Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 4
Văn bản gốc(Tây Tạng)
Trang 19 / 20 (50.000 ký tự/trang)
མེད་པའོ། །དེ་ཉིད་ལས་འབྱུང་ཞེས་པ་དང་དཀྱིལ་འཁོར་ཞེས་བྱ་བར་སྦྱར་རོ། །འབྱུང་བ་ནི་འགྲོ་ལ་ཕན་པའི་ཐབས་ཕྱག་རྒྱ་ཆེན་པོའོ། ། དཀྱིལ་འཁོར་ནི་རྣལ་འབྱོར་མའི་འཁོར་ལོ་གཙོ་བོ་དང་བཅས་པའོ། །གཞན་ལ་འབྱུང་བ་མེད་ཅེས་པ་ནི་གཞན་གྱི་རང་བཞིན་མ་ཡིན་པའོ། །ཡང་དེ་ཉིད་རྒྱས་པར་གསུངས་པ། བདེ་བ་ཞེས་བྱ་བ་ལ་སོགས་པའོ། །སྔོན་པོ་ནི་ནམ་མཁའ་ལྟར་སྔོ་བ་སྟེ། ཁ་དོག་ལ་སོགས་པའི་དབྱེ་བས་ ཐ་དད་ཀྱང་དཀྱིལ་འཁོར་པ་དེའི་རང་བཞིན་གྱིས་ཁྱབ་ཅེས་པའི་དོན་ཏོ། །གཡོ་བ་ནི་ལྷ་རྣམས་ཀྱི་སྐུའོ། །མི་གཡོ་བ་ནི་ན་བཟའ་དང་རྒྱན་ལ་སོགས་པའོ། ཇི་ལྟར་བདེ་བ་མ་ཡིན་པའི་རྒྱུ་ལས་བདེ་བའི་རང་བཞིན་གྱི་དཀྱིལ་འཁོར་པ་བསྐྱེད་ཅེ་ན་གསུངས་པ། བདེ་བ་ཤེས་རབ་ཅེས་བྱ་བ་ ལ་སོགས་པའོ། །ཐབས་དང་ཤེས་རབ་ནི་བདེ་བ་སྟེ། དགའ་བ་རྣམས་ཀྱི་འབྱུང་གནས་ཡིན་པས་སོ། །བདེ་བ་དེ་བཞིན་སྙོམས་འཇུག་སྐྱེས། །ཞེས་པ་ནི་དེ་དག་རང་ཉིད་ཀྱིས་སྙོམས་པར་འཇུག་པ་ལས་བྱུང་བའི་བདེ་བ་ནི་དེ་བཞིན་དུ་དངོས་ཀྱི་བདེ་བ་ཉིད་ཅེས་བྱ་ བའི་དོན་ཏོ། །དངོས་པོ་ཞེས་བྱ་བ་ནི་སངས་རྒྱས་ལྔའི་བདག་ཉིད་ཀྱི་ཕྱག་རྒྱ་དང་རྡོ་རྗེ་འཛིན་པའི་རྣམ་པ་སྟེ། མཆོག་གི་བདེ་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དངོས་མེད་ནི་དེ་ཉིད་ཞུ་བར་གྱུར་པ་སྟེ། དེ་ཡང་བདེ་བ་སྤྲོས་པ་མེད་པའི་བདག་ཉིད་དོ། །དེའི་ཕྱིར་དཀྱིལ་འཁོར་གྱི་རྒྱུ་ཡང་ བདེ་བའི་བདག་ཉིད་དོ། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ཀྱི་རྒྱུ་བདེ་བའི་བདག་ཉིད་ཡིན་ན་བདག་མེད་མའི་དཀྱིལ་འཁོར་གྱི་རྒྱུ་ཇི་ལྟར་སྙམ་པ་ལ་གསུངས་པ། རྡོ་རྗེ་སེམས་དཔའ་བདེ་བར་བརྗོད། །ཅེས་པ་སྟེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཟླ་བ་དང་ཉི་མ་སྦྱོར་བ་ལས་བྱུང་བའི་ལྷའི་ ཕྱག་མཚན་རྡོ་རྗེའོ། །དེའི་ལྟེ་བ་ལས་བྱུང་བའི་ས་བོན་ནི་སེམས་དཔའོ། །རྡོ་རྗེ་དང་བཅས་པའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །དེ་ཡང་བདེ་བར་བརྗོད་ཅེས་པ་ནི་བདེ་བ་ཆེན་པོའི་རང་བཞིན་དུ་སངས་རྒྱས་རྣམས་ཀྱིས་གསུངས་སོ། །དེ་ལས་བྱུང་བའི་བདག་མེད་མའི་དཀྱིལ་འཁོར་ ཡང་ངོ་། །དེ་བས་ན་དེ་ཡང་བདེ་བའི་བདག་ཉིད་དོ། །རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པ་ཅིའི་དོན་དུ་ཞུས་ཤེ་ན། བསྐྱེད་པའི་རིམ་པ་ལ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་རབ་ཏུ་བསྔགས་པའི་དོན་དུའོ། །དམ་པའི་བདེ་བ་ནི་བདེ་བའི་མཆོག་དང་བདེ་བ་ཆེན་པོ་སྟེ། དེ་ཉིད་དངོས་པོ་ཐམས་ཅད་རོ་ གཅིག་པའོ། །དེ་ལས་ཅིར་འགྱུར་སྙམ་པ་ལ་གསུངས་པ་རྫོགས་པ་ཞེས་བྱ་བ་ལ་སོགས་པའོ། །བསྒོམ་པ་ནི་ལྷའི་སྐུ་ཡིད་ཀྱིས་སྐྱེད་པར་བྱེད་པའོ། །དེ་ནི་དམན་པས་སྤང་བའོ། །ཅི་ཞེས་པ་ནི་ཅུང་ཟད་ཙམ་མོ། །དད་པ་ནི་རྫོགས་པའི་རིམ་པ་ལ་གུས་པའོ། །ཨ་བེ་ག་ནི་སྐྱོ་བའོ། །དེས་ ཉམས་པ་ནི། བསྐྱེད་པའི་རིམ་པ་དམན་པས་སྤངས་པའོ། །ལུས་ཞེས་བྱ་བ་ལ་སོགས་པས་ནི་བསྐྱེད་པའི་རིམ་པ་ལ་བསྟོད་པའོ། །བརྗོད་ཅེས་པ་ནི་བསྟན་པ་ཙམ་གྱིས་སྐུ་ལ་སོགས་པ་ཐམས་ཅད་སྟོང་པ་ཉིད་ཀྱིས་སྒྲུབ་པ་པོའི་རྒྱུད་ལ་བསྐྱེད་པར་མི་ནུས་པ་ཉིད་དོ། །ཅིའི་ཕྱིར་སྙམ་པ་ ལ། གསུངས་པ། ཁྱབ་བྱ་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་བདེ་བས་འགྲོ་བ་ལ་ཁྱབ་པར་གང་གསུངས་པ་དེ་ཁྱབ་པར་བྱེད་པའི་རང་བཞིན་འབའ་ཞིག་ནི་མ་ཡིན་གྱི། འོན་ཀྱང་ཁྱབ་བྱའི་རང་བཞིན་ཡང་ཡིན་ཏེ། ཇི་ལྟར་བདེ་བ་མ་རྟོགས་པར་ལུས་མེད་པ་དེ་ལྟར་བདེ་བ་ཡང་ལུས་ལ་ སོགས་པ་མེད་ན་མེད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་དཔེ་གསུངས་པ། འོ་ན་ཆོས་ཀྱི་སྐུས་བསྡུས་པའི་བདེ་བ་ཆེན་པོ་ཙམ་བསྒྲུབ་བྱ་ཡིན་ལ། ཆོས་ཀྱི་སྐུ་ཡང་ལུས་དང་ལོངས་སྤྱོད་དང་གནས་ཀྱི་རྣམ་པར་སྣང་བའི་རྣམ་པར་ཤེས་པ་རྣམས་ཡོངས་སུ་ཟད་པ་ཡིན་ན་ཅིའི་ཕྱིར་ ལུས་ལ་སོགས་པ་ཡིན། དེ་བས་ན་དེར་སྒྲུབ་པ་ལ་སྐུ་བསྒོམ་པ་མི་རིགས་སོ་ཞེ་ན་དེ་བས་ན་གསུངས་པ། དངོས་དང་དངོས་མིན་ཉིད་ཀྱང་ངོ་། །ཞེས་བྱ་བ་ལ་གཟུགས་ལ་སོགས་པ་དང་ལྡན་པ་སྟེ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ལུས་ལ་སོགས་པར་སྣང་བ་ཉིད་དོ། །ཆོས་ཀྱི་སྐུ་ནི་ གཟུགས་དང་མི་ལྡན་ཏེ། དེར་སྣང་བ་མེད་པ་ཉིད་ཀྱི་དོན་ཏོ། །གལ་ཏེ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ལུས་ལ་སོགས་པར་སྣང་བས་དེའི་ཚེ་དངོས་པོ་ཡང་དག་པར་སྣང་བ་ཉིད་དེ་འཁྲུལ་བ་དེ་ལས་སངས་རྒྱས་ཀྱང་སངས་རྒྱས་མ་ཡིན་ནོ་སྙམ་པ་ལ། དེ་བས་ན་གསུངས་པ། དངོས་པོ་ རྟོགས་ཕྱིར་སངས་རྒྱས་ང་། །ཞེས་སོ། །འདིའི་དོན་ཆོས་ཐམས་ཅད་ཀྱི་དངོས་པོ་རྣམས་རྟོགས་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། དེས་ན་སངས་རྒྱས་ཡིན་ནོ། །སྣང་བ་མེད་པའི་ཡེ་ཤེས་ལ་ནི་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་ཅེས་བྱ་བ་སྣང་གི་ཐ་དད་ཀྱི་མཚན་ཉིད་མཐའ་ཡས་པ་ནི་མ་ཡིན་ ནོ། །དེ་རྣམས་སོ་སོར་སྣང་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ། དེ་ཡོངས་སུ་གཅོད་པར་བྱེད་པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་གཅོད་དེ། ཡེ་ཤེས་དེ་གཉིས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་ཕྱིར་སྐུ་གསུམ་གྱིས་སངས་རྒྱས་ཏེ་གཅིག་གིས་མ་ཡིན་ནོ། །ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ དག་མེད་ན་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པ་མེད་དོ། །དེ་དག་ཀྱང་ཤིན་ཏུ་འཁྲུལ་བ་མ་ཡིན་གྱི་ཇི་ལྟར་སྣང་བས་ཡོད་པ་མ་ཡིན་ཏེ། སྒྱུ་མ་ལྟ་བུར་གྲུབ་པར་སྣང་ངོ་། །དེ་ཉིད་ཀྱིས་དག་པ་འཇིག་རྟེན་པའི་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཆོས་ཀྱི་སྐུའི་རྒྱུ་མཐུན་ པའོ་ཞེས་གསུངས་སོ། །དེ་བས་ན་ང་ཟབ་པོ་ཞེས་བསྟན་པའི་ཕྱིར་གསུངས་པ། ང་ཞེས་བྱ་བ་ལ་སོགས་པའོ། །རྨོངས་ཞེས་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་མེད་པའོ། །ལེ་ལོས་བཅོམ་པ་ཞེས་པ་ནི་བསམས་པ་ལས་བྱུང་བ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་མེད་ པའོ། །ཟབ་མོ་དེ་ཉིད་ཀྱི་རྣམ་པར་དབྱེ་བ་གསུངས་པ། བདེ་བ་ཅན་ན་ང་གནས་ཏེ། །ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་ཞིང་ཡོངས་སུ་དག་པ་ནི་བདེ་བ་ཅན་ཏེ། ཞོ་ལ་བྱ་རོག་སྲུངས་ཤིག་ཅེས་པའི་ཚུལ་གྱིས་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་ཐམས་ ཅད་ནི་བདེ་བ་ཅན་ཞེས་གསུངས་སོ། །དེར་ང་གནས་པ་ནི་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་མཆོག་ཏུ་རྨད་དུ་བྱུང་བ་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པའོ། །ནིའི་སྒྲ་ནི་དང་གི་དོན་ཏེ་ཐ་དད་པའི་རིམ་པའིའོ། །བདག་མེད་རྣལ་འབྱོར་མ་ལ་སོགས་པ་ནི་རྡོ་རྗེའི་བཙུན་མོའི་མཆོག་གོ། །དེའི་ བྷ་ག་ལ་བཞུགས་པ་ནི་གནས་པའོ། །ཆོས་རྣམས་ཀྱི་དེ་ཉིད་གཅིག་ཏུ་མཉམ་པ་སྟེ་དེ་བཞིན་ཉིད་དོ་ཞེས་གསུངས་པའི་དོན་གྱི་ཨེའི་ཆ་བྱད་དེ་གཟུགས་ལའོ། །སངས་རྒྱས་ཉིད་རིན་པོ་ཆེའོ། །དེ་རྣམས་ཀྱི་ཟ་མ་ཏོག་དེ་ཉིད་དུ་དེ་རྣམས་རོ་གཅིག་པ་བདེ་བ་ཆེན་པོའི་སྐུས་ཡང་དག་པར་རིག་པའི་ཕྱིར་རོ། ། དེ་ལྟ་བུར་གྱུར་པའི་བདག་ཉིད་ཆེན་པོ་གསལ་བར་བྱ་བའི་དོན་དུ་གསུངས་པ། འཆད་པ་པོ་ང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །གང་དགྱེས་པའི་རྡོ་རྗེའི་རྒྱུད་ལ་སོགས་པ་འདི་ལྟ་བུའི་ཆོས་གསལ་བར་བྱེད་པ་ངའོ། །གང་ཡང་ཉན་པའི་ཡོན་ཏན་དང་ལྡན་པའི་སློབ་མ་ཡང་ངའོ། །གསུམ་པོ་ འདི་དག་ཀྱང་ང་ཉིད་དེ། དེས་ན་དེ་དག་ལ་མཆོད་པར་བྱའོ་ཞེས་བྱའི་དོན་ཏོ། །འོ་ན་གཙོ་བོ་གང་ཞེ་ན། སྙམ་པ་ལ་བསྒྲུབ་བྱ་གང་ཞེས་གསུངས་ཏེ། གང་གི་ཕྱིར་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ནི་བསྒྲུབ་པར་བྱ་བའི་གཙོ་བོ་སྟེ་ངའོ། །འགྲོ་བའི་སྟོན་པ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་ སྐུའོ། །རིགས་པ་དེ་དག་གིས་ཀྱང་སྐུ་བསྒོམ་པར་བྱའོ་ཞེས་བསྒྲུབས་སོ། །གཞན་ཡང་འཇིག་རྟེན་པ་ང་འཇིག་རྟེན་ངའོ། །རབ་ཏུ་དགའ་བ་ལས་བྱུང་བའི་སེམས་ཅན་རྣམས་ནི་འཇིག་རྟེན་ནོ། །གང་དེའི་བར་མ་དོའི་སྲིད་པའི་ལུས་ནི་འཇིག་རྟེན་པའོ། །འདི་ལ་འཇིག་རྟེན་དགོངས་པར་ཡོད་པས་ འཇིག་རྟེན་པ་སྟེ་དེ་ཡང་ངའོ། །ཇི་ལྟར་ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་རྒྱུ་མཐུན་པ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ང་ཡིན་པས་དེ་ལྟར་ཕ་དང་མ་དང་བར་མ་དོའི་སེམས་ཅན་རྣམས་ཀྱི་བདེ་བ་ཆེན་པོའི་རྒྱུ་མཐུན་པར་གྱུར་པའི་འཇིག་རྟེན་ཡང་ང་ཡིན་ཏེ། བདེ་བ་ཆེན་པོས་བརྒྱལ་བའི་དྲི་ཟའི་སེམས་ཅན་ ཡང་ངའོ། །འཇིག་རྟེན་པའི་བདེ་བ་ཆེན་པོ་གང་ཡིན་པ་དེ་ཇི་ལྟར་གཙོ་བོའི་བསྒོམ་བྱ་ཡིན་ཞེ་ན། གསུངས་པ། ལྷན་ཅིག་སྐྱེས་དགའ་ཞེས་བྱ་བ་ལ་སོགས་པའོ། །འོ་ན་བསྒྲུབ་པར་བྱ་བ་བདེ་བ་ཆེན་པོའི་གཙོ་བོ་ནི་ཁྱོད་ཡིན་ལ། འཁོར་བའི་ལྷན་ཅིག་སྐྱེས་པའི་བདེ་བ་ནི་བསྒྲུབ་བྱ་མ་ཡིན་ན་ ཅིའི་ཕྱིར་ཁྱོད་གཙོ་བོའི་བསྒྲུབ་བྱ་ཡིན་ཞེ་ན། གསུངས་པ་དེ་ལྟར་ཡིན་ན་ང་ཞེས་བྱ་བ་ལ་སོགས་པའོ། །ཡང་གི་སྒྲ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་དེ་ཉིད་དེ་བཞིན་དུ་གཙོ་བོ་ཡིད་ཆེས་པར་བྱེད་པས་སོ། །མཐུན་པའི་དཔེས་རྟོགས་པ་སྒྲུབ་པ་དེ་བས་ན་དེ་ཉིད་ལ་གཙོ་བོ་ང་ཞེས་བཏགས་ པའོ། །མུན་པ་ལ་ནི་སྒྲོན་མེ་བཞིན། །ཞེས་པ་ནི་དཔེར་ན་མུན་ཁུང་གི་བུམ་པ་ལ་སོགས་པ་གསལ་བར་རྟོགས་པ་མར་མེས་སྒྲུབ་པར་བྱེད་པ་དེ་ལྟར་དཔེའི་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་བསྒྲུབ་བྱའི་བདེ་བ་གསལ་བར་བྱེད་པའོ། །བདེ་བ་ཅན་དུ་ང་ནི་འདུག།། །ཅེས་བྱ་བ་ལ་ སོགས་པའི་ཚིག་གསུངས་པ་དེ་ཉིད་གསལ་བར་བྱེད་པའི་ཕྱིར་གསུངས་པ། སྟོན་པ་སུམ་ཅུ་ཞེས་བྱ་བ་ལ་སོགས་པའོ། མཚན་དང་དཔེ་བྱད་འབར་བའི་སྐུ་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཆོས་ཀྱི་ལོངས་སྤྱོད་རྫོགས་པ་ནི་གཙོ་བོ་སྟེ། འདི་ལྟ་བུར་གྱུར་པའི་བདག་བདེ་བ་ ཅན་ན་བཞུགས་སོ་ཞེས་པའོ། །བཙུན་མོ་ནི་རྡོ་རྗེ་བཙུན་མོ་དང་། དཔེའི་བཙུན་མོའོ། །དེ་དག་གི་བྷ་ག་ལ་ཁུ་བ་ཞེས་བྱ་བས་ང་གནས་སོ། །ཁུ་བ་ནི་ཡེ་ཤེས་ཀྱི་ས་བོན་དང་། ཕྱི་རོལ་གྱི་དཔེའི་ས་བོན་ནོ། །དེ་ཞེས་པ་ནི་ཁུ་བ་ཞེས་བྱའོ། །དེ་བས་ན་ས་བོན་དང་ལུས་ངག་ཡང་དག་ པར་སྦྱོར་བ་ལ་ལྟོས་པ་དང་བཅས་པ་ནི་བདེ་བ་ཆེན་པོའོ། །དེ་མེད་ན་དེ་རྒྱུ་གཞན་ལས་འབྱུང་བ་མེད་པས་ལྷའི་སྦྱོར་བའི་ལུས་ལས་བདེ་བ་བསྐྱེད་པར་བྱའོ། །དེ་བས་ན་བསྒྲུབ་བྱའི་བདེ་བ་དོན་དུ་གཉེར་བས་ལྷའི་རྣལ་འབྱོར་ངེས་པར་བསྒོམ་པར་བྱའོ། །ཞེས་དགོངས་པའི་དོན་ཏོ། །དེ་ལྟར་ ཡང་གང་གི་ཕྱིར་ལམ་དངོས་པོ་དང་དངོས་པོ་མེད་པ་མ་ཡིན་པ་དེ་བས་ན་འབྲས་བུ་སངས་རྒྱས་ཀྱང་དངོས་པོ་མ་ཡིན་ཏེ། དེ་ནི་ཉོན་མོངས་པ་མ་ལུས་པ་ཟད་པའི་མཚན་ཉིད་དོ། །དེ་ཉིད་ཅེས་པ་ནི་སངས་རྒྱས་སོ། །དངོས་མེད་ཚུལ་ཡང་མིན་ཞེས་པ་ནི་ཤིན་ཏུ་རྣམ་པར་དག་པ་རོ་ གཅིག་པའི་ཡེ་ཤེས་ཀྱི་རང་བཞིན་ཆོས་ཀྱི་སྐུ་ཉིད་དོ། །ཞལ་ཕྱག་རྣམ་པ་ཞེས་པ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་གོ། །གཟུགས་མེད་པ་ཡང་གང་ལས་ཤེ་ན། དམ་པའི་བདེ་བ་ཞེས་པ་སྟེ། ཆོས་ཀྱི་སྐུ་ཆོས་ཀྱི་བདེ་བ་ལ་ལོངས་སྤྱོད་པས་ཀྱང་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན་འབྲས་བུ་ དངོས་པོ་དང་དངོས་པོ་མེད་པ་མ་ཡིན་པས། དེའི་ཕྱིར་ན་འགྲོ་བ་ཐམས་ཅད་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། ལྷན་ཅིག་སྐྱེས་པ་དེ་ནི་སངས་རྒྱས་ཉིད་ཀྱི་ལྷན་ཅིག་སྐྱེས་པ་དང་འབྲེལ་བའོ། །འགྲོ་ཀུན་ཞེས་པ་ནི་སེམས་ཅན་ཐམས་ཅད་དོ། །སངས་རྒྱས་ཉིད་ཀྱིས་ལྷན་ཅིག་སྐྱེས་པ་ཞེས་པ་ཅིའི་ཕྱིར་སྙམ་པ་ ལ་གསུངས་པ། ལྷན་ཅིག་སྐྱེས་ཞེས་བྱ་བ་ལ་སོགས་པ་ལ། རང་བཞིན་ཞེས་པ་དང་ངོ་བོ་ནི་ལྷན་ཅིག་སྐྱེས་པའི་སྒྲའི་རྣམ་གྲངས་སོ། །སངས་རྒྱས་ཉིད་གཙོ་བོ་ཆོས་ཀྱི་སྐུའོ། །དེའི་དབང་དུ་བྱས་ཏེ་ཞེས་གསུངས་པ་རྣམ་དག་ཅེས་བྱ་བ་ལ་སོགས་པའོ། །རྣམ་དག་ནི་དྲི་མ་མེད་པའི་རང་བཞིན་ འོད་གསལ་བ་ཉིད་དོ། །སེམས་ནི་དེའི་རྣམ་པ་ཅན་ནོ། །དེའི་རང་བཞིན་ནི་དེའི་ངོ་བོ་ཡིན་པས་དེ་སྐད་ཅེས་གསུངས་སོ། །དེའི་རང་བཞིན་ཉིད་མྱ་ངན་ལས་འདས་པ་སྟེ། རྣམ་པར་དག་པའི་རང་བཞིན་ཡང་དེ་ཡིན་ལ་སེམས་ཀྱང་དེ་ཡིན་ནོ། །གང་གི་ཕྱིར་དོན་དམ་པར་དག་ཅིང་མྱ་ངན་ལས་ འདས་པ་དེའི་དངོས་པོ་མེད་དོ། །གང་གི་ཕྱིར་སེམས་ཉིད་རྣམ་པར་དག་པའི་རང་བཞིན་ཡིན་པ་དེའི་ཕྱིར་དངོས་པོ་མེད་པ་ཡང་མ་ཡིན་ནོ་ཞེས་དགོངས་སོ། །འདིས་ནི་སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་སངས་རྒྱས་ཀྱི་ས་བོན་ཐོག་མ་མེད་པ་ནས་འགྲུབ་ཅེས་གསུངས་པར་འགྱུར་ རོ། །འོ་ན་དེའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་ས་བོན་མེད་པར་འགྱུར་ཏེ། ཐ་མལ་པའི་ལུས་ནི་ལུས་དེ་ཉིད་ཀྱི་ཡིན་གྱི། དེ་དང་རིགས་མི་མཐུན་པ་ཉིད་དོ་ཞེ་ན། དེ་བས་ན་གསུངས་པ། ལྷའི་ཞེས་བྱ་བ་ལ་སོགས་པའོ། །འདིར་ཡང་ལྷའི་གཟུགས་ཀྱི་སྒྲས་དེའི་ས་བོན་ཉིད་གསུངས་སོ། ། དེར་ཡང་ལུས་ཅན་རྣམས་སྐྱེས་པ་ཙམ་གྱིས་གནས་སོ། །ཅིའི་ཕྱིར་ཞེ་ན། ཞལ་ཕྱག་ཅེས་བྱ་བ་ལ་སོགས་པ་སྟེ། སྤྱིར་ལུས་སུ་མཐུན་ཞེས་བྱ་བའི་དོན་ཏེ། །ཇི་ལྟར་སེམས་རང་བཞིན་གྱིས་དག་པ་གློ་བུར་གྱི་དྲི་མ་དང་བྲལ་བའི་ས་བོན་ཡིན་པ་དེ་བཞིན་དུ་ཐ་མའི་ལུས་ཉིད་ཀྱང་ལྷའི་ལུས་ཀྱི་ས་ བོན་ཞེས་དགོངས་སོ། །དེ་ལྟ་ན་ལྷའི་སྐུ་ལ་སོགས་པ་བསྒོམ་པ་དོན་མེད་དོ་ཞེ་ན། གསུངས་པ། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། རང་བཞིན་ཐ་མལ་གྱི་ལུས་ཀྱི་རྒྱུ་ཞེས་བྱ་བ་ནི་ཚིག་ལྷག་མའོ། །དེ་བས་ན་དེ་སྤང་བའི་ཕྱིར་དང་རང་གི་ས་བོན་གསོ་བའི་ཕྱིར་ལྷའི་སྐུ་བསྒོམ་པ་དོན་མེད་པ་མ་ཡིན་པར་ དགོངས་སོ། །སྐུ་བསྒོམས་པ་ཉིད་ཀྱིས་ཐ་མལ་པའི་ལུས་སྤངས་པ་འདི་ནི་བཟོད་པར་དཀའོ་ཞེ་ན། དེ་བས་ན་འདི་དཔེ་མང་པོས་བསྒྲུབ་པར་བྱ་བའི་ཕྱིར་གསུངས་པ། དེ་ཉིད་ཅེས་བྱ་བ་ལ་སོགས་པའོ། །ཇི་ལྟར་ཞེ་ན་ཇི་ལྟར་རླུང་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་མ་ཤེས་དྲི་ཆུ་དང་བཤང་བ་ དང་རླུང་རྣམས་སེལ་བར་བྱེད་པའོ། །བཟློག་པ་སྨན་དུ་བརྟག་གོ་ཞེས་པ་ནི་རིགས་མཐུན་པ་ཉིད་དེ། དེའི་བརྟག་པ་ནི་ཆོ་གའོ། །སྲིད་པ་ནི་འཁོར་བའོ། །དེ་དག་པར་ནི་ཟད་པར་གྱུར་པའོ། །སྲིད་པ་ཉིད་ཀྱིས་ཞེས་པ་ན་འཇིག་རྟེན་པའི་ལམ་གྱིས་སོ། །ཇི་ལྟར་ན་དྲན་པ་ཉེ་བར་ གཞག་པ་བཞི་དང་ཡང་དག་པར་སྤང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་སྟེ། ཆོས་ཉི་ཤུ་རྩ་གཉིས་ནི་འཇིག་རྟེན་པའི་ལམ་མོ། །དེ་མ་རྟོགས་པར་འཇིག་རྟེན་ལས་འདས་པའི་ལམ་སྐྱེ་བ་མེད་དོ། །དེ་ཡང་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དེ་ཆོས་བཅོ་ལྔ་པོ་དེ་དག་མེད་ན་སྲིད་པ་ཟད་པ་ཡོད་པ་མ་ཡིན་ཏེ། དེ་བས་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྲིད་པ་ཉིད་ཀྱིས་སྲིད་པ་ཟད་པར་འགྱུར་རོ། །རྣམ་རྟོག་ཅེས་པ་ནི་ཐ་མལ་པའི་རྣམ་པར་རྟོག་པ་སྟེ། དག་པར་འགྱུར་བ་ནི་གཅིག་ནས་གཅིག་ ཏུའོ། །དེ་ལྟར་ན་ཡང་དག་པར་སོ་སོར་རྣམ་པར་རྟོག་པ་ཉིད་ཀྱང་དེ་ཁོ་ན་ཉིད་བསྒོམས་པའི་སྟོབས་ཀྱིས་བརྒྱུད་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པར་བྱེད་པས་ན་དེས་ཀྱང་རྣམ་པར་རྟོག་པ་ཟད་པར་བྱེད་པའོ། །ཞུགས་པ་ཞེས་པ་ནི་དེར་ཞུགས་པའོ། །འབྱིན་པ་ནི་ངེས་པར་འབྱིན་ པའོ། །དངོས་པོའི་རྣམ་རྟོག་ནི་ཕུང་པོ་ལྔ་ལ་སོགས་པའི་རྣམ་པར་རྟོག་པའོ། །རྣམ་པས་ཞེས་པ་ནི་རྟག་པ་དང་། རིན་ཆེན་དབང་ལ་སོགས་པའི་ལྷ་རྣམས་ཀྱི་རྣམ་པས་སོ། །སྦྱང་བ་ནི་ཟད་པར་བྱེད་པའོ། །འདོད་ཆགས་ཏེ་ཉོན་མོངས་པའི་འདོད་ཆགས་དེ་ནི་མེའོ། ། དེས་བསྲེགས་པ་ནི་གདུངས་པ་སྟེ། ངན་འགྲོ་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་པའོ། །ཆགས་པ་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་ཆགས་པའོ། །དེ་ཉིད་མེ་སྟེ། ཉོན་མོངས་པའི་བུད་ཤིང་སྲེག་པར་བྱེད་པའོ། །དེས་འགྲུབ་པར་འགྱུར་ཏེ། ཡོངས་སུ་སྨིན་པར་བྱེད་པའོ། །མི་བཟད་ པའི་ལས་ནི་ཞེ་སྡང་ལས་སྐྱེས་པའི་སྲོག་གཅོད་པ་ལ་སོགས་པའོ། །ཐབས་ནི་སྙིང་རྗེས་སངས་རྒྱས་ཀྱི་བསྟན་པ་སྐྱོང་བ་ལ་སོགས་པའོ། །འདོད་ཆགས་ཀྱིས་ཞེས་པ་ནི་ཉོན་མོངས་པའི་འདོད་ཆགས་ཀྱིས་སོ། །འདོད་ཆགས་ཉིད་ཀྱིས་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་འདོད་ཆགས་ཀྱིས་སོ། །བཟློག་པ་ ཞེས་པ་ནི་ཕྱོགས་མི་མཐུན་པས་སོ། །ཕྱོགས་མི་མཐུན་པ་ནི་འདྲ་བར་སྣང་བ་སྟེ། དོན་དམ་པ་དེ་ནི་གཉེན་པོར་གྱུར་པ་ཉིད་དོ། །སངས་རྒྱས་པའི་མུ་སྟེགས་ནི་སངས་རྒྱས་མུ་སྟེགས་སོ། །ཇི་ལྟར་དེ་དག་སངས་རྒྱས་པ་ཡིན་ཞེ་ན། སངས་རྒྱས་ཉིད་ཀྱི་བསྟན་པ་ལ་ཞུགས་པའི་ཕྱིར་རོ། །ཇི་ ལྟར་མུ་སྟེགས་པ་ཡིན་ཞེ་ན། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པ་ལ་སྡང་བས་སོ། །འདི་ཐམས་ཅད་ཀྱིས་ཀྱང་རྡོ་རྗེ་ལྷ་མོ་ངེས་པར་ལོངས་སྤྱོད་པ་བསྒོམ་པར་བྱ་བ་ཉིད་རབ་ཏུ་བསྒྲུབས་སོ། །དེ་དང་དེ་ཉིད་ཀྱི་རིགས་མཐའ་ཡས་པའི་རྒྱུས་ཡང་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་གསུངས་ པ། ཀུན་ཏུ་རུ་ཞེས་བྱ་བ་ལ་སོགས་པའོ། །ཀུན་ཏུ་རུ་ནི་རབ་ཏུ་དགའ་བ་སྟེ། གང་རྡོ་རྗེ་ལྷ་མོའི་པདྨ་ལས་བྱུང་བ་རྣམས་སོ། །འབྱུང་བ་ནི་འབྱུང་བ་རྣམས་སོ། །ལྔ་ནི་རེག་པ་ལྔ་སྟེ། འབྱུང་བ་ལྔའི་རང་བཞིན་ནོ་ཞེས་པ་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་ཀྱི་རང་བཞིན་གྱིས་ སོ། །འབྱུང་བ་དེ་རྣམས་ཀྱང་ཅི་ཡིན་ཞེ་ན། གསུངས་པ། གཅིག་ཉིད་ཅེས་བྱ་བ་ལ་སོགས་པའོ། །དགའ་བ་ཆེན་པོ་ནི་རབ་ཏུ་དགའ་བ་རྡོ་རྗེ་འཛིན་པའོ། །ལྔ་ཉིད་ཅེས་པ་ནི་རིགས་ལྔའི་རང་བཞིན་ནོ། །དབྱེ་བས་ཞེས་པ་ནི་འབྱུང་བའི་དབྱེ་བས་སོ། །འབྱུང་བ་ནི་དེ་ཁོ་ན་ཉིད་དོ། ། དེ་ཉིད་གཏི་མུག་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་ཡང་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཚིགས་སུ་བཅད་པ་འདིས་ནི་བསྟན་པའོ། །འདིའི་བཤད་པའི་ཚིགས་སུ་བཅད་པ་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །སྲ་བར་གནས་ཞེས་བྱ་བ་ནི་སྲ་བར་ རྟོགས་པའོ། །སྲ་བ་སའི་ཁམས་གཏི་མུག་གི་ཆོས་ཉིད་ནི་གཏི་མུག་གི་ངོ་བོ་ཉིད་དེ་སྲ་བ་ཉིད་ཀྱི་ཕྱིར་རོ། །ཆུའི་ཁམས་ཞེས་བྱ་བ་ནི་ཆུའི་ཁམས་ཡིན་ཏེ་སྦྱོར་ཞེས་བྱ་བ་དང་སྦྱར་རོ། །མེ་ནི་དྲོ་བ་སྟེ་འདོད་ཆགས་ཀྱི་མེའོ། །བུམ་པ་ལ་སོགས་པ་བསྲེགས་པས་དམར་བར་འགྱུར་བ་ལྟ་ བུའོ། །ཀཀྐོ་ལ་ཞེས་པ་ནི་པདྨ་སྟེ་དེར་བསྒྱུར་བ་ནི་གཡོ་བའི་རང་བཞིན་ཏེ། འགྲོ་ཞིང་གཡོ་བ་ཉིད་དོ། །དེ་ཉིད་ཀྱི་ཕྲག་དོག་སྟེ། སྐད་ཀྱི་བྱིངས་ལས་འགྲོ་བར་བཤད་དོ། །བདེ་བ་ནི་རབ་ཏུ་དགའ་བའོ། །དེ་ཉིད་འདོད་ཆགས་ཏེ། ཀུན་ཏུ་ཆགས་པའི་གནས་ཉིད་དོ། །དེ་ཉིད་ཆགས་ པ་སྟེ། དེ་ལ་ཆགས་པའི་སེམས་ཞེན་པ་དེ་ལས་གཞན་དུ་མ་ཡིན་པ་ཉིད་དོ། །བདེ་བ་ནམ་མཁའི་མཚན་ཉིད་དེ། ཞེས་པ་ནི་གང་བདེ་བ་དེའི་བདག་ཉིད་ཀྱི་སེམས་ཆགས་པ་དང་ལྡན་པའི་སེམས་པ་ནི་རང་གི་ངོ་བོ་ཙམ་དུས་རིང་པོ་ནས་རིག་ཅེས་བྱ་བའི་དོན་ཏོ། །དེ་ནི་ནམ་མཁའི་མཚན་ ཉིད་དོ། །ཆོས་ཐམས་ཅད་མི་དམིགས་པའི་མཚན་ཉིད་བདེ་བ་ཆེན་པོའི་རང་བཞིན་ཉིད་དོ། །དེ་ཉིད་ནམ་མཁའ་དང་ཆོས་མཐུན་པས་ནམ་མཁའོ། །དེ་ཉིད་སེར་སྣ་རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་ཏེ། དོན་དམ་པར་རབ་ཏུ་གསལ་བར་བྱེད་པས་ན་སེར་སྣ་རྡོ་རྗེའོ། །སེམས་ཆེན་པོ་ནི་དགའ་བ་ ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་པའོ། །ལྔའི་གཟུགས་ཀྱིས་ཞེས་པ་ནི་རིགས་ལྔའི་རང་བཞིན་དུ་ཇི་སྐད་གསུངས་པས་སོ། །དེ་ཉིད་ལས་ཞེས་པ་ནི་རྡོ་རྗེ་བཙུན་མོའི་སྦྱོར་བ་ལས་སོ། །སྟོང་ཕྲག་དུ་མ་ཞེས་པ་ནི་རིགས་ཀྱི་དབྱེ་བའོ། །གཅིག་གི་ངོ་བོ་ཞེས་པ་ནི་རིགས་མཐའ་ཡས་པ་རྣམས་ཀྱི་ཐུན་ མོང་གི་དབྱེ་བས་སོ། །ཇི་ལྟར་ཕྱེ་བས་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་། ཕྲག་དོག་ལ་སོགས་པའི་སེམས་ལྔར་ཕྱེ་བས་སོ། །འདིས་བདེ་བ་ཆེན་པོའི་དབྱེ་བས་རིགས་ལྔའོ་ཞེས་རབ་ཏུ་བསྒྲུབས་སོ། །དེ་རྣམས་ལ་ཡང་རིགས་གྲངས་མེད་པར་དབྱེའོ་ཞེས་རབ་ཏུ་སྒྲུབ་པར་བྱེད་པའི་ཚིགས་སུ་ བཅད་པ་གཉིས་གསུངས་པ། གངྒཱའི་ཀླུང་བཅུ་ཞེས་བྱ་བ་ལ་སོགས་པའོ། །བྱེ་སྙེད་ཅེས་པ་ནི་བྱེ་མ་དང་མཉམ་པའི་གྲངས་སོ། །རིགས་གཅིག་ལས་ཞེས་པ་ནི་རིགས་རེ་རེ་ལས་སོ། །དེ་བཞིན་གཤེགས་པའི་ཚོགས་ཞེས་པ་ནི་དེ་བཞིན་གཤེགས་པ་ཇི་སྙེད་པའི་ཚོགས་དེ་ སྙེད་དང་ལྡན་པའི་རིགས་སོ། །དོན་དེས་ན་སོ་སོར་བྱས་སོ། །དེ་བས་ན་རིགས་གྲངས་མེད་པའི་ཚོགས་ནི་རིགས་ཀྱི་ཚོགས་ཏེ། གངྒཱའི་ཀླུང་གི་བྱེ་མ་ལྔ་བཅུ་སྙེད་དོ། །རིགས་ཀྱི་ཚོགས་དེ་རྣམས་ལ་ཡང་སོ་སོར་ཕྱེ་ན་མཐའ་ཡས་སོ། །རིགས་ཀྱི་ཚོགས་ཀྱི་དང་པོར་སོ་སོར་ཕྱེ་ན་སོ་སོར་ཞིང་ གྲངས་བརྒྱའི་རིགས་སུ་འགྱུར་རོ། །རིགས་ཆེན་ཞེས་པ་ནི་ཡང་སོ་སོར་ཕྱེ་ན་རིགས་སོ་སོར་གཅིག་ལས་འབུམ་དུ་འགྱུར་རོ། །རིགས་འབུམ་ལས་ཕྱེ་ན་རེ་རེ་ལས་སོ་སོར་བྱེ་བའོ། །རིགས་བྱེ་བ་ལས་ཀྱང་ཕྱེ་ན་རེ་རེ་ཡང་རིགས་གྲངས་མེད་དོ། །རིགས་བྱེ་བ་དེ་ལ་ཡང་སོ་སོ་གྲངས་མེད་དོ། ། གང་དེས་སོ་སོར་བྱེ་མ་སྙེད་ཀྱི་རིགས་དེ་ཐམས་ཅད་མཆོག་ཏུ་དགའ་བའི་རིགས་ལས་བྱུང་བའོ། །མཆོག་ཏུ་དགའ་བའི་རིགས་ཉིད་རིགས་སོ་སོར་ཕྱེ་བ་ཐམས་ཅད་ཀྱི་རྩ་བ་སྟེ། དེའི་རིགས་གཅིག་ལས་རིགས་ཐམས་ཅད་ཕྱེ་བས་སོ། །མཁའ་འགྲོ་མ་རྣམས་ཀྱི་དྲ་བ་ནི་འཁོར་ལོའོ། ། དེའི་སྡོམ་པ་ནི་བདེ་བའི་མཆོག་གོ། །དེ་ལས་དངོས་གྲུབ་ཡིན་ལ། དེའི་གཏན་ལ་ཕབ་པའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ལས་རྟོག་པ་གཉིས་པ་ལས་ལེའུ་གཉིས་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཅན་ནི་རྡོ་རྗེ་འཛིན་པའོ། །རྒྱུད་ ཐམས་ཅད་ནི་དགྱེས་པའི་རྡོ་རྗེའི་རྒྱུད་མ་ལུས་པའོ། །དེའི་གླེང་གཞི་ནི་རྩ་བའི་རྒྱུད་དེ། དེའི་ཆེད་དུ་རྒྱུད་བཤད་པས་སོ། །ཞེས་བྱ་བ་ནི་མིང་འདི་ཉིད་དེ་རབ་ཏུ་གྲགས་པར་ཟད་དོ། །ཐབས་ནི་བྱང་ཆུབ་སྒྲུབ་པའོ། །དེའི་མདོར་བསྟན་པའི་ཚིགས་སུ་བཅད་པ་ནི་སྡོམ་པ་ཞེས་བྱ་བ་ལ་སོགས་ པའོ། །དེ་ལ་སྡོམ་པ་ནི་བདེ་བའི་མཆོག་གོ། །དབང་བསྐུར་བ་ནི་དབང་བསྐུར་བ་བཞིའོ། །དགོངས་པ་ནི་དགོངས་པ་སྟེ་མ་གྲགས་པའི་བརྡས་བཤད་པའོ། །དགའ་བ་ནི་དགའ་བ་བཞིའོ། །སྐད་ཅིག་དབྱེ་བ་ནི་སྐད་ཅིག་བཞིའོ། །སྡོམ་པ་དང་བདེ་བ་ཆེན་པོ་ཞེས་པ་དང་པོ་དང་ཐ་མའི་ ཚིག་དག་འབྲེལ་ཏོ། །གང་གི་བདེ་བ་ཆེན་པོ་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་སྟེ། ཡང་དག་ཅེས་བྱ་བ་ནི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གཅིག་གི་རྣམ་པ་སྟེ་སངས་རྒྱས་ཐམས་ཅད་ཞུ་བས་གཅིག་ཏུ་གྱུར་པས་སོ། །གང་དུ་གནས་ ཞེ་ན། ཨེ་བཾ་ལ་ནི་རབ་ཏུ་གནས་སོ། །དབང་བསྐུར་བ་ནི་སྤྲོས་པའི་མཚན་མའི་དྲི་མ་ཐམས་ཅད་འཁྲུ་བར་བྱེད་པས་སོ། །ཤེས་ཞེས་བྱ་བ་ནི་ཡང་དག་པར་རིག་པར་གྱུར་པ་སྟེ། ཤེས་རབ་དང་ཐབས་ཀྱིས་སངས་རྒྱས་ཐམས་ཅད་ཞུ་བའོ། །མཁའ་འགྲོ་མ་ཞེས་པ་ལ་དེ་ནི་ནམ་ མཁར་འགྲོ་མ་ཞེས་པ་ནི་ནམ་མཁའ་ལ་འགྲོ་བ་སྟེ། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དེས་ཁྱབ་པར་འགྲོ་བའི་ངང་ཚུལ་འདི་ལ་ཡོད་པས་མཁའ་འགྲོ་མའོ། །འགྲོ་བ་ཡང་ཅིག་ཅར་ཀུན་ཏུ་ཕྱིན་པར་འགྲོ་བ་སྟེ། རྫུ་འཕྲུལ་གྱིས་དུས་གཅིག་ཏུ་ཅིག་ཅར་ཕྱོགས་བཅུར་འགྲོ་བའི་ངང་ ཚུལ་ཅན་རྣམས་སུ་གྲུབ་པའི་རྣལ་འབྱོར་མ་རྣམས་ནི་མཁའ་འགྲོ་མའོ་ཞེས་པའི་དོན་ཏོ། །དེ་རྣམས་ཀྱི་སྡོམ་པ་ནི་སྡོམ་པའི་གཞི་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣམས་གཅིག་ཏུ་མཉམ་པར་བསྟན་པའི་དོན་དུ། ཨེའི་ཆ་བྱད་བཟང་པོ་གང་། །ཞེས་པའོ། །ཇི་ལྟར་བཟང་ པོའི་གནས་ཡིན་སྙམ་པ་ལ་གསུངས་པ། དགའ་བ་ཞེས་བྱ་བ་ལ་སོགས་པའོ། །སྐད་ཅིག་ནི་དགའ་བ་རྣམས་ཀྱི་དུས་སུའོ། །བདེ་བའི་ཡེ་ཤེས་ནི་དགའ་བ་ལ་སོགས་པའི་ཡེ་ཤེས་སོ། །སྐད་ཅིག་རྣམས་ཀྱི་མིང་དང་གྲངས་དང་མཚན་ཉིད་དང་། དགའ་བའི་རྣམ་པར་དབྱེ་བ་རྣམས་ ནི་རྣམ་པ་སྣ་ཚོགས་པས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞིས་གསུངས་ཏེ། ཤེས་ཏེ་ཞེས་པ་ནི་ཅི་ཤེས་ཤེ་ན་དགའ་བ་བཞིའོ། །བདེ་བ་དེ་ནི་བདེ་བ་ཆེན་པོ་དེ་ཉིད་ཀྱིས་སོ། །ཡེ་ཤེས་ཀྱང་ཡང་དག་པའི་ཡེ་ཤེས་ཉིད་ཀྱིས་སོ། །བདེ་བའི་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་དགའ་ བའོ། །དེའི་སྤྱོད་པ་ནི་སྐྱེ་བར་འགྱུར་བ་ཡང་དག་པར་མཚོན་པའོ། །དེ་ལས་བཟློག་ཅེས་པ་ནི་དེ་ལས་ཕྱིན་ཅི་ལོག་ཉིད་དམིགས་པ་དང་བཅས་པ་ཉིད་དོ། །བདེ་བ་ཞེས་པ་ནི་བདེ་བ་ཆེན་པོའོ། །ངེས་པར་འཛིན་པ་ཞེས་པ་ནི་ཞིག་མ་ཐག་ཏུ་དྲན་པར་བྱེད་པའོ། །ཆགས་པ་ནི་བདེ་བ་བྱུང་བ་ ལ་འདོད་པ་དང་བཅས་པ་སྟེ། དགའ་བ་དང་མཆོག་ཏུ་དགའ་བའོ། །ཆགས་བྲལ་ནི་དགའ་བ་ཞིག་ཅིང་ཚིམ་ནས་ཏེ། འདོད་པ་མེད་པའི་ཁྱད་པར་གྱི་དགའ་བའོ། །དེ་དག་སྤངས་པ་ནི་དུས་རིང་པོ་ནས་འདོད་པ་དེ་དང་དེ་ཉིད་ཀྱིས་དེའི་ཚེ་ཡང་དག་པར་རིག་པ་ནའོ། ། དང་པོར་དགའ་བ་ཞེས་པ་ནི་དགའ་བ་ཙམ་མོ། །འདིས་ནི་སྡོམ་པ་དེའི་ཞར་ལ་སྐད་ཅིག་གི་དབྱེ་བ་ཡང་བསྟན་ནས་དབང་བསྐུར་བ་ཡང་གསུངས་པ་སློབ་དཔོན་ཞེས་བྱ་བ་ལ་སོགས་པའོ། །སློབ་དཔོན་དང་གསང་བ་དང་། ཤེས་རབ་ཀྱི་དབང་བསྐུར་བ་རྣམས་ནི་གོ་རིམས་བཞིན་དུ་ སློབ་དཔོན་གསང་བ་ཤེས་རབ་བོ། །དེ་ནས་དེ་བཞིན་ཡང་བཞི་པ་ཞེས་པ་ལ། དེ་ནས་ཞེས་པ་ནི་གང་བསྒྲུབ་པར་བྱ་བའི་བདེ་བའོ། །དེ་བཞིན་ཞེས་པ་ནི་དཔེའི་བདེ་བ་ལས་ཡང་དག་པར་ཤེས་པར་བྱའོ། །ཡང་ཞེས་པ་ནི་ཕྱིས་སྨྲ་བར་བྱའོ། །དེ་བཞིན་ཞེས་པ་ནི་དཔེའི་བདེ་བ་དང་ ཆོས་མཐུན་པས་མན་ངག་ཇི་ལྟ་བས་སོ། །འདི་རྣམས་ཀྱི་གསུམ་པ་ནི་ཤེས་རབ་ཅེས་བྱའོ། །དེ་དག་གི་དབྱེ་བ་ཡང་དབང་བཞིའི་རིམ་གྱིས་རྣམ་པ་གཉིས་ཡོད་དེ། དེ་དག་ཚིགས་སུ་བཅད་པ་ཕྱེད་དང་གཉིས་གསུངས་པ། དགའ་བ་ཞེས་བྱ་བ་ལ་སོགས་པའོ། །གྲངས་ནི་ཐ་སྙད་དེ། དགའ་བ་བཞི་དང་གོ་རིམས་བཞིན་དུ་དབང་བཞི་སྟེ། བརྩམས་ཤིང་སྤྱད་པ་དང་། རིང་དུ་འགྲོ་བ་དང་རབ་ཏུ་འཇིགས་པའི་ཡེ་ཤེས་དང་། དོན་དམ་པའི་ཡེ་ཤེས་ཀྱི་ཕྱིར་ཏེ། ཚིགས་སུ་བཅད་པ་ཕྱེད་ཀྱི་དོན་ཏོ། །དགོད་པ་དག་པ་ཞེས་པ་ནི་གཉིས་ཀའི་མིག་བཞིས་དགའ་བ་འདོད་ པའོ། །དེས་སློབ་དཔོན་ཏེ་རྩོམ་ཞིང་སྤྱོད་པའོ། །བལྟ་བ་ནི་མཚན་མ་ཡང་དག་པར་སྦྱོར་བའོ། །ལག་བཅངས་ནི་ཤེས་རབ་ཀྱིས་ཀུན་ཏུ་འཁྱུད་པ་སྟེ། ཐམས་ཅད་རིག་པས་ན་ཕུལ་དུ་བྱུང་བའི་ཡེ་ཤེས་ཉིད་ཀྱི་ཕྱིར་རོ། །གཉིས་གཉིས་འཁྱུད་ཅེས་པ་ནི་སྦྱོར་བའི་དབང་གིས་ འདུས་པའི་དགའ་བ་ཞེས་བྱ་བའི་དོན་ཏོ། །དབང་གི་སྒྲའི་དོན་བསྟན་པར་བྱ་བས་གསུངས་པ། བཀྲུ་བ་ཞེས་བྱ་བ་ལ་སོགས་པའོ། །བཀྲུ་བར་བྱ་ཞེས་པ་ནི་རབ་ཏུ་དྲི་མ་མེད་པས་དག་པར་བྱ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །ཞེས་པ་ནི་ལག་པ་དག་ཏུའོ། ། དབང་ཞེས་པ་ནི་མན་ངག་ཇི་ལྟ་བར་རོ། །སློབ་དཔོན་གྱི་དབང་གི་ལྷག་མ་ནི་གསང་བའི་དབང་ངོ་། །སྟོན་པ་ཞེས་པ་ནི་བླ་མའོ། །ཅི་སྨྲས་ཤེ་ན། སེམས་དཔའ་ཆེ་ཞེས་བྱ་བ་ལ་སོགས་པའོ། །ཅི་བྱས་ལ་སྨྲ་ཞེས་ཤེ་ན། སློབ་མ་ཤེས་བྱས་ནས་ཏེ་ཤེས་པར་གྱུར་ནས་སོ། །བདག་ ཉིད་ཆེན་པོ་ནི་བསམ་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ཞེས་པ་ནི་རབ་ཏུ་དགའ་བའོ། །རྡོ་རྗེ་འཛིན་ཞེས་པ་ནི་ཀྱེའི་རྡོ་རྗེ་འཛིན་པ་ཞེས་བསྐུལ་བའོ། །རྗེས་སུ་གནང་ཞེས་པ་ནི་ཞུས་པའོ། །ལྷ་དང་གཉིས་སུ་མེད་པར་སྦྱོར་བ་ལ་གནས་པ་ཉིད་ཀྱིས་ཞི་བ་ཆེན་པོའོ། །རྡོ་རྗེ་རྣལ་འབྱོར་ ནི་རབ་ཏུ་སྦྱོར་བའོ། །དེར་གཅིག་ཏུ་གུས་པ་ཞེས་པ་ནི་ཤིན་ཏུ་གུས་པའོ། །རབ་སྒྲུབ་པ་ཞེས་པ་ནི་རིགས་པ་རྣམས་ཤིན་ཏུ་མཉེས་པར་བྱེད་པའོ། །རྡོ་རྗེ་ནི་སངས་རྒྱས་ཐམས་ཅད་དོ། །དེ་རྣམས་ཀྱི་རྣལ་འབྱོར་ནི་བདེ་བ་ཆེན་པོ་མཉམ་པ་ཉིད་དེ་ཡང་དག་པར་འབྱུང་བ་དབྱེར་མེད་པ་ དང་རྒྱུན་མི་འཆད་པ་འདི་ལ་ཡོད་པ་དེ་ལ་དེ་སྐད་ཅེས་གསུངས་སོ། །ཅི་བཞིན་ཞེས་པ་ནི་གང་གིས་བདེ་བ་ཆེན་པོ་དང་ལྡན་པའོ། །མངའ་བདག་ནི་གཙོ་བོའོ། །འཁོར་བ་ནི་འདམ་སྟེ་འདམ་གྱི་ཕུང་པོའོ། །སྐྱོབས་ཞེས་པ་ནི་སྐྱོབས་ཤིག་པ་སྟེ་བདག་ལ་ཞེས་པ་ནི་ཚིག་གི་ལྷག་མའོ། ། ཞིམ་པ་ནི་རོ་ཞིམ་པ་ལ་སོགས་པའོ། །ཤ་ནི་ཤ་ཆེན་པོ་དང་སྦྲང་རྩི་ཆེན་པོའོ། །བྱུག་པ་ནི་ཀུན་ཏུ་བྱུག་པའོ། །མཆོད་པ་འདི་དག་གིས་ཞེས་པ་ནི་ཇི་སྐད་གསུངས་པ་རྣམས་ཀྱིས་སློབ་མས་མཆོད་པར་བྱ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་འཛིན་པ་ཞེས་པ་ནི་བླ་མའོ། །མཆོག་ཏུ་དགའ་བས་ ཡང་དག་སྦྱོར་ནི་དེའི་སྟོབས་ལས་ཐོབ་པའི་ལྷན་ཅིག་སྐྱེས་པའི་དགའ་བའི་སྐད་ཅིག་གོ། །སྣ་ཚོགས་སྤངས་ཞེས་པ་ནི་དེ་ཙམ་ལ་སེམས་གནས་པའོ། །ཟུང་ཞེས་པ་ནི་འདི་ཉིད་ལ་སེམས་བརྟན་པར་བྱ་བའོ། །དེས་ཅི་བྱ་སྙམ་པ་ལ་གསུངས་པ་ཇི་སྲིད་ཅེས་བྱ་བ་ལ་སོགས་པའོ། །གྱིས་ཤིག་ ཅེས་བྱ་བ་ནི་ཚིག་ལྷག་མའོ། །འདིས་ཞེས་པ་ནི་དེ་ལྟར་ཆོ་ག་བཞིན་དུ་དབང་བསྐུར་བ་གསུམ་གྱིས་སློབ་མ་ལ་དབང་བསྐུར་བ་འདིས་སོ། །རྡོ་རྗེ་ཅན་ནི་བླ་མ་ཏེ་སློབ་མ་ལ་སྨྲས་སོ། །བྱ་བའི་ཚོགས་ནི་སློབ་མས་སྨྲ་བར་འོས་པ་རྣམས་སྨྲ་བར་བྱའོ། །འདི་སྐད་ཅེས་པ་ནི་འདི་སྐད་ཅེས་འཆད་པར་ འགྱུར་བས་དབང་བསྐུར་བ་བཞི་པ་བརྗོད་པར་བྱ་བའོ། །འདི་ཉིད་ཅེས་པ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའོ། །ཡེ་ཤེས་ཆེན་པོ་ཞེས་པ་ནི་གང་ལེའུ་དང་པོ་ལས། ཡེ་ཤེས་ཆེན་པོ་ལུས་ལ་གནས། །ཞེས་བྱ་བ་ལ་སོགས་པས་བསྟན་པ་སྟེ། དེ་ཡང་ངེས་པར་གཉིས་ཀྱིས་ སྟོང་པ་ཉིད་ཀྱི་རང་བཞིན་མྱོང་བ་ཉིད་ཡེ་ཤེས་ཆེན་པོའོ། །འདི་ཙམ་ཉིད་ཀྱིས་བདེ་བ་ཆེན་པོའི་རང་བཞིན་དང་སྟོང་པ་ཉིད་དབྱེར་མེད་པར་རྟོགས་པ་སྟེ། དེ་ཡང་བདེ་བ་ཆེན་པོའོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ནི་ལུས་ཀུན་ནོ། །གཉིས་མེད་ནི་དེ་གཟུང་བ་དང་འཛིན་པ་གཉིས་ཤིན་ཏུ་མེད་པའོ། ། དེ་ལྟ་ན་ཡང་གཉིས་སུ་སྣང་བའི་རང་བཞིན་གྱིས་གཉིས་སོ། །དངོས་པོ་ནི་རྣམ་པར་རིག་པ་ཙམ་མོ། །དངོས་མེད་ནི་གཉིས་མེད་པའོ། །དེ་དག་གི་བདག་ཉིད་ནི་དངོས་དང་དངོས་མེད་བདག་ཉིད་དོ། །གཙོ་བོ་ནི་རྡོ་རྗེ་འཛིན་པ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པས་སོ། །གཉིས་སུ་ མེད་པ་གསལ་བ་ཙམ་གྱི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་སྟེ་གནས་པའོ། །དེ་ལྟར་ན་ཡང་གཉིས་སུ་སྣང་བ་ཉིད་ཀྱིས་སྒྱུ་མའི་ཚུལ་དུ་སྣང་ངོ་། །གལ་ཏེ་གཉིས་ཀྱིས་སྟོང་པ་ཉིད་ཐོག་མ་ཉིད་ནས་ཉམས་སུ་མྱོང་ན་སེམས་ཅན་རྣམས་དེའི་ཚེ་ཐོག་མ་ཉིད་ནས་བྱང་ཆུབ་པ་ཡིན་པར་འགྱུར་རོ་ ཞེ་ན་མ་ཡིན་ཏེ། ཉམས་སུ་མྱོང་བ་ཡོད་དུ་ཟིན་ཀྱང་མི་ཤེས་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཚེ་ཅིའི་ཕྱིར་བྱང་ཆུབ་ཅེ་ན། དེ་ཉིད་རྒྱུན་ཏུ་མཚོན་པ་ལས་སོ། །དེ་ལྟ་ན་ནི་འདི་རྟག་ཏུ་ཐབས་གང་གིས་སྙམ་པ་ལ་དཀྱིལ་འཁོར་འཁོར་ལོ་ཞེས་བྱ་བ་ལ་སོགས་པའོ། །སོགས་པའི་སྒྲས་ནི་དཔའ་བོ་གཅིག་ ཏུ་མོས་པའི་སྦྱོར་བ་ཡང་བསྡུའོ། །གསོལ་ཏེ་ཞེས་པ་ནི་བཟོད་པར་གསོལ་བའོ། །ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་བདག་ཉིད་ཆེན་པོ་གསལ་བར་བྱ་བའི་སྟེང་དུའོ། །སངས་རྒྱས་ཀུན་གྱིས་གང་བས་ན་གྲོང་ཁྱེར་རོ། །ཅི་ཞེས་པ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །འཁྲུལ་བ་ནི་ཐེ་ཚོམ་མོ། ། བྱང་ཆུབ་སེམས་ནི་བདེ་བ་ཆེན་པོ་ཞེས་པ་ལ། བདག་མེད་མའི་དཀྱིལ་འཁོར་ལ་ཟླ་བ་དང་ཉི་མ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་ས་བོན་དང་། དེ་ལས་བྱུང་བའི་ལྷ་མོའི་མཚན་མའི་དབུས་སུ་ས་བོན་ནི་བྱང་ཆུབ་ཀྱི་སེམས་སོ། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ལ་ནི་ཡེ་ཤེས་ལྔ་ཞུ་བའི་བྱང་ཆུབ་ཀྱི་ སེམས་ཏེ། དེ་གཉིས་ཀ་བདེ་བ་ཆེན་པོའོ། །དེ་ཉིད་སྙིང་པོ་སྟེ། དཀྱིལ་ལོ། །ལ་ནི་ལེན་ཅིང་འཛིན་པར་བྱེད་པ་སྟེ། དེའི་རང་བཞིན་གྱིས་སྐུ་བསྐྱེད་པ་ནི་སྙིང་པོ་ལེན་པས་དཀྱིལ་འཁོར་ཞེས་བྱ་བར་དགོངས་སོ། །འདུས་པ་ནི་ལྷ་རྣམས་སོ། །གཞལ་ཡས་ཁང་ཡང་དཀྱིལ་འཁོར་ཏེ་ ཉིད་ཀྱི་དཀྱིལ་འཁོར་རོ། །འཁོར་ལོ་ཞེས་པ་ནི་མཚོན་བྱ་སྟེ། ཚོགས་ཞེས་བྱ་བའི་རྣམ་གྲངས་ཏེ་ཐམས་ཅད་གཅིག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །ནམ་མཁའི་ཁམས་ཞེས་བྱ་བ་ལ་སོགས་པས་མཚན་ཉིད་གསུངས་པ་ཡིན་ཏེ། ནམ་མཁའ་དང་ཆོས་མཐུན་པས་ནམ་མཁའི་ཁམས་ ནི་དེ་བཞིན་ཉིད་དོ། །དེ་ནམ་མཁའ་ཡང་ཡིན་ལ་རྣལ་འབྱོར་པ་རྣམས་རྒྱས་པར་བྱེད་པ་ཡིན་ལ་ཁམས་ཀྱང་ཡིན་པས་ནམ་མཁའི་ཁམས་ཏེ། ཡུལ་ལ་སོགས་པ་སོ་སོར་སྟོང་པ་ཉིད་གང་ཡིན་པ་དེ་རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། ཡུལ་ལ་སོགས་པ་ རྣམ་པར་སྦྱོང་། །ཞེས་གསུངས་ཏེ། ཡུལ་དང་དབང་པོ་ལ་སོགས་པ་སོ་སོར་རྣམ་པར་དག་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །འོ་ན་རྣམ་པར་དག་པ་ལ་དམིགས་པར་བྱེད་པས་ལོངས་སྤྱོད་ཀྱིས་རྒྱས་པར་འགྱུར་བ་ཡིན་ན་དེའི་ལོངས་སྤྱོད་གང་སྙམ་པ་དང་། གསུངས་པ། རྡོ་རྗེ་ཞེས་ བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་མའི་འཁོར་ལོ་དེའི་བདེ་བ་རྟོགས་པར་བྱེད་པས་ལོངས་སྤྱོད་པའོ། །གཞལ་ཡས་ཁང་ནི་འཁོར་ལོ་དེའི་རྟེན་ཉིད་ཀྱིས་འཁོར་ལོའོ། །གསོལ་བ་ཞེས་པ་ཅིའི་ཕྱིར་གསོལ་ཞེ་ན། གཞན་ཡང་སྡོམ་པ་ཞེས་བྱ་བ་ལ་སོགས་པ་བསྟན་པའི་དོན་དུའོ། །སེམས་ གཅིག་ཅེས་པ་ནི་མ་འདྲེས་པའི་སེམས་ཏེ། སེམས་ཙམ་གྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་འདིར་སྲོག་གཅོད་པའོ། །གང་ལས་ཤེ་ན། སེམས་ལས་གཞན་སེམས་ཅན་གྱི་བདག་ཉིད་ཀྱི་ལུས་མི་དམིགས་པར་འདོད་ཅེས་བྱ་བའི་བར་དུའོ། །བརྫུན་གྱི་ཞེས་པ་ནི་སེམས་ཅན་གྱི་འཇིག་ རྟེན་མི་དམིགས་ཞེས་བྱ་བར་དགོངས་སོ། །མ་བྱིན་པ་ནི་གཞན་ལས་ལེན་པ་ཉིད་དོ། །རང་སྣང་མཛེས་ཞེས་པ་ནི་བདག་མེད་མ་ལ་སོགས་པའོ། །དེ་གང་ལས་གཞན་གྱི་བུད་མེད་ཡིན་ཞེ་ན། མཆོག་ཉིད་དོ། །དེ་རྣམས་ཀྱི་རང་བཞིན་ཅི་ལྟ་བུ་ཞེས་པ་ལ། དེ་རྣམས་ནི་ཡུལ་ལ་སོགས་ པའོ། །རང་བཞིན་ཇི་ལྟ་བུ་ནི་དེ་ཁོ་ན་ཉིད་དེ། ཡེ་ཤེས་གང་གིས་རྣམ་པར་དག་པར་འགྱུར་ཞེས་པར་དགོངས་པའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཞེས་པ་ནི་ཆོས་ཀྱི་ཁམས་ཀྱི་བདག་ཉིད་དོ། །གཏི་མུག་རྡོ་རྗེ་ལ་སོགས་ལྡན། །ཞེས་པ་ནི་སྔར་ཇི་སྐད་གསུངས་ པའོ། །དྲུག་པོ་འདི་རྣམས་ཞེས་པ་ནི་མིག་ལ་སོགས་པའོ། །ཡུལ་ཅན་ཞེས་པ་ནི་ཡུལ་ཅན་མིག་ལ་སོགས་པའོ། །འདུ་བྱེད་མཐའ་ཡས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་དབུས་སུ་བྱ་བ་ཉིད་དེ། གཟུགས་ཀྱི་ཕུང་པོ་དང་རྣམ་པར་ཤེས་པའི་ཕུང་པོ་དང་། ཚོར་བ་དང་འདུ་ཤེས་དང་འདུ་ བྱེད་ཀྱི་ཕུང་པོ་ཞེས་སོ། །དེ་སྐད་དུ་ཡང་གསུངས་པ། གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། །གཉིས་པ་ཉེ་བར་སྤྱོད་པ་ཅན། །ཉེ་བར་སྤྱོད་དང་ཡོངས་གཅོད་དང་། །དེ་ཡི་འཇུག་བྱེད་སེམས་ལས་བྱུང་། །ཞེས་སོ། །རང་བཞིན་གདོད་ནས་སྐྱེ་བ་མེད། །ཅེས་པ་ནི་ཡུལ་ལ་སོགས་པའི་ རང་བཞིན་གདོད་ནས་སྐྱེ་བ་མེད་པ་ཉིད་དོ། །དེ་ལྟར་ན་ཡུལ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་ཉིད་ཡུལ་ལ་སོགས་པ་སྟེ། དེ་ཡང་ཇི་ལྟར་སྣང་བ་ལྟར་ཡོད་པ་མ་ཡིན་ཏེ། ཡོད་པ་མ་ཡིན་པས་གདོད་མ་ཉིད་ནས་སྐྱེ་བ་དང་བྲལ་ནས་སྐྱེ་བ་མེད་དོ། །བདེན་མིན་ཞེས་པ་ནི་ཇི་ལྟར་སྣང་ བ་དེ་ལྟ་བ་མ་ཡིན་པས་སོ། །བརྫུན་མིན་ནི་རྣམ་པར་རིག་པ་ཙམ་དུ་ཡོད་པས་སོ། །ཆུ་ཟླ་ལྟ་བུ་ཞེས་པ་ནི་རྣམ་པ་གཞན་དུ་ཡོད་པ་ལ་རྣམ་པ་གཞན་དུ་སྣང་བས་སོ། །ཤེས་པ་ནི་ཡོངས་སུ་ཤེས་པའོ། །འདོད་ན་ཞེས་པ་ནི་ཁྱོད་འདོད་ན་དེ་ལྟར་ཤེས་པར་འགྱུར་རོ་ཞེས་དགོངས་སོ། །གཙུབ་ ཤིང་ནི་སྟེང་གི་ཤིང་བུའོ། །གཙུབ་སྟན་ནི་གཞིའི་ཤིང་བུའོ། །བརྟེན་ནས་ཞེས་པ་ནི་ཚིག་ལྷག་མ་སྟེ་ཕྲད་ནས་ཞེས་བྱ་བའི་དོན་ཏོ། །གློ་བུར་དུ་ཞེས་བྱ་བ་ནི་བྱེད་པ་པོ་དང་ལས་མེད་པར་རོ། །མེད་དོ་ཞེས་པ་ནི་མི་དམིགས་པ་ཞེས་བྱ་བའི་དོན་ཏོ། །བདེན་མིན་ཞེས་པ་ནི་ཇི་ལྟར་སྣང་བ་ ལྟར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་སོ། །བརྫུན་མིན་ཞེས་པ་ནི་དེའི་རྣམ་པ་རྣམ་པར་རིག་པ་ཙམ་དུ་ཡོད་པས་སོ། །གྱིས་ཤིག་ཅེས་པ་ནི་ཡིད་ལ་གཞག་པར་བྱའོ་ཞེས་བྱའོ། །རྗེས་སུ་ཆགས་པར་བྱ་བ་ནས་ཞེས་པ་ནི་ཡོངས་སུ་མཉེས་པར་བྱས་ནས་སོ། །དགྱེས་ཞེས་ པ་ནི་དགྱེས་པར་གྱུར་པའོ། །གང་ཉམས་སུ་བླངས་ན་རྡོ་རྗེ་སེམས་དཔར་བྱིན་གྱིས་རློབ་པ་ནི་བྱིན་གྱིས་བརླབ་པའོ། །དེ་བསྟན་པ་ནི་གསལ་བར་མཛད་པའོ། །མཆོད་པ་ཉིད་ནི་རྡོ་རྗེ་སྟེ། བསྟན་པ་ཉིད་ཀྱི་ཕྱིར་ཏེ་དེའི་མཐུས་སོ། །འདོད་པས་ཞེས་བྱ་བ་ནི་གུས་པས་སོ། །བྱང་ཆུབ་ སེམས་དཔའ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུ་ལ་སོགས་པར་སྣང་བའམ། སོ་སོར་སྣང་བ་མེད་པའི་སེམས་ཀྱིས་སོ། །དེ་ཉིད་གསུངས་པ། གཉིས་མེད་ཡེ་ཤེས་སེམས་ཀྱིས་ཞེས་པ་ལ། གཉིས་སུ་མེད་པའི་ཡེ་ཤེས་ནི་སྣང་བ་མེད་པའོ། །སེམས་ནི་རྣམ་པར་རྟོག་པས་སོ། །མ་དག་པ་ཞེས་ པ་ནི་ལྷའི་རྣམ་པས་མ་སྦྱངས་པས་སོ། །གྲངས་ནི་དྲུག་ཏུ་ངེས་པར་མཛད་པ་གང་ཡིན་པ་དེ་དག་ལ་འདི་སྐད་ཅེས་བྱའོ། །དེས་ན་འདི་དག་གི་དག་པ་གསུངས་ཤིག་ཅེས་བྱ་བར་དགོངས་སོ། །གལ་ཏེ་དབང་པོ་རྣམས་ཉིད་གང་ལས་དག་པར་བལྟ་སྙམ་པ་ལ་གསུངས་པ། ཡུལ་ཀུན་གྱི་ནི་ རྣམ་དག་པ། །ཞེས་བྱ་བ་ལ་སོགས་པ་སྟེ། ཡུལ་ཐམས་ཅད་ཅེས་པ་ནི་ཤེས་བྱའི་ཡུལ་ཐམས་ཅད་ལྷར་དག་པ་གོང་ཉིད་དུ་གསུངས་པས་སོ། །དེ་བས་འདིར་བཤད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའི་དོན་ཏོ། །མིག་ལ་སོགས་པ་དག་པའི་རང་བཞིན་བརྟེན་པའི་ངོ་བོ་གཏི་མུག་རྡོ་རྗེ་ ལ་སོགས་པའོ། །དེས་ན་འདི་རྣམས་ཀྱིས་རྣམ་པར་བསྒྱུར་བ་ནི་གསུམ་དུ་དབྱེ་བ་སྟེ། དང་པོ་དང་དྲུག་པ་དང་བདུན་པའོ། །དགོངས་པ་ནི་མངོན་པར་དགོངས་པའོ། །ཟུར་ཙམ་གྱིས་སྨྲ་བ་ནི་གསུངས་ཏེ། དགོངས་པ་གཙོ་བོར་གསུངས་ཀྱི་ཡི་གེ་གཙོ་བོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། དམ་ཚིག་ཆེ་ཞེས་བྱ་བ་ནི་གསང་བའི་བརྡའོ། །མི་འཕྲིགས་པ་ཞེས་པ་ནི་མཚོན་མི་ནུས་པའོ། །འདིས་ནི་གསང་བ་གསུངས་སོ། །ཤིན་ཏུ་གསང་བ་ཉིད་དུ་གསུངས་པ། དགོད་དང་ཞེས་བྱ་བ་ལ་སོགས་པའོ། །བཞིས་ཞེས་པ་ནི་བྱ་བ་དང་སྤྱོད་པ་དང་། རྣལ་འབྱོར་དང་རྣལ་འབྱོར་བླ་མའི་རྒྱུད་ རྣམས་ཀྱིས་གང་དགོད་པ་དང་། བལྟ་བ་དང་འཁྱུད་པ་དང་གཉིས་སྦྱོར་བ་ཡང་མཚོན་ཏེ། དེ་ལྟར་ན་བྱ་བའི་རྒྱུད་ལ་སོགས་པ་གང་དུ་ཐབས་དང་ཤེས་རབ་ཀྱི་ལྷ་རྣམས་རྗེས་སུ་ཆགས་པ་སྟོན་པའི་འཛུམ་པ་དང་ཁ་ཅིག་ཏུ་དེའི་རྗེས་ལ་བལྟ་བ་དང་། ཁ་ཅིག་ཏུ་འཁྱུད་པ་དང་ཁ་ཅིག་ཏུ་གཉིས་ ཀྱིས་གཉིས་སོ། །དེ་ལྟ་བུར་གྱུར་པའི་བྱ་བ་ལ་སོགས་པའི་རྒྱུད་དུ་ཡང་བརྡ་འདི་མ་གྲགས་སོ། །རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་འབའ་ཞིག་ལས་བརྡ་འདི་སྟོན་ཏོ། །དེ་བས་ན་མཆོག་ཏུ་གསང་བར་དགོངས་སོ། །རྩེ་གཅིག་སེམས་ནི་སེམས་གཅིག་ཏུ་དམིགས་ པར་བྱེད་པ་ཉིད་དོ། །རིགས་ལྔ་ཞེས་པ་ནི་བརྡ་བརྗོད་པའོ། །རིགས་ཀྱི་དབྱེ་བ་ཞེས་པ་ནི་རིགས་མིང་ལྔ་པར་བྱས་ནས་སོ། །འདིར་ས་བོན་གྱི་དོན་ནི་རིགས་ཀྱི་དོན་ཏོ། །སངས་རྒྱས་ཀྱི་རིགས་དང་ལྡན་པ་སྟེ། དགོངས་པའི་གསུང་ཉིད་ཀྱིས་རིགས་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །རིགས་ ཉིད་རིགས་ལྡན་མ་སྟེ། རྡོ་རྗེ་ལ་སོགས་པའི་རིགས་དང་ལྡན་པའོ། །ཅིའི་ཕྱིར་འདི་དག་རིགས་ཡིན་ཞེ་ན། རིགས་ནི་གང་གི་ཕྱིར་མཆོག་གི་དངོས་གྲུབ་སྟེར་བས་སོ། །ཅི་ལྟར་ཞེ་ན་གསུངས་པ། འདི་རྣམས་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་ལྔའོ། །མཆོད་ ནས་ཞེས་པ་ནི་དེ་ལྟ་བུ་རྣམས་ལའོ། །དེ་བསྟན་པར་བྱ་བའི་ཕྱིར་གསུངས་པ། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པའོ། །འཚེ་བ་ཞེས་པ་ནི་ཉམས་པར་བྱེད་པའོ། །གལ་ཏེ་སངས་རྒྱས་ཀྱང་ངོ་། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་དགོངས་པའི་སྐད་དེ་གསལ་བར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། ། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ལས་རྟོག་པ་གཉིས་པའི་ལེའུ་གསུམ་པའི་བཤད་པའོ།། །།དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་ནི་དེ་ཐོག་མར་འགྲོ་བའོ། །ཐེ་ཚོམ་ཞེས་པ་ནི་ཐ་མལ་བའི་གླུ་དང་གར་དག་མི་དགེ་བ་ཉིད་ཀྱིས་ཐེ་ཚོམ་སྐྱེས་པའོ། །ལྷ་དབང་བསྐུར་བ་ཞེས་ པ་ནི་གང་ལྷ་དབང་བསྐུར་བའི་ལེའུ་ལས་དབང་བསྐུར་བས་སྤྱི་བོར་རིགས་ཀྱི་བདག་པོར་གྱུར་ཏེ་ཞེས་གསུངས་སོ། །ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱ་རྣམས་སོ། །གང་གསུངས་པ་ཞེས་པ་བྱ་བ་ནི་ཨ་ནས་ཨཾ་གི་མཐར་ཐུག་པའོ། །ཀོལླ་ཨི་རི་ནི་གནས་ཀྱི་ཁྱད་པར་རོ། །མུ་མུ་ཎི་ནི་ཞིང་གི་ཁྱད་པར་ རོ། །འདིས་ནི་རིང་པོ་ན་གནས་པ་ཡང་དེའི་སྐད་ཅིག་ལ་འདུ་བར་བྱེད་པར་གསུངས་སོ། །རྟག་ཏུ་ཞེས་པ་ནི་རྒྱུན་ཏུ་བྱེད་པའོ། །ཅང་ཏེའུ་ཞེས་པ་ནི་ཅང་ཏེའུ་ཉིད་དེ་རྔེའུ་ཆུང་ངོ་། །ཀྱེ་ནི་བོད་པའོ། །སྙིང་རྗེ་ནི་སྙིང་རྗེས་སོ། །རོལ་པ་ནི་ཀུ་ཅོ་སྟེ་ཅ་ཅོའོ། །མི་བྱའོ་ཞེས་བྱ་བ་མ་ཡིན་ནོ་ཞེས་ བྱ་བའི་དོན་ཏོ། །ཆང་ནི་ཆང་ཉིད་དོ། །ས་ལི་ཛ་ནི་ས་ལི་ལས་སྐྱེས་པའོ། །བཀང་བ་ནི་མང་པོའོ། །ཡན་ལག་ཅེས་པ་ནི་ཡན་ལག་རྣམས་སུའོ། །བརྒྱན་པ་ནི་གདགས་པའོ། །དེར་ཞེས་པ་ནི་དེར་ཡང་ངོ་། །ཤྲ་བ་ཞེས་པ་ནི་རོའོ། །པ་ནི་ཨ་ཨི་ཞེས་པ་ནི་བཞུགས་པར་བྱའོ། །འདིར་ ཚིག་རྐང་བཞི་པའི་ཚིགས་སུ་བཅད་པ་བཞི་ལས་ཚིག་རྐང་གཉིས་གཉིས་ཞིང་དུམ་དུམ་ཁྲིགས་སུ་སྦྱར་རོ། །ཚིགས་བཅད་བཞི་ཆར་གྱི་མཐར་ཚིག་རྐང་ཐ་མ་ལ་མ་ལ་ཡང་ཛཾ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་འདུ་བ་སྦྱར་བར་བྱའོ། །གར་ཞེས་བྱ་བ་ལ་སོགས་པ་ལ་ཧེ་རུ་ཀའི་གཟུགས་ ཀྱིས་ཞེས་བྱ་བ་ནི་བདག་ཉིད་གང་དྲན་པ་བརྟན་ཞིང་མ་བརྗེད་པ་དེའི་སྦྱོར་བས་དེ་དང་ལྡན་པར་བྱའོ། །དྲན་པ་རྒྱུན་ཏུ་འཇུག་པ་དེ་ཉིད་ནི་བསྒོམ་པའོ། །དེ་ལ་ཆགས་པའི་སེམས་ནི་རྒྱུན་དུ་སྦྱོར་བ་སྟེ། མངོན་པར་དགའ་བས་བར་མེད་པར་བསྒོམ་པ་ནི་རྒྱུན་དུ་སྦྱོར་བའོ། །རྡོ་རྗེ་ཆོས་ཞེས་པ་ནི་པདྨ་གར་ གྱི་དབང་ཕྱུག་གི་གཟུགས་ཀྱིས་སོ། །སངས་རྒྱས་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་གཟུགས་ཏེ་དེ་གསུམ་ཉིད་ཀྱིས་སོ། །མ་མོ་རྣམས་ཀྱི་ཞེས་པ་ནི་བཅོམ་ལྡན་འདས་མ་བདག་མེད་མ་ལ་སོགས་པ་གཟུགས་ཀྱིས་ཀྱང་ཞེས་པའི་དོན་ཏོ། །ངེས་པར་ཞེས་བྱ་བ་ནི་ཤིན་ཏུ་ཞེས་པའི་དོན་ཏོ། །ཡང་ན་ འདི་དག་ཉིད་ཁོ་ན་སྟེ། ཐ་མལ་པའི་གླུ་དང་གར་མ་ཡིན་པའོ། །དབང་དུ་བྱེད་ཅེས་པ་ནི་དབང་དུ་བྱའོ། །འདིས་ཞེས་པ་ནི་འདི་ཉིད་ཀྱིས་སོ། །བསྣམ་པ་ཞེས་པ་ནི་དྲིའོ། །མ་ལ་ཡ་ཛཾ་ནི་ཙནྡན་ནོ། །གླུའི་བྱིན་རླབས་ནི་རྣལ་འབྱོར་པ་ལ་རྣལ་འབྱོར་མ་རྣམས་ཀྱིས་སོ། །དེའི་མཚན་མ་ནི་རྟགས་ སོ། །རྟགས་གཞན་ཡང་གསུངས་པ། ངང་པའི་སྒྲ་ཞེས་བྱ་བ་ལ་སོགས་པའོ། །ཕྱི་རོལ་ཚལ་དུ་ཡང་ཞེས་པ་ནི་ཡང་གི་སྒྲས་ནམ་མཁའ་ལ་ཡང་ངོ་། །འདི་དག་ནི་དང་པོའི་ཞུས་པ་དང་ཞུས་པའི་ལན་ནོ། །ཞུས་ཚིག་གཉིས་པའི་ལན་གསུངས་པ། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པའོ། ། ཕྱག་རྒྱ་དང་རྟགས་དང་མཚོན་པར་བྱེད་ཅེས་པ་ནི་རྣམ་གྲངས་སོ། །གང་གི་རྟགས་ཤེ་ན། གསུངས་པ། རྟགས་ནི་རིགས་ཀྱི་མཚན་མའོ། །རིགས་འཆོལ་བ་ནི་རིགས་གཞན་གྱི་ཕྱག་རྒྱས་བཏབ་པའོ། །རྣལ་འབྱོར་པ་དེ་སྒོམ་ན་དངོས་གྲུབ་མེད་ཅིང་ལྷག་པར་སྒྲུབ་པ་པོ་ཡང་མ་ཡིན་ ཏེ་སྦྱོར་བ་འཁྲུལ་པས་ནའོ། །དེ་བས་ན་ཕྱག་རྒྱ་ངེས་པ་ལ་འབད་པར་བྱ་ཞེས་བྱ་བར་དགོངས་སོ། །བདག་མེད་མ་ཞེས་བྱ་བ་ལ་སོགས་པའོ། །འདིར་ཞེ་སྡང་དང་གཏི་མུག་དང་སེར་སྣ་དང་། འདོད་ཆགས་དང་། ཕྲག་དོག་རྣམས་ནི་གོ་རིམས་བཞིན་དུ་མི་ བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་སོ། །འདོད་པས་ཞེས་པ་ནི་དད་པས་སམ་འདོད་པ་ཙམ་གྱིས་ཏེ། གསལ་བར་བསྟན་པའི་ཕྱིར་རོ། །དྲི་ཚིག་གསུམ་པའི་ལན་གསུངས་པ་ཨཱ་ལི་ཞེས་བྱ་བ་ལ་སོགས་ པའོ། །ཨཱ་ལི་དང་པོ་ནི་ཨའོ། །བདག་མེད་མ་ཞེས་པ་ནི་བདག་མེད་མའི་ས་བོན་ནོ། །ལྔ་གཉིས་ནི་བཅུའོ། །དྲི་ཚིག་བཞི་པའི་ལན་གསུངས་པ། རིགས་ཀྱི་ལེའུ་ཞེས་བྱ་བ་ལ་སོགས་པ་ལ། བཅུ་དྲུག་པ་གཉིས་ཞེས་པ་ནི་སུམ་ཅུ་རྩ་གཉིས་སོ། །རྩ་ནི་གཉིས་གཉིས་ཞེས་པ་ནི་རྩ་ གཉིས་གཉིས་ལའོ། །རེ་རེ་ཞེས་པ་ནི་རྣལ་འབྱོར་མའི་གོ་རིམས་ཇི་ལྟ་བར་རོ། །ལ་ལ་ནཱ་ཞེས་བྱ་བ་ལ་སོགས་པ་རྩ་གསུམ་ནི་བདག་མེད་རྣལ་འབྱོར་མ་གཅིག་ལའོ། །འོ་ན་རྩ་སུམ་ཅུ་རྩ་གཉིས་པོ་དེའི་ཕྱེད་ཀྱི་ཆ་བཅུ་དྲུག་པ་ཨཱ་ལི་ཡིན་ན་དེ་ཅིའི་ཕྱིར་ཆ་བཅུ་དྲུག་པ་ལ་ཡང་སྙམ་པ་ལ། དེ་བས་ན་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །ཐམས་ཅད་ཀྱི་ལྷག་མ་ནི་ཐམས་ཅད་ཀྱི་ཐ་མ་སྟེ། ཨཿཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་སྙམ་པ་ལ་གསུངས་པ་བཅུ་དྲུག་ཅེས་བྱ་བ་ལ་སོགས་པའོ། །མི་བྱེད་ཅེས་པ་ནི་བྱ་བ་མི་བྱེད་པའོ། །དེ་ལྟར་ཚེས་གྲངས་ཀྱི་རིམ་ པས་ཟླ་སྟོད་ཀྱི་བཅོ་ལྔའི་ཆ་ལ་ཟླ་བ་ཤར་བས་འཇིག་རྟེན་སྣང་བར་བྱེད་དོ། །དེ་ལས་ཅིར་འགྱུར་སྙམ་པ་ལ། གསུངས་པ། བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པའོ། །ཆ་རྣམས་ནི་ཆའོ། །འདིར་ཇི་ལྟར་དང་པོའི་རྣལ་འབྱོར་མ་རྩ་གསུམ་ཡིན་པ་དེ་ལྟར་ཐ་མའི་ཡང་ཞེས་ཤུགས་ ཀྱིས་བསྟན་པར་འགྱུར་རོ། །རྣམ་པ་གཞན་དུ་ནི་རྣལ་འབྱོར་མ་རྣམས་ཀྱིས་རྩ་གཉིས་གཉིས་མ་བསྡུས་པར་འགྱུར་རོ། །ག་པུར་ཞེས་བྱ་བ་ལ་སོགས་པ་ནི་འདི་སྔར་མ་ཞུས་པའོ། །ཅི་ཞེས་བྱ་བའི་སྒྲས་ནི་འདི་སྔར་མ་ཞུས་པའོ། །མི་ཟད་པ་ནི་རྟག་པའོ། །རྒྱ་ཆེན་ནི་ཁྱབ་པའོ། ། མཁའ་འགྲོ་ཞེས་པ་ནི་སྟོང་པ་ཉིད་དུ་རོ་གཅིག་པའོ། །ཇི་སྐད་སྨྲས་པ་ཞེས་པ་ནི་མི་སྤང་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་འཁོར་སོགས་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་དཔའ་བོ་གཅིག་པའི་སྦྱོར་བ་ཡང་ངོ་། །བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་རྫོགས་པའི་རིམ་པ་སྟེ། ལེའུ་བརྒྱད་ པ་ལས་གསུངས་པའོ། །གང་དུ་བསྐྱེད་པར་བྱ་སྙམ་པ་ལ་གསུངས་པ། བུད་མེད་ཅེས་བྱ་བ་ལ་སོགས་པའོ། །དེ་ལྟར་དེ་བདེ་བ་ཅན་ཡིན་སྙམ་པ་ལ། གསུངས་པ། བདེ་བ་ཞེས་བྱ་བ་ལ་སོགས་པའོ། །སུ་ཁུ་བ་ཏི་ནི་བདེ་བ་ཅན་ཏེ། ཨེ་བཾ་ནི་སྲུང་བ་དང་། འགྲོ་བ་དང་དགའ་བ་དང་ཚིམ་པ་ དང་རྟོགས་པ་ལ་སོགས་པའོ། །ཇི་ལྟར་རྡོ་རྗེ་འཛིན་པའི་གནས་ཤེ་ན། བདེ་བ་ཆེན་པོ་ཉིད་ཀྱིས་ནི་རྡོ་རྗེ་འཛིན་པའིའོ། །ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེ་ན། དེས་དེ་རྣམས་བསྡུས་པས་སོ། །དེའི་བདེ་བ་ཉིད་འཁོར་བ་ཉིད་ཡིན་པས་བདག་ཅག་མྱ་ངན་ལས་འདས་པ་དོན་ དུ་གཉེར་བ་རྣམས་ལ་དགོས་པ་མེད་དོ་ཞེ་ན། གསུངས་པ། འདི་ཉིད་ཅེས་བྱ་བ་ལ་སོགས་པའོ། །འདིར་འཁོར་བ་དང་དེའི་ལམ་ནི་འཁོར་བ་ཞེས་གསུངས་ལ། མྱ་ངན་ལས་འདས་པ་དང་དེའི་ལམ་དུ་ནི་མྱ་ངན་འདས་པར་གསུངས་སོ། །རྟོགས་པར་བྱ་ཞེས་པ་ནི་ཤེས་པར་བྱའོ། །གཏན་ ཚིགས་གསུངས་པ། འཁོར་བ་ཞེས་བྱ་བ་ལ་སོགས་པས་སོ། །འདི་རྣམས་ཞེས་པ་ནི་གཟུགས་དང་ཚོར་བ་དང་མིག་དང་། ཞེ་སྡང་ལ་སོགས་པའོ། །མྱ་ངན་འདས་ཞེས་པ་ནི་དོན་དམ་ཉིད་དེ། ཆོས་ཐམས་ཅད་གཉིས་སུ་མེད་པ་གསལ་བ་ཙམ་ཉིད་ཀྱི་ཕྱིར་རོ། །གཉིས་སུ་སྣང་ བ་འཁྲུལ་ཞིང་གློ་བུར་བ་ཉིད་ཀྱིས་དེའི་སྣང་བ་རྣམས་རང་བཞིན་མེད་པ་ཉིད་དོ། །དེའི་ཚེ་དེ་ཉིད་ཇི་ལྟར་འཁོར་སྙམ་པ་ལ་གསུངས་པ། གཏི་མུག་ཅེས་བྱ་བ་ལ་སོགས་པའོ། །གཏི་མུག་ནི་མི་ཤེས་པ་སྟེ། གཉིས་སུ་འཁྲུལ་ཞེས་བྱ་བའི་དོན་ཏོ། །གཏི་མུག་མེད་པ་ཞེས་པ་ནི་མ་འཁྲུལ་ བའོ། །འཁོར་བ་ཞེས་པ་ནི་འཁོར་བ་ལས་སོ། །མྱ་ངན་ལས་འདས་པ་ནི་མྱ་ངན་ལས་འདས་པ་དང་འདྲ་བར་འགྱུར་རོ། །ཇི་ལྟར་སྙམ་པ་ལ་གསུངས་པ། མྱ་ངན་ལས་འདས་པའི་བྱང་ཆུབ་སེམས་ཏེ། དོན་དམ་ཀུན་རྫོབ་རང་བཞིན་ཅན། །ཞེས་སོ། །གང་གི་ཕྱིར་རྟོག་པ་མེད་པ་ སྟེ། མྱ་ངན་ལས་འདས་པ་ནི་ཆོས་ཀྱི་སྐུ་ལྟ་བུའོ། །ཀུན་རྫོབ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལྟ་བུ་སྟེ། འདི་དག་གིས་ནི་ག་པུར་མི་སྤང་ཞེས་བྱ་བ་བསྟན་ཟིན་ཏོ། །དེའི་མི་སྤང་བ་སུའི་ཇི་ལྟ་བུ་ཞེ་ན། གསུངས་པ། བཞིན་མཛེས་ཞེས་བྱ་བ་ལ་སོགས་པའོ། །ཕྱག་ རྒྱ་ཞེས་པ་ནི་ཐ་མལ་པ་ཉིད་དོ། །སྤེལ་ཞེས་པ་ནི་བསྐྱོད་པའོ། །བདག་མེད་པའི་གཟུགས་ཞེས་པ་ནི་བདག་མེད་མའི་རང་བཞིན་ནོ། །དེའི་ཞེས་པ་ནི་བདག་མེད་མའོ། །བདེ་བ་ཞེས་པ་ནི་རྡོ་རྗེའི་བདེ་བ་སྟེ། ཧེ་རུ་ཀའི་རང་བཞིན་ཧཱུྃ་གི་རྣམ་པའོ། །ཨ་ནི་ལྟེ་བའི་དཀྱིལ་འཁོར་དུ་སྟེ་བདག་ མེད་མའོ། །བློ་ནི་ཤེས་རབ་སྟེ་ཤེས་རབ་ཀྱི་ཕུལ་དུ་བྱུང་བའི་ཤེས་པའོ། །སྦྱོར་བ་ཉིད་ཅེས་པ་ནི་སྦྱོར་བས་སོ། །དེ་ནི་རིང་མིན་ཞེས་བྱ་བ་ལ་སོགས་པ་ནི་འདི་སྣང་བ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་ཏེ། ཨ་དེ་ཡང་སྐྱེ་བ་མེད་པའི་དོན་དུ་དགོངས་སོ། །དེ་དང་ཞེས་པ་ནི་གང་ གི་ཕྱིར་དེ་ཉིད་ཐམས་ཅད་རིག་པའོ། །ཕྱག་རྒྱ་ཆེན་པོ་ཞེས་པ་ནི་དེ་ལྟ་བུ་ཉིད་དོ། །ཤེས་རབ་དེ་ཉིད་ཀྱིས་ཞེས་པ་ནི་དེ་ཉིད་ཀྱིས་སོ། །དེ་ཉིད་དཀྱིལ་འཁོར་འཁོར་ལོ་སྟེ། དེ་ཉིད་བདེ་བ་ཆེན་པོའི་རང་བཞིན་ཉིད་དོ། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ཞེས་ བྱ་བ་ནི་འདིར་བསྟན་པའོ། །དེ་ཉིད་ཀྱི་བཤད་པ་མེ་ལོང་ཞེས་བྱ་བ་ལ་སོགས་པའོ། །ང་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའོ། །རྣལ་འབྱོར་མ་ཞེས་པ་ནི་རྣལ་འབྱོར་མ་རྣམས་སོ། །འདིའི་དེ་ཁོ་ན་ཉིད་གང་ཡིན་སྙམ་པ་ལ། གསུངས་པ། ཆོས་ཀྱི་དབྱིངས་ཞེས་བྱ་བ་ ལ་སོགས་པ་སྟེ། འདི་ནི་དྲི་ཚིག་ལྔ་པའི་ལན་ནོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ་ཅི་གསོལ་ཞེ་ན། དྲི་ཚིག་དྲུག་པ། འཁོར་ལོ་ཞེས་བྱ་བ་ལ་སོགས་པའོ། །འདིའི་དོན་བསྐྱེད་པའི་རིམ་པ་སྟེ། འཁོར་ལོ་ནི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རོ། །བསྒོམ་པའི་ལམ་ནི་བསྐྱེད་ པའི་རིམ་པའི་གོ་རིམས་སོམོ། །ལྷ་རྣམས་བདེ་བ་འབྱུང་བ་ཞེས་བྱ་བ་ནི་ཅི་ལྟར་དེ་ལ་ལྷ་རྣམས་ཀྱི་བདེ་བ་བསྐྱེད་པའོ། །འདིའི་དོན་རྫོགས་པའི་རིམ་པ་ལ་འཁོར་ལོ་ནི་སྤྲོས་པ་མེད་པའི་བདེ་བའོ། །བསྒོམ་པ་ནི་བསྐྱེད་པའོ། །ལམ་ནི་རྡོ་རྗེ་དང་པདྨ་སྦྱོར་བའོ། །ལྷ་རྣམས་བདེ་བ་འབྱུང་ བ་ནི་ཟླ་བ་ཞུ་བ་སྟེ། འདི་ཐམས་ཅད་ལེའུ་བརྒྱད་པ་ལས་རྒྱས་པར་གསུངས་སོ། །སྔར་མ་གསུངས་པ། སྡོམ་པ་ཞེས་པ་ཇི་ལྟར་ལགས། །ཞེས་པ་ཚིག་ལྷག་མའོ། །འདིས་ནི་དྲི་བའོ། །བཤད་དུ་གསོལ་ཞེས་པ་ནི་གསོལ་བ་བཏབ་པའོ། །བཀའ་སྩལ་པ་ཞེས་པ་ཅི་བཀའ་སྩལ་ཞེ་ན། རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་སྟེ་ལན་ནོ། །ལུས་དབུས་ཞེས་པ་ནི་ལྟེ་བའོ། །ཨ་ནི་དབྱངས་ཡིག་དང་པོའོ། །གནས་པ་ནི་རྟག་ཏུ་གནས་པའོ། །རྣལ་འབྱོར་མ་ཞེས་པ་ནི་བདག་མེད་མ་སྟེ་སྡོམ་པ་ཞེས་པར་སྦྱོར་རོ། །སྡོམ་པའི་སྒྲའི་དོན་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་ པ་སྟེ། ཇི་ལྟར་ཕྱི་རོལ་དེ་བཞིན་དུ་ནང་དུ་ཡང་བལྟ་བར་བྱ་སྟེ། དེ་ལས་དམན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་ཡང་དག་པར་བསྡམས་པའི་ཕྱིར་དང་། མཆོག་ཡང་དག་པར་བསྡུས་པ་ཉིད་ཀྱིས་སྡོམ་པ་ཞེས་བྱ་བར་དགོངས་སོ། །དེས་ནི་འདིར་ཇི་ལྟར་བདག་མེད་མའི་སྐུ་དེ་ བཞིན་དུ་ལྟེ་བ་ན་ཨ་གནས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །རྡོ་རྗེ་བདེ་བ་ཞེས་པ་ནི་ལྟེ་བའི་ཨ་རྡོ་རྗེའི་རྩེ་མོར་སོང་བ་སྟེ། དེ་ཡང་སྙིང་ག་ནས་ཧཱུྃ་ཨའི་སྟེང་དུ་སོང་བའི་རིམ་གྱིས་ཧཱུྃ་ནི་རྡོ་རྗེའི་བདེ་བའོ། །དེ་ནི་ཕྱག་རྒྱ་ཆེན་པོ་སྟེ། རྣལ་འབྱོར་མ་དང་ཧེ་རུ་ཀའི་སྐུ་བསྡུས་པ་ཞེས་བྱ་ བའི་དོན་ཏོ། །དེ་ཉིད་རྡོ་རྗེ་སྐྱེ་མཆེད་དེ་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ཐབས་སོ། །གསང་བ་ནི་ཨ་དང་ཧཱུྃ་དག་གིས་སྙོམས་པར་འཇུག་པའོ། །ཕྱི་རོལ་གཉིས་སྤྲོས་པ་ནི་བདག་མེད་མ་དང་ཧེ་རུ་ཀའི་ལུས་དེ་དག་གི་སྟེ། རབ་ཏུ་དགའ་བའོ། །ངེས་པར་སྟོན་ཅིང་ཞེས་པ་ནི་ངེས་ པར་བཅུག་སྟེ་བསྟན་ཞེས་བྱ་བའི་དོན་ཏོ། །སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་རྣམས་ཀྱི་སོ་སོར་སྤྲུལ་པའི་སྐུ་མཐའ་ཡས་པ་དང་ཆོས་ཀྱི་སྐུ་མཐའ་ཡས་པ་དང་ལོངས་སྤྱོད་རྫོགས་པའི་སྐུ་མཐའ་ཡས་པས་སྐུ་གསུམ་མོ། །དེ་ལུས་ཀྱི་ནང་དུ་བཤད་ཅིང་བསྟན་ཏོ། ། སྡོམ་པ་དེ་ཅི་ལྟར་ཞེ་ན་འཁོར་ལོའི་གཟུགས་ཀྱིས་ཏེ། སྤྲུལ་པ་ལ་སོགས་པའི་འཁོར་ལོ་གསུམ་གྱི་གཟུགས་ཀྱི་འདབ་མ་དྲུག་ཅུ་རྩ་བཞི་དང་། འདབ་མ་བརྒྱད་དང་། འདབ་མ་བཅུ་དྲུག་གི་རྣམ་པས་སོ། །སྐུ་གསུམ་པོ་དེ་ཉིད་ཡོངས་སུ་ཤེས་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ དགའ་བ་བཞི་པ་དེ་ཉིད་མཐའ་ཡས་པ་ནི་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་བདེ་བ་ཆེན་པོའི་འཁོར་ལོ་བདེ་བ་ཆེན་པོའི་རང་བཞིན་གྱིས་སྡོམ་པས་པདྨ་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་རྣམ་པས་བསྟན་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་རྣམས་ཀྱི་མིང་གསུངས་པ། ཆོས་ཞེས་བྱ་བ་ལ་སོགས་པའོ། །གནས་གསུངས་པ། སྐྱེ་གནས་ཞེས་བྱ་བ་ལ་སོགས་པའོ། །སྐྱེ་གནས་ནི་སྐྱེ་གནས་ཏེ་བུད་མེད་དང་སྐྱེས་པ་དག་གི་ལྟེ་བའི་འོག་གོ། །སྐུ་གསུམ་ཞེས་པ་ནི་བཞི་པ་དང་བཅས་པ་ཞེས་པ་ཚིག་ལྷག་མའོ། །གནས་ལ་འབྲེལ་བའི་རིགས་པ་ བསྟན་པའི་ཕྱིར་གསུངས་པ། མ་ལུས་པ་ཞེས་བྱ་བ་ལ་སོགས་པའོ། །གང་དུ་ཞེས་པ་ནི་སྐྱེ་གནས་སུའོ། །རབ་བརྗོད་ཅེས་པ་ནི་གྲགས་པར་ཟད་དོ། །དེ་རུ་ཡིན་ཞེས་པ་ནི་སྤྲུལ་པ་སྒྲུབ་པས་ཉེ་བར་གྱུར་པའོ། །གཞན་ཡང་གང་གི་ཕྱིར་སྤྲུལ་པ་བསྟན་པར་གནས་ཞེས་པ་ནི་ སངས་རྒྱས་རྡོ་རྗེ་འཛིན་པ་ཉིད་ནི་སྐུ་ལ་སོགས་པའི་སྤྲུལ་པ་སེམས་ཅན་གྱི་དོན་ཇི་སྲིད་མཛད་པར་འོས་པ་དེ་སྲིད་བརྟན་པར་གནས་པ་དེས་ན་བརྟན་པའོ། །འདིས་ཀྱང་སྐྱེ་གནས་ཉིད་བརྟན་པས་དེ་དང་འདྲ་བས་གནས་སོ། །སྐྱེ་གནས་ཇི་ལྟར་བརྟན་པར་གནས་པ་ཡིན་ཞེ་ན། ཟུར་ གསུམ་པ་ཉིད་ཀྱིས་དང་ཆོས་མཐུན་པས་སོ། །འོ་ན་གལ་ཏེ་སྤྲུལ་བའི་སྐུ་བསྐྱེད་པའི་བྱེད་པ་པོ་དང་། སྐྱེ་གནས་ནི་གནས་ཡིན་པས་དེ་དག་མཐུན་པ་མ་ཡིན་ཏེ། འདི་དག་བསྐྱེད་པའི་ཆོས་མཐུན་པ་མེད་དོ་ཞེ་ན་གསུངས་པ་སྐྱེད་ཅིག་ཅེས་བྱ་བ་ལ་སོགས་པའོ། །སྤྲུལ་པ་ཞེས་བྱ་ བ་ནི་སྤྲུལ་པར་བྱེད་པའོ། །འདིའི་དོན་སྐྱེད་པར་བྱེད་པ་སྟེ། ལས་ཉིད་བྱེད་པ་པོར་སྦྱོར་བས་སོ། །སྤྲུལ་པའི་སྐུས་སངས་རྒྱས་སུ་བསྐྱེད་དོ། །སེམས་ཅན་ནི་སྐྱེ་གནས་ཀྱིས་བསྐྱེད་དོ། །གང་ཡང་གནས་ནི་བྱེད་པ་ཡང་ཡིན་ཏེ། དཔེར་ན་སྣོད་དུ་བཙོས་པ་ནི་སྣོད་ཀྱིས་ཞེས་བྱ་ བ་བཞིན་ནོ། །འདི་དག་ནི་སྐྱེད་པར་བྱེད་པ་མཚུངས་པར་འགྱུར་རོ། །ཆོས་ཞེས་པ་ནི་སེམས་ཏེ་ཆོས་ཐམས་ཅད་དུ་ཡང་དག་པར་ཡོངས་སུ་གཅོད་པའོ། །སེམས་ཀྱི་རང་བཞིན་ཞེས་པ་ནི་སེམས་ལས་ཐ་མི་དད་པས་སོ། །ཆོས་ཀྱི་སྐུ་ཞེས་པ་ནི་ཆོས་ཀྱི་སྐུའི་གནས་ཏེ་སེམས་ཀྱི་གནས་ ཡིན་པའི་ཕྱིར་རོ། །རོ་རྣམ་དྲུག་ཅེས་པ་ནི་རོ་རྣམས་ཀྱིའོ། །མགྲིན་པའི་སྒྲས་སྔ་མ་དང་སྦྱར་བར་བྱ་ཞིང་། ལོངས་སྤྱོད་པའི་འཁོར་ལོ་ཞེས་པ་ཡང་མགྲིན་པ་ཞེས་པ་དང་འབྲེལ་ཏོ། །ཡང་ཅིའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཞེ་ན། གསང་བའི་ཆོས་བརྗོད་པའི་ཕྱིར་རོ། །བདེ་ཆེན་ཞེས་ པ་སྐུ་བཞི་པའོ། །མགོ་བོར་གནས་ཞེས་པ་ནི་མགོ་བོ་དེ་ཉིད་དེ། ཟླ་བའི་གནས་ཡིན་པ་ཉིད་དང་ཡན་ལག་གི་མཆོག་ཉིད་ཀྱིས་ཞེས་བྱ་བར་དགོངས་སོ། །འཁོར་ལོ་བཞིས་སྐུ་རྣམས་ཇི་ལྟར་སྣོམ་པ་དེ་ལྟར་འབྲས་བུ་རྣམས་དང་། སྡེ་པ་རྣམས་སོ་ཞེས་བསྟན་པའི་ཕྱིར་གསུངས་པ། ཨེ་ བཾ་ཞེས་བྱ་བ་ལ་སོགས་པའོ། །ཨེ་བཾ་ཞེས་པ་ནི་སྐྱེ་གནས་སུ་སྤྲུལ་པའི་འཁོར་ལོའོ། །འདི་ཅི་ཡིན་སྙམ་པ་ལ་གསུངས་པ། འབྲས་བུ་ཞེས་བྱ་བ་ལ་སོགས་པའོ། །རབ་དབྱེ་བས་ཞེས་པ་ནི་རྒྱུ་མཐུན་པའི་འབྲས་བུ་དང་རྣམ་པར་སྨིན་པའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་། དྲི་མ་མེད་པའི་འབྲས་བུའི་ཁྱད་པར་གྱིས་ཞེས་པའི་དོན་ཏོ། །དེ་ལྟར་ན་འབྲས་བུ་འདི་རྣམས་སུ་ཞིག་གིས་སྤྱོད། སུ་ཞིག་གིས་སྟེར་སྙམ་པ་ལ་གསུངས་པ་ལས་ཀྱིས་སྤྱོད་ཅེས་བྱ་བ་ལ་སོགས་པའོ། །རྒྱུ་མཐུན་པ་ལ་སོགས་པའི་ལས་ཀྱི་འབྲས་བུ་རྣམས་ཀྱི་ལོངས་སྤྱོད་པ་པོ་ཤེས་ རབ་ཉིད་ཡིན་གྱི་བདག་ནི་མ་ཡིན་ནོ། །ལས་དེ་ཉིད་སྟེར་བ་པོ་ཡིན་གྱི་དབང་ཕྱུག་ནི་མ་ཡིན་ནོ། །ཀུན་གཞི་ལ་རྒྱུ་མཐུན་པ་ལ་སོགས་པའི་མཚན་ཉིད་དུ་ཇི་ལྟར་ཤེས་པར་བྱ་སྙམ་པ་ལ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །རྒྱུ་མཐུན་པ་ནི་རྒྱུ་དང་འདྲ་བའི་མཚན་ཉིད་དོ། ། དེ་ཡང་སྤྲུལ་པའི་སྐུ་ལ་ཡོད་པ་དེ་ཡང་། ཇི་ལྟར་རྒྱུའི་དུས་སུ་ཞུ་བ་ལ་སོགས་པའི་ལས་བྱས་པས་དེ་བཞིན་དུ་འབྲས་བུའི་ཚེ་སྐུར་སྤྲུལ་པས་སྤྱོད་དེ། གཉིས་ག་ཡང་རྣམ་པར་མི་རྟོག་པ་ཉིད་དོ། །རྣམ་པར་སྨིན་པ་དེ་ལས་བཟློག །ཅེས་པ་ནི་འདྲ་བ་ལས་བཟློག་པ་སྟེ་ལྷག་ཅེས་བྱ་བའི་ དོན་ཏོ། །མཚན་ཉིད་འདི་ཡང་ཆོས་ཀྱི་སྐུ་ལ་ཡོད་དོ། བརྗོད་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །སྐྱེས་བུ་བྱེད་པ་ཉེ་བར་བསྐྱེད། །ཅེས་པ་ནི་དགེ་བ་རྣམས་ཉེ་བར་སྐྱེ་བའོ། །དེ་ཡང་ཆོས་བསྟན་པ་ལ་བརྟེན་པའོ། །དེའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་སྐྱེས་བུ་བྱེད་པའི་འབྲས་བུའོ། ། འབྲས་བུ་བཞི་པ་དྲི་མ་མེད་པ་ནི་རྣལ་འབྱོར་དག་པ་སྟེ། རྣལ་འབྱོར་ལས་སྐྱེས་པའི་ཡེ་ཤེས་ནི་སྦྱོར་བ་སྟེ། དེས་དག་པ་ནི་ཤིན་ཏུ་རྣམ་པར་དག་པའི་བདེ་བ་ཆེན་པོའོ། །དེ་བས་ན་དྲི་མ་མེད་པའི་བདེ་བ་ཆེན་པོའི་འཁོར་ལོའོ། །སྐུ་ནི་སྡེ་པར་གསུངས་པའོ་ཞེས་པར་ འགྱུར་བ་དེ་བས་སྤྲུལ་པ་ལ་སོགས་པའི་སྐུ་བཞི་ནི་སྡེ་པ་རྣམས་ཡིན་ནོ། །གནས་བརྟན་ནི་གནས་བརྟན་པ་དང་ལྡན་པའོ། །ཐམས་ཅད་ཡོད་ཅེས་སྨྲ་བས་ཐམས་ཅད་ཡོད་པར་སྨྲ་བའོ། །ཆོས་ནི་ཚིག་ཡང་དག་པར་འབྱུང་བའི་རྒྱུ་ཡིན་པས་སོ། །ཡང་དག་པར་རིག་པར་ཡོད་པས་ན་ མང་པོས་བསྐུར་བའོ། །ལྷག་པར་མཁྲེགས་པ་ཉིད་ཀྱིས་དགེ་འདུན་ཕལ་ཆེན་ནོ། །དེ་ཡོད་པས་ན་མགོ་ནི་ཕལ་ཆེན་ནོ། །དེ་ཉིད་ཀྱིས་གསུངས་པ་མགོ་བོར་གནས་ཞེས་སོ། །གནས་བརྟན་ཞེས་བྱ་བ་ལ་སོགས་པ་དང་། གནས་བརྟན་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་ལ་གསང་ བའི་སྙོམས་པར་འཇུག་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གསུངས་ནས། འཁོར་ལོ་བཞིས་ནི་སྐུ་གསུམ་མམ་བཞིའི་ཕུན་སུམ་ཚོགས་པས་སྐུ་གསུམ་མམ་བཞི་ཐོབ་པ་དང་། དགེ་བ་ཐམས་ཅད་ཀྱི་འབྲས་བུ་ཕུན་སུམ་ཚོགས་པས་འཕགས་པ་ཉན་ཐོས་ཀྱི་ཚོགས་དང་། བྱང་ཆུབ་ སེམས་དཔའི་ཕུན་སུམ་ཚོགས་པ་བསྡུས་ནས། ད་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ཕུན་སུམ་ཚོགས་པ་ཉིད་རྒྱས་པར་གསུངས་པ། ལྟོ་བ་ཞེས་བྱ་བ་ལ་སོགས་པའོ། །ལྟོ་བ་ནི་མའི་ལྟོ་བའོ། །ཆགས་བྲལ་དགྲ་བཅོམ་པ་ནི་སྐྱེས་པའི་དུས་ན་སྟེ། བཙིར་བ་ནི་ཡང་ཆགས་པ་ མེད་པས་སོ། །མངལ་ཞེས་པ་ཤ་མའོ། །འབར་བ་ཞེས་པ་ནི་གསར་པའོ། །ཨ་དང་ཧཾ་ཞེས་པ་ནི་དབུས་སོ། །དེ་བཞིན་ཞེས་པ་ནི་ཨ་ཧཾ་ཇི་ལྟ་བར་རོ། །དེ་བཞིན་སྔགས་ཟློས་པ་ནི་ཡི་གེ་ཨ་དང་ཧཾ་ངོ་། །སྒྲ་བསྒྲགས་པ་ནི་དེའི་གསུང་ཉིད་དོ། །གཅེར་བུ་ཞེས་པ་ནི་མདོམས་མ་དཀྲིས་ པའོ། །ས་བཅུའི་དབང་ཕྱུག་ཅེས་པ་ཉིད་ནི་དེའི་འོག་ཏུ་བརྟན་པ་དང་གཡོ་བ་རྣམས་རྟོགས་པས་བྱང་ཆུབ་པ་ཞེས་དགོངས་སོ། །ལྟོ་བ་ལ་སོགས་པས་ཕྱིའི་གཙུག་ལག་ཁང་དང་གནས་ལ་སོགས་པ་བསྡུས་པར་སེམས་ཅན་གཞན་རྣམས་ལ་དེར་བལྟ་བར་བྱ་སྟེ། དེ་རྣམས་ས་བཅུ་ལ་རབ་ ཏུ་བཞུགས་པས་སོ། །དེ་སྐད་གསུངས་པ་ཞེས་པ་ནི་ཚོགས་པ་འདིས་སེམས་ཅན་སངས་རྒྱས་ཉིད་དོ་ཞེས་གསུངས་པའོ། །ས་དང་ཆུ་དང་རླུང་དང་མེ་རྣམས་ནི་སྲིན་མོ་ལྷ་མོ་ཁྱེད་རྣམས་སོ། །ངའི་དེ་ཉིད་ཅེས་པ་ལ་སོགས་པ་ནི་ངའི་དེ་ཁོ་ན་ཉིད་གང་གིས་ཀྱང་མི་ཤེས་པ་དག་པའི་ནམ་མཁའོ། ། དེ་ཁོ་ན་ཉིད་ངས་སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་འབྱུང་བ་བཞི་ནི་བྱང་ཆུབ་ཀྱི་ལམ་མོ། །འབྱུང་བ་ལྔ་པོ་ནི་བྱང་ཆུབ་བོ། །དེ་གཉིས་སེམས་ཅན་གཞན་འགས་ཀྱང་མི་ཤེས་སོ། །དེ་བས་ན་སེམས་ཅན་ཐམས་ཅད་སངས་མ་རྒྱས་པ་ཉིད་དོ། །ཞེས་བསྡུས་པའི་དོན་ཏོ། །དེ་ལ་ཆོས་ ཀྱི་དབྱིངས་ལ་དམིགས་པར་བྱེད་པ་ན་སྲ་བར་ཤེས་པ་སའི་ཁམས་སོ། །གཤེར་བར་ཤེས་པ་ཆུའི་ཁམས་སོ། །བསྒོམས་པས་ཡོངས་སུ་སྨིན་པ་མེའི་ཁམས་སོ། །ཞུ་བའི་ཡེ་ཤེས་ཀུན་དུ་འགྲོ་བ་ནི་རླུང་གི་ཁམས་སོ། །དེ་དང་དེ་རྣམས་ནི་སྲིང་མོ་ཁྱོད་རྣམས་ཀྱི་རང་བཞིན་བཞི་པོ་ཅི་རིགས་པ་ གང་ཡང་རུང་བའི་རང་བཞིན་ཁྱེད་རྣམས་ཀྱིའོ། །སྣང་བ་མེད་པ་བདེ་བ་ཆེན་པོ་དོན་དམ་པའི་ནམ་མཁའ་དྲི་མ་མེད་པ་ནམ་མཁའ་ལྟ་བུ་ཉིད་དེ། དེ་ཉིད་རྡོ་རྗེ་འཛིན་པ་ང་ནི་དེའི་དེ་ཁོ་ན་ཉིད་དོ། །སྤྲོ་བར་བྱ་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཐ་སྙད་ཀྱིས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་ཁོ་ན་ཉིད་དེ་སེམས་ཅན་གང་གིས་ཀྱང་མ་ཤེས་པའི་ཕྱིར་ཏེ། སོ་སོ་རང་གིས་རིག་པ་དེའི་དེ་ཁོ་ན་ཉིད་མངོན་སུམ་དུ་མ་བྱས་པ་ཉིད་དོ། །དེ་བས་ན་སེམས་ཅན་སངས་མ་རྒྱས་པ་ཉིད་དུ་ཐོས་ནས་སྲོག་ཐོབ་བོ། །དེའི་ཚེ་གང་གི་ཕྱིར་སྔར་སེམས་ཅན་སངས་རྒྱས་པ་ཉིད་དུ་ གསུངས་ཤེ་ན། དེ་བས་ན་གསུངས་པ། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པ་ནི་དེ་ལྟར་དེ་བཞིན་ཉིད་ཤིན་ཏུ་རྣམ་པར་དག་པས་སངས་རྒྱས་ཉིད་དེ། དེ་ཡང་རང་བཞིན་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པའོ། ། གང་གི་ཕྱིར་དེ་ལྟ་བུ་སྔར་མ་རྟོགས་ཤེ་ན་གསུངས་པ། མི་ཤེས་ཞེས་བྱ་བ་ལ་སོགས་པའོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་སོགས་པ་ནི་ལྷ་མོ་རྣམས་ཀྱི་ཚིག་གོ། །དེ་བཞིན་དུ་ཞེས་པ་བསྟན་པའོ། །མེད་དེ་ཞེས་པ་ནི་བཤད་པའོ། །གལ་ཏེ་དྲི་མའི་སྒྲིབ་པས་བསྒྲིབས་པ་ཉིད་ཡིན་ན་ ཅིའི་ཕྱིར་འདི་དག་བྱང་ཆུབ་ཅེ་ན། གསུངས་པ་མི་ཤེས་ཞེས་བྱ་བ་ལ་སོགས་པའོ། །བརྒྱལ་པ་ནི་དུག་ཟོས་པས་མྱོས་པའོ། །མི་ཤེས་པ་ནི་དུག་མེད་པར་བྱེད་པའི་ཕྱིར་ཡིད་ལ་བྱེད་པ་ནི་འདིར་སེམས་ཏེ་དེ་མེད་པའོ། །གཏི་མུག་རྣམས་སྤངས་པ་ནི་དུག་གི་དེ་ཉིད་ ཤེས་པའོ། །དུག་འཕྲོག་པའི་དེ་ཁོ་ན་ཉིད་ཀྱི་ཡིད་ཡོད་པས་ན་དེ་ཉིད་ཡིད་དེ་གང་ཞིག་ཅེས་པ་དང་འབྲེལ་ཏོ། །དེ་ཡི་མྱ་ངན་ཡོངས་སུ་གཅོད། །ཅེས་པ་ནི་དུག་ཟོས་པས་སྡུག་བསྔལ་གྱིས་ཉེན་པའི་མྱ་ངན་རྣམས་གཅོད་པ་སྟེ་འདི་ནི་དཔེའོ། །དོན་ལ་སྦྱོར་བའི་ཕྱིར་གསུངས་པ། དེ་བཞིན་ཞེས་ བྱ་བ་ལ་སོགས་པའོ། །ཐར་པ་ནི་མྱ་ངན་ལས་འདས་པའོ། །ངལ་བྱས་ཞེས་པ་ནི་ཤིན་ཏུ་ངལ་བར་བྱས་པའོ། །ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་མི་ཤེས་པ་ནི་མ་རིག་པའོ། །སོགས་པའི་སྒྲས་སེར་སྣ་དང་། ཁྲོ་བ་དང་ལེ་ལོ་ལ་སོགས་པའོ། །གཏི་མུག་ནི་ཉོན་མོངས་པའི་གཏི་མུག་གོ། ། སོགས་པའི་སྒྲས་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་སྟེ་དེ་ཉིད་འཆིང་བའོ། །སེམས་ཅན་སངས་རྒྱས་པ་ཉིད་དོ་ཞེས་བྱ་བའི་རིགས་པ་གཞན་གསུངས་པ། སངས་རྒྱས་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་གཅིག་ཅེས་པ་ནི་སེམས་ཅན་གཅིག་ཀྱང་ངོ་། །རྫོགས་པའི་ བྱང་ཆུབ་ཅེས་པ་ནི་ཡང་དག་པར་རིག་པའོ། །རང་གི་ཞེས་བྱ་བ་ནི་སེམས་ཀྱི་སྟེ་བྱེད་པ་པོའི་དྲུག་པའོ། །རིགས་ཀྱིས་ན་གཅིག་གི་ཚིག་ཏུ་སྨོས་ཏེ་སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱི་ཡང་དག་པ་གང་རིག་པ་ཡིན་ཞེ་ན། གཟུང་བ་རང་ཉིད་ཅེས་པའོ། །ཉིད་ནི་ ངེས་པར་གཟུང་བ་སྟེ་རང་བཞིན་ཉིད་ཅེས་བྱ་བའི་དོན་ཏོ། །རང་བཞིན་ཡང་ཆོས་ཐམས་ཅད་གཉིས་ཀྱིས་སྟོང་པ་ཉིད་དོ། །དེ་མཐོང་བ་ནི་སྟོང་པར་མཐོང་བ་ཉིད་དོ། །དེ་ཉིད་བྱང་ཆུབ་སྟེ་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་དོ་སྟོང་པ་ཉིད་མཐོང་བ་ཙམ་ནི་བྱང་ཆུབ་མ་ཡིན་ཏེ། དེའི་ ཚེ་ཇི་ལྟ་བུ་ཡིན་སྙམ་པ་ལ། བདེ་བ་ཆེན་པོ་གང་ཡིན་པ་དེ། དམྱལ་བ་ལ་སོགས་པ་ལ་བདེ་བ་མེད་པས་སོ་སྙམ་པ་ལ་གསུངས་པ། དམྱལ་བ་ཞེས་བྱ་བ་ལ་སོགས་པའོ། །རང་བཞིན་ཞེས་པ་ནི་རང་བཞིན་མཉམ་པ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏེ། སྟོང་པ་ཉིད་དུ་མཐོང་བ་ཙམ་དབྱེར་ མེད་ཅེས་བྱ་བའི་བར་དུའོ། །འོ་ན་གང་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་ཅི་ལྟ་བའི་བདེ་བ་དེ་ལྟ་བུ་དམྱལ་བ་ལ་སོགས་པ་ལ་མེད་དོ་ཞེ་ན། མེད་མོད་གང་ཡང་ལྷ་དང་ལྷ་མ་ཡིན་གྱི་ཡང་འདི་ལྟར་བདེ་བར་མི་ཤེས་པ་སྟེ། ངེས་པར་འཕགས་པ་རྣམས་ཀྱིས་ལྷ་དང་ལྷ་མ་ཡིན་བདེ་བར་མི་ གཟིགས་ཏེ། མི་རྟག་པ་ཉིད་ཀྱིས་བྲལ་བས་སྡུག་བསྔལ་བ་ཉིད་དང་། ཟག་པ་དང་བཅས་པ་ཉིད་ཀྱིས་སྡུག་བསྔལ་གཞན་གྱི་རྒྱུ་ཉིད་དོ། །དེའི་ཕྱིར་བདེ་བ་ཆེན་པོ་ཉིད་ཀྱི་བདེ་བ་གང་ཡིན་པ་དེ་དམྱལ་བ་ལ་སོགས་པ་དང་། ལྷ་རྣམས་ལ་དེ་བཞིན་དུ་ཡོད་པར་རྣམ་པར་གཞག་པ་ཉིད་ དེ། རྣམ་པར་མི་རྟོག་པར་མཚུངས་པའི་ཕྱིར་རོ། །རིགས་པ་གཞན་གསུངས་པ། གཞན་དུ་ཞེས་བྱ་བ་ལ་སོགས་པའོ། །གཞན་དུ་ཞེས་པ་ནི་རང་གི་སེམས་ལས་གཞན་དུའོ། །དེའི་ཕྱིར་མཐར་ཕྱིན་པ་ནི་ཡང་སེམས་ཉིད་བྱང་ཆུབ་ཡིན་པས་སྔར་ཡང་དེ་རྣམས་བྱང་ཆུབ་ཡིན་ཏེ་ སེམས་མཉམ་པ་ཉིད་ཀྱིས་སོ། །གདོལ་པ་ཞེས་བྱ་བ་ལ་སོགས་པས་རྒྱུད་ཀྱི་ཆེ་བ་གསུངས་པ། དགྱེས་པའི་རྡོ་རྗེ་ཞེས་པའོ། །དགྱེས་པ་ནི་སྙིང་རྗེ་སྟེ། བདེ་བ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནི་ཤེས་རབ་སྟེ། སྟོང་པ་ཉིད་རྟོགས་པ་ཞེས་བྱ་བའི་དོན་ཏོ། །རྟོགས་ན་ཞེས་པ་ནི་ དགྱེས་པའི་རྡོ་རྗེ་འདི་གང་དུ་བཤད་པའི་གཏན་ཚིགས་ཀྱིས་རྟོགས་ཤིང་ཁོང་དུ་ཆུད་པར་བྱས་ནའོ། །བགྲོད་པ་ནི་ཞེས་པ་ནི་ལུས་འདིའོ། །ཡུལ་རྣམས་གང་གིས་རྣམ་སྦྱོང་བ། །ཞེས་པ་ནི་ཆོས་ཐམས་ཅད་བྱང་ཆུབ་ཏུ་སྒྲུབ་པར་བྱེད་པའོ། །འདི་ཙམ་གྱིས་ནི་སྡོམ་པ་ཞུས་པའི་ལན་ ནོ། །ཕྱག་རྒྱ་ཞུས་པའི་ལན་ཕྱག་རྒྱ་དང་། མཚན་མ་དང་། རྟགས་ཞེས་བྱ་བ་ལ་སོགས་པས་བཏབ་ནས། དེ་ལ་ཞུས་ཚིག་བརྒྱད་ལ་ལན་བརྒྱད་དུ་འགྱུར་བས་དེ་རྣམས་གསུངས་པ། ས་ནི་ཞེས་བྱ་བ་ལ་སོགས་པའོ། །འདིར་ཞུས་ཚིག་རྣམས་ནི་རྡོ་རྗེ་སྙིང་པོའིའོ། །སྲ་བ་ཉིད་ནི་ སའོ། །དེ་ཡང་གཏི་མུག་དང་སྐུའོ། །དེ་དག་གཉིས་ག་རྣམ་པར་སྣང་མཛད་དོ། །དེ་བས་ན་དེ་ཉིད་ཀྱི་ཕྱག་རྒྱས་གདབ་པར་རིགས་ཏེ། མི་བསྐྱོད་པས་མ་ཡིན་ཞེས་པ་ནི་ཞུ་བའི་དོན་ཏོ། །གཞན་དུ་མ་ཡིན་ཞེས་པ་ནི་རྟེན་ནོ། །རོལ་པ་ནི་རྣམ་པར་རོལ་པའོ། །རྣམ་པར་སྣང་ མཛད་ཅེས་པ་ནི་རྣམ་པར་སྣང་མཛད་དུ་གནས་པ་སྟེ། དེ་བས་ན་སྐུ་ཞེས་པ་ནི་སྐུའི་རང་བཞིན་ཏེ། པུཀྐ་སཱི་ལ་ཐུགས་ཀྱིས་ཏེ་མི་བསྐྱོད་པས་སོ། །རི་ཁྲོད་མ་ཞེས་པ་ནི་རི་ཁྲོད་མ་ལའོ། །གནས་པ་ཞེས་པ་ནི་རྟེན་དང་གནས་དང་དབང་དུ་བྱས་པའོ། །སེམས་ཞེས་པ་ ནི་སེམས་ཀྱིས་གནས་སོ། །གཏི་མུག་ཅེས་པ་ནི་སྐུའོ། །དེ་བས་ན་ཡང་སེམས་ཞེས་པ་ནི་རི་ཁྲོད་མའོ། །གཏི་མུག་ཅེས་པ་ནི་རྣམ་པར་སྣང་མཛད་ཀྱིས་སོ། །གཞན་མིན་ཞེས་པ་ནི་ཕྱག་རྒྱ་སྟེ་ཕྱག་རྒྱ་གཞན་གྱིས་མ་ཡིན་པའོ། །ཁྲག་ཅེས་པ་ནི་བུད་མེད་ཀྱི་མེ་ཏོག་གོ། །དེ་བས་ན་གཟི་བརྗིད་ ཀྱི་རང་བཞིན་ཏེ་ཁ་དོག་གིས་སོ། །འདོད་ཆགས་ཞེས་པ་གཏུམ་མོའོ། །སེར་སྣའི་རང་བཞིན་ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱིས་སོ། །འདོད་ཆགས་ཕྱག་རྒྱ་ཞེས་པ་ནི་སྣང་བ་མཐའ་ཡས་ཀྱི་ཕྱག་རྒྱ་ཆེན་པོས་སོ། །འདོད་པ་ཞེས་པ་ནི་ཚད་མས་གྲུབ་པ་སྟེ་དབང་བསྐུར་བ་ཞེས་པའི་དོན་ ཏོ། །དེ་ནི་ཞུ་ཚིག་གོ། །སྔོན་དུ་གསུངས་པ་ཞེས་པ་ནི་པུཀྐ་སཱི་ལ་གསུངས་པས་སོ། །འདི་ནི་ལན་ནོ། །རྐུན་མོ་ཞེས་བྱ་བ་ལ་སོགས་པ་ལ། གྷསྨ་རཱིའི་བར་ནི་རིགས་པ་འདི་ཉིད་ཀྱི་དེ་བཞིན་ཞེས་པ་ནི་རི་ཁྲོད་མ་དང་གཏུམ་མོ་དང་གཡུང་མོའི་ཞུས་ཚིག་རྣམས་ལ་ཇི་སྐད་གསུངས་པའི་ རིམ་པས་སོ། །འདིས་ནི་དྲིས་ཚིག་གསུམ་མོ། །རིགས་པ་དེས་ཞེས་པ་ནི་རི་ཁྲོད་མ་ལ་སོགས་པ་དེ་བཞིན་དུ་གསུངས་པ་ནི་ལན་གསུམ་མོ། །རྡོ་རྗེ་འཛིན་ཞེས་པ་ནི་རྡོ་རྗེ་འཛིན་པའོ། །ཨེ་ཝཾ་ཞེས་བྱ་བ་ལ་སོགས་པ་དགྱེས་པའི་རྡོ་རྗེའི་གསུང་ངོ་། །ཨེ་ཝཾ་ཡང་དག་བཞུགས་པའི་ ཞེས་པ་ནི་བདག་མེད་མ་དང་ལྡན་པའོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་པའོ། །བསྟན་ཞེས་པ་ནི་སྦྱིན་པའོ། །ཨོཾ་བཤད་ཟིན་ཏོ། །ཨིནྡ་ཛ་མ་ཛ་ལ་ཛཀྑ་ཞེས་པ་ནི་ཕྱོགས་ཀྱི་བདག་པོ་རྣམས་སྤྱན་དྲང་བའོ། །བྷཱུ་ཏ་བཧྣི་བཱ་ཡུ་རཱཀྑ་ཞེས་པ་ནི་མཚམས་ཀྱི་ བདག་པོ་རྣམས་སོ། །ཙནྡྲ་ནི་ཟླ་བའོ། །སཱུཛྫ་ནི་ཉི་མའོ། །གཉིས་པོ་འདི་དག་གཉིས་ཀྱི་ཁྱད་པར་གྱི་གོ་རིམས་བཞིན་དུ་མཱ་ད་བཔྤ་སྟེ། ཕ་དང་མ་ཞེས་བྱ་བའི་དོན་ཏོ། །ཡང་ན་མཱ་ད་ཞེས་པ་ནི་སའི་ལྷ་མོའོ། །བཱ་པ་ཞེས་པ་ཚངས་པའོ། །ཨཊྚ་ས་བ་པ་ཞེས་པ་ནི་ཀླུ་བརྒྱད་དོ། ། སྭཱ་ཧཱ་ཞེས་པ་ནི་སྭཱ་ཧཱའི་སྒྲ་སྟེ་ཞི་བར་བྱེད་པའི་དོན་ཏོ། །ཨི་དཾ་ནི་འདིའོ། །བ་ལི་བྷུཾཉྫ་ཞེས་པ་ནི་གཏོར་མ་ཟོ་ཤིག་པའོ། །ཛིགྷ་ཞེས་པ་ནི་སྣོམས་ཤིག་པའོ། །ཅི་སྙམ་པ་ལ་གསུངས་པ། ཕུལླ་དྷཱུ་པ་མེ་ཏོག་དང་སྤོས་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་སྙམ་པ་ལ། མཱཾ་ས་བྷིཾ་གྷ་ཞེས་ པ་ལ། མཱཾ་ས་ནི་བདག་གིའོ། །བྷིཾ་གྷ་ནི་རྒྱས་པར་གྱིས་ཤིག་པའོ། །དེ་ལྟར་རང་གི་དོན་བྱས་ནས་ཨཾ་བྷ་ས་བ་ཀཛྫ་སཱངྷ་ཞེས་པ་ནི་ངའི་དགོས་པ་ཐམས་ཅད་སྒྲུབས་ཤིག་པའོ། །དེ་ཡང་ཅིའི་ཞེ་ན། ཁགྟི་ཁུ་ཎི་ཕེ་ཊ་གཱ་ཏ་ནི་བདག་གི་ལུས་ལ་རྨ་དོད་པ་དང་སྣད་ཡར་སོལ་ཅིག་པའོ། །གལ་ ཏེ་གཏོར་མ་བྱིན་ནས་ཕན་ཡོན་ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་པ། འདིས་ཞེས་བྱ་བ་ལ་སོགས་པའོ། །འབྱུང་པོ་ཞེས་པ་ནི་འབྱུང་པོ་རྣམས་སོ། །དེ་རྣམས་ཞེས་པ་ནི་དེ་རྣམས་ཉིད་དོ། །བདེ་བ་རྙོག་མེད་ཅེས་པ་ནི་དྲི་མ་མེད་པའི་དགའ་བའོ། །ལྷ་ཞེས་པ་ནི་ལྷ་རྣམས་ སོ། །འགྲོ་བ་རབ་ཏུ་འབྱོར་པ་ཞེས་པ་ནི་འགྲོ་བ་རབ་ཏུ་ཕུན་སུམ་ཚོགས་པའི་ཕྱིར་རིགས་ལྔའི་སྔགས་ཀྱིས་ལྷ་རྣམས་ཕུན་སུམ་ཚོགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །དབང་དང་མངོན་སྤྱོད་ཅེས་པ་ནི་དབང་དང་མངོན་སྤྱོད་དོ། །འཇིགས་པ་ནི་འཇོམས་པའོ། །གསོད་པ་དང་ འགུགས་པ་ནི་གསོད་པ་དང་འགུགས་པའོ། །ཞི་བ་ནི་ཞི་བར་བྱེད་པའོ། །རྒྱས་པ་ཞེས་པ་ནི་རྒྱས་པར་བྱེད་པའོ། །འགྱུར་ཞེས་པ་ནི་དེ་ལ་ཞེས་པ་ལྷག་མ་སྟེ། གང་གི་ཚེ་འདིར་གཏོར་མ་བྱིན་ནོ་ཞེས་བྱ་བ་དང་འབྲེལ་ཏོ། །འདིར་ཞེས་པ་ནི་དགྱེས་པའི་རྡོ་རྗེར་རོ། །འབྱུང་པོ་ཞེས་པ་ནི་དབང་ པོ་ལ་སོགས་པའོ། །རྟག་ཏུ་ཞེས་པ་ནི་རྒྱུན་ཏུའོ། །རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པ་ནི་ཞུས་པའོ། །ཅིའི་ཕྱིར་གོང་ཉིད་དུ་མ་ཞུས་ཤེ་ན། རིགས་པའི་དབྱེ་བ་ལས་སོ། །མཁའ་སྤྱོད་ཅེས་པ་ནི་མཁའ་སྤྱོད་མ་ཉིད་དོ། །ས་སྤྱོད་མ་ནི་ས་སྤྱོད་མའོ། །གང་གི་ཕྱག་རྒྱ་ཞེས་པ་ནི་གང་གི་ཕྱག་རྒྱས་ སོ། །བདག་གིས་སྔོན་མ་འཚལ་ཞེས་པ་ནི་སྔར་བདག་གིས་ཤེས་པར་མ་བྱས་སོ། །གསང་བ་གསུམ་ཇི་ལྟ་བུ་ཞེ་ན། སྐུ་གསུང་ཐུགས་ཀྱི་དབྱེ་བས་སོ། །དེ་ཇི་ལྟར་འཁོར་ལོའི་དབུས་སུ་ཞེ་ན། གསུངས་པ། སྟེང་དང་འོག་ཅེས་བྱ་བ་ལ་སོགས་པས་སྟེང་འོག་གོ་རིམས་བཞིན་དུ་སྦྱོར་ རོ། །གང་གི་ཕྱིར་སྐུ་རྡོ་རྗེ་མ་ནི་སྐུ་རྡོ་རྗེའི་རང་བཞིན་ཡིན་པས་དེས་ན་སྐུའི་ཕྱག་རྒྱས་གདབ་པོ། །དབུས་ཀྱི་གནས་སུ་ཞེས་པ་ནི་དབུས་ཀྱི་གནས་སུ་བསྐྱེད་པའོ། །རིགས་ནི་རྣམ་པ་དྲུག་ཅེས་པ་ནི་རྣམ་པ་དྲུག་སྟེ། མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། རིན་ ཆེན་འབྱུང་ལྡན་གསུམ་དང་། སྣང་བ་མཐའ་ཡས་དང་། ཕྲག་དོག་སྟེ་གཉིས་དང་དེ་ནས་རྡོ་རྗེ་སེམས་དཔའ་སྟེ་གཅིག་གོ། །འདི་དག་གཅིག་པར་བསྒོམ་པར་བྱ་སྙམ་པ་ལ། གསུངས་པ། ཞེ་སྡང་གཏི་མུག་སེར་སྣ་དང་། འདོད་ཆགས་ཕྲག་དོག་བདེ་བའོ། །ཞེས་པ་སྟེ། ཟླས་དབྱེ་བའི་ ཚིག་བསྡུ་བའོ། །འདི་ཡི་དག་པ་ཞེས་པ་ནི་ཞེ་སྡང་ལ་སོགས་པ་རྣམས་སོ། །རིམ་པ་བཞིན་ཞེས་པ་ནི་གོ་རིམས་ཇི་