Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 2
Văn bản gốc(Tây Tạng)
Trang 1 / 18 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་པིཎྜཱ་རྠ་ཊཱི་ཀཱ། བོད་སྐད་དུ། ཀྱེའི་རྡོ་རྗེ་བསྡུས་པའི་དོན་གྱི་རྒྱ་ཆེར་འགྲེལ་པ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྤྱོད་པ་རྣམ་པར་སྤངས་བྱས་ རྒྱལ་བའི་རང་བཞིན་རྟག་ཏུ་བྱུང་ཞིང་ཁྱབ། །གཉིས་གཉིས་མེད་ཅིང་དྲི་བྲལ་དབང་པོ་མིན་བདེ་ཀུན་མཁྱེན་ཨེ་ཝཾ་མཆོག་ཞི་བ། །ཐུགས་ནི་ཐུགས་མིན་ཐུགས་དེ་བེམས་པོ་མ་ཡིན་ཀུན་དུ་དབང་པོ་ཐམས་ཅད་ པ། །སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་སྐུ་བདུད་རྩི་ལ་ནི་རྟོགས་ཆེད་ཕྱག་འཚལ་ལོ། །ཡོན་ཏན་བརྒྱད་པོ་རབ་བཅོམ་ལས་བྱུང་རྣམ་པར་ཐར་རྣམས་གཙོ་བོའི་ཞལ་བརྒྱད་རྣམས། །སྟོང་པ་ཉིད་རྣམས་བཅུ་དྲུག་ཕྱག་ དང་ཐུགས་རྗེ་རྣམས་ཀྱང་ཐོད་པ་འདི་རྣམས་ཏེ། །འགྱུར་མེད་ལྔ་བཅུ་རྗོད་བྱེད་དེ་ཉིད་བཀོད་པ་ཕྲག་པར་མགོ་ཡི་ཕྲེང་བ་ཅན། །ཅོད་པན་ལ་ནི་མི་བསྐྱོད་ཟླ་ཕྱེད་རྡོ་རྗེའི་ཕྲེང་བ་ཐོད་པའི་བདག་ཉིད་མངའ། །བྱམས་པ་ལ་ སོགས་རྣམས་དང་རྣམ་ཐར་ཞབས་བཟང་རྣམས་ཀྱིས་བདུད་རྣམས་མནན་ཏེ་བཞུགས། །ཉོན་མོངས་ཤེས་བྱ་བསྡུས་དང་སྦྱོར་བ་བྲང་འགྲོ་ཕྱག་རྒྱ་སྟག་གི་པགས་པ་ཡིས། །གང་ལ་བདུད་སོགས་སྒྲིབ་རྣམས་ཆ་ཙམ་ལྟ་བུར་ སེམས་ཅན་དོན་དུ་བརྒྱན་དེ་ལ། །བཏུད་ནས་འདི་ཡི་རྒྱུད་ཀྱི་གསང་བ་འཆད་བྱེད་འགྲེལ་པ་བདག་གིས་བྲི་བར་བྱ། །སེམས་ཅན་ཀུན་ལ་ཕན་འདོད་པ། །ས་བཅུ་རྣམས་ཀྱི་དབང་ཕྱུག་པོ། །དཔལ་ལྡན་རྡོ་རྗེ་སྙིང་པོ་ ཡིས། །རྣལ་འབྱོར་པ་ཡི་ལམ་ཐོབ་ཆེད། །འབུམ་ཕྲག་ལྔ་པའི་རྒྱུད་ཆེན་ལས། །ཉུང་ངུའི་རྒྱུད་ནི་ལེགས་ཕྱུང་བའང་། །བརྒྱ་ཕྲག་བདུན་ནི་ཕྱེད་བཅས་པ། །རྡོ་རྗེའི་ཚིག་མང་ལྡན་པ་འདིར། །ཀྱེ་ཡི་རྡོ་རྗེས་བསྐུལ་བས་ན། །གཞུང་ནི་སྟོང་ ཕྲག་དྲུག་པ་སྟེ། །རྩ་བའི་རྒྱུད་ཀྱི་རྗེས་འབྲང་གང་། །དེ་འདིས་རྒྱུད་འདི་གསལ་དོན་དུའོ། །སྙིགས་མ་ལྔ་ཡི་དུས་འདི་རུ། །སློབ་དཔོན་གང་རྣམས་འབྱུང་འགྱུར་བ། །རྣལ་འབྱོར་སྤྱོད་པ་སྟོན་བྱེད་ཅིང་། །ཡང་དག་ལམ་ལ་གནས་མིན་ལ། ། འགྲེལ་པ་མེད་པར་ཉུང་ངུའི་རྒྱུད། །སྟོན་པར་བྱེད་པ་ཚུལ་ངན་པ། །གཞན་གྱི་བུད་མེད་ནོར་འདོད་པས། །དམྱལ་བར་འགྲོ་བར་ཆེས་བརྩོན་པ། །མངོན་ཤེས་ལྔ་སོགས་མེད་པར་ནི། །ཁ་ཅིག་འགྲེལ་པ་བྱེད་པར་འགྱུར། །རྟོག་གེའི་བསྟན་ བཅོས་ང་རྒྱལ་གྱིས། །རྣལ་འབྱོར་སྤྱོད་ལ་བརྙས་པར་བྱེད། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །འབད་པས་དབང་གིས་གཟུང་ནས་སོ། །བདག་ནི་རྡོ་རྗེ་འཛིན་པ་ཞེས། །མི་འགའ་མི་ལ་སྨྲ་བར་འགྱུར། །ཚུལ་ཁྲིམས་སྡོམ་པ་འཛིན་པ་ཡི། ། དགེ་སློང་ཀུན་ལ་ཕྱག་མི་བྱེད། །ས་ལ་རྡོ་རྗེ་འཛིན་རང་ཉིད། །གོས་དཀར་ཅན་བདག་ཕྱག་འོས་ཟེར། །སྟེན་བྱེད་ཚོང་པ་དམངས་རིགས་དང་། །གང་རྣམས་ཞིང་པའི་ལས་ལ་དགའ། །རྨོངས་པ་དམ་ཆོས་འཚོང་བྱེད་པ། །སྤྱད་བྱ་མ་ཡིན་ལོངས་སྤྱོད་པ། །བདུད་ཀྱི་རིགས་གཏོགས་དེ་རྣམས་ནི། །སློབ་མ་རྣམས་ ཀྱི་བླ་མར་འགྱུར། །རྣལ་འབྱོར་སྤྱོད་པའི་ཟོལ་གྱིས་ནི། །རང་གི་ཉེས་བྱས་སྦེད་བྱེད་ཅིང་། །དེ་རྣམས་སྐྱོན་རྣམས་སྤང་བྱའི་ཆེད། །ངེས་པར་སྨྲ་བར་བྱེད་འགྱུར་ཏེ། །སློབ་དཔོན་ཡོན་ཏན་གཟུང་བྱ་ཡི། །སྐྱོན་ནི་སློབ་མས་ནམ་ཡང་མིན། །སྐྱོན་འཛིན་འདིར་ནི་དངོས་གྲུབ་མེད། །འདི་ལ་ངེས་པར་ཐེ་ཚོམ་མེད། ། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམས་དང་། །རང་བསྟོད་བླ་མར་སློབ་མ་ནི། །བློ་དང་ལྡན་པས་མི་བྱའོ། །ཚིག་འདི་སློབ་མ་རྣམས་ལ་ནི། །རྣམ་པ་ཀུན་དུ་སྨྲ་མི་བྱེད། །བརྩེ་མེད་ཞིང་ལས་བྱེད་པ་གང་། །ཁྲོ་ཞིང་གནད་དུ་སྣུན་པར་བྱེད། །གདུག་ཅིང་དགེ་སློང་སྐྱེ་བོར་སྡང་། ། རེངས་པ་ཤེས་པ་ངན་པས་ཁེངས། །འདོད་ཆེན་སྤྱད་བྱ་མིན་དོན་གཉེར། །ཤིན་ཏུ་ཆང་འཐུང་མ་བསྡམས་པ། །རང་ལ་བསྟོད་པ་འདིར་བརྗོད་ཅིང་། །ཡོན་ཏན་ཅན་ལ་སྐྱོན་འབྱིན་བྱེད། །དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་ པས། །དུས་གསུམ་བྱོན་ནས་ཕྱག་བྱེད་ཅེས། །དགོངས་ཏེ་བཤད་པ་མི་ཤེས་ཤིང་། །མིང་ཙམ་གྱིས་ནི་རྨོངས་པ་རྣམས། །རྒྱལ་བའི་དབང་པོ་རྣམས་སྨད་ནས། །ངུ་འབོད་དུ་ནི་འགྲོ་བར་འགྱུར། །རྡོ་རྗེ་སེམས་དཔའ་སྤྱི་བོ་ནས། །བྱང་ཆུབ་ཤིང་དྲུང་དབང་བསྐུར་གང་། །དབང་བསྐུར་མཆོག་ཐོབ་གྱུར་པ་ དེ། །རྡོ་རྗེ་སློབ་དཔོན་དེ་བཞིན་གཤེགས། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཡིས། །ལུས་གང་འཇིག་རྟེན་ཁམས་རྣམས་ཏེ། །དེར་གནས་ཕུང་པོ་ལྔ་རྣམས་ཀྱིས། །དུས་གསུམ་བྱོན་ནས་ཕྱག་འཚལ་ལོ། །དེ་ནས་ཅོད་པན་རིན་པོ་ཆེ། །སྣ་ཚོགས་དངོས་རྣམས་འཇིག་རྟེན་ཁམས། །དེར་གནས་ སངས་རྒྱས་ཕྱག་བྱས་གང་། །རྣལ་འབྱོར་རྡོ་རྗེ་སློབ་དཔོན་དེའོ། །ཇི་ལྟར་བརྡ་ཡིས་བཤད་པ་ལ། །རྣམ་སྣང་གཅི་བ་ཁུ་བ་དང་། །མི་བསྐྱོད་པ་དང་འོད་དཔག་མེད། །དེ་ལྟར་སློབ་དཔོན་རྡོ་རྗེ་འཆང་། །བཤང་གཅི་ཁུ་བ་ཕྱག་རྒྱ་རྣམས། །ཇི་ལྟར་སློབ་དཔོན་སྟེར་བྱེད་བཞིན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ རྣམས། །དེ་ལྟར་རྡོ་རྗེ་འཛིན་པས་སྩོལ། །ཀུན་རྫོབ་དང་ནི་དོན་དམ་པས། །སློབ་མ་རྣལ་འབྱོར་པ་རྣམས་ལས། །དཀྱིལ་འཁོར་བྱང་ཆུབ་ཤིང་དྲུང་དུ། །དབང་བསྐུར་སྔར་དང་ཕྱིས་དེ་བཞིན། །དགོངས་པས་བཤད་དང་དགོངས་མིན་དང་། །ཇི་བཞིན་སྒྲ་དང་ཇི་བཞིན་མིན། །དེ་ བཞིན་ངེས་དོན་དྲང་དོན་ཏེ། །རྒྱུད་ནི་མཐའ་དྲུག་མཚན་ཉིད་ཅན། །སློབ་དཔོན་ཡོན་ཏན་གང་རྣམས་འདིར། །ཐ་སྙད་ཀྱིས་ནི་བསྟན་དེ་རྣམས། །རྡོ་རྗེ་སེམས་དཔའི་ཡོན་ཏན་ཏེ། །མངོན་ཤེས་དྲུག་སོགས་མཚན་ཉིད་རྣམས། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་པོ་གཡོ་སྒྱུ་མེད། ། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་རྗེ་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་རྣམས་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དང་བའི་བདག་ཉིད་དབང་པོ་ཐུལ། །གསང་སྔགས་འཆང་བྱེད་སློབ་དཔོན་ནོ། །ཡོན་ཏན་བཤད་པ་འདི་རྣམས་ལྡན། །དགེ་སློང་རྡོ་རྗེ་འཛིན་ པར་འགྱུར། །དགེ་ཚུལ་ཁྱིམ་པ་མིན་དེ་དག །བཅུ་རྣམས་དགེ་སློང་འདིར་མཚུངས་མིན། །བསླབ་པའི་གཞི་བཅུ་ལྡན་པ་དང་། །བསླབ་པའི་གཞི་ལྔ་ལྡན་པ་དང་། །བསླབ་པའི་གཞི་ཡི་མཐའ་ལྡན་པ། །དེ་གསུམ་མཚུངས་པ་མིན་པར་བཤད། །ཇི་ལྟར་རྩ་བའི་རྒྱུད་དུ་གསུངས། །དགེ་སློང་རྡོ་རྗེ་འཛིན་པའི་ གནས། །གང་དེ་ཅུང་ཟད་བླ་མ་ནི། །མཉེས་བྱེད་སློབ་མ་ལ་བརྗོད་བྱ། །བདག་མེད་མས་ཞུས་རྡོ་རྗེ་ཅན། །ཇི་ལྟའི་རིམ་པ་བཞིན་དུ་ནི། །བསླབ་པའི་གཞི་ནི་སྦྱིན་ཆེད་དུ། །ཚིག་ནི་འདི་སྐད་བཀའ་སྩལ་ཏོ། །དང་པོར་བསླབ་པའི་གཞི་ལྔ་རྣམས། །གསོ་སྦྱོང་སོགས་དང་ཡང་དག་ལྡན། །མི་དགེ་བཅུ་པོ་ ཡོངས་སྤོང་བ། །བྱིན་ནས་དགེ་བསྙེན་ཉིད་དུ་བྱ། །དེ་ནས་བསླབ་པའི་གཞི་རྣམས་ནི། །བཅུ་པོ་བྱིན་ནས་དགེ་ཚུལ་བྱ། །དེ་ནས་བསླབ་གཞི་བྱེ་བ་ནི། །བྱིན་ནས་དགེ་སློང་བརྟུལ་ཞུགས་བྱ། །དེ་ནས་སོ་སོར་ཐར་ཤེས་ནས། །དེ་ནས་བྱེ་བྲག་སྨྲ་བའི་ལུགས། །དེ་ནས་མདོ་སྡེ་ཤེས་བྱས་ནས། །རྣམ་ཤེས་ སྨྲ་བ་རང་ཆོས་ལས། །དེ་ནས་ཤེས་རབ་ཕ་རོལ་ཕྱིན། །དགོངས་པ་དབུ་མ་ཤེས་བྱ་སྟེ། །དེ་ལྟར་རྒྱུད་གཞན་མཉན་ནས་ནི། །དེ་ནས་ཀྱེའི་རྡོར་ཤེས་པར་བྱ། །ཐེག་པ་གསུམ་གྱི་ངེས་འབྱུང་ལས། །ཐེག་པ་གཅིག་གི་འབྲས་བུར་གནས། །ཉན་ཐོས་རང་སངས་རྒྱས་དང་འདིར། །ཐེག་པ་ཆེན་པོ་གསུམ་ བ་སྟེ། །སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དང་པོར་རྒྱུ་ཡིན་ཏེ། །སྨོན་ལམ་ལས་ནི་སྙིང་རྗེ་ཕྱིས། །འགྲོ་བའི་དོན་བྱེད་འབྲས་བུའོ། །རང་དོན་བྱས་ནས་གཞན་དོན་ནི། །བྱེད་པ་གང་དེ་བློ་ལྡན་ཡིན། །རང་སྡུག་ བསྔལ་ཅན་དབུལ་པོ་གང་། །དེ་ཡིས་གཞན་ལ་ཇི་ལྟར་སྦྱིན། །བདེ་ལྡན་དབང་ཕྱུག་ཕུན་ཚོགས་པ། །སེམས་ཅན་དོན་ལ་སྙིང་རྗེས་བརྩོན། །རྒྱུ་དང་འབྲས་བུ་དོན་གཉེར་བས། །ཇི་སྲིད་རྒྱུ་མངོན་མ་བྱས་པ། །དེ་སྲིད་དང་པོར་རྒྱུ་མེད་པའི། །འབྲས་བུ་གང་ལས་འབྱུང་བར་འགྱུར། །ཐེག་པ་ ཆེ་ལས་ཐེག་པ་གཞན། །གཉིས་པོ་འདི་རུ་བརྗོད་པ་ནི། །སྦྱིན་དང་ཚུལ་ཁྲིམས་སོགས་ཉམས་རྣམས། །ངལ་སོའི་ཆེད་དུའོ་དེ་ཉིད་མིན། །ཆོས་རྣམས་ཀུན་གྱི་སྟོང་པ་ཉིད། །ངེས་འབྱུང་བྱེད་པར་བདག་གིས་བཤད། །ངེས་འབྱུང་བྱེད་པའི་རྒྱུ་དེ་དང་། །དེ་ནས་སྨོན་ལམ་དབང་ལས་ནི། །སྙིང་ རྗེའི་བདག་ཉིད་འབྲས་བུ་ཆེ། །དམིགས་པ་མེད་པར་འབྱུང་བར་འགྱུར། །སེམས་ཅན་ཆོས་དང་དམིགས་པ་མེད། །སྙིང་རྗེ་འདི་ནི་གསུམ་དུ་བཤད། །ཉི་ཚེའི་དོན་བྱེད་ཅུང་ཟད་པ། །སེམས་ཅན་ཆོས་ལ་དམིགས་པ་སྟེ། །གྲུབ་པ་བྱང་ཆུབ་སེམས་དཔའ་རྣམས། །ས་བཅུ་ལ་གནས་བདག་ཉིད་ ཀྱིའོ། །ཡན་ལག་བཅུ་གཉིས་འགགས་གྱུར་ཅིང་། །ས་ཀུན་ལ་གནས་བདག་ཉིད་ཅན། །བདེ་གཤེགས་རྣམས་ཀྱི་དམིགས་མེད་དེ། །འགྲོ་བའི་དོན་རྣམས་མཛད་པར་བཤད། །རྒྱུ་ནི་གང་འདྲ་གང་འདྲ་བ། །དེ་འདྲ་དེ་འདྲའི་འབྲས་བུ་དེར། །ཀོ་ཏྲ་བ་ལས་འགའ་ཞིག་ཏུའང་། །སཱ་ལུ་ ཉིད་ནི་སྐྱེ་མི་འགྱུར། །ས་བོན་དེ་བཞིན་ལྗོན་དེ་བཞིན། །ལྗོན་ཤིང་དེ་བཞིན་འབྲས་དེ་བཞིན། །ཐོག་མ་བར་དང་ཐ་མར་ཡང་། །ཐུབ་པའི་བཀའ་ནི་དགེ་བ་ཡིན། །དང་པོར་རྟོག་བཅས་རྒྱུ་ལས་ནི། །འབྲས་བུ་རྣམ་རྟོག་བཅས་འབྱུང་གིས། །སངས་རྒྱས་པ་ཀུན་ལ་རྟོག་ལས། །ཐ་མར་འབྲས་ བུ་སྟོང་ཉིད་མིན། །དང་པོར་ཞིང་རྣམས་སྦྱང་དོན་དུ། །ཀོ་ཏྲ་བ་རྣམས་འདེབས་བྱེད་ཅིང་། །ཕྱི་ནས་སྦྱངས་པའི་ཞིང་ལ་ནི། །སཱ་ལུའི་ས་བོན་འདེབས་པ་བཞིན། །ལས་ཀྱི་སར་སྐྱེས་མི་རྣམས་ནི། །མ་དག་ཞིང་ཡིན་ཞེས་བཤད་དོ། །མ་དག་འགྲོ་དྲུག་སྐྱེས་པ་སྟེ། །དགེ་དང་མི་དགེའི་འབྲས་བུར་ བརྗོད། །མི་ཡི་སྐྱེ་བ་དག་ཞིང་ལ། །དམིགས་མེད་སྙིང་རྗེའི་ས་བོན་ནི། །བཏབ་པས་གང་ཞིག་དེ་ཡི་ཕྱིར། །སྟོང་ཉིད་དཔག་བསམ་ལྗོན་ཤིང་འབྱུང་། །སྟོང་ཉིད་དཔག་བསམ་ལྗོན་ཤིང་ལས། །དམིགས་མེད་ཐུགས་རྗེའི་འབྲས་བུ་ནི། །སེམས་ཅན་ཀུན་གྱིས་བསམ་བྱས་ ནས། །འབྱུང་ངོ་འདི་ལ་ཐེ་ཚོམ་མེད། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །སྐལ་བ་བྲལ་བའི་བདག་ཉིད་ལ། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་གང་། །ཡིད་འོང་བདག་གིས་བསྟན་པ་ཡིན། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་ཀྱིས། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །སྟོན་པར་ བྱེད་པ་མ་འོངས་པའི། །སློབ་དཔོན་རྣམས་ནི་བདུད་ཀྱི་རིགས། །དེ་ཕྱིར་དགེ་སློང་ཐེག་ཆེན་ལ། །སྟོན་བྱེད་རྡོ་རྗེ་འཆང་བཤད་དེ། །ཐེག་པ་གསུམ་པོ་ཡོངས་ཤེས་ཤིང་། །ཆོས་ཀྱི་བསྡུ་བ་སྟོན་བྱེད་པའོ། །རིག་བྱེད་གྲུབ་མཐའ་རྣལ་འབྱོར་རྣམས། །དབང་ཕྱུག་སོགས་ཀྱིས་བྱས་པ་དང་། །སངས་ རྒྱས་པ་ཡི་སྔགས་རྒྱུད་ལ། །སྟོང་པ་ཉིད་ལ་ཁྱད་པར་ཡོད། །གང་ཞིག་མི་ཤེས་རྨོངས་བདག་ཉིད། །སློབ་མ་མ་ལུས་ལྟུང་བར་བྱེད། །བྱེད་པོ་མེད་པར་ལས་ཡོད་མིན། །ལས་དང་བྲལ་ན་འབྲས་བུ་མེད། །སྒྱུ་འཕྲུལ་ཆེན་པོ་དྲག་ཆེན་པོ། །འབྱུང་དང་སྡུད་པར་བྱེད་པ་པོ། །རང་ཉིད་ འཕྲོག་པོ་རང་བྱེད་པོ། །རང་ཉིད་རྒྱལ་པོ་རང་གཙོ་བོ། །དེ་ལྟར་དབང་ཕྱུག་སྒྱུ་མ་ནི། །དབང་ཕྱུག་གིས་ཀྱང་བཤད་པ་སྟེ། །མུ་སྟེགས་ཞི་བའི་གྲུབ་མཐར་རོ། །གླུ་ཡི་ཆོས་སུ་ཁྱབ་འཇུག་གིས། །གདུལ་དཀའ་འདུལ་བར་བྱེད་པ་དེའང་། །དེ་ཡང་ལེགས་པར་རྣམ་སྐྱོང་བྱེད། །གང་ཚེ་གང་ཚེ་ ས་གཞི་འདིར། །ཆོས་ནི་ཉམ་ཆུང་ཉིད་གྱུར་ཅིང་། །ཆོས་མ་ཡིན་པ་འཇུག་བྱེད་པ། །དེའི་ཚེ་ང་ནི་བདག་སྐྱེད་དེ། །ལེགས་པ་རྣམས་ནི་བསྲུང་དོན་དང་། །ཉེས་པར་བྱེད་རྣམས་འཇིག་བྱེད་དུའོ། །ཆོས་ནི་གནས་པའི་དོན་ཆེད་དུ། །དུས་དང་དུས་སུ་བདག་འབྱུང་ངོ་། །ཕྱིན་ཅི་ལོག་ཏུ་ཆོས་སྟོན་པ། ། ཐམས་ཅད་དེ་ལྟར་ཡོངས་མཁྱེན་ནས། །བདག་ལ་ཀྱེ་ཡི་རྡོ་རྗེ་དེས། །འགྲེལ་པ་བྱ་ཆེད་ངེས་པར་བསྐུལ། །ངོ་བོ་ཉིད་ཀྱི་སྐུ་མཆོག་འཇིག་རྟེན་གསུམ་གྱིས་མཆོད་པ་དྲི་མ་མེད་པ་དང་། །ཆོས་ཞེས་བྱ་བ་བདེ་དང་སྡུག་བསྔལ་དངོས་སྤངས་ལོངས་སྤྱོད་རྫོགས་སྐུ་སྟོན་པ་པོ། །སྤྲུལ་པ་མཁའ་ལ་རྫུ་འཕྲུལ་ སྣ་ཚོགས་བཅས་པ་སྒྱུ་མ་མིག་འཕྲུལ་མཚུངས་པ་ལ། །བཏུད་ནས་བསྡུས་པའི་རྒྱུད་འདི་གསང་ཚིག་ངེས་དོན་བདག་གིས་ཉུང་ངུ་བཤད་པར་བྱ། །སངས་རྒྱས་རྣམས་ཀྱིས་ཀྱེ་ཡི་རྡོ་རྗེར་ཉུང་ངུའི་རྒྱུད་འདི་རུ་དང་ཆེས་ཆེར་གསལ་བ་གང་། །སྔོན་དུ་འབུམ་ཕྲག་ལྔ་པོ་རྣམས་ཀྱི་དང་པོའི་རྒྱུད་ཚོགས་སུ་དང་ ཚིགས་བཅད་བརྒྱ་ཕྲག་གཅིག །སྟོང་གིས་བསྒྱུར་བ་རྣམས་ཀྱིས་མངོན་པར་བརྗོད་པ་འབུམ་པ་དང་ཡང་རྒྱུད་ཀྱི་རྒྱལ་པོའི་ཚོགས། །གཞན་དུའང་མི་རྣམས་ལ་ནི་རྒྱལ་བས་བསྟན་པ་མཛད་ནི་འགྲེལ་པ་རྣམས་ཀྱིས་དོན་རྟོགས་སོ། །གང་ཞིག་འགྲེལ་པ་མེད་པར་ཉུང་རྒྱུད་ངེས་པར་གཏུགས་ལ་གསང་ ཚིག་སྟོན་བྱེད་པ། །དེ་ནི་ལོང་བ་ཆུ་ལ་སྦྲུལ་ཞུགས་ཡུན་རིངས་ལོན་པའི་རྗེས་ལ་བལྟ་བ་བཞིན། །རྒྱལ་བས་མཐའ་དག་རྒྱུད་དུ་ངེས་དོན་ཁོ་ན་མ་ཡིན་དྲང་བའི་དོན་ཡང་བསྟན། །གལ་ཏེ་དྲང་དོན་འགྲེལ་པས་གསལ་བར་བྱས་ན་ངེས་པ་རྟོགས་ཆེད་དོན་མེད་དོ། །རྒྱལ་བས་མཐའ་དག་རྒྱུད་ནི་ དགོངས་པས་བཤད་དང་དགོངས་མིན་བཤད་དོ་གཞན་པ་ནི། །ཇི་བཞིན་སྒྲ་དང་ཇི་བཞིན་སྒྲ་མིན་ངེས་པའི་དོན་དང་དྲང་བའི་དོན་ཡང་བསྟན། །ཕུང་པོ་ཕྱི་ས་ལ་སོགས་དྲི་མ་བཅས་གང་དེ་རྣམས་འདིར་ནི་ལྷ་ཉིད་མིན། །ལྷ་ཡི་ཞལ་དང་ཕྱག་རྣམས་རྫོགས་སངས་རྒྱས་མིན་རྟོག་པས་ཆེད་དུ་ཀུན་ བརྟགས་ཡིན། །བཅོམ་ལྡན་འདས་ཀྱིས་མཐའ་དྲུག་གིས་བསྐོར་འདུས་པ་ལ་སོགས་རྒྱུད་རྣམས་གང་གསུངས་པ། །བསྟན་བཅོས་མཁས་པའི་ང་རྒྱལ་གཅོག་བྱེད་དེ་ནི་རྟོག་གེས་རྟོགས་བྱ་ག་ལ་ཡིན། །མེ་ལོང་ལ་ནི་པྲ་ཕབ་མཚུངས་པ་དུས་རྣམས་གསུམ་པོ་ཡང་དག་རིག་པ་འདི། །དངོས་དང་ དངོས་མེད་རྟོག་པའི་དྲ་བ་བྲལ་བའི་ཡེ་ཤེས་གང་ཡིན་གཉིས་མེད་ཉིད། །བཅོམ་ལྡན་འདས་ཀྱི་བདེ་བ་ཆེན་པོར་ཁུ་བ་འབབ་པ་སུམ་ཅུ་རྩ་གཉིས་རྩ། །གསུངས་ཏེ་མགྲིན་པར་སོན་ཅིང་དེ་བཞིན་སྙིང་ག་ལྟེ་བ་གསང་བར་གང་ཡིན་པའང་། །ཅི་ཞིག་འབབ་པ་རྐང་ལག་ཚིགས་དང་ལག་པའི་སོར་མོའི་ ཚིགས་སུ་སོན་པ་སྟེ། །དེ་རྣམས་རྒྱལ་བས་ཀྱེ་ཡི་རྡོ་རྗེ་སྙིང་པོས་བདག་ལ་གསུངས་པའང་མེད། །གཙུག་ལག་དགེ་སློང་སྐྱེ་བོ་ལ་གསུངས་གང་དེའང་མ་ག་དྷཱ་སྐད་གཞན་པ་མིན། །སྡེ་སྣོད་གསུམ་དུ་བཅོམ་ལྡན་འདས་ཀྱིས་གསུངས་གང་དེ་ནི་གནས་བརྟན་སྡེ་བའི་ལུགས་སུ་སྟེ། །ངེས་པར་ནད་ གཞན་དེ་ལའང་སྨན་གཞན་འདི་སྟེ་ནད་འདི་གཞོམ་པའི་ཆེད་དུའོ། །ཐུབ་པའི་དོན་ལ་སོགས་པ་རྟོན་པ་རྣམ་བཞི་འདི་ཡིན་ཚིག་འབྲུ་སོགས་ལ་མིན། །གང་ཞིག་ལྷ་དང་ལྷ་མིན་ཀླུ་དང་གནོད་སྦྱིན་སྐད་རྣམས་དང་ནི་གཞན་གྱིས་ཀྱང་། །ཆོས་རྣམས་ཅིག་ཅར་སྟོན་མཛད་འཇིག་ རྟེན་དཔེ་སྤངས་ངོ་མཚར་བྱེད་པ་བཅོམ་ལྡན་གྱིས། །གསུང་དབྱངས་དེ་འདིའང་ལེགས་སྦྱར་མཚན་ཉིད་ཅན་གྱིས་ཨེ་བཾ་མ་ཡཱ་ཞེས་སོགས་ཀྱིས། །གཙུག་ལག་བཤད་ཅེས་སྨྲ་འདི་སྐྱེ་བོ་མཁས་པ་རྣམས་ཀྱིས་མཚར་བྱ་ཅིས་མ་ཡིན། །རྣམ་པ་ཐམས་ཅད་མཆོག་ལྡན་མིག་འཕྲུལ་དང་མཚུངས་ སྒྱུ་མ་ལྟ་བུ་མཁའ་འགྲོ་བའི། །བཅོམ་ལྡན་འདས་ཀྱི་སྐུ་གང་བྱིས་པ་མཁས་པ་རྣམས་ཀྱིས་རྟོགས་བྱེད་ངེས་བཤད་དེ། །སུམ་ཅུ་རྩ་གཉིས་མཚན་རྣམས་དང་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་ཀྱིས་སྤྲས། །ཕུང་པོ་ཁམས་དང་དབང་པོ་རྣམས་དང་ཡུལ་རྣམས་བཅས་པ་དཀྱིལ་འཁོར་ལ་བཞུགས་ པའོ། །བླུན་པོ་རྣམས་ནི་རྟེན་ཅིང་འབྲེལ་པ་སྐྱེ་ཞིང་འབྱུང་བར་རིག་པར་རྟག་ཏུ་འདོད། །འཇིག་དང་སྐྱེ་བ་ཚེས་གྲངས་རྒྱུ་བ་ལ་སོགས་རྩིས་རྣམས་རྒྱུད་གཞན་དུ་བསྟན་ཏོ། །སྐྱེ་བོ་བྱིས་འགའ་འོ་མ་མེད་པར་ཞོ་འདོད་བ་མེད་པར་ནི་འོ་མ་དང་། །བ་བྱུང་ཡང་སྟེ་སྤྱོད་བྲལ་འདིར་ནི་ཤེས་མེད་པ་ལ་སྐྱོན་ཅི་ཞིག ། ཀྱེ་ཡི་རྡོ་རྗེ་ཡིས་ནི་བདེ་མཆོག་འཁོར་ལོ་དང་ནི་གདན་བཞི་ཤེས་པར་བྱ། །ཀྱེ་ཡི་རྡོ་རྗེ་དང་ནི་བདེ་མཆོག་འཁོར་ལོ་ཉུང་ངུ་འདི་ནི་གདན་བཞིས་ཤེས་པར་བྱ། །མཆོག་གི་དང་པོའི་སངས་རྒྱས་ཚིག་དང་བདེ་མཆོག་ཆེན་པོས་ངེས་དོན་ཤེས་པར་བྱ། །དེ་ལ་སོགས་པའི་རྒྱུད་རྣམས་ནི། །རྒྱུད་གཞན་ རྣམས་ཀྱིས་རྟག་ཏུ་ནི། །བསྟན་དང་རྒྱས་བཤད་ཀྱིས་ཤེས་བྱ། །འགྲེལ་པས་ལམ་འདོད་རྣམས་ཀྱིས་སོ། །ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་པ་སྟོང་ཕྲག་དྲུག་པར་འདོད་པའི་ལྷ་ལ་བསྟོད་ཅིང་རྒྱུད་ལ་འཇུག་པ་སྟེ་ཡོངས་སུ་བཅད་པ་དང་པོའོ།། །།ད་ནི་རྒྱུད་བསྟན་པ་བརྗོད་པར་བྱ་སྟེ། འདིར་དང་པོར་རེ་ཞིག་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། འབྲེལ་པ་དང་། དགོས་པ་དང་། དགོས་པའི་དགོས་པ་རྣམས་མངོན་པར་ཡང་དག་པར་གཟིགས་ནས་གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ལ་རང་གི་སེམས་ཀྱི་བསམ་པས་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་སྩོལ་བར་མཛད་ པ་ནི། ཨེ་ཝཾ་གྱི་ཡི་གེ་ལ་བཞུགས་པ། མཁའ་འགྲོ་མའི་དྲ་བས་བསྐོར་བ། ཀྱེའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པ། བདག་མེད་མས་ཀྱང་ཞུས་པ། ཀྱེའི་རྡོ་རྗེ་འབུམ་ཕྲག་ལྔ་པ་ལས། ཉུང་ངུའི་རྒྱུད་གཞུང་ཕྱེད་དང་བཅས་པའི་བདུན་བརྒྱ་ པ་འདི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བསྟན་ཏོ། །འདིར་བརྗོད་པར་བྱ་བ་ནི་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་བདག་མེད་མ་དང་བཅས་པའོ། །འདི་རྟོགས་པར་བྱེད་པའི་ལེའུའི་ཚོགས་ཀྱི་རྒྱུད་ཀྱི་རྒྱལ་པོ་ནི་རྗོད་པར་བྱེད་པའོ། །བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དེ་དག་གི་ཕན་ཚུན་བརྗོད་བྱ་ རྗོད་བྱེད་ཀྱི་མཚན་ཉིད་ནི་འབྲེལ་པའོ། །དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་དབང་བསྐུར་བ་བྱིན་པ་ནི་དགོས་པའོ། །དབང་བསྐུར་ནས་དེ་ཁོ་ན་ཉིད་གསལ་བར་བྱས་པ་ནི་དགོས་པའི་དགོས་པའོ་ཞེས་པ་འདི་རྣམས་མངོན་པར་ཡང་དག་པར་གཟིགས་ནས་ཏེ། གདུལ་བྱའི་སྐྱེ་བོ་ངེས་པ་དང་ བྲལ་བ་རྣམས་ལ་ཞེས་པ་ཉན་ཐོས་ཀྱི་སྡོམ་པ་དང་བྲལ་བ་རྣམས་ལའོ། །རང་གི་སེམས་ཀྱི་བསམ་པས་ཞེས་པ་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་སེམས་ཀྱིས་སོ། །སྐྱེ་བ་འདི་ལ་སངས་རྒྱས་ཉིད་རབ་ཏུ་སྟེར་བ་ཞེས་པ་ནི་ཡང་དང་ཡང་དུ་མིའི་སྐྱེ་བ་ལ་སྟེ། ལྷ་དང་ལྷ་མིན་ལ་སོགས་པ་ལ་ ནི་མིན་ནོ། །ཨེ་ཝཾ་གྱི་ཡི་གེ་ལ་བཞུགས་པ་ཞེས་པ་བདེ་བ་ཐམས་ཅད་ཀྱི་གཞི་ལ་བཞུགས་པས་སོ། །མཁའ་འགྲོ་མའི་དྲ་བས་ཡོངས་སུ་བསྐོར་བ་ཞེས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ཅན་གྱིས་སོ། །ཀྱེའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྡོ་རྗེ་སྙིང་པོས་གསོལ་བ་ བཏབ་པ་ཤེས་རབ་བདག་མེད་མས་ཡོངས་སུ་ཞུས་པས། ཀྱེ་ཡི་རྡོ་རྗེའི་རྩ་བའི་རྒྱུད་འབུམ་ཕྲག་ལྔ་པ་བརྟག་པ་ཆེན་པོ་སུམ་ཅུ་རྩ་གཉིས་པ་ལས་ཉུང་ངུའི་རྒྱུད་རྫོགས་པར་བྱང་ཆུབ་པ་དང་། སྒྱུ་འཕྲུལ་དྲ་བའི་མཚན་ཉིད་ཅན་གྱི་བརྟག་པ་གཉིས་པ་ལེའུ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་ཅན་ཕྱེད་དང་ བཅས་པའི་བདུན་བརྒྱ་པའི་གཞུང་གི་ཚད་ཀྱིས་བསྡུས་པའི་རྒྱུད་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཡང་དག་པར་བསྟན་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བདེན་པ་དག་གིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཆེད་དུ་བསྐྱེད་པ་དང་རྫོགས་པའི་རིམ་པ་ དག་གིས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་། དེ་ཁོ་ན་ཉིད་བསྒོམ་པས་སོ་ཞེས་པའོ། །རྒྱུད་འདིར་བརྗོད་པར་བྱ་བ་ནི་ཀྱེའི་རྡོ་རྗེ་ཡིན་ལ། ཀྱེའི་རྡོ་རྗེའི་རྒྱུད་ནི་རྗོད་པར་བྱེད་པའོ། །བརྗོད་པར་བྱ་བ་དེ་ཡང་རྗོད་པར་བྱེད་པའི་ངོ་བོ་ཉིད་ཀྱིས་གནས་པ་སྟེ། དང་པོ་རྡོ་རྗེ་རིགས་ ཀྱི་ལེའུའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་སྔགས་ཀྱི་ལེའུའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་ལྷའི་ལེའུའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་བཞིན་དུ་ལྷ་དབང་བསྐུར་བའི་ལེའུའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ཁོ་ན་ཉིད་ཀྱི་ལེའུའི་ངོ་བོ་ཉིད་ཀྱིས་གནས་པ་དང་། །སྤྱོད་པའི་ལེའུའི་ངོ་བོ་ ཉིད་ཀྱིས་གནས་པ་དང་། བརྡ་དང་གནས་གཏན་ལ་དབབ་པའི་ལེའུའི་ངོ་བོ་ཉིད་ཀྱིས་གནས་པ་དང་། རྣལ་འབྱོར་མའི་འཁོར་ལོ་འདུ་བའི་ལེའུའི་ངོ་བོ་ཉིད་དུ་གནས་པ་དང་། རྣམ་པར་དག་པའི་ལེའུའི་ངོ་བོ་ཉིད་དུ་གནས་པ་དང་། མངོན་པར་དབང་བསྐུར་བའི་ལེའུའི་ངོ་བོ་ཉིད་དུ་གནས་པ་དང་། མངོན་ པར་རྫོགས་པར་བྱང་ཆུབ་པའི་བརྟག་པའི་རྒྱལ་པོའི་ལེའུའི་ངོ་བོ་ཉིད་དུ་གནས་པའོ་ཞེས་པ་ཡོངས་སུ་བཅད་པ་བཅུ་གཅིག་ནི་བརྟག་པ་དང་པོ་ལའོ། །དེ་ནས་སྒྱུ་མའི་དྲ་བའི་བརྟག་པ་ལ། སྒྱུ་མ་ཞེས་པ་ནི་མཁའ་འགྲོ་མ་སྟེ། དྲ་བ་ཞེས་པ་ནི་ཚོགས་པའོ། །སྡོམ་པ་ནི་འདུས་པ་སྟེ་ཧེ་རུ་ཀ་དང་ བཅས་པ་ཞེས་པ་ངེས་པའོ། །འདི་ཉིད་དུ་དང་པོ་རེ་ཞིག་རབ་གནས་དང་སྦྱིན་སྲེག་དང་ཐབ་ཁུང་དང་ལས་རབ་འབྱམ་དང་། མཆོད་པའི་ལེའུའི་ངོ་བོ་ཉིད་ཀྱིས་བཞུགས་པ་དང་། དེ་ནས་དངོས་གྲུབ་གཏན་ལ་དབབ་པའི་ལེའུའི་ངོ་བོ་ཉིད་ཀྱིས་བཞུགས་པ་དང་། དེ་བཞིན་དུ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ དང་། དགོངས་པའི་སྐད་ཀྱི་ལེའུའི་ངོ་བོ་ཉིད་ཀྱིས་བཞུགས་པ་དང་། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུའི་ངོ་བོ་ཉིད་དུ་བཞུགས་པ་དང་། ཀྱེའི་རྡོ་རྗེ་མངོན་པར་འབྱུང་བའི་ལེའུའི་ངོ་བོ་ཉིད་དུ་བཞུགས་པ་དང་། ཕྱག་རྒྱ་རྣམ་པར་དག་པ་དང་། བྲིས་སྐུ་དང་གླེགས་བམ་འབྲི་བ་ངེས་པའི་ ངོ་བོ་ཉིད་ཀྱིས་བཞུགས་པ་དང་། བཟའ་བའི་ཆོ་གའི་ལེའུའི་ངོ་བོ་ཉིད་ཀྱིས་བཞུགས་པ་དང་། པདྨ་ཅན་གྱི་མཚན་ཉིད་དང་། སློབ་མ་འདུལ་བའི་ལེའུའི་ངོ་བོ་ཉིད་ཀྱིས་བཞུགས་པ་དང་། ལྷ་རྣམ་པར་དག་པ་དང་། སྔགས་བཏུ་བའི་ལེའུའི་ངོ་བོ་ཉིད་ཀྱིས་བཞུགས་པ་དང་། སྔགས་བཟླས་པའི་ ལེའུའི་ངོ་བོ་ཉིད་ཀྱིས་བཞུགས་པ་དང་། ལྷན་ཅིག་སྐྱེས་པའི་དོན་གྱིས་སྦྱོར་བ་དང་རྗེས་སུ་གནང་བའི་གླེང་གཞིའི་ངོ་བོ་ཉིད་ཀྱིས་བཞུགས་པ་དང་། དེ་ལྟར་ལེའུ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་བཞུགས་པའོ། །བཅོམ་ལྡན་འདས་ཀྱེའི་རྡོ་རྗེས་རྡོ་རྗེ་སྙིང་པོ་ལ་བོས་པར་ གྱུར་ཏེ། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ནི་ཡེ་ཤེས་ཏེ་བདེ་བ་ཆེན་པོའོ། །དེ་ཉིད་རྗེ་བཙུན་གསང་བ་ལས་ཆེས་ཤིན་ཏུ་གསང་བ་སྟེ་རྣམ་པར་རྟོག་པའི་བསྒོམ་པ་ལ་དགའ་བ་རྣམས་ལ་སྦ་བར་བྱ་ཞིང་ ཤིན་ཏུ་སྦ་བར་བྱ་བའོ། །ཨེ་མ་རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ལེགས་སོ་ལེགས་སོ། །རྡོ་རྗེ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའ་དང་སེམས་དཔའ་ཆེན་པོ་དང་དམ་ཚིག་སེམས་དཔའི་སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་ཉོན་ཅིག་ཅེས་བྱ་བ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བཞུགས་ པའི་གནས་ཀྱི་མཐར་བརྗོད་པའོ། །དེའི་ཕྱིར་སྔགས་བཞུགས་པའི་གནས་བཅོམ་ལྡན་འདས་ཀྱིས་གསུངས་པ་བརྗོད་པར་བྱ་སྟེ། ཕྱི་ནས་བཅོམ་ལྡན་འདས་ཀྱིས་བསྐུལ་བའི་གསུང་ངག་དང་རྡོ་རྗེ་སྙིང་པོས་གསོལ་བ་འདེབས་པའོ་ཞེས་པའོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ་ཞེས་པ་བཞུགས་པའི་ཚིག་གོ། །འོ་ན་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པའི་ཚིག་གང་ཡིན་པ་དེ་ཅི། སྟོན་པ་པོ་ཐམས་ཅད་མཁྱེན་པའི་ཡིན་ནམ་ འོན་ཏེ་སྡུད་པར་བྱེད་པ་གསོལ་བ་འདེབས་པ་པོའི་ཡིན། གཉི་ག་ལྟར་ན་དྲང་བའི་དོན་དུ་སྐྱོན་ཡོད་དེ། འདིར་གལ་ཏེ་འདས་པའི་དུས་སུ་ཐོས་པ་དེ་ཉིད་གསུང་བར་བྱེད་ན། དེའི་ཚེ་མ་འོངས་པའི་དུས་ལ་ཡེ་ཤེས་མེད་དེ་གཞན་ལས་ཐོས་ནས་ཡོངས་སུ་མཁྱེན་པའི་ཕྱིར་རོ། །ཅི་སྟེ་སྡུད་པར་བྱེད་ པ་པོའི་ཡིན་ན་དེའི་ཚེ་འདི་སྐད་ཀྱི་ཡི་གེ་ལ་སོགས་པ་དོན་མེད་དེ། །རྡོ་རྗེ་སེམས་དཔས་མ་གསུངས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ངག་འདི་དགོངས་པའི་སྐད་གཞན་གྱིས་ངེས་པའི་དོན་དུ་རྟོགས་པར་བྱ་བའོ། །འདི་ཡི་ངེས་པའི་དོན་ཉིད་ནི། །ཨེ་ཡིག་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གྱིས་ རྣམ་བརྒྱན་པ། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་པ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའོ། །དེ་ཉིད་ནི་སྟོན་པ་པོ་ང་སྟེ་བདེ་བ་ཆེན་པོའོ། །ཐོས་པ་ནི་མཁྱེན་པའོ། །བདག་གིས་ནི་བདག་ཉིད་ཀྱིས་སོ། །དུས་གཅིག་ན་ནི་སྐད་ ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནའོ། །བཅོམ་ལྡན་འདས་ནི་བདེ་བ་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དགོངས་པའི་སྐད་ཀྱིས་ཕུང་པོ་ལྔ་རྣམས་སོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོ་ཞེས་པ་ལ་སྐུ་དང་གསུང་དང་ཐུགས་ཀྱི་བྱ་བ་རྡོ་རྗེ་ བཙུན་མོ་རྣམས་ནི་ཡུལ་གྱི་ཆོས་ཅན་ནམ་མཁའ་ལ་སོགས་པའི་ཁམས་རྣམས་ཏེ། སྲོག་འགྲོ་བ་དང་འོང་བའི་བྱེ་བྲག་གིས་ཡོན་ཏན་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔའི་བྱེ་བྲག་གིས་གཙུག་ཏོར་དང་དཔྲལ་བ་དང་མགྲིན་པ་དང་སྙིང་ག་དང་ལྟེ་བའི་པདྨ་རྣམས་ཀྱི་བྷ་ག་རྣམས་སུ་ དང་། ལྟེ་བ་དང་གསང་བ་དང་རྡོ་རྗེ་ནོར་བུར་ཡོན་ཏན་གསུམ་གྱི་དབྱེ་བས་གནས་པ་རྣམས་ཏེ། དགའ་བ་ལ་སོགས་པའི་དབྱེ་བས་བྱང་ཆུབ་ཀྱི་སེམས་དེ་རྣམས་སུ་བཞུགས་སོ་ཞེས་པའོ། །ཟློག་པས་ནི་དེ་ལས་བཟློག་པ་ཡོན་ཏན་ཟད་པས་རྡོ་རྗེ་ནོར་བུ་དང་གསང་བར་དང་། ཡུལ་ཟད་པས་ ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་ཏེ་འདི་རྣམས་སུ་བཞུགས་ཏེ། རྒྱུ་མཐུན་པ་ལ་སོགས་པའི་དབྱེ་བས་སོ་ཞེས་པའོ། །དེ་ལྟར་ཁམས་དང་ཕུང་པོ་ལ་སོགས་པ་རྣམས་སྒྲིབ་པ་མེད་པ་ཉིད་ཀྱིས་རྫོགས་པར་བརྗོད་པར་བྱ་སྟེ་བདེ་བ་ཆེན་པོའི་ལས་སོ། །ཨེ་ཡིག་ནི་ སྤྱན་མའོ། །ཝཾ་ཡིག་ནི་མཱ་མ་ཀཱིའོ། །མ་ཡིག་ནི་གོས་དཀར་མོའོ། །ཡཱ་ཡིག་ནི་སྒྲོལ་མའོ། །ཤྲུ་ཡིག་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །ཏཾ་ཡིག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ་ཞེས་པའོ། །དེ་ནས་ཕུང་པོ་རྣམས་ཏེ། ཨེ་ཡིག་ནི་རྡོ་རྗེ་སེམས་དཔའོ། །ཀ་ཡིག་ནི་མི་བསྐྱོད་ པའོ། །སྨིན་ཡིག་ནི་དོན་ཡོད་གྲུབ་པའོ། །ས་ཡིག་ནི་རིན་ཆེན་དབང་པོའོ། །མ་ཡིག་ནི་འོད་དཔག་ཏུ་མེད་པའོ། །ཡེ་ཡིག་ནི་རྣམ་པར་སྣང་མཛད་དོ། །བྷ་ཡིག་ནི་དྲི་རྡོ་རྗེ་མའོ། །ག་ཡིག་ནི་རོ་རྡོ་རྗེ་མའོ། །ཝཱན་ཡིག་ནི་གཟུགས་རྡོ་རྗེ་མའོ། །ས་ཡིག་ནི་རེག་བྱ་རྡོ་རྗེ་མའོ། །རྦ་ཡིག་ ནི་སྒྲ་རྡོ་རྗེ་མའོ། །ཏ་ཡིག་ནི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའོ། །ཐཱ་ཡིག་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ག་ཡིག་ནི་འཇིག་རྟེན་དབང་ཕྱུག་གོ། །ཏ་ཡིག་ནི་སའི་སྙིང་པོའོ། །ཀཱ་ཡིག་ནི་ནམ་མཁའི་སྙིང་པོའོ། །ཡ་ཡིག་ནི་ཕྱག་ན་རྡོ་རྗེའོ། །ཝཱཀ་ཡིག་ནི་ཀུན་དུ་བཟང་པོ་སྟེ། དེ་ལྟར་སྐྱེ་མཆེད་བཅུ་གཉིས་རྣམས་སོ། །ཙི་ཡིག་ནི་རེངས་བྱེད་མའོ། །ཏྟ་ཡིག་ནི་ང་རྒྱལ་མའོ། །བ་ཡིག་ནི་རྨུགས་བྱེད་མའོ། །ཛྲ་ཡིག་ནི་ཤིན་ཏུ་བརྩོན་འགྲུས་མའོ། །ཡོ་ཡིག་ནི་ཤིན་ཏུ་སྔོན་མོའོ། །ཥིཏ་ཡིག་ནི་དྲག་སྤྱན་མའོ། །བྷ་ཡིག་ནི་གནོད་མཛེས་སོ། །ག་ཡིག་ནི་གཙུག་ ཏོར་རོ། །ཥུ་ཡིག་ནི་བགེགས་མཐར་བྱེད་དོ། །བི་ཡིག་ནི་ཤེས་རབ་མཐར་བྱེད་དོ། །ཛ་ཡིག་ནི་པདྨ་མཐར་བྱེད་དོ། །ཧཱ་ཡིག་ནི་གཤིན་རྗེ་མཐར་བྱེད་དོ། །ར་ཡིག་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་གཙོ་བོ་སུམ་ཅུ་རྩ་བདུན་པའོ། །དེ་ལྟར་སུམ་ཅུ་རྩ་བདུན་བྱང་ཆུབ་ ཀྱི་ཕྱོགས་ཀྱི་ཆོས་རྣམས་རིམ་པ་ཇི་ལྟ་བར་ཡོངས་སུ་དག་པ་རྣམས་ཏེ། ཁམས་དྲུག་རྣམས་དང་། ཕུང་པོ་དྲུག་རྣམས་དང་། ཡུལ་དྲུག་རྣམས་དང་། དབང་པོ་དྲུག་རྣམས་དང་། ལས་ཀྱི་དབང་པོའི་བྱ་བ་དྲུག་རྣམས་དང་། ལས་ཀྱི་དབང་པོ་དྲུག་དང་། བདེ་བ་ཆེན་པོའོ་ཞེས་པ་སྟེ་བཞི་པ་ ཟད་པ་ལས་སོ། །དེའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་རྣམས་དང་། ཡང་དག་པར་སྤོང་བ་བཞི་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་དང་། དབང་པོ་ལྔ་རྣམས་དང་། སྟོབས་ལྔ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་སོ་ཞེས་ པའོ། །དེ་ལྟར་བདེ་བ་ཆེན་པོ་ལས་ངོ་བོ་ཉིད་ལས་ཆོས་ཀྱི་སྐུ་སྟེ། བཞི་པ་ཟད་པ་ལས་གཉིད་སྟུག་པོ་ཟད་དོ། །གཉིད་སྟུག་པོ་ཟད་པས་རྨི་ལམ་ཟད་དོ། །རྨི་ལམ་ཟད་པ་ལས་སད་པ་ཟད་པའོ། །དེ་རྣམས་ཟད་པ་ལས་རིམ་པ་ཇི་ལྟ་བར་ལྷན་ཅིག་སྐྱེས་པ་དང་། ཆོས་དང་ལོངས་སྤྱོད་ རྫོགས་པ་དང་། སྤྲུལ་པའི་སྐུ་རྣམས་སུ་རིམ་པ་ཇི་ལྟ་བར་འགྱུར་ཏེ། ཡེ་ཤེས་དང་། སེམས་དང་། ངག་དང་། ལུས་སྒྲིབ་པ་མེད་པར་འགྱུར་རོ། །དེའི་ཕྱིར། ཐམས་ཅད་ནས་ནི་ཕྱག་ཞབས་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ ཅད་གཡོགས་ནས་བཞུགས་པའོ། །དེའི་ཕྱིར། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་ནོ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །དེ་ལྟར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་སྐུ་བཞིའི་བདག་ཉིད་ཅན་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ས་བཅུ་གཉིས་ཀྱི་དབང་ཕྱུག་ནི་སྟོན་པའོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ས་བཅུའི་དབང་ཕྱུག་ནི་གསོལ་བ་འདེབས་པ་ པོའོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་པ་སྟོང་ཕྲག་དྲུག་པར་སྟོན་པ་པོ་དང་། གསོལ་བ་འདེབས་པ་པོ་དང་། རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་དང་། འབྲེལ་པར་བྱ་བ་དང་། བཞུགས་པའི་གནས་ངེས་པ་སྟེ་ཡོངས་སུ་བཅད་པ་གཉིས་པའོ།། །།ད་ནི་རྡོ་རྗེ་སྙིང་པོས་གསོལ་བ་འདེབས་པ་དང་བཅོམ་ལྡན་འདས་ ཀྱིས་ལན་གྱི་གསུང་གསལ་བ་བྱ་བ་སྟེ། རྡོ་རྗེ་སྙིང་པོས་གསོལ་པ། ཅི་ཡིས་ཞེས་པ་ལ་སོགས་པའོ། །ཅི་ཡིས་རྡོ་རྗེ་སེམས་དཔར་འགྱུར། །ཅི་ལྟར་བྱང་ཆུབ་སེམས་དཔར་འགྱུར། །ཅི་ཕྱིར་སེམས་དཔའ་ཆེན་པོ་ལགས། །ཇི་ལྟར་དམ་ཚིག་སེམས་དཔའ་གཙོ། །ཞེས་པ་རྡོ་རྗེ་སྙིང་པོའི་གསོལ་བ་འདེབས་པ་ གསན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཕྱེད་རྡོ་རྗེ་ཞེས་པར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་ཉིད། །ཤེས་རབ་རིགས་པ་འདི་ཡིས་ནི། །རྡོ་རྗེ་སེམས་དཔའ་ཞེས་པར་བཤད། །བྱང་ཆུབ་ལ་གནས་སེམས་དཔའ་དེ། །བྱང་ཆུབ་སེམས་དཔར་བརྗོད་པར་ བྱ། །ཡེ་ཤེས་ཆེན་པོའི་རོས་གང་བ། །སེམས་དཔའ་ཆེན་པོར་བརྗོད་པར་བྱ། །རྟག་ཏུ་དམ་ཚིག་ལ་གནས་པས། །དམ་ཚིག་སེམས་དཔར་མངོན་པར་བརྗོད། །ཅེས་མདོར་བསྟན་པའི་རྒྱས་པར་བཤད་པ་ནི་འབུམ་ཕྲག་ལྔ་པར་རབ་ཏུ་གསལ་ཏེ། དེའི་ཕྱིར་དེ་ཉིད་ལ་འཇུག་པར་ བྱའོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཕྱེད་རྡོ་རྗེ་ཞེས་བཤད་གང་། ཝཾ་གྱི་ཡི་གེར་དེ་རབ་གྲགས། །སྐུ་གསུང་ཐུགས་ནི་མི་ཕྱེད་པ། །ཡི་གེ་ཝཾ་གྱིས་མངོན་བརྗོད་བྱ། །སེམས་དཔའ་སྲིད་གསུམ་གཅིག་ཉིད་ནི། །ཡི་གེ་ཨེ་ཡིས་བརྗོད་པར་བྱ། །ཨེ་ཡིག་ཤེས་ རབ་དང་ལྷན་ཅིག །ཝཾ་ཡིག་རིགས་གསུམ་བདག་ཉིད་ཅན། །ལྟེ་བའི་དབུས་གནས་དཔའ་བོ་ནི། །ཟེ་འབྲུ་གསང་བའི་སྤྱོད་ཡུལ་ཅན། །རང་འདྲའི་ཤེས་རབ་དང་ལྡན་ཏེ། །རྡོ་རྗེ་སེམས་དཔར་རབ་བརྗོད་བྱ། །ཕྱག་གཉིས་ཧེ་རུ་ཀ་རུ་བཤད། །དེ་ཉིད་འཇིག་རྟེན་གསུམ་བསྐྱོད་ཉིད། །དེ་ཉིད་ ངོ་བོ་ཉིད་དུ་བརྗོད། །སངས་རྒྱས་སྐུ་དེ་བདེ་བ་ཆེ། །དེ་ཉིད་ཡེ་ཤེས་རྡོ་རྗེར་འགྱུར། །དེ་ཉིད་ལྷན་ཅིག་སྐྱེས་དགའ་ཉིད། །རྒྱུ་མཐུན་པར་ཡང་དེ་ཉིད་ཅན། །རྡོ་རྗེ་རྩེ་གཅིག་པ་རུ་བརྗོད། །དེ་ཡང་བཞི་པའི་གནས་སྐབས་ཟད། །རྣམ་དག་མཆོག་ཏུ་མི་འགྱུར་བའོ། །བྱང་ཆུབ་ལ་གནས་ གང་ཡང་ནི། །སྙིང་གའི་པདྨའི་དབུས་གནས་པར། །ཧཱུཾ་ཡིག་ཁོ་ན་སེམས་དཔར་བཤད། །མི་བསྐྱོད་པ་ནི་དེ་ཁོ་ན། །ཐུགས་ཀྱི་རྡོ་རྗེར་དེ་ཉིད་བརྗོད། །ཁྱབ་འཇུག་ཉིད་དེ་ཕྱག་བཞི་པ། །དེ་ཉིད་ཛྭ་ལ་ཛྭ་ལ་བྷྱོ། །དེ་ཉིད་ཆོས་ཀྱི་སྐུ་རུ་བཤད། །ཆོས་འཁོར་ལོ་གནས་རྡོ་རྗེ་ཅན། ། ཁྱད་དགའི་དགའ་བའི་ཚུལ་འཆང་བ། །དེ་ཉིད་རྣམ་སྨིན་དུ་ཡང་བཤད། །གཉིད་སྟུག་ཟད་པར་བྱེད་པའོ། །ཡེ་ཤེས་ཆེན་པོའི་རོས་གང་བ། །སེམས་དཔའ་ཆེན་པོར་དེ་བརྗོད་བྱ། །ཡི་གེ་ཨཱཿནི་ཡང་དག་བརྗོད། །མགྲིན་པར་ལོངས་སྤྱོད་འཁོར་ལོའི་དབང་། །འོད་དཔག་མེད་དུ་མངོན་ བརྗོད་བྱ། །དེ་ཉིད་གསུང་གི་རྡོ་རྗེར་བཤད། །པདྨའི་ཕྱག་ཅན་དེ་བཞིན་གཤེགས། །དེ་ཉིད་མཆོག་ཏུ་དགའ་བར་བཤད། །སྐྱེས་བུ་བྱེད་པར་རབ་བརྗོད་བྱ། །ཀུན་རྫོབ་དང་ནི་དོན་དམ་གྱི། །དེ་ཡང་རྨི་ལམ་གནས་སྐབས་ཟད། །དེ་ཉིད་ལོངས་སྤྱོད་རྫོགས་སྐུར་འགྱུར། །སངས་རྒྱས་ རྣམས་ཀྱིས་ཆོས་སྟོན་མཛད། །དེ་ཉིད་བདེ་བྱེད་རབ་ཏུ་བརྗོད། །ཞལ་གསུམ་རྣམ་པ་ཕྱག་དྲུག་སྟེ། །ཀི་ཊི་ཀི་ཊི་རྡོ་རྗེ་དེ། །ཧེ་རུ་ཀ་ཉིད་གསུམ་པར་འགྱུར། །རྟག་ཏུ་དམ་ཚིག་ལ་གནས་པས། །གང་ཞིག་གནས་པ་དེ་བརྗོད་བྱ། །དམ་ཚིག་རི་བོང་འཛིན་ཁུ་བ། །བདེ་བ་ཆེན་པོ་དཔྲལ་ བར་གནས། །བདུད་རྩིར་ལེགས་གནས་སེམས་དཔའོ། །ཨོཾ་གྱི་ཡི་གེར་ཡོངས་བཤད་བྱ། །དེ་ཉིད་རྣམ་པར་སྣང་མཛད་བརྗོད། །སྐུ་ཡི་རྡོ་རྗེ་དེ་ཁོ་ནའོ། །ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །དེ་ཉིད་ཡོངས་སུ་བརྗོད་པར་བྱ། །དགའ་བ་ཚངས་པའི་ངོ་བོ་སྟེ། །གཟུགས་ཀྱི་སྐུ་རུ་དེ་བརྗོད་བྱ། །དེ་ ཉིད་ཕྱག་ན་འཁོར་ལོར་བཤད། །སྐུ་ནི་སྤྲུལ་པའི་མཚན་ཉིད་ཅན། །བཟློག་པས་དེ་ཡང་དྲི་མ་མེད། །དེ་ཉིད་སད་པ་ཟད་པ་ཉིད། །དེ་ཉིད་པི་ཙུ་བཛྲ་འགྱུར། །ཞལ་བརྒྱད་ཧེ་རུ་ཀ་རུ་བརྗོད། །དཔའ་བོ་ཆེན་པོ་ཞབས་བཞི་པ། །བཅུ་དྲུག་ཕྱག་དང་ཡང་དག་ལྡན། །དེ་ ལྟར་སྐུ་ཡི་དབྱེ་བ་ཡིས། །ཧེ་རུ་ཀ་ནི་བཞི་པར་བཤད། །ངོ་བོ་ཉིད་ཅན་ལས་ཆོས་འགྱུར། །ཆོས་ལས་ལོངས་སྤྱོད་རྫོགས་པ་ཉིད། །དེ་ལས་སྤྲུལ་པའི་སྐུར་འགྱུར་ཏེ། །དེ་ལྟར་སྐུ་ནི་བཞི་ཡིན་ནོ། །ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཁྱབ་འཇུག་ཐུགས་ཀྱི་རྡོ་རྗེ་ འཛིན། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་སོ། །རྩ་བའི་རྒྱུད་དུ་རྒྱས་བཤད་པ། །རིགས་ནི་གསུམ་དུ་བརྗོད་པར་བྱ། །ངོ་བོ་ཉིད་དང་ལྡན་པས་ནི། །རིགས་བཞི་ཞེས་པར་བཤད་པ་ཡིན། །མཛད་པ་བཞི་ཡི་དབྱེ་བ་ཡིས། །རིགས་རྣམས་ཀྱི་ནི་རྣམ་གཞག་དེའོ། །སངས་རྒྱས་ལམ་ནི་མངོན་ འདོད་པའི། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཞེས་པའོ། །ཨེ་ཝཾ་གྱི་ཡི་གེ་ནི་རྡོ་རྗེ་སེམས་དཔའ་སྟེ། ཧཱུཾ་ཡིག་ནི་ཐུགས་རྡོ་རྗེའོ། །ཨཱཿཡིག་ནི་གསུང་རྡོ་རྗེའོ། །ཨོཾ་ཡིག་ནི་སྐུ་རྡོ་རྗེའོ། །ཨེ་ཝཾ་ནི་ཧཱུཾ་དང་ཨཱཿདང་ཨོཾ་གྱི་ཡི་གེ་རེ་རེའི་མིང་འདི་ཡིས་རྟོགས་པར་བྱ་བའི་དོན་གཟུང་བར་བྱ་བའི་ ཡི་གེ་དང་མིང་གིས་ནི་མ་ཡིན་ནོ། །འདིར་མིང་གི་དངོས་པོར་མེད་དེ་གལ་ཏེ་ཡོད་ན་ནི་དེའི་ཚེ་ཡིད་དང་མིག་གིས་གཟུང་བར་བྱ་བར་འགྱུར་བ་ཞིག་ན། དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་རྣ་བས་མིང་ཙམ་གཟུང་བར་བྱ་ལ། འདི་ཡིས་རྟོགས་པར་བྱ་བའི་དོན་ནི་ཡིད་དང་མིག་གིས་གཟུང་བར་ བྱ་བའོ། །བུམ་པ་དང་སྣམ་བུ་ལ་སོགས་པའི་དོན་ནི་འཇིམ་པ་དང་། འཁོར་ལོ་དང་། དབྱུག་པ་དང་། ཆུ་དང་། སྐུད་པ་དང་། ཐགས་བཟངས་དང་། གནས་དང་། སྣལ་མ་ལ་སོགས་པས་གྲུབ་པ་ནི་མིང་གིས་བསྐྱེད་པར་བྱས་པར་འགྱུར་བ་མ་ཡིན་ནོ། །མིང་གི་སྒྲ་ཙམ་གྱིས་ཏེ་ས་ལ་སོགས་ པ་དྲི་ལ་སོགས་པའི་ཆོས་ཀྱི་རྒྱུར་གྱུར་པ་འཇིམ་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་པ་བཅོམ་ལྡན་འདས་ཀྱི་ལན་གྱི་གསུང་ངེས་པའོ། །ད་ནི་ཡང་རྡོ་རྗེ་སྙིང་པོས་གསོལ་བ་འདེབས་པ་དང་། བཅོམ་ལྡན་འདས་ཀྱིས་ལན་བཤད་པར་བྱ་སྟེ། རྡོ་རྗེ་སྙིང་པོས་གསོལ་བ། ཅི་ཡིས་ཀྱེ་ཡི་རྡོ་རྗེ་ལགས། ། མཚན་བསྡུས་པ་ནི་འདི་ལྟ་བུ། །ཧེ་ཡིག་གིས་ནི་ཅི་ཞིག་བཤད། །རྡོ་རྗེ་ཡིས་ཀྱང་ཅི་བརྗོད་བྱ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཧེ་ཡིག་གིས་ནི་སྙིང་རྗེ་ཆེ། །རྡོ་རྗེའང་ཤེས་རབ་བརྗོད་པར་བྱ། །ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། ། ཞེས་མདོར་བསྟན་པ་འདི་རྒྱས་པར་བཤད་པ་ནི། རྩ་བའི་རྒྱུད་དུ་སྟེ། དེ་ཉིད་ལ་འཇུག་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སེམས་ཅན་ཆོས་དང་དམིགས་པ་མེད། །སྙིང་རྗེ་འདི་ནི་རྣམ་གསུམ་བཤད། །ཆེན་པོའི་སྒྲ་ལས་དམིགས་པ་མེད། །ཧེ་ ཡིག་གིས་ནི་མངོན་བརྗོད་བྱ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །སྔར་གྱི་ཝཾ་ཡིག་དེ་ཉིད་དོ། །རྡོ་རྗེའི་སྒྲས་ཀྱང་ཨེ་ཡིག་སྟེ། །རྣམ་པ་ཀུན་དོན་སྟོང་པ་ཉིད། །གང་ཞིག་འདི་དག་སྙོམས་འཇུག་པ། །རྣལ་འབྱོར་སྒྲ་ཡིས་བརྗོད་པར་བྱ། །ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། ། རྣལ་འབྱོར་རྒྱུད་དུ་བརྗོད་པར་བྱ། །རྣལ་འབྱོར་ཐབས་ཀྱི་སྒྲ་ཡིས་མིན། །ཤེས་རབ་ཀྱིས་ཀྱང་འགྱུར་བ་མིན། །འདི་ནི་རྣལ་འབྱོར་རྒྱུད་ཅེས་བྱ། །ཀྱེ་ཡི་རྡོ་རྗེ་གཉིས་མེད་པའོ། །འདུས་པ་ལ་སོགས་ཐམས་ཅད་ནི། །ཤེས་རབ་ཐབས་ཀྱི་བདག་ཉིད་དེས། །ཐམས་ཅད་རྣལ་ འབྱོར་རྒྱུད་ཡིན་ཏེ། །ཤེས་རབ་ཐབས་ཀྱི་མིང་རྣམས་ཀྱིས། །གང་དུ་ཐབས་ནི་ལེགས་གནས་ཤིང་། །རྣལ་འབྱོར་མ་རྣམས་ཀུན་སྤྱོད་པ། །ཀུན་རྫོབ་རྣལ་འབྱོར་མ་རྒྱུད་དུ། །བྱིས་པ་རྣམས་ལ་བདག་གིས་བསྟན། །གང་དུ་ཐབས་ནི་འཕོ་བྱེད་ཅིང་། །ཤེས་རབ་ཡང་དག་གནས་ འགྱུར་བ། །ཐབས་ཀྱི་རྒྱུད་ཉིད་དུ་ནི་བཤད། །ཇི་ལྟར་དེ་ལྟར་ཀུན་རྫོབ་ཏུའོ། །ཕྱག་རྒྱ་དཀྱིལ་འཁོར་བསྒོམ་པ་རྣམས། །ཇི་ལྟ་ཇི་ལྟར་རྣམ་དཔྱད་པ། །དེ་ལྟ་དེ་ལྟར་རྣམ་པར་གཞིག །སྐྱེ་འཇིག་མཚན་ཉིད་ཅན་རྣམས་སོ། །ཤེས་རབ་ཐབས་དག་སྙོམས་འཇུག་པ། །དབྱེར་ མེད་མཚན་ཉིད་རྡོ་རྗེ་གསུམ། །ཤེས་དང་ཤེས་བྱ་དག་གཅིག་པ། །སྟོང་ཉིད་སྙིང་རྗེ་གཉིས་མེད་པའོ། །སྟོང་ཉིད་མཚན་མ་མེད་པ་དང་། །དེ་བཞིན་སྨོན་པ་མེད་པ་དང་། །མངོན་འདུས་མ་བྱས་རྣམ་པར་ཐར། །རྣམ་པ་བཞི་རྣམས་ཡོངས་སུ་གྲགས། །སྙིང་རྗེ་བྱམས་པ་དགའ་བ་ དང་། །བཞི་པ་ཡང་ནི་བཏང་སྙོམས་ཏེ། །དེ་རྣམས་ཚངས་པའི་གནས་བཞི་སྟེ། །ཆོས་ཀུན་རྣམ་པར་མི་རྟོག་ལས། །སྒྲིབ་པ་མེད་པའི་ཆོས་ཀྱིས་ནི། །གཉིས་མེད་དེ་ཡིས་བཏགས་པའོ། །ཤེས་རབ་ཐབས་བདག་དེ་བཞིན་ནོ། །རྡོ་རྗེའི་སྐུ་རྣམས་གཉིས་སུ་མེད། ། ཕུང་པོ་དྲུག་དང་ཁམས་དེ་བཞིན། །ཡུལ་དང་དབང་པོ་རྣམས་ཀྱང་སྟེ། །བྱ་བ་ལས་ཀྱི་དབང་པོ་རྣམས། །དེ་ལྟར་གཉིས་མེད་ཉིད་དུ་གནས། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེར་རབ་ཏུ་གནས། །ཕྱི་ནས་རིགས་གསུམ་དབྱེ་བ་ཡིས། །རིགས་ལྔ་རྣམ་པར་དབྱེ་བ་ལས། ། རིགས་དྲུག་རྣམས་ཀྱི་དབྱེ་བ་ཡིས། །དེ་བཞིན་བརྒྱད་དུ་རྣམ་དབྱེ་བས། །ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །ང་ཡིས་བསྟན་པར་བྱ་ཡིས་ཉོན། །ཞེས་པ་བཅོམ་ལྡན་འདས་ཀྱིས་ལན་གྱི་གསུང་ངེས་པར་བསྟན་པ་སྟེ། དེ་ལྟར་རྣལ་འབྱོར་གྱི་རྒྱུད་དུ་རབ་ཏུ་གཞག་པའི་ངེས་པའོ། །ད་ནི་རྣལ་ འབྱོར་མ་རྣམས་ཀྱི་སྐྱེ་བ་དང་གནས་པའི་རྒྱུ་བརྗོད་པར་བྱ་སྟེ། རྒྱུད་འདིར་རྣལ་འབྱོར་མ་རྣམས་ནི་ཕུང་པོ་ལྔ་རྣམས་དང་། ཁམས་བཞི་རྣམས་དང་། སྐྱེ་མཆེད་དྲུག་རྣམས་ཏེ་ཟླ་བའི་ཆ་བཅོ་ལྔའི་དབྱེ་བས་བདག་མེད་མ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་སྐྱེ་བ་དང་གནས་པའི་རྒྱུ་ནི་ཧཱུཾ་ ཡིག་སྟེ། ཧེ་རུ་ཀ་ནི་གཉིས་པའོ། །དེའི་ཕྱིར་དེ་རྣམས་ཀྱི་དོན། །མཉམ་ཉིད་ཡེ་ཤེས་རྣམ་ཤེས་དང་། །ལྷ་རྣམས་ཇི་ལྟར་འབྱུང་བར་འགྱུར་བའོ། །དེ་བཞིན་དུ། ལྟ་སྟངས་དགུག་དང་བརྡ་ཆེན་དང་། །ནུས་པ་རྣམ་པ་མང་པོ་རིག །རེངས་པར་བྱེད་དང་སྐྲོད་པ་ཉིད། །སྡེ་རེངས་བྱེད་ དང་མངོན་སྤྱོད་པ། །ལ་སོགས་པ་གཞན་ཡང་བཤད་པར་བྱ་ཡིས། ཀྱེའི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག་ཅེས་པ་ལྷ་སྐྱེ་བ་དང་གནས་པ་དག་གི་རྒྱུའི་ངེས་པའོ། །ད་ནི་དེའི་ཡང་བསྐྱེད་པའི་རྒྱུ་བརྗོད་པར་བྱ་སྟེ། དང་པོ་རེ་ཞིག་ཨེ་ཝཾ་འགྱུར། །ཞེས་པ་ཨེ་ཝཾ་གྱི་ཡི་གེ་ནི་ཧེ་རུ་ཀའི་དང་པོའི་རྒྱུའོ། ། ཧཱུཾ་ཡིག་ནི་གཉིས་པའི་བསྐྱེད་པའི་རྒྱུའོ་ཞེས་པ་ངེས་པའོ། །དེ་ལས་དངོས་པོ་སྐྱེ་བ་ནི། །གཟུང་དང་འཛིན་པའི་དབྱེ་བ་ལས། །ཡུལ་དང་དབང་པོའི་སྦྱོར་བ་ཡིས། །རྣམ་ཤེས་རྣམས་ཀྱི་སོ་སོའོ། །དངོས་པོའི་འཆིང་བས་འཆིང་བར་འགྱུར། །དངོས་པོའི་འཆིང་བ་དེ་ཡིས་རྣམ་པར་ཤེས་པ་ རྣམས་དང་མིག་ལ་སོགས་པ་རྣམས་འཆིང་བར་བྱེད་དོ། །དེ་ཡོངས་ཤེས་པས་གྲོལ་བར་བྱེད། །ཡུལ་དང་དབང་པོ་རྣམས་འགོག་པས་དེ་ཡོངས་སུ་ཤེས་པས་ཞེས་པའོ། །དེའི་ཕྱིར་དངོས་པོ་ཉིད་ཀྱིས་རྣམ་གྲོལ་བྱེད། །ལྷའི་མིག་ལ་སོགས་པ་རྣམས་ཀྱིས་འདས་པ་དང་མ་འོངས་པའི་ཡུལ་མཐོང་ བས་རྣམ་པར་ཤེས་པ་དྲུག་རྣམས་གྲོལ་ཏེ། དེ་ནི་རྣམ་པར་ཤེས་པ་གཞན་ནོ་ཞེས་པ་བཅོམ་ལྡན་འདས་ཀྱིས་གསུངས་པས་སོ། །དེ་བཞིན་དུ་དེ་གཟུགས་གཞན་ལ་སོགས་པ་ཡང་སྟེ། དེའི་ཕྱིར། ཐམས་ཅད་ནས་ནི་ཕྱག་ཞབས་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ ལྡན་འཇིག་རྟེན་དུ། །ཐམས་ཅད་ཁྱབ་པར་བྱས་ནས་བཞུགས། །ད་ནི་སྔར་བཤད་པའི་ཤེས་རབ་དང་ཐབས་དག་གིས་དོན་དམ་པའི་བསྒོམ་པ་བརྗོད་པར་བྱ་སྟེ། དངོས་པོ་བསྒོམ་བྱས་ཞེས་པ་ལ་སོགས་པས་སོ། །འདིར་ནམ་མཁའ་ལ་དངོས་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུའི་སྟེ་རྡུལ་ཕྲ་ རབ་ཀྱི་ཆོས་ཉིད་ལས་འདས་པའོ། །དེ་ཡོངས་ཤེས་པ་ནི་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱིས་སྣང་བརྙན་མཐོང་བའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ནི་མངོན་སུམ་ཞེས་བརྗོད་པར་བྱའོ། །དེ་ཉིད་རྣམ་པ་བཞི་སྟེ། དབང་པོའི་མངོན་སུམ་ དང་ཡིད་ཀྱི་མངོན་སུམ་དང་། རྣལ་འབྱོར་གྱི་མངོན་སུམ་དང་། རང་རིག་པའི་མངོན་སུམ་ཞེས་པ་སྟེ། ཤེས་པ་དེ་ཉིད་ནི་ཉེ་བར་སྟོན་པར་བྱེད་པས་འཇུག་པར་བྱེད་པ་དང་ཐོབ་པར་བྱེད་པ་དང་། ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ་ཞེས་བྱའོ། །སྣང་བརྙན་དེ་ཉིད་དཔེ་དགུ་རྣམས་ཀྱིས་ བསྒྲུབས་ཏེ། འདི་ལྟ་སྟེ་མིག་ཡོར་དང་། སྤྲུལ་པའི་གྲོང་ཁྱེར་དང་། སྒྲ་བརྙན་དང་། རྨི་ལམ་དང་། སྒྱུ་མའི་འཁྲུལ་འཁོར་དང་། སྨིག་རྒྱུ་དང་། མེ་ལོང་གི་གཟུགས་བརྙན་དང་། ཆུ་ཟླ་དང་། ནམ་མཁའ་ཞེས་པའོ། །ཤེས་རབ་ཨེ་ཡིག་ཏུ་འགྱུར་རོ། །དེ་བཞིན་དུ་ཧེ་རུ་ཀ་ཞེས་པ་དངོས་པོ་ མེད་པ་བསྒོམ་བྱ་སྟེ་ཤེས་རབ་ཀྱི་ཡེ་ཤེས་སོ། །ཧེ་རུ་ཀ་ནི་བདེ་བ་ཆེན་པོ་སྟེ། ཤེས་རབ་ཇི་ལྟ་བར་ཐབས་ཀྱང་དེ་བཞིན་ནོ། །དེ་ཡོངས་སུ་ཤེས་པ་དངོས་པོ་མེད་པར་བསྒོམ་པར་བྱ་བ་སྟེ་ཐབས་སུ་འགྱུར་རོ། །དེ་བཞིན་ཉིད་ཀྱི་སྒྲ་ལས་རྒྱུ་ཇི་ལྟར་བར་དེ་ལྟར་འབྲས་བུའོ་ཞེས་པའོ། །ཨེ་ཝཾ་གྱི་ཡི་གེ་ ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་ལུས་གནས་ཏེ་ལྟེ་བར་གནས་པའོ། །དེ་ལྟར་ན་ལུས་གནས་ཡེ་ཤེས་ཆེན་པོ་ནི། །ཀུན་དུ་རྟོག་པ་ཐམས་ཅད་སྤངས་པར་འགྲུབ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་དང་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྟོག་པ་དང་བྲལ་བ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་རྟོག་པའི་དྲ་བ་དང་བྲལ་བས་ཞེས་པ་ངེས་པའོ། །དེ་ཉིད་རྡོ་རྗེ་སེམས་དཔའ་འཇིག་རྟེན་གསུམ་ཀུན་དུ་བསྐྱོད་པའི་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུའོ། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་པ་ཕུང་པོ་དྲུག་དང་། ཁམས་དྲུག་རྣམས་དང་། དབང་པོ་དྲུག་རྣམས་དང་། ཡུལ་དྲུག་རྣམས་ དང་། ལས་ཀྱི་དབང་པོ་དྲུག་རྣམས་དང་། ལས་ཀྱི་དབང་པོའི་བྱ་བ་དྲུག་རྣམས་ཏེ་དངོས་པོ་འདི་རྣམས་ལ་ཁྱབ་པ་པོ་ཡེ་ཤེས་ཀྱི་སྐུའོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་པ་སྐྱེ་བ་དང་འཇིག་པའི་དངོས་པོ་མེད་པའི་ཕྱིར་རོ། །འདིར་གང་མཁའ་འགྲོ་མ་དྲ་བ་སྡོམ་པ་བརྟག་པ་གཉིས་པར་ དངོས་གྲུབ་གཏན་ལ་འབེབས་པའི་ལེའུར་འཆད་པར་འགྱུར་བ་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པ་དང་། བཅོམ་ལྡན་འདས་ཀྱི་ལན་གྱི་གསུང་དེ་ནི་ཀུན་རྫོབ་ཏུ་བྱིས་པའི་སྐྱེ་བོས་རྟོགས་པའི་དོན་དུ་བསྐྱེད་པའི་ཚུལ་གྱིས་དབང་པོ་གཉིས་ཀྱི་བདེ་བ་བསྟན་པའོ་ཞེས་པའོ། །འདི་ལྟ་སྟེ། རྡོ་རྗེའི་སྙིང་པོས་ གསོལ་བ་བཏབ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། །དམ་པའི་བདེ་བ་བདེ་ཆེན་ན། །རྫོགས་པ་བསྒོམ་པ་མེད་པ་སྟེ། །བསྐྱེད་པ་ཡི་ནི་དགོས་པ་ཅི། །ཞེས་པ་ལ་འདིར་རྫོགས་པའི་རིམ་པ་ཞེས་བྱ་བ་ནི་རྟོག་པ་དང་དབང་པོ་གཉིས་ཀྱི་བདེ་བ་དང་བྲལ་བ་སྟེ། དེ་ཉིད་སངས་རྒྱས་ཉིད་སྟེར་བར་ བྱེད་པ་ཡིན་ན་དེའི་ཕྱིར་རྟོག་པས་དཀྱིལ་འཁོར་བསྐྱེད་པ་དང་ཕྱག་རྒྱ་བསྐྱེད་པས་དགོས་པ་ཅི་ཡོད་ཅེས་པའོ། །ཚིག་འདི་གསན་ནས་བཅོམ་ལྡན་འདས་ཀྱེའི་རྡོ་རྗེས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་འདི། །ཨེ་མ་དད་པའི་ཤུགས་ཀྱིས་ཉམས། །ཞེས་པ་ཀུན་རྫོབ་ཏུ་སྟེ། ལུས་ཀྱི་ དངོས་མེད་གང་ལ་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་བྱ་ཁྱབ་བྱེད་ངོ་བོ་ཡིས། །བདེ་བས་འགྲོ་བ་ཁྱབ་པ་པོ། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ལས་མི་རྟོགས། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་དམིགས་པ་ཉིད་མི་འགྱུར། །ཞེས་པ་ཀུན་རྫོབ་ཀྱིས་ སོ། །དེ་ཉིད་དུ་སླར་ཡང་དོན་དམ་པར་འགོག་པ་འདི་ལྟ་སྟེ། དངོས་ང་དངོས་པོ་མེད་པ་ང་། །ཞེས་པ་རྣམ་པ་ཐམས་ཅད་པའི་ཤེས་རབ་པོ། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང་། །ཞེས་པ་མངོན་པར་ཤེས་པ་དྲུག་ཅན་ཐབས་སོ། །རྨོངས་པ་གང་རྣམས་ང་མི་ཤེས། །འདི་ལྟར་གྱུར་པའི་གང་ཞིག་ ལེ་ལོས་བཅོམ་པས་ཀྱང་སྟེ་དེ་རྣམས་ནི་དབང་པོ་གཉིས་ཀྱི་བདེ་བས་ཉེ་བར་བཅོམ་པ་རྣམས་སོ་ཞེས་པ་ལ་སོགས་པས་སྔ་མ་དང་ཕྱི་མ་དྲང་བ་དང་ངེས་པའི་དོན་ཉིད་དེ་ལེའུ་དེ་ཉིད་དུ་རྒྱ་ཆེར་བཤད་པའོ། །འདིར་ནི་རིགས་ཀྱི་ལེའུར་གསུངས་པ་བཤད་པར་བྱ་སྟེ། འདིར་ཁམས་གསུམ་པ་རྒྱུ་བ་ དང་བཅས་པ་དང་། མི་རྒྱུ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར། གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་དེ་ལུས་ལས་སྐྱེས་པ་ཡིན་ན་རྟེན་དང་བརྟེན་པའི་འབྲེལ་པས་མེ་ཏོག་གི་དྲི་ཇི་ལྟ་བ་བཞིན་དུ་སྟེ། ཇི་ལྟར་མེ་ཏོག་མེད་པར་ནི་དྲི་མེད་པ་བཞིན་དུ། དེ་ མེད་པ་ན་འཇིག་མོད། དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་ཕྱི་དང་ལུས་ལ་ཁྱབ་པ་ཉིད་ཀྱི་ཕྱིར། ཕྱི་མ་ལ་གནས་པ་དང་། ལུས་ལ་གནས་པ་ཞེས་བརྗོད་ཀྱི། གང་གི་ཕྱིར་ལུས་མེད་པ་ན་དེ་མེད་པ་ནི་མ་ཡིན་པ་དེའི་ཕྱིར་ལུས་སྐྱེས་མིན་ཞེས་པ་ངེས་པའོ། །དེ་སྐད་དུ་བཤད་པ། ཇི་ལྟར་བུམ་པ་ ཞིག་གྱུར་ཀྱང་། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་ལྟར་ལུས་ནི་ཞིག་གྱུར་ཀྱང་། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་སོ། །ཀྱེའི་རྡོ་རྗེ་རྒྱ་ཆེར་འགྲེལ་པ་སྟོང་ཕྲག་དྲུག་པར་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་ཡེ་ཤེས་ངེས་པ་སྟེ་ཡོངས་སུ་བཅད་པ་གསུམ་པའོ།། །།ད་ནི་ རྡོ་རྗེའི་ལུས་ལ་རྩ་རྣམས་བརྗོད་པར་བྱ་སྟེ། འདིར་རྡོ་རྗེའི་སྙིང་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་རྡོ་རྗེའི་ལུས་ལ་རྩ་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་བདེ་བ་ཆེན་པོའི་གནས་སུ་ འཛག་པ་རྣམས་སོ་ཞེས་པ་ལ། འདིར་བདེ་བ་ཆེན་པོ་ཡང་དག་པར་མྱོང་བར་བྱེད་པའི་ཕྱིར། བདེ་བ་ཆེན་པོ་ཞེས་བརྗོད་པར་བྱ་སྟེ་གསང་བའི་འཁོར་ལོ་རྩ་སུམ་ཅུ་གཉིས་ཀྱི་བདག་ཉིད་ཅན་ཀ་ཡིག་ལ་སོགས་པ་སྡེ་པ་དྲུག་གི་གསལ་བྱེད་སུམ་ཅུ་དང་གཞོམ་དུ་མེད་པ་གཉིས་ཀྱི་མཚན་ཉིད་ཅན་རྣམས་ སོ། །དེ་ལ་ནམ་མཁའ་དང་། རླུང་དང་། མེ་དང་། ཆུ་དང་། ས་དང་། ཡེ་ཤེས་ཀྱི་ཁམས་ཀྱི་ཆོས་ཀྱི་ཨེ་ཝཾ་གྱི་ཡི་གེའི་ཆོས་ཀྱིས་སོ་ཞེས་པའོ། །འདི་ལྟ་སྟེ། ཀཱ་ཁཱ་གཱ་གྷཱ་ངཱ་ཞེས་པ་ནམ་མཁའི་ཁམས་རྣམས་ཏེ། ཨ་ཀུ་ཧ་རྣམ་པར་བཅད་པ་རྣམས་མགྲིན་པ་ལས་གྱུར་ པའོ་ཞེས་པ་ཧ་ཡིག་གིས་ཤེས་པར་བྱེད་པ་ལས་སོ། །དེའི་ནང་དུ་ལྷུང་བ་ནི་དེ་སྨོས་པས་གཟུང་བར་བྱའོ་ཞེས་པའི་ཡོངས་སུ་བཤད་པས་གྲུབ་པའོ། །ཀཱའི་སྡེ་པ་ནི་ནམ་མཁའི་ཁམས་སོ་ཞེས་པའོ། །དེ་བཞིན་དུ། ཙཱ་ཚཱ་ཛཱ་ཛྷཱ་ཉཱ་ཞེས་པ་ཨི་ཙུ་ཡ་ཤ་རྣམས་རྐན་ལས་འབྱུང་ངོ་ཞེས་པ་རླུང་གི་ ཁམས་ཏེ་ཨི་ཡིག་གིས་ཤེས་པར་བྱེད་པ་ལས་སོ། །དེ་བཞིན་དུ། ཊཱ་ཋཱ་ཌཱ་ཌྷཱ་ཎཱ་ཞེས་པ་རྀ་ཊུ་ར་ཥ་རྣམས་སྤྱི་བོ་ལས་འབྱུང་བ་རྣམས་སོ་ཞེས་པ་མེའི་ཁམས་ཏེ་རེ་ཕས་ཤེས་པར་བྱེད་པ་ལས་སོ། །དེ་བཞིན་དུ། པཱ་ཕཱ་བཱ་བྷཱ་མཱ་ཞེས་པ་ཨུ་པུ་ཧྱ་ཝ་མཆུ་ཅན་རྣམས་མཆུ་ལས་སྐྱེས་པ་ཆུའི་ཁམས་ཏེ་ཝ་ཡིག་ གིས་ཤེས་པར་བྱེད་པ་ལས་སོ། །དེ་བཞིན་དུ། ཏཱ་ཐཱ་དཱ་དྷཱ་ནཱ་ཞེས་པ་ལྀ་ཏུ་ལ་ས་རྣམས་སོ་ལས་བྱུང་བ་སའི་ཁམས་ཏེ་ལ་ཡིག་གིས་ཤེས་པར་བྱེད་པ་ལས་སོ། །འདི་རྣམས་ཀྱི་ནང་ན་སཱ་ྉྤཱ་ཥཱ་ཤཱ་ྈྐཱ་ཞེས་པ་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་རང་བཞིན་ཅན་རྣམ་པ་ལྔའི་བདག་ཉིད་དྲུག་པ་ ཡེ་ཤེས་ཀྱི་ཁམས་སོ་ཞེས་པའོ། །ཨེ་ཝཾ་གྱི་ཡི་གེ་ནི་འགྱུར་མེད་གཉིས་ཏེ་ཨེ་ཝཾ་གྱི་ཡི་གེ་ལ་སོགས་པ་རྣམས་ནི་གང་གིས་ན་བྱང་ཆུབ་ཀྱི་སེམས་འགུགས་པ་དེ་བས་ནི་བྱང་ཆུབ་ཀྱི་སེམས་འབབ་པ་རྣམས་སུ་གསུངས་སོ། །བདེ་བ་ཆེན་པོའི་གནས་སུ་འཇིག་པ་ཞེས་པ་ནི་གཅི་བ་དང་བཤང་བ་ དང་ཁུ་བ་འཛག་པ་རྣམས་སོ། །དེ་རྣམས་ཀྱི་དབུས་ན་འོག་དང་སྟེང་དུ་རྩ་གསུམ་ནི་གཙོ་མོ་རྣམས་ཡིན་ཅིང་། འོག་ཏུ་བཤང་བ་འཛག་པ་དང་གཅི་བ་འཛག་པ་དང་ཁུ་བ་འཛག་པར་བྱེད་པ་སྟེ་ལྟེ་བ་ལས་འོག་ཏུའོ། །ལྟེ་བ་ལས་སྟེང་དུ་བརྐྱང་མ་དང་རོ་མ་དང་ཀུན་འདར་མ་ཞེས་པའོ། །འདི་ལྟ་སྟེ། བརྐྱང་མ་ཤེས་རབ་རང་བཞིན་གྱིས། །རོ་མ་ཐབས་ཀྱིས་ཡང་དག་གནས། །ཨ་ཝ་དྷཱུ་ཏཱི་དབུས་ཕྱོགས་སུ། །གཟུང་དང་འཛིན་པ་སྤངས་པ་ཉིད། །ཅེས་པ་ལ་འདིར་ཤེས་རབ་ཀྱི་སྒྲ་ཡིས་ཟླ་བ་བརྗོད་དེ་དེའི་རང་བཞིན་སྣ་བུག་གཡོན་པར་སྲོག་འབབ་པའོ། །དེས་ན་ཟླ་བའི་རང་བཞིན་གྱིས་ཞེས་ པ་སྲོག་འབབ་པ་བརྐྱང་མ་གནས་པའོ། །ཐབས་ཀྱི་སྒྲ་ཡིས་ཉི་མ་བརྗོད་པར་བྱ་ཞིང་དེའི་སྣ་བུག་གཡས་པར་སྲོག་འབབ་པ་རང་བཞིན་ཏེ། རང་བཞིན་དེས་རོ་མ་གནས་སོ། །དེ་སྐད་དུ་གསུངས་པ། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་རབ་ཏུ་གྲགས། །ཇི་ལྟར་ཉི་མ་ ཞི་བར་བརྗོད། །ཟླ་བ་ནུ་མ་དེ་ལྟར་བཤད། །ཅེས་སོ། །རྣམ་པར་ཤེས་པ་དང་། འདུ་བྱེད་དང་། ཚོར་བ་དང་། འདུ་ཤེས་དང་། གཟུགས་ཀྱི་དཀྱིལ་འཁོར་ལྔ་སྤྲོ་བའི་རིམ་པས་བརྐྱང་མར་གནས་སོ། །ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་དཀྱིལ་འཁོར་ལྔ་སྡུད་པའི་རིམ་ པས་རོ་མར་གནས་སོ། །དུས་སྦྱོར་བཅུ་གཉིས་ཡོངས་སུ་བསྐོར་བས་མི་མཉམ་པ་དང་མཉམ་པའི་དུས་སྦྱོར་རབ་ཏུ་རྒྱུ་བས་དཀྱིལ་འཁོར་སུམ་ཅུ་ལོངས་སྤྱོད་པ་ཅན་བརྐྱང་མ་དང་རོ་མའོ། །འདིར་ཆུ་སྲིན་གྱི་དུས་སྦྱོར་ལ་སོགས་པའི་དཀྱིལ་འཁོར་རྣམས་རིམ་པ་ཇི་ལྟ་བར། འདི་ལྟ་སྟེ། ཀཱ་ཁཱ་གཱ་གྷཱ་ ངཱ་ཞེས་པའོ། །དེ་ནས་ལུགས་ལས་བཟློག་པས་བུམ་པར་ཡི་གེ་ཐུང་ངུ་རྣམས་སྤྲོ་བའི་རིམ་པས་རྩ་གཡོན་པར་རོ། །འདི་ལྟ་སྟེ། ང་གྷ་ག་ཁ་ཀ་ཞེས་པ་ནམ་མཁའ་ལ་སོགས་པ་རྣམས་དང་རྣམ་པར་ཤེས་པ་ལ་སོགས་པ་རྣམས་སོ། །དེ་བཞིན་དུ་གཡས་སུ་ཡང་གཟུགས་ལ་སོགས་པ་རྣམས་ དང་ས་ལ་སོགས་པ་རྣམས་ཏེ་ལུས་དང་བསམ་པའི་དབྱེ་བས་གཟུང་བ་དང་འཛིན་པའི་འབྲེལ་པས་སོ་ཞེས་པའོ། །དེ་བཞིན་དུ་ཉི་ཤར་བ་ན་ཙཱ་ཚཱ་ཛཱ་ཛྷཱ་ཉཱ་ཞེས་པ་གཡས་པར་སྡུད་པའི་རིམ་པས་སོ། །དེ་ནས་ལུག་འཆར་བ་ན་ཉ་ཛྷ་ཛ་ཚ་ཙ་ཞེས་པ་གཡོན་པར་སྤྲོ་བའི་རིམ་པས་སོ། །དེ་བཞིན་དུ་གླང་ འཆར་བ་ན་ཊཱ་ཋཱ་ཌཱ་ཌྷཱ་ཎཱ་ཞེས་པའོ། །དེ་བཞིན་དུ་འཁྲིག་པ་འཆར་བ་ན་ཎ་ཌྷ་ཌ་ཋ་ཊ་ཞེས་པའོ། །དེ་ནས་ཀརྐ་ཊ་འཆར་བ་ན་པཱ་ཕཱ་བཱ་བྷཱ་མཱ་ཞེས་པའོ། །དེ་བཞིན་དུ་མ་བྷ་བ་ཕ་པ་ཞེས་པ་སེང་གེ་ལའོ། །ཏཱ་ཐཱ་དཱ་དྷཱ་ནཱ་ཞེས་པ་བུ་མོ་ལའོ། །ན་དྷ་ད་ཐ་ཏ་ཞེས་པ་སྲང་ཤར་བ་ནའོ། །སཱ་ྉྤཱ་ཥཱ་ཤཱ་ྈྐཱ་ཞེས་པ་ སྡིག་པ་འཆར་བ་ནའོ། །དེ་ནས་ྈྐ་ཤ་ཥ་ྉྤ་ས་ཞེས་པ་གཞུའི་དུས་སྦྱོར་འཆར་བ་ནའོ། །དེ་ལྟར་ཉིན་མཚན་གྱི་དཀྱིལ་འཁོར་དྲུག་ཅུ་རྣམས་སོ། །དེ་བཞིན་དུ་ནང་གི་རྩ་རྣམས་ལ་དཀྱིལ་འཁོར་རྒྱུ་བ་རྣམས་ཏེ། དེ་རྣམས་ཀྱིས་ཤེས་པར་བྱེད་པ་དེ་རྣམས་ལས་སྐྱེས་པ་རྣམས་ནི་ལག་པ་དང་རྐང་པའི་ ཚིགས་རྣམས་ལ་བརྗོད་པར་བྱའོ། །གཡས་པའི་ཕྲག་པ་དང་དཔུང་པའི་ཚིགས་ལ་ཆུ་སྲིན་གྱི་དུས་སྦྱོར་ཏེ། དེའི་དཀྱིལ་འཁོར་སོ་སོའི་བདག་ཉིད་ས་ལ་སོགས་པའི་དཀྱིལ་འཁོར་ནི་མཐེ་བོ་དང་མཛུབ་མོ་དང་གུང་མོ་དང་མིང་མེད་དང་མཐེའུ་ཆུང་རྣམས་ཀྱི་ཚིགས་འོག་མ་རྣམས་ ལ་རིམ་པ་ཇི་ལྟ་བར་རོ་ཞེས་པའོ། །དེ་ནས་བུམ་པའི་དུས་སྦྱོར་ལ་གཡོན་པའི་ཕྲག་པ་དང་དཔུང་པའི་ཚིགས་ལ་སྟེ། ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་རྣམས་ནི་རིམ་པ་ཇི་ལྟ་བར་མཐེའུ་ཆུང་དང་མིང་མེད་དང་གུང་མོ་དང་མཛུབ་མོ་དང་མཐེ་བོའི་འོག་གི་ཚིགས་ཀྱི་མཚམས་རྣམས་ལའོ། །དེ་ བཞིན་དུ་གཡས་པའི་དཔུང་པ་དང་ཉེ་བའི་ཚིགས་རྣམས་ལ་ཉའི་དུས་སྦྱོར་ཏེ། མཐེ་བོ་ལ་སོགས་པའི་ཚིགས་གཉིས་པའི་མཚམས་རྣམས་སུ་དཀྱིལ་འཁོར་རྣམས་སོ། །དེ་བཞིན་དུ་གཡོན་པའི་དཔུང་པ་དང་ཉེ་བའི་དཔུང་པའི་མཚམས་ལ་ལུག་གི་དུས་སྦྱོར་ཏེ་མཐེའུ་ཆུང་ལ་སོགས་པའི་ཚིགས་ ཀྱི་ཕྲེང་བ་གཉིས་པའི་མཚམས་རྣམས་སུ་དཀྱིལ་འཁོར་རྣམས་སོ། །དེ་ནས་གཡས་པའི་ལག་པ་དང་ལག་ངར་གྱི་མཚམས་ལ་གླང་གི་དུས་སྦྱོར་ཏེ། མཐེ་བོ་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ་གསུམ་པའི་མཚམས་ལ་དཀྱིལ་འཁོར་རྣམས་སོ། །དེ་བཞིན་དུ་གཡོན་པའི་ལག་པ་དང་ལག་ ངར་གྱི་མཚམས་སུ་འཁྲིག་པའི་དུས་སྦྱོར་ཏེ་མཐེའུ་ཆུང་ལ་སོགས་པ་ཚིགས་ཀྱི་ཕྲེང་བ་གསུམ་པའི་མཚམས་སུ་དཀྱིལ་འཁོར་རྣམས་སོ། །དེ་ལྟར་བྱང་ཆུབ་ཏུ་བགྲོད་པའི་ངེས་པའོ། །དེ་ནས་ལྷོར་བགྲོད་པ་ལ་འདི་ལྟ་སྟེ། གཡས་པའི་རྐེད་པ་དང་བརླའི་ཚིགས་ལ་ཀརྐ་ཊའི་དུས་སྦྱོར་ཏེ་རྐང་པ་ གཡས་པའི་མཐེ་བོ་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ་དང་པོའི་མཚམས་སུ་ས་ལ་སོགས་པའི་དཀྱིལ་འཁོར་རྣམས་རིམ་པ་ཇི་ལྟ་བར་རོ། །དེ་ནས་གཡོན་པའི་རྐེད་པ་དང་བརླའི་མཚམས་སུ་སེང་གེའི་དུས་སྦྱོར་ཏེ་རྐང་པ་གཡོན་པའི་མཐེའུ་ཆུང་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ་དང་པོའི་མཚམས་ རྣམས་ལ་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་རྣམས་རིམ་པ་ཇི་ལྟ་བར་རོ་ཞེས་པའོ། །དེ་བཞིན་དུ་གཡས་པའི་པུས་མོ་དང་བརླའི་མཚམས་སུ་བུ་མོའི་དུས་སྦྱོར་ཏེ། རྐང་པ་གཡས་པའི་མཐེ་བོ་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ་གཉིས་པའི་མཚམས་རྣམས་སུ་དཀྱིལ་འཁོར་རྣམས་ སོ། །དེ་བཞིན་དུ་གཡོན་པའི་པུས་མོ་དང་བརླའི་མཚམས་སུ་སྲང་གི་དུས་སྦྱོར་ཏེ། མཐེའུ་ཆུང་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ་གཉིས་པའི་མཚམས་རྣམས་ལ་དཀྱིལ་འཁོར་རྣམས་སོ། །དེ་བཞིན་དུ་གཡས་པའི་རྐང་པ་དང་པུས་མོའི་མཚམས་སུ་སྡིག་པའི་དུས་སྦྱོར་ཏེ། མཐེ་བོ་ལ་སོགས་ པའི་ཚིགས་ཀྱི་ཕྲེང་བ་གསུམ་པའི་མཚམས་རྣམས་ལ་དཀྱིལ་འཁོར་རྣམས་སོ། །དེ་བཞིན་དུ་གཡོན་པའི་རྐང་པ་དང་པུས་མོའི་མཚམས་སུ་གཞུའི་དུས་སྦྱོར་ཏེ། མཐེའུ་ཆུང་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ་གསུམ་པའི་མཚམས་རྣམས་སུ་དཀྱིལ་འཁོར་རྣམས་རིམ་པ་ཇི་ལྟ་བར་རོ། །དེ་ ལྟར་ན་དཀྱིལ་འཁོར་དྲུག་ཅུ་རྣམས་ནི་སྤྲུལ་པའི་འཁོར་ལོ་ལ་ཡིན་ཞིང་བཞི་ནི་སྟོང་པའི་གནས་རྣམས་ཏེ། ཨེ་ཝཾ་གྱི་ཡི་གེའི་རང་བཞིན་རྣམས་སོ་ཞེས་པའོ། །དེའི་ཕྱིར་སྤྲུལ་པའི་འཁོར་ལོ་ལ་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའོ། །འདབ་མའི་སྒྲ་ཡིས་དཀྱིལ་འཁོར་དྲུག་ཅུ་འབབ་པའི་རྩ་རྣམས་ བརྗོད་དོ། བཞི་ནི་སྟོང་པ་འབབ་པ་རྣམས་སོ་ཞེས་པའོ། །དེ་ལྟར་དུས་སྦྱོར་སོ་སོའི་རྩ་ལ་གནས་ལྔ་རྣམས་ཏེ་དབུས་སུ་སྟོང་པ་འབབ་པའི་རྩའོ། །ཤར་དུ་རླུང་འབབ་པའོ། །གཡས་སུ་མེ་འབབ་པའོ། །བྱང་དུ་ཆུ་རྒྱུ་བའི་རྩའོ། །ནུབ་ཏུ་ས་རྒྱུ་བའོ། །དབུས་སུ་ཨ་ཝ་དྷཱུ་ཏཱི་ནི་ཡེ་ཤེས་ཀྱི་ དཀྱིལ་འཁོར་འབབ་པ་སྟེ། གསུངས་པ་ཡང་། ལྟེ་བའི་དབུས་སུ་དཔའ་བོ་གནས། །ཟེ་འབྲུ་གསང་བའི་སྤྱོད་ཡུལ་ལའོ། །ཞེས་སོ། །དེ་ལྟར་དབྱུ་གུ་དྲུག་ཅུ་རྣམས་དཀྱིལ་འཁོར་དྲུག་ཅུ་འབབ་པའི་བྱེད་པ་རྣམས་སོ། །བཞི་ནི་སྟོང་པ་འབབ་པའི་བྱེད་པ་སྟེ། ཇི་ལྟར་ཟླ་བའི་ཆ་བཅུ་དྲུག་པ་ སྐད་ཅིག་ཙམ་ཡིན་པ་དེ་ལྟར་དེ་ནི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་འབབ་པ་ཡང་ཡིན་པར་ཤེས་པར་བྱའོ་ཞེས་པ་སྤྲུལ་པའི་འཁོར་ལོའོ། །མི་མཉམ་པའི་དུས་སྦྱོར་ཟླ་བའི་རང་བཞིན་གྱི་བརྐྱང་མ་སྟེ། མཉམ་པའི་དུས་སྦྱོར་ཉི་མའི་རང་བཞིན་གྱི་རོ་མའོ། །ཨ་ཝ་དྷཱུ་ཏཱི་ནི་མཉམ་པ་གཟུང་ བ་དང་འཛིན་པ་སྤངས་པ་དབུས་ཕྱོགས་སུ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཤེས་པར་བྱའོ་ཞེས་པའོ། །དེ་ལྟར་སྤྲུལ་པའི་འཁོར་ལོ་ལ་དབྱུ་གུའི་འཕོ་བ་རྣམས་དྲུག་ཅུ་རྩ་བཞི་སྟེ་བཞི་ནི་སྟོང་པའོ། །དེ་ནས་ཆོས་ཀྱི་འཁོར་ལོ་ལ་པདྨ་འདབ་མ་བརྒྱད་པ་སྟེ་དེར་འདབ་མ་བརྒྱད་རྣམས་ལ་ ཐུན་ཚོད་ཀྱི་དབྱེ་བས་འཕོ་བ་བརྒྱད་རྣམས་ཏེ། ཕྱེད་དང་བཅས་པའི་དུས་སྦྱོར་གྱི་བདག་ཉིད་ཅན་བརྐྱང་མའི་དང་རོ་མའི་ཞེས་པའོ། །དེ་ནས་མགྲིན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་ལ་གསལ་བྱེད་ཐུང་ངུའི་དབྱེ་བས་རྩ་སུམ་ཅུ་རྩ་གཉིས་རྣམས་སོ། །ལོངས་སྤྱོད་རྫོགས་པར་ནི་པདྨ་འདབ་མ་སུམ་ ཅུ་རྩ་གཉིས་པར་བླ་མའི་མན་ངག་ལས་ཏེ། རྒྱུད་དུ་ནི་ལུགས་ལས་བཟློག་པས་གསུངས་སོ། །དེ་ལ་ཡུད་ཙམ་གྱི་དབྱེ་བས་འཕོ་བ་སུམ་ཅུ་རྩ་གཉིས་རྣམས་སོ། །དཔྲལ་བར་པདྨ་འདབ་མ་བཅུ་དྲུག་པ་སྟེ་དེ་ལ་ཐུན་ཚོད་ཕྱེད་པའི་དབྱེ་བས་འཕོ་བ་བཅུ་དྲུག་རྣམས་སོ། །གཙུག་ཏོར་དུ་པདྨ་འདབ་མ་བཞི་ པ་སྟེ། དེ་ལ་ཐུན་མཚམས་ཀྱི་དབྱེ་བས་འཕོ་བ་བཞི་རྣམས་སོ། །འདིར་དབུགས་ཕྱི་རོལ་དུ་རྒྱུ་བ་ནི་དེ་ལས་དབུགས་ཕྱིར་འབྱུང་བའི་དུས་སུ་སྤྲུལ་པའི་འཁོར་ལོ་ལ་དབྱུ་གུའི་རྩའི་དཀྱིལ་འཁོར་སྣའི་བུ་གར་འཆར་བར་འགྱུར་ཏེ། སྣའི་བུ་ག་གཉིས་སུ་གཡོན་པའམ་གཡས་པར་དང་པོའི་ཐ་མར་གང་གི་ ཚེ་ནམ་མཁའི་དཀྱིལ་འཁོར་འབབ་པ་དེའི་ཚེ་དབུས་སུ་རྒྱུའོ། །གང་གི་ཚེ་རླུང་གི་དཀྱིལ་འཁོར་འབབ་པ་དེའི་ཚེ་སྣའི་བུ་གར་སྟེང་དུ་རེག་ཅིང་ངོ་། །གང་གི་ཚེ་མེའི་དཀྱིལ་འཁོར་འབབ་པ་དེའི་ཚེ་སྣའི་བུ་ག་ལ་གཡས་སུ་རེག་ཅིང་ངོ་། །གང་གི་ཚེ་ཆུའི་དཀྱིལ་འཁོར་འབབ་པ་དེའི་ཚེ་གཡོན་དུ་རེག་ཅིང་སྟེ། གཡོན་དུའམ་གཡས་སུ་ཡང་རུང་ སྣ་ལ་མངོན་དུ་ཕྱོགས་པར་རོ། །གང་གི་ཚེ་སའི་དཀྱིལ་འཁོར་རྒྱུ་བ་དེའི་ཚེ་འོག་ཏུ་རེག་ཅིང་ངོ་། །དེ་ལྟར་སྣའི་བུ་ག་དག་ལ་གནས་ལྔ་རྣམས་སུ་རྣལ་འབྱོར་པས་ཤེས་པར་བྱ་སྟེ། གཡོན་དུའམ་གཡས་སུ་མི་མཉམ་པ་དང་མཉམ་པའི་དུས་སྦྱོར་འཆར་བའི་དབྱེ་བས་སོ་ཞེས་པའོ། །འདིར་ཀྱེའི་རྡོ་རྗེ་འབུམ་ཕྲག་ལྔ་པར་གང་འདི་རྒྱས་པར་བཤད་ པ་དེ་ནི་མང་བ་ཉིད་ཀྱི་ཕྱིར་མ་བརྗོད་དེ་ཐོས་པ་ཆུང་བ་རྣམས་མང་པོ་བཤད་པ་ལ་སྐྲག་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱི་ངེས་པའོ། །དུས་སྦྱོར་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་ཁྱིམ་གྱི་འཁོར་ལོ་ལ་ཆུ་སྲིན་ལ་སོགས་པ་འདི་ནི་གདན་བཞིར་ཤེས་པར་བྱ་སྟེ་འཆི་ལྟས་ཀྱི་མཚན་ཉིད་ཀྱང་སྟེ་རྒྱུད་ ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །རོ་ཧི་ཏ་དང་མོ་ཧི་ཏ་ལ་སོགས་པའི་རྩ་མི་མཉམ་པ་དང་མཉམ་པའི་དུས་སྦྱོར་འབབ་པ་རྣམས་སོ་ཞེས་པ་དགོངས་པའི་སྐད་གཞན་གྱིས་གསུངས་ཏེ། རྩ་དེ་རྣམས་ཀྱིས་བཟང་བ་དང་ངན་པ་དེར་གསུངས་ཤིང་འཆི་ལྟས་དང་འཆི་བ་ཡང་ ངོ་ཞེས་པའོ། །རྒྱུ་དེའི་ཕྱིར། བརྐྱང་མ་མི་བསྐྱོད་འབབ་པ་སྟེ། །རོ་མ་ཁྲག་ནི་རབ་འབབ་ཅིང་། །ཤེས་རབ་ཟླ་བ་འབབ་བཤང་བ། །ཨ་ཝ་དྷཱུ་ཏཱི་དེ་རབ་གྲགས། །ཞེས་པ་སྟེ་འདི་མི་བསྐྱོད་པ་ནི་ཆུའི་ཁམས་ཏེ་ཆུའི་ཁམས་རྒྱུ་བ་ནི་སྣ་བུག་གཡོན་པ་བརྐྱང་མའོ། །ཁྲག་ནི་མེའི་ཁམས་ཏེ། གཡས་ པར་མེའི་ཁམས་འབབ་པ་ནི་རོ་མའོ། །དེ་ལྟར་ན་གཡོན་པར་ཆུ་ལས་སྐྱེས་པ་པདྨ་དང་། གཡས་པར་མེ་ལས་སྐྱེས་པ་རིན་པོ་ཆེ་ལྷག་པའི་ལྷའོ། །ཤེས་རབ་ཨ་ཝ་དྷཱུ་ཏཱི་སྟེ་ཟླ་བ་ནི་ཐིག་ལེ་ཁུ་བ་ཡིན་ལ། དེ་ཉིད་ནི་ལྔའི་བདག་ཉིད་ཅན་སྟོང་པ་ཆེན་པོ་འབབ་པར་བྱེད་དོ་ཞེས་པས་སྟོང་པ་འབབ་ཅིང་དབུས་ སུ་རྡོ་རྗེའི་རིགས་ལྷག་པའི་ལྷ་སྟེ། ཨ་ཝ་དྷཱུ་ཏཱི་རུ་རབ་ཏུ་གྲགས་སོ། །དེ་བཞིན་དུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་འབབ་མ་བརྐྱང་མ་དང་རོ་མ་དང་ཨ་ཝ་དྷཱུ་ཏཱི་རིམ་པ་ཇི་ལྟ་བ་སྟེ་སྲོག་ཀུན་ནས་རྒྱུ་བ་ལའོ། །ཐུར་སེལ་ལ་ནི་བཤང་བ་དང་གཅི་བ་དང་ཁུ་བ་འབབ་མ་རྣམས་ཏེ་ལྟེ་བ་ལས་འོག་ཏུ་སྟེ། འཁོར་ ལོ་དང་། རལ་གྲི་དང་། རྡོ་རྗེ་རྩེ་གཅིག་པ་རྣམས་སོ། །སྟེང་གི་སྒོ་རྣམས་དང་འོག་གི་སྒོ་རྣམས་སོ་ཞེས་པའོ། །དེ་ནི་འོག་གི་སྒོ་ཅན་ཆུ་འབབ་པ་སུམ་ཅུ་རྩ་གཉིས་རྣམས་བཤད་པར་བྱ་སྟེ་མི་ཕྱེད་མ་ལ་སོགས་པ་རྣམས་སོ་ཞེས་པའོ། །འདིར་དཀར་པོའི་ཕྱོགས་ལ་དབྱངས་བཅོ་ལྔ་རྣམས་ཏེ་ བཅུ་དྲུག་པ་ཐིག་ལེའོ། །རྩ་དེ་རྣམས་ཀྱང་འཕྱང་མ་ལ་བསྐོར་ནས་གནས་པའོ། །འདི་ལྟ་སྟེ། ཨ་ཨི་རྀ་ཨུ་ལྀ་ཞེས་པ་རིམ་པ་ཇི་ལྟ་བར་ཚེས་གཅིག་དང་། གཉིས་དང་། གསུམ་པ་དང་། བཞི་པ་དང་ལྔ་པའོ། །དེ་བཞིན་དུ་ཡོན་ཏན་རྣམས་ཏེ། ཨར་ཨེ་ཨར་ཨོ་ཨལ་ཞེས་པ་དྲུག་པོ་ལ་སོགས་པ་ སྟེ། རིམ་པ་ཇི་ལྟ་བས་སོ། །དེ་ལ་ཡཎ་དུ་བསྒྱུར་བ་རྣམས་ནི་ཧ་ཡ་ར་ཝ་ལ་ཞེས་པ་སྟེ། རིམ་པ་ཇི་ལྟ་བས་བཅུ་གཅིག་པ་ལ་སོགས་པ་རྣམས་སོ། །ཐིག་ལེའི་དབུས་སུ་འཕྱང་མ་ནི་བཅུ་དྲུག་པ་སྟེ་དེ་ལྟར་རྐན་གྱི་སྟེང་དུ་དཔྲལ་བར་ཁུ་བའི་ཆའི་རང་བཞིན་གྱི་བདུད་རྩི་འཛག་སྟེ། ཕྱི་རོལ་དུ་ བསིལ་བ་དང་ནང་དུ་སྟུ་ཀ་ཞེས་པའོ། །དེ་བཞིན་དུ་རྩ་སོ་སོ་སྟེ། འདི་ལྟ་སྟེ། མི་ཕྱེད་མ་དང་ཕྲ་གཟུགས་མ། །མཆོག་མ་གཡོན་མ་ཐུང་ངུ་མ། །ཞེས་པ་ཚེས་གཅིག་ལ་སོགས་པ་ལྔ་རྣམས་སོ། །དེ་ནས། རུས་སྦལ་སྐྱེས་སྒོམ་དབང་བསྐུར་མ། །སྐྱོན་ལྡན་མ་དང་བཤང་བ་མ། ། ཞེས་པ་དྲུག་པ་ལ་སོགས་པ་རྣམས་སོ། །མཚན་མོ་མ་མོ་བསིལ་སྦྱིན་མ། །དྲོད་མ་དང་ནི་ལ་ལ་ནཱ། །ཞེས་པ་བཅུ་གཅིག་ལ་སོགས་པ་རྣམས་ཏེ་རིམ་པ་ཇི་ལྟ་བས་སོ། །བརྐྱང་མ་ནི་བཅོ་ལྔའི་བདག་ཉིད་དེ་ཨ་ཝ་དྷཱུ་ཏཱི་ནི་བཅུ་དྲུག་ལའོ། །དེ་ནས་ནག་པོའི་ཚེས་གཅིག་ལ་ སོགས་པ་རྣམས་རོ་མ་ལ་སྟེ་དབྱངས་རིང་པོའི་རང་བཞིན་གྱིས་ཚེས་བཅོ་ལྔ་རྣམས་སྡུད་པའི་རིམ་པས་སོ། །འདི་ལྟ་སྟེ། ལཱ་ཝཱ་རཱ་ཡཱ་ཧཱ་ཞེས་པ་ཚེས་གཅིག་དང་། གཉིས་དང་། གསུམ་པ་དང་། །བཞི་པ་དང་ལྔ་པ་སྟེ་རིམ་པ་ཇི་ལྟ་བས་སོ། །དེ་ནས་ཡོན་ཏན་འཕེལ་བའི་དབྱེ་བས། ཨཱལ་ ཨཽ་ཨཱར་ཨཻ་ཨཱ་ཞེས་པས་རིམ་པ་ཇི་ལྟ་བས་དྲུག་པ་ལ་སོགས་པ་རྣམས་སོ། །དེ་ནས་དབྱངས་རིང་པོའི་དབྱེ་བས། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཞེས་པ་བཅུ་གཅིག་པ་ལ་སོགས་པ་རྣམས་ཏེ་རིམ་པ་ཇི་ལྟ་བས་སོ། །ལྕེའི་རྩེ་མོར་བཅུ་དྲུག་པ་རྣམ་པར་བཅད་པའོ། །འདི་རྣམས་ཀྱི་དབུས་ན་ཞེས་པ་རོ་མ་ ལ་སོགས་པ་རྣམས་སོ། །འདི་ལྟ་སྟེ། རོ་མ་དང་འཇལ་མ་དང་མདོག་གནས་མ་དང་སྤྱི་མ་དང་རྒྱུ་སྦྱིན་མ་ཞེས་པ་ཚེས་གཅིག་ལ་སོགས་པ་རྣམས་སོ། །སྦྱོར་བྲལ་མ་དང་སྡུ་གུ་མ་དང་གྲུབ་མ་དང་འཚེད་མ་དང་ཡིད་བཟངས་མ་ཞེས་པ་དྲུག་པ་ལ་སོགས་པ་རྣམས་སོ། །སུམ་སྐོར་མ་ དང་འདོད་མ་དང་ཁྱིམ་མ་དང་གཏུམ་མོ་དང་ཀཱ་ཏྱཱ་ཡ་ནི་ཞེས་པ་བཅུ་གཅིག་ལ་སོགས་པ་རྣམས་ཏེ། དེ་ལྟར་བཅོ་ལྔ་རྣམས་སོ། །ལྕེའི་དབུས་སུ་བདུད་འདྲལ་མ་སྐུད་པ་ནག་པོའི་རང་གཟུགས་ཅན་ལྕེའི་རྩེ་མོ་ཇི་སྲིད་པར་ལངས་པ། འཕྱང་མ་དང་འཛག་པ་ཐུང་ཞིང་རོ་མྱོང་བའོ་ཞེས་ པའོ། །ཡང་རྡོ་རྗེའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རྩ་འདི་རྣམས་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །ཞེས་པ་ཕུང་པོ་དང་དབང་པོ་དང་ལས་ཀྱི་དབང་པོ་ཡོངས་སུ་གྱུར་པ་རྣམས་ཞེས་པའོ། །གཟུང་ དང་འཛིན་པ་རྣམ་པར་སྤངས། །ཞེས་པ་དབུ་མར་རབ་ཏུ་ཞུགས་པར་འགྱུར་བའོ། །ཡང་ན་ཐབས་ནི་ཐམས་ཅད་ཀྱིས། །དངོས་པོའི་མཚན་ཉིད་དུ་ནི་བརྟགས། །ཞེས་པ་ཁམས་དང་ཡུལ་དང་བྱ་བ་རྣམས་ཀྱི་རྣམ་པར་ཤེས་པའི་དངོས་པོའི་མཚན་ཉིད་དུ་བརྟགས་པ་རྣམས་སོ། །ཀྱེའི་ རྡོ་རྗེའི་འགྲེལ་པ་སྟོང་ཕྲག་དྲུག་པར་རྡོ་རྗེའི་ལུས་ལ་རྩ་རྣམས་གཏན་ལ་དབབ་པ་སྟེ་ཡོངས་སུ་བཅད་པ་བཞི་པའོ།། །།ད་ནི་སྡོམ་པའི་དབྱེ་བ་བཤད་པར་བྱ་སྟེ། འདིར་ལུགས་མཐུན་དང་ལུགས་ལས་བཟློག་པ་དག་གིས་གང་གསུངས་པ་དེ་རིམ་པ་ཇི་ལྟ་བར་འགྲེལ་པས་གསལ་ བར་བྱ་བའོ། །འདིར་སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེར་རབ་ཏུ་གནས། །གསང་བའི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པར་དང་། གཙུག་ཏོར་གྱི་འདབ་མ་བཞི་པ་ལའོ། །ལྷག་མ་ཀུན་རྫོབ་པས་སྤྲུལ་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། ལྷན་ཅིག་སྐྱེས་པའི་འཁོར་ ལོ་རྣམས་སུ་སྡོམ་པ་སྟེ་འདུ་བར་བྱེད་པ་ཡིན་ལ་འདབ་མ་དྲུག་ཅུ་རྩ་བཞི་པ་དང་འདབ་མ་བརྒྱད་པ་དང་འདབ་མ་སུམ་ཅུ་རྩ་གཉིས་པ་དང་འདབ་མ་བཅུ་དྲུག་པར་ཏེ། ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བ་རྣམས་སུའོ། །དཔྲལ་བར་ཨཱ་ལིའོ། །མགྲིན་པར་ཀཱ་ལིའོ། །སྙིང་གར་ཤེས་ རབ་བོ། །ལྟེ་བར་ཐབས་སོ། །ལྷན་ཅིག་སྐྱེས་པའི་སྐུ་ནི་ལྟེ་བར་རོ། །ཆོས་ཀྱི་སྐུ་ནི་སྙིང་གར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་མགྲིན་པར་རོ། །སྤྲུལ་པའི་སྐུ་ནི་དཔྲལ་བར་རོ། །ལྟེ་བར་བཞི་པའོ། །སྙིང་གར་ཤིན་ཏུ་གཉིད་པའོ། །མགྲིན་པར་རྨི་ལམ་མོ། །དཔྲལ་བར་སད་པའོ། ། དཔྲལ་བར་སྐུ་རྡོ་རྗེའོ། །མགྲིན་པར་གསུང་རྡོ་རྗེའོ། །སྙིང་གར་ཐུགས་རྡོ་རྗེའོ། །ལྟེ་བར་ཡེ་ཤེས་རྡོ་རྗེའོ། །ལྟེ་བར་ཨེ་ཡིག་གོ། །སྙིང་གར་ཝཾ་ཡིག་གོ། །མགྲིན་པར་མ་ཡིག་གོ། །དཔྲལ་བར་ཡཱ་ཡིག་གོ། །ལྟེ་བར་སྤྱན་མའོ། །སྙིང་གར་མཱ་མ་ཀཱིའོ། །མགྲིན་པར་གོས་དཀར་ མོའོ། །དཔྲལ་བར་སྒྲོལ་མའོ། །དཀྱིལ་འཁོར་བཞི་རྣམས་སོ་ཞེས་པའོ། །སྐད་ཅིག་མ་བཞི་རྣམས་ནི་རྣམ་པ་སྣ་ཚོགས་པ་ནི་དཔྲལ་བར་རོ། །རྣམ་པར་སྨིན་པ་ནི་མགྲིན་པར་རོ། །རྣམ་པར་ཉེད་པ་ནི་སྙིང་གར་རོ། །མཚན་ཉིད་དང་བྲལ་བ་ནི་ལྟེ་བར་རོ། །དེ་བཞིན་དུ་དགའ་བ་ནི་དཔྲལ་ བར་རོ། །མཆོག་དགའ་ནི་མགྲིན་པར་རོ། །ཁྱད་དགའི་དགའ་བ་ནི་སྙིང་གར་རོ། །ལྷན་ཅིག་སྐྱེས་པའི་དགའ་བ་ནི་ལྟེ་བར་རོ། །དེ་བཞིན་དུ་སྡུག་བསྔལ་གྱི་བདེན་པ་ནི་དཔྲལ་བར་རོ། །ཀུན་འབྱུང་གི་བདེན་པ་ནི་མགྲིན་པར་རོ། །འགོག་པའི་བདེན་པ་ནི་སྙིང་གར་རོ། །ལམ་གྱི་བདེན་པ་ ནི་ལྟེ་བར་རོ། །དེ་ཁོ་ན་ཉིད་བཞི་རྣམས་ཏེ། བདག་གི་དེ་ཁོ་ན་ཉིད་ནི་དཔྲལ་བར་རོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་མགྲིན་པར་རོ། །ལྷའི་དེ་ཁོ་ན་ཉིད་ནི་སྙིང་གར་རོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི་ལྟེ་བ་ལའོ། །དཔྲལ་བར་ངར་བྱེད་པའོ། །མགྲིན་པར་སྒྲ་བརྗོད་པའོ། །སྙིང་ གར་ཐམས་ཅད་སེམས་པའོ། །ལྟེ་བར་བདེ་བ་མྱོང་བའོ། །སྡེ་པ་བཞི་རྣམས་ནི། གནས་བརྟན་པ་ལྟེ་བར་རོ། །ཐམས་ཅད་ཡོད་པར་སྨྲ་བ་སྙིང་ག་ནའོ། །མགྲིན་པར་ཀུན་གྱིས་བཀུར་བའོ། །དཔྲལ་བར་དགེ་འདུན་ཕལ་ཆེན་པའོ། །ཟླ་བ་ནི་དཔྲལ་བར་རོ། །ཉི་མ་ནི་མགྲིན་པ་ ནའོ། །སྙིང་གར་སྒྲ་གཅན་ནོ། །ལྟེ་བར་དུས་མེའོ། །དཔྲལ་བར་འཕོ་བ་བཅུ་དྲུག་རྣམས་སོ། །མགྲིན་པར་སུམ་ཅུ་རྩ་གཉིས་སོ། །སྙིང་གར་བརྒྱད་རྣམས་སོ། །ལྟེ་བར་འཕོ་བ་དྲུག་ཅུ་རྩ་བཞི་རྣམས་སོ། །སྔར་བཤད་པའི་ཐུན་མཚམས་བཞི་རྣམས་ཏེ། སྔ་མའི་ཐུན་མཚམས་ནི་དཔྲལ་ བར་རོ། །ཉིན་གུང་གི་ཐུན་མཚམས་ནི་མགྲིན་པར་རོ། །ཉིན་མོའི་ཕྱི་མའི་ཐུན་མཚམས་ནི་སྙིང་གར་རོ། །མཚན་ཕྱེད་ཀྱི་ཐུན་མཚམས་ནི་ལྟེ་བ་ལའོ། །དཔྲལ་བར་ནི་ལོངས་སྤྱོད་དོ། །མགྲིན་པར་ནི་དབང་བྱེད་དོ། །སྙིང་གར་ནི་ཐིམ་པའོ། །ལྟེ་བར་ནི་བདག་པོ་ཉིད་དོ། །དེ་ལྟར་ཐམས་ཅད་ བཞིའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་དྲུག་རྣམས་དང་། ཁམས་སུམ་ཅུ་རྩ་དྲུག་རྣམས་སྔར་བཤད་པའི་ཆ་བཞིར་བྱས་ནས། ཐམས་ཅད་བཞི་བཞིར་གྲངས་ཇི་ལྟ་བར་རིགས་ཀྱི་དབྱེ་བས་འཁོར་ལོ་བཞི་རྣམས་ལ་སྦྱར་བར་བྱའོ། །ཇི་ལྟ་བར་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྒྱུད་ནི་རྒྱུད་ གཞན་དུ་གསུངས་པའི་རྣམ་པས་རིགས་དྲུག་གི་དབྱེ་བས་འཁོར་ལོ་དྲུག་ཏུ་སྡོམ་པའོ། །རིགས་ལྔའི་དབྱེ་བས་འཁོར་ལོ་ལྔ་རྣམས་སུ་སྡོམ་པའོ། །རིགས་བཞིའི་དབྱེ་བས་འཁོར་ལོ་བཞི་རྣམས་སུ་སྡོམ་པའོ། །རིགས་གསུམ་གྱི་དབྱེ་བས་འཁོར་ལོ་གསུམ་རྣམས་སུ་སྡོམ་པའོ་ཞེས་པ་ངེས་ པའོ། །རིགས་གསུམ་དང་ནི་རིགས་བཞིའི་རྒྱུད། །དེ་བཞིན་རིགས་ལྔ་རིགས་དྲུག་སྟེ། །ཁྱབ་བྱ་ཁྱབ་བྱེད་དབྱེ་བ་ཡིས། །བརྟེན་པ་རྟེན་གྱི་བྱེ་བྲག་ལས། །འདིར་རྟེན་རིགས་གཅིག་གི་དབྱེ་བས་བརྟེན་པ་ཞལ་གཅིག་པའོ། །རྟེན་རིགས་གསུམ་གྱི་དབྱེ་བས་ཞལ་གསུམ་པའོ། །རྟེན་རིགས་ བཞིའི་དབྱེ་བས་ཞལ་བཞི་པའོ། །རྟེན་རིགས་ལྔའི་དབྱེ་བས་ཞལ་ལྔ་པའོ། །རྟེན་རིགས་དྲུག་གི་དབྱེ་བས་ཞལ་དྲུག་པའོ། །རྟེན་རིགས་བརྒྱད་ཀྱི་དབྱེ་བས་ཞལ་བརྒྱད་པའོ། །འདིར་དུས་མེའི་དབྱེ་བས་ཞལ་གཅིག་པར་བཤད་པའོ། །སྒྲ་གཅན་གྱི་དབྱེ་བས་ཤེས་རབ་དང་ཐབས་ཀྱི་བདག་ ཉིད་ཀྱིས་ཞལ་གཉིས་པའོ། །སྐུ་དང་གསུང་དང་ཐུགས་ཟླ་བ་དང་། ཉི་མ་དང་སྒྲ་གཅན་གྱི་དབྱེ་བས་ཞལ་གསུམ་པའོ། །ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་དུས་མེ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་དབྱེ་བས་ཞལ་བཞི་པའོ། །ཕུང་པོ་ལྔའི་དབྱེ་བས་ཞལ་ལྔ་པའོ། །ཕུང་པོ་དྲུག་ གི་དབྱེ་བས་ཞལ་དྲུག་པའོ། །ཟླ་བ་རྣམ་པ་གཉིས་དང་། ཉི་མ་གཉིས་དང་། སྒྲ་གཅན་གཉིས་དང་། དུས་མེ་རྣམ་པ་གཉིས་ཏེ་འདི་རྣམས་བརྒྱད་ཀྱི་དབྱེ་བས་ཞལ་བརྒྱད་པའོ། །འདིར་ཟླ་བའི་དབྱེ་བ་ནི་དཔྲལ་བ་དང་འཕྱང་མའི་འཁོར་ལོའོ། །ཉི་མའི་དབྱེ་བ་ནི་ལྕེ་དང་མགྲིན་པའི་ འཁོར་ལོའོ། །སྒྲ་གཅན་གྱི་དབྱེ་བ་ནི་སྙིང་ག་དང་གཙུག་ཏོར་གྱི་འཁོར་ལོའོ། །དུས་མེའི་དབྱེ་བ་ནི་ལྟེ་བ་དང་གསང་བའི་འཁོར་ལོ་ཞེས་པའོ། །དེ་སྐད་དུ་གསུངས་པ། སྒྲ་གཅན་སྟེང་དུ་ཉི་མ་གནས། །ཉི་མའི་སྟེང་དུ་ཟླ་བའོ། །ཟླ་བའི་སྟེང་དུ་སྒྲ་གཅན་ཏེ། །དེ་ཡིས་སྣ་ཚོགས་རབ་ཏུ་འཇུག ། དེ་ཡིས་འཇུག་བྱེད་དུས་ཀྱི་མེ། །ལྟེ་བ་གསང་བར་རྣམ་གཉིས་གནས། །དེ་ཉིད་རྡོ་རྗེ་ཉི་མར་བརྗོད། །གང་དུ་གཏུམ་མོ་གནས་པའོ། །བདུད་རྩི་ཡང་དག་གནས་གང་དུ། །ཧཾ་ཡིག་གནས་པ་དེ་རུའོ། །གཙུག་ཏོར་པདྨར་ཆར་འབབ་པ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པ་སྡོམ་པའི་ དབྱེ་བའི་ངེས་པའོ། །ད་ནི་གཏུམ་མོ་ཞེས་པ་ལ་སོགས་པ་གཏུམ་མོའི་རྣལ་འབྱོར་བརྗོད་པར་བྱའོ། །གཏུམ་མོ་ལྟེ་བར་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་ལ་སོགས་པ་རྣམ་བསྲེགས་ཏེ། །བསྲེགས་ནས་རི་བོང་ཅན་ཧཾ་འཛག །ཅེས་པ་མདོར་ བསྟན་པའི་ཚིག་སྟེ། མདོར་བསྟན་པ་འདིའི་རྒྱས་པར་བཤད་པའི་ཚིག་ནི་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་ལས་ཀྱང་ཆེས་གསང་བ། །རྡོ་རྗེ་སྙིང་པོ་ངས་བཤད