོ། །འགྲུབ་མི་འགྱུར་ཞེས་པ་ནི་སྒྲུབ་པ་པོས་སོ། །འཇིག་རྟེན་གཞན་དུའང་མིན་ཞེས་པ་ནི་འཇིག་རྟེན་གཞན་ཏེ་སྐྱེ་བ་ཕྱི་མ་རྣམས་སུའོ། །ཡང་དག་རབ་སྦྱིན་ལྡན་པའི་ཞེས་པ་
ནི་ཡང་དག་པར་སྦྱིན་པར་རབ་ཏུ་ཞུགས་པའོ། །རེས་འགའ་ནི་བརྒྱ་ལམ་འགའ་ཞིག་ནའོ། །ལམ་གྱི་སྤྱོད་ཡུལ་ཞེས་པ་ནི་ལམ་དུ་འགྲོ་བ་ནའོ། །བསྟན་བྱ་ཡིན་ཞེས་པ་ནི་སྟོན་པ་པོའོ། །གང་དུ་ཞེས་པ་ནི་ཚོགས་ཀྱི་དཀྱིལ་འཁོར་དུའོ། །གྲོང་ཞེས་པ་ནི་ཁྱིམ་མོ། །དགུ་ཞེས་པ་ནི་གྲངས་དགུའོ། །དམ་ཚིག་ཅེས་པ་ནི་སཱ་ལུ་ལས་སྐྱེས་

པ་ལ་སོགས་པའོ། །སྐལ་ཆེན་ཞེས་པ་ནི་བདག་ཉིད་ཆེན་པོའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ་ལས་རྟོག་པ་གཉིས་པའི་ལེའུ་སྟེ་བདུན་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྡོམ་པ་ནི་ཟུང་ཐུབ་པ་ལ་སོགས་པའོ། །སྤྱོད་པ་ནི་དགའ་བར་སྨྲ་བ་ལ་སོགས་པའོ། །གཟུགས་ནི་
མདོག་དང་། རྣམ་པ་དང་། དྲི་ལ་སོགས་པའོ། །རི་དགས་ལྟེ་བ་ནི་གླ་རྩིའོ། །དེ་དང་མཚུངས་པའི་སྣོད་ཅེས་ཏེ་འདྲ་བར་སྣང་བའོ། །ཨུཏྤ་ལ་ནི་ཨུཏྤ་ལ་ཉིད་དེ་དེ་ལྟ་བུ་ཞེས་པའི་སྒྲས་ནི་འདིར་ཡང་སྦྱོར་རོ། །རྒྱུ་ཞེས་པ་ནི་འབྱུང་བ་སྟེ་དྲི་ཞེས་བྱ་བར་འབྲེལ་ཏོ། །དྲི་ཞིམ་པར་ཞེས་པ་ནི་དྲི་ཡིད་དུ་འོང་བའོ། །ཁྭའི་མཆུ་ཞེས་པ་ནི་ཨ་ག་རུ་ནག་པོའོ། །སྐྱེ་
ཞིང་སྐྱེ་བར་ཞེས་པ་ནི་སྐྱེ་ཞིང་སྐྱེ་བ་རྣམས་སུའོ། །འགྱུར་བར་ཤོག་ཅེས་པ་ནི་ཐོབ་པར་ཤོག་ཅེས་པའོ། །འདུལ་བ་ཞེས་པ་ནི་འདུལ་བར་བྱ་བའོ། །བསྙེན་གནས་ཞེས་པ་ནི་ཟླ་བ་ཉ་བ་ལ་སོགས་པ་རྣམས་སུ་སྐྱ་རེངས་ཤར་བ་ནས་སྐྱ་རེངས་ཤར་བའི་བར་དུ་བསླབ་པའི་གཞི་བརྒྱད་པོ་ལ་གནས་པའོ། །བསླབ་པའི་གཞི་བཅུ་
ཞེས་པ་ནི་ཇི་སྲིད་འཚོ་བའི་བར་དུ་ལུས་དང་ངག་གིས་ལོག་པར་སྤྱོད་པ་བདུན་པོ་དག་ལས་ལྡོག་པར་ཁས་བླངས་པ་དང་། ཡིད་ཀྱིས་ལོག་པར་སྤྱོད་པ་རྣམས་པ་གསུམ་པོ་མི་བྱེད་པའོ། །འདོད་ཆགས་དང་བྲལ་བར་སྨྲ་བ་ནི་བྱེ་བྲག་སྨྲ་བ་སྟེ། དེ་ལྟ་བུ་དེ་ཉིད་ནི་བྱེ་བྲག་ཏུ་སྨྲ་བའོ། །དེ་ཉིད་ཀྱི་ཉན་ཐོས་ཀྱི་ཐེག་པ་སྟེ་གདམས་ངག་བརྒྱ་བ་དང་
སྤེལ་མ་གསུམ་པའི་ཕྲེང་བ་ལ་སོགས་པའི་ལུང་ངོ་། །མདོ་སྡེ་ཞེས་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་པ་མ་ཡིན་པ་རྣམས་ཏེ་དེ་ཡང་ཚིགས་སུ་བཅད་པ་གཅིག་པ་ཞེས་བྱ་བ་དང་། ཚིགས་སུ་བཅད་པ་བཞི་པ་ཞེས་པ་དང་། ཚིགས་སུ་བཅད་པ་གཉིས་པའི་གཟུངས་ཞེས་བྱ་བ་དང་། །སྒོ་དྲུག་པ་ཞེས་བྱ་བ་དང་། བཟང་པོ་སྤྱོད་པ་
དང་ཆོས་བཞི་པ་དང་རྒྱ་ཆེར་རོལ་པ་དང་། ས་བཅུའི་མདོ་ལ་སོགས་པ་རྣམས་སོ། །རྣལ་འབྱོར་སྤྱོད་པ་ཞེས་པ་ནི་སྣ་ཚོགས་པ་འདི་དག་ནི་སེམས་ཙམ་སྟེ། དོན་དུ་སྣང་བ་རྣམས་ནི་བདེན་པ་མ་ཡིན་ཞིང་སེམས་ཉིད་བག་ཆགས་ཀྱི་སྟོབས་ལས་དེ་ལྟ་བུར་སྐྱེ་བ་རྨི་ལམ་ཇི་ལྟ་བ་བཞིན་ནོ་ཞེས་སོ། །དབུ་མ་ཞེས་པ་ལ་དབུ་མ་ནི་ལམ་སྟེ། དེ་ཡང་
སེམས་གཉིས་ཀྱི་རང་བཞིན་གྱིས་ཡོད་པ་མ་ཡིན་ཞིང་གཉིས་པོས་སྟོང་པའི་རང་བཞིན་གྱིས་མེད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །བསྟན་ཞེས་པ་ནི་རིམ་གྱིས་དེ་ལྟར་བསྟན་པར་བྱའོ། །རྒྱུད་ཀུན་གྱིས་ཞེས་པ་ལ་སོགས་པ་ནི་དེའི་རྗེས་སུ་འདི་ཞེས་བྱ་བར་སྦྱར་རོ། །ཀུན་ཞེས་པ་ནི་རྣམ་པ་ལྔ་སྟེ། བྱ་བ་དང་སྤྱོད་པ་དང་། རྣལ་འབྱོར་དང་རྣལ་འབྱོར་བླ་

མ་དང་། རྣལ་འབྱོར་བླ་ན་མེད་པ་སྟེ། དེ་དག་དང་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ཀུན་གྱི་རྣམ་པའི་བྱེ་བྲག་ཙམ་ཤེས་པར་བྱའི་རྫས་མ་ལུས་པ་ཤེས་པར་བྱས་ནས་ནི་མ་ཡིན་ཏེ། མཐའ་ཡས་པའི་ཕྱིར་རོ་ཞེས་པ་ནི་བྱའོ་ཞེས་པའི་དོན་ཏོ། །གུས་པར་ཞེས་པ་ནི་རྒྱུད་འདི་ལ་གུས་པར་བྱ་བའི་ཚིག་ཏུའོ། །དགྱེས་པའི་རྡོ་རྗེའི་དཀའ་
འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ་ལས་རྟོག་པ་གཉིས་པའི་ལེའུ་བརྒྱད་པའི་བཤད་པའོ།། །།དེ་ནས་གཞན་ཡང་ཞེས་པ་ལ་སོགས་པ་ལ། དྲལ་བ་ནི་དབྱེ་བའོ། །དབྱུང་བ་ནི་ཏིང་ངེ་འཛིན་གྱིས་སོ། །རབ་སྦྱར་བས་ཞེས་པ་ནི་དེ་ལྟ་བུའི་སྐུར་སྦྱར་བས་སོ། །ཤིན་ཏུ་བསྙེམས་བཅས་ཞེས་པ་ནི་ལྷག་པར་དྲེགས་པའོ། །འཁྲུགས་པ་ནི་ཁྲོ་
བ་མི་བཟད་པའོ། །བསྒོམ་པ་ཞེས་པ་ནི་འདས་མ་ཐག་པར་གསུངས་པ་དེར་རོ། །དེ་ཉིད་འབའ་ཞིག་བྱེད་པ་དེ་ནི་ཙམ་ཞེས་བྱའོ། །གནོད་བྱེད་ཅེས་པ་དང་འཇིགས་བྱེད་ཅེས་པ་འདི་གཉིས་ཀ་གང་ཡིན་པ་འདི་དག་ལའོ་ཞེས་གཞན་དང་འབྲེལ་ཏོ། །དེ་ནི་ཞེས་པ་ནི་འདས་མ་ཐག་པའི་གང་ཞེས་པའི་སྒྲ་དང་འབྲེལ་བར་བསྟན་ཏོ། །བལྟས་ཞེས་
པ་ནི་དྲན་པར་བྱའོ། །ཇི་ལྟ་བའི་གཟུགས་ཞེས་པ་ནི་གདུག་པ་ཅན་རང་གི་གཟུགས་ཀྱིས་སོ། །སྐྱུག་པ་ཞེས་པ་ནི་སྐྱུག་ཅིང་སློན་པའོ། །ཁབ་ཅེས་པ་ནི་རྡོ་རྗེའི་ཁབ་པོ། །བྱིན་ཟ་ཞེས་པ་ནི་དེ་བཞིན་དུ་འབར་བའོ། །ལྟོས་ཞེས་པ་ནི་བསམས་པའོ། །རྣམ་རྟོག་མེད་ཅེས་པ་ནི་ཐེ་ཚོམ་མེད་པའོ། །རིན་ཆེན་ཆེན་པོ་ཞེས་པ་ནི་ཡིད་
བཞིན་གྱི་ནོར་བུའོ། །པུག་ཅེས་པ་ནི་ནོར་བུ་དེ་ཉིད་དོ། །འདོད་པ་ཞེས་པ་ནི་མངོན་པར་དགའ་བའི་དོན་ཏོ། །བདུད་རྩི་ནི་འཆི་མེད་དོ། །གཙོ་བོ་ནི་ནུས་པའོ། །གཟུགས་ཀྱིས་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱིས་སོ། །ཉོན་ཞེས་པ་ནི་གང་གིས་ཐོས་པར་བྱ་བ་དེ་རྣམས་སོ། །བཞུད་པ་ཞེས་པ་ནི་ཞབས་སོ། །རྣམ་པར་ཐར་པ་བརྒྱད་ཅེས་པ་ནི་རྣམ་པར་ཐར་པ་རྣམས་ཀྱིས་
སོ། །གུག་སྐྱེད་ཅེས་པ་ནི་གུག་སྐྱེད་རྣམས་ཀྱིས་སོ། །སྔགས་བཏུ་བ་ཞེས་པ་ནི་ལྷ་མོའི་ཞུ་བའི་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་ནི་སྡུད་པ་པོའི་མཚམས་སྦྱོར་བའི་ཚིག་གོ། །རྣམ་པར་སྣང་མཛད་ཅེས་པ་ནི་ཡི་གེ་ཨོཾ་མོ། །ཇི་ལྟར་བལྟ་ཞེས་པ་ནི་བཞི་པ་ཧ་ལ་སྤོས་བྱེད་མས་བརྒྱན་པར་བྱ་སྟེ། སྤོས་བྱེད་མ་ནི་དབྱངས་ཀྱི་དྲུག་པ་ཨཱུ་སྟེ་དེར་
སྦྱོར་རོ་ཞེས་པའི་དོན་ཏོ། །སྟོང་པ་ཞེས་པ་ནི་ཐིག་ལེའོ། །ཇི་ལྟར་བལྟ་ཞེ་ན། སྭཱ་ཧཱ་མཐའ་ཞེས་པ་སྟེ་ངེས་པར་དེ་རུ་སྦྱར་བའོ། །ཡི་གེའི་བདག་པོ་ཞེས་པ་ནི་ཨོཾ་མོ། །མཁའ་སྤྱོད་མ་ཞེས་པ་ནི་དབྱངས་ཡིག་བཅོ་ལྔ་པ་སྟེ། ཡི་གེ་ཨཾ་ངོ་། །དང་པོ་ཡི་ནི་གཉིས་པ་ལ། །ཞེས་པ་ནི་ཁའོ། །གཉིས་པ་ཡི་ནི་གསུམ་པ་ལ་ཞེས་པ་ནི་ཛའོ། །ཆུ་མ་ཞེས་པ་ནི་དབྱངས་ཀྱི་བཞི་པ་སྟེ་ཨིའོ། །

ལྔ་པ་ཡི་ནི་གསུམ་པ་ལ། །ཞེས་པ་ནི་ཡི་གེ་པའོ། །མཁའ་འགྲོ་མ་ཞེས་པ་ནི་དབྱངས་ཡིག་ལྔ་པ་སྟེ་ཨུའོ། །ཡི་གེའི་ཐུ་བོ་ཞེས་པ་ནི་ཡི་གེ་ཨོཾ་མོ། །རིམ་པ་དང་ནི་ཐིག་ལེ་མཆོག །ཅེས་པ་ནི་ལྷའི་བུ་མོ་རྣམས་སོ། །གཏི་མུག་རིགས་ཞེས་པ་ནི་ཡི་གེ་ཨཾ་ངོ་། །ཡི་གེ་གྷུཿཞེས་པ་ནི་དང་པོའི་བཞི་པ་ལ་རྡོ་རྗེ་མཁའ་འགྲོ་མ་སྦྱར་ཞིང་གློ་རུ་ཚེག་དྲག་གཉིས་གཞག་པའོ། །དང་
པོ་ཡི་ནི་དང་པོ་ཞེས་པ་ནི་ཀའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཨུའོ། །མཐར་གནས་པ་ཡི་གཉིས་པ་ལ། །ཞེས་པ་ནི་རའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཨུའོ། །དང་པོ་ཡི་ནི་དང་པོ་ཞེས་པ་ཀའོ། །མཐར་གནས་པ་ཡི་གསུམ་པ་ནི་ལའོ། །དེ་ཉིད་ཀྱིས་ཞེས་པ་ནི་ལ་དེ་ཉིད་བླངས་པས་ནའོ། །རྐུན་མོ་ནི་དབྱངས་ཡིག་བཅུ་གཅིག་པ་སྟེ་ཨེའོ། །བཞི་པའི་གསུམ་པ་ནི་དའོ། །མཐར་གནས་པ་ཡི་
བཞི་པ་ནི་ཝའོ། །དྲོ་བའི་བཞི་པ་ནི་ཧའོ། །ལྔ་པའི་གཉིས་པ་ནི་ཕའོ། །གསུམ་པའི་དང་པོ་ནི་ཊའོ། །ལྔ་པའི་བཞི་པ་ནི་བྷའོ། །མཐར་གནས་པ་ཡི་དང་པོ་ནི་ཡའོ། །ཟ་ཕོད་མ་ནི་དབྱངས་ཀྱི་བཅུ་གསུམ་པ་སྟེ་ཨོའོ། །ནང་གི་སེར་མོ་ནི་དབྱངས་ཡིག་གསུམ་པ་སྟེ་ཨིའོ། །གཉིས་འགྱུར་ཞེས་པ་དེ་ཇི་ལྟ་བུ་ཞེ་ན་ཀི་ཊི་ཞེས་པ་འདི་ཉིད་ཀྱི་མཐར་ཀི་ཊི་ཞེས་གསུངས་
པའི་ཚིག་གོ། །བཞི་པའི་དང་པོ་ནི་ཏའོ། །རོ་ལངས་མ་ནི་ཨེའོ། །རྡོ་རྗེ་མ་ནི་ཨཱའོ། །ལྔ་པའི་དང་པོ་ནི་པའོ། །མཐར་གནས་པ་ཡི་གཉིས་པ་ནི་རའོ། །ཡི་གེ་ཀྵ་ནི་གཉིས་པ་ཞེས་པ་ནི་སྦྲེལ་བའི་ཡི་གེ་དེ་གཉིས་འགྱུར་དུ་བཀླག་པར་བྱའོ་ཞེས་པའི་དོན་ཏོ། །དེ་རྗེས་རྡོ་རྗེ་ཞེས་པ་ནི་ཡི་གེ་ཨ་སྟེ། འདིར་དེ་ཉིད་དྲག་རིང་དུའོ། །དྲོ་བའི་གསུམ་པ་ནི་སའོ། །མཐར་
གནས་པ་ཡི་བཞི་པ་ནི་ཝའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ་ལས་རྟོག་པ་གཉིས་པའི་ལེའུ་དགུ་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་པ་ནི་དེ་མ་ཐག་པའོ། །གསུངས་ཞེས་པ་ནི་ངེས་པར་གཟུང་བ་སྟེ། དེ་མ་ཐག་པ་ཉིད་དུའོ་ཞེས་པའི་དོན་ཏོ། །གཅིག་ཏུ་བསྡམས་པ་ཞེས་པ་ནི་གཉིས་མེད་
པར་བསྡུས་པའོ། །བཟླས་པ་ནི་སྔགས་བཟླ་བའོ། །དེའི་ཡུལ་ནི་དེ་དང་འབྲེལ་བའི་གཞི་སྟེ་བཟླས་པའི་ཕྲེང་བའོ། །ལྷག་མ་རྣམས་གོ་སླའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ་ལས་རྟོག་པ་གཉིས་པའི་ལེའུ་བཅུ་པའི་བཤད་པའོ།། །།དགྱེས་པའི་རྡོ་རྗེར་དམ་འཁྱུད་དེ། །ཞེས་པ་ལ་སོགས་པ་ལ། འདི་གསུངས་ཞེས་པ་ནི་འདི་
སྐད་དུ་གསུངས་པའོ། །མི་བསྐྱོད་པ་ཞེས་པ་ནི་མི་བསྐྱོད་པའི་རིགས་ཅན་ནོ་ཞེས་པའི་དོན་ཏོ། །སྣང་མཛད་ཀྱི་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་དང་ལྡན་པ་རྣམས་ཏེ། རིགས་དང་རིགས་ཅན་དག་དབྱེར་མི་ཕྱེད་པས་ཉེ་བར་བརྟགས་པའོ། །འབྱུང་བ་ནི་འབྱུང་བའོ། །སེམས་དཔའ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་འོ། །རིགས་ཞེས་པ་ནི་རིགས་

དང་ལྡན་པ་རྣམས་དང་རིགས་རྒྱུད་ཀྱང་ངོ་། །ཀུན་རྫོབ་ཅེས་པ་ནི་འཇིག་རྟེན་པ་ཡིན་པས་སོ། །གོ་མཛད་ཅེས་པ་ནི་སྟོན་པར་མཛད་པའོ། །འདོད་པ་ཞེས་པ་ནི་ཡེ་ཤེས་འཆར་བའོ། །དེའི་དོན་དུ་མཚན་མ་སྟེ། །སེན་མོ་བྲད་པ་ལ་སོགས་པ་སྟེ་དེ་རྣམས་སུ་བྱ་བ་ནི་འདོད་པའི་མཚན་མར་བྱ་བའོ། །
ལས་ཞེས་པ་ནི་དགའ་བའི་ཕྱིར་རོ། །རྡོ་རྗེས་ཞེས་པ་ནི་རྡོ་རྗེ་འགྲེལ་པའོ། །རང་བཞིན་གྱི་དོན་སྦྱོར་བ་ནི་ལྷན་ཅིག་སྐྱེས་པའི་དོན་ལ་སྦྱོར་བ་སྟེ་སྦྱོར་བ་དེ་གསལ་བར་བྱེད་པའི་ལེའུའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ་ལས་རྟོག་པ་གཉིས་པའི་ལེའུ་བཅུ་གཅིག་པའི་བཤད་པའོ།། །།དེ་ནས་རྡོ་རྗེ་ཅན་གྱིས་ཞེས་པ་ལ་
སོགས་པ་ལ། དེ་ནས་ཞེས་པ་ནི་དེ་མ་ཐག་པ་ཉིད་དུའོ། །རྡོ་རྗེ་རབ་གནས་ཞེས་པ་ནི་རྡོ་རྗེ་འཛིན་པ་ཉིད་དུ་རབ་ཏུ་གནས་པའོ། །བྱང་ཆུབ་ནི་ཤེས་རབ་སྟེ་དེའི་སྲས་པོ་བྱང་ཆུབ་སེམས་དཔའ་འོ། །དགའ་བ་ཞེས་པ་ནི་ཡིད་བདེ་བའོ། །གནས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིའོ། །ལྷ་མོ་ནི་ཤེས་རབ་མའོ། །སྣ་ཚོགས་ནི་མ་མོ་ལ་སོགས་པ་རྣམས་སོ། །ཆེས་ཕྲ་བ་ཞེས་
པ་ནི་བརྗོད་པར་མི་ནུས་པའི་ཕྱིར་རོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་དཀྱིལ་ནི་སྙིང་པོའོ། །མཁའ་འདྲ་བ་ཞེས་པ་ནི་སྣང་བ་མེད་པའི་ཕྱིར་རོ། །རྡུལ་བྲལ་ནི་ཉོན་མོངས་པ་ཟད་པའོ། །ཐར་པ་ནི་སྲིད་པ་ཟད་པས་སོ། །ཞི་བ་ནི་གནོད་པ་རྣམས་མེད་པས་སོ། །ཕ་ནི་ས་བོན་གྱི་ཕྱིར་རོ། །ཁྱོད་ཀྱང་ནི་ཁྱོད་རང་ངོ་། །ཞེས་པ་ནི་དེའི་ངོ་
བོའི་ལུས་ཐོབ་པའོ། །ཁ་ག་མུ་ཁ་ཨེ་ཀ་རཱ་ས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་བཞིན་ཉིད་དུ་དམིགས་པའི་ཕྱིར་རོ། །སྣང་བ་མེད་པའི་ཕྱིར་དང་། དེའི་ངོ་བོའི་ཕྱིར་ན་ཁ་ག་མུ་ཁ་ཨེ་ཀ་རཱ་ས་སྟེ་རྡོ་རྗེའོ། །སྣ་རྩེ་ནི་པདྨའི་འོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ་ལས་རྟོག་པ་གཉིས་པའི་ལེའུ་བཅུ་གཉིས་པའི་
བཤད་པའོ།། །།མཚུངས་མེད་རྒྱ་ཆེན་རྒྱུད་རྣམས་དོན་སྟོན་མཛོད་གྱུར་དགྱེས་པའི་རྡོ་རྗེ་ཡི། །དཀའ་འགྲེལ་ཡིད་འོང་བདག་གིས་འབད་དེ་བྱས་ལས་བསོད་ནམས་བསགས་གྱུར་པ། །དེས་ནི་མ་ལུས་བདག་མེད་དཔལ་ལྡན་རྡོ་རྗེ་ཅན་གྱི་གནས་འཛེག་ཅིང་། །སྐྱེ་བོ་མ་ལུས་ཐེག་པ་གསུམ་གྱིས་ངེས་པར་འཁོར་
བ་ལས་བྱུང་ཤོག །དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཤྲཱི་རཏྣཱ་ཀ་ར་ཤཱནྟིས་མཛད་པ་རྫོགས་སོ། །པཎྜི་ཏ་ཆེན་པོ་ཤཱནྟི་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།