Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 1
Văn bản gốc(Tây Tạng)
Trang 16 / 17 (50.000 ký tự/trang)
་རྟེན་གསུམ་གྱི་སྨན་པ་སྟེ། །འདོད་ ཆགས་ཞེ་སྡང་གཏི་མུག་རྩད་ནས་གཅོད། །སེམས་ཅན་ཐམས་ཅད་བདེ་ལ་རབ་ཏུ་འགོད། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྤྱན་གྱིས་འགྲོ་བ་ཀུན་ལ་གཟིགས། །ཐུགས་རྗེའི་སྤྱན་གྱིས་འགྲོ་བ་ཀུན་ལ་ཁྱབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ ཕྱག་འཚལ་ལོ། །རླུང་དང་མཁྲིས་པ་བད་ཀན་འདུས་ལ་སོགས། །འབྱུང་བ་བཞི་པོ་འཁྲུགས་པར་གྱུར་པ་ལ། །ནད་ཀྱི་གཉེན་པོ་ཕྱག་གཡས་ཨ་རུ་ར། །སྨན་པའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་མདོག་མཐིང་ག་ཨུཏྤལ་སྔོན་པོ་འདྲ། །ཕྱག་གཡོན་བདུད་རྩི་ སྨན་གྱི་ལྷུང་བཟེད་བསྣམས། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཉེས་པ་རྒྱ་མཚོ་དག་ནི་གཞར་སྤངས་ནས། །ཡོན་ཏན་རྒྱ་མཚོ་དག་གི་ཕ་རོལ་བྱོན། །ཐམས་ཅད་མཁྱེན་པ་ལྷ་ཡི་ལྷར་གྱུར་པ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །སྨོན་ ལམ་རྒྱ་ཆེན་ཡོངས་སུ་དག་གྱུར་པས། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་ གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ་སློབ་དཔོན་ཞི་བ་འཚོས་མཛད་པ་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། སུ་པྲ་བྷ་ཏ་པྲ་བྷ་ཏ་སྟོ་ཏྲཾ། བོད་སྐད་དུ། རབ་ཏུ་སྔ་བར་ནམ་ལངས་པའི་ བསྟོད་པ། འཇིག་རྟེན་གསུམ་གྱི་མངའ་བདག་ལ་ཕྱག་འཚལ་ལོ། །ལྷ་ཡི་ཚོགས་དང་གྲུབ་པ་དྲི་ཟའི་གཙོ་དང་སྡོམ་བརྩོན་དབང་རྣམས་ཀྱིས། །བསྟོད་ཚིག་སྣ་ཚོགས་དག་གིས་ལྷ་ཡུལ་ས་སྟེངས་རྣམས་སུ་བསྟོད་མོད་ཀྱི། །བདག་ཀྱང་ཇི་ལྟར་ནུས་པས་འཕགས་པ་རྫོགས་པའི་སངས་རྒྱས་བསྟོད་ བགྱི་སྟེ། །ནམ་མཁའ་ལ་ནི་མཁའ་ལྡིང་འཕུར་ཞེས་བུང་བ་རྣམས་ནི་ཅིས་མི་འཕུར། །མི་མཐུན་ཕྱོགས་སྤངས་གྱུར་པ་ལུས་པ་མེད་པའི་སྐྱོན་ནི་ཟད་གྱུར་ལ། །བཙོ་མ་གསེར་གྱི་མདོག་ཅན་པདྨ་རྒྱས་པ་ལྟ་བུར་ཡངས་པའི་སྤྱན། །དཔལ་ལྡན་མཛེས་པའི་འོད་ཀྱི་དཀྱིལ་འཁོར་ལྷ་ཡི་ཚོགས་ཀྱིས་ ཡོངས་བསྐོར་བའི། །སྟོབས་བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་ནམ་ལངས་པའོ། །བདུད་ཀྱི་དཔུང་ལས་རྣམ་པར་རྒྱལ་བ་ཉམ་ངའི་ལམ་ནི་གཅོད་མཛད་པ། །ས་གསུམ་ཕན་པར་མཛད་པ་འཁྲི་ཤིང་དྲ་བ་གསུམ་པོ་དྲལ་མཛད་པ། །ཞི་བའི་བདེ་བ་སྩོལ་བར་མཛད་པ་མི་ཤེས་རི་བོ་འཇིག་ མཛད་པ། །སྟོབས་བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་ནམ་ལངས་པའོ། །གང་ཞིག་ལྷ་མིན་མི་དང་ལྷ་རྣམས་ཀྱི་ཡང་སྔོན་དུ་བདེ་བའི་གནས་ཐོབ་པ། །མ་ལུས་པ་ཡི་ས་ཡི་ཁམས་སུ་འཇིག་རྟེན་བདུན་བསྡུས་དབྱངས་གསངས་མཐོན་པོ་སྒྲོགས། །ཤེད་ལས་སྐྱེས་པ་བསྒོ་བྱེད་རང་བྱུང་པདྨའི་སྐྱེ་ གནས་ཅན་ནི་གཉིད་ལོག་གྱུར། །སྟོབས་བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་ནམ་ལངས་པའོ། །ཤར་གྱི་རི་བོའི་རྩེ་ཡི་ངོས་ལ་གནས་ཤིང་དམར་པའི་འོད་ཀྱིས་རྣམ་གནོན་པ། །མུན་པའི་ཚོགས་རྣམས་འཇོམས་པར་བྱེད་པ་སྐྱེ་དགུ་རྣམས་ཀྱི་མིག་གཅིག་པུ། །ཉི་མ་དེ་ཡང་མྱོས་པས་འཕྱན་ཞིང་ རྣམ་པ་ཀུན་དུ་གཉིད་ལོག་གྱུར། །སྟོབས་བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་སད་པའོ། །གླང་པོའི་མཆེ་ལྟར་དཀར་བསིལ་གསལ་བའི་ཟེར་ཅན་རི་བོང་མཚན། །མཚན་མོ་ཐིག་ལེ་ལྟ་བུར་མཛེས་པ་ཀུན་གྱི་གཙུག་གི་ནོར་བུ་གང་། །དམན་པའི་མདངས་དང་བྲལ་བ་དེ་ཡང་རྣམ་པ་ཀུན་དུ་གཉིད་ ལོག་གྱུར། །སྟོབས་བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་སད་པའོ། །རབ་མཆོག་ལག་པ་བཞི་པ་བཅུ་དྲུག་ཕྱེད་ཕྱེད་ཕྱོགས་ཀྱི་གདོང་པ་ཅན། །བཟླས་དང་ཉེས་པའི་ཆོ་ག་ཤེས་ཤིང་ངེས་བརྗོད་རིག་བྱེད་འདོན་པ་པོ། །དྲི་མེད་པདྨའི་སྐྱེ་གནས་ཚངས་པ་དེ་ཡང་རབ་ཏུ་གཉིད་ལོག་འགྱུར། ། སྟོབས་བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་སད་པའོ། །གངས་ཀྱི་རི་བོའི་རྩེ་ལ་གནས་ཤིང་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་འཆང་། །གྲོང་ཁྱེར་སུམ་བརྩེགས་བསྲེག་པར་ནུས་གང་སྟག་གི་པགས་པའི་གོས་གྱོན་པ། །རྩེ་གསུམ་ཅན་རྟགས་རི་མཆོག་བུ་མོ་དང་ནི་ལྷན་ཅིག་གཉིད་ལོག་གྱུར། །སྟོབས་ བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་སད་པའོ། །འབར་བའི་རྡོ་རྗེ་ལག་ན་ཐོགས་ཤིང་ལྷ་མིན་རྣམས་ཀྱིས་ཐུབ་དཀའ་བ། །ལྷ་ཡི་གཙོ་བོ་བདེ་སོགས་བདག་པོ་རྨོངས་པའི་བསམ་པས་རྣམ་པར་འཁོར། །མཚན་མོ་མིན་དང་མཚན་མོ་གཉིད་ལོག་འདོད་པའི་འདམ་དུ་ངེས་པར་བྱིང་། །སྟོབས་ བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་སད་པའོ། །ཨུཏྤལ་སྔོན་པོའི་འདབ་མ་ལྟར་སྔོ་པདྨོ་ལྟར་དཀར་ཡངས་པའི་མིག། །ལྷ་མིན་གཙོ་བོ་ཐམས་ཅད་བཅོམ་གྱུར་ཐམས་ཅད་བྱེད་པོ་སྣ་ཚོགས་གཟུགས། །ཁྱབ་འཇུག་ཀྱང་ནི་ཡུན་རིང་གཉིད་ལོག་མངལ་གྱི་གནས་ལས་ཐར་མ་གྱུར། །སྟོབས་ བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་ནམ་ལངས་པའོ། །གང་ཞིག་རལ་པ་སེར་སྐྱའི་ཚོགས་ལྡན་དམར་པོ་ཟངས་མདོག་ཁྲག་གི་མིག །ཕྱུགས་བདག་དགའ་བའི་དུས་སུ་གཅིག་ཏུ་ཆགས་པ་འཇོམས་པར་ནུས་པ་པོ། །འདོད་པའི་ལྷ་ཡི་མདའ་སྲེག་ལུས་ཅན་མེ་ ལྷ་དེ་ཡང་གཉིད་ལོག་གྱུར། །སྟོབས་བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་སད་པའོ། །ཟླ་བ་ཁ་བ་ཀུ་མུ་ཏ་མཚུངས་ཆང་འཐུངས་མིག་ནི་དམར་གྱུར་ལ། །འདོད་པ་བརྟན་སྲ་སྒེག་པོ་ཐོང་གཤོལ་ལག་ན་འཛིན་པར་བརྩོན། །སྟོབས་ཅན་དེ་ནི་ནམ་གྲུའི་མགུལ་ནས་འཁྱུད་ཅིང་འདི་ན་ཉལ་བར་ གྱུར། །སྟོབས་བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་སད་པའོ། །གླང་ཆེན་གདོང་ཅན་མཆེ་བ་གཅིག་པ་རྣམ་པ་ཀུན་དུ་བགེགས་བྱེད་པ། །འགྲམ་པའི་ངོས་གཉིས་མྱོས་ཆུ་རབ་འབབ་བུང་བ་སྒྲ་གསངས་མཐོན་པོ་སྒྲོགས་པ་ཡི། །ཚོགས་ཀྱི་བདག་པོ་ཡང་ནི་ཆང་གི་བཏུང་བས་རབ་ཏུ་མྱོས་ པར་གྱུར། །སྟོབས་བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་སད་པའོ། །ཟར་མའི་མེ་ཏོག་ལྟར་སྔོ་གང་གི་ལག་པ་མཆོག་ན་མདུང་ཐུང་ཐོགས། །པདྨོ་གསར་པ་ལྟ་བུའི་ལུས་ཅན་གདོང་དྲུག་ལྷ་མིན་ཁྲུང་ཁྲུང་གསོད། །མིག་གསུམ་ལྡན་པ་གཞོན་ནུའི་ཚུལ་ཅན་དེ་ཡང་གཉིད་མཐུག་ལོག་ པར་གྱུར། །སྟོབས་བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་སད་པའོ། །ཟས་ལ་རབ་ཆགས་དམན་ལུས་རྟག་པར་རྣལ་འབྱོར་རྗེས་སུ་དགའ་གྱུར་པ། །གནོད་པ་སྣ་ཚོགས་རྣམ་མང་དང་ལྡན་ཡི་དགས་ལྟ་བུར་ཚིག་པའི་ལུས། །ཟླ་དཔུང་འགྲོ་བ་རྣམ་བྲལ་གང་ཡིན་གཅེར་བུ་དེ་རྣམས་ཀྱང་གཉིད་ ལོག །སྟོབས་བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་སད་པའོ། །བས་མཐའི་གནས་ཆེན་འདི་ན་དྲང་སྲོང་ངན་སྤོང་ཨཾ་གི་ར་ས་དང་། །ཀུན་དུ་རྒྱུ་སོགས་གནས་འཇོག་རྒྱས་པ་གྲོག་མཁར་བ་དང་དགའ་བྱེད་རྣམས། །གཞོན་ནུ་མ་ཡི་སྐྱེ་གནས་ཆགས་ཤིང་རྨོངས་པ་རྣམས་ཀྱང་གཉིད་ལོག་ གྱུར། །སྟོབས་བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་སད་པའོ། །གཤིན་རྗེ་ཆུ་ལྷ་ལུས་ངན་གནོད་སྦྱིན་འདྲེ་དང་ལྟོ་འཕྱེའི་དབང་པོ་དང་། །དེ་བཞིན་འཇིག་རྟེན་སྐྱོང་གཞན་ལྷ་ཡུལ་ས་སྟེངས་ནམ་མཁའ་ལ་གནས་པ། །གཞོན་ནུ་མ་ལ་རབ་ཆགས་ཟུར་གྱིས་ལྟ་དེ་རྣམས་ཀྱང་གཉིད་ལོག་ གྱུར། །སྟོབས་བཅུ་མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་སད་པའོ། །སྲིད་པའི་རྒྱ་མཚོར་བྱིང་གྱུར་གཏི་མུག་དྲ་བས་ཁེབས་པའི་ལུས། །ཐུབ་པ་སེར་སྐྱ་གཟེག་ཟན་ཀུན་དུ་འཁོར་ཞིང་བླུན་པོའི་བསམ་པ་ཅན། །ཞི་བའི་བདེ་བ་ཡོངས་སུ་ཉམས་དེ་རྣམས་ཀྱང་གཉིད་ལོག་གྱུར། །སྟོབས་བཅུ་ མངའ་བ་ཁྱོད་ནི་རྟག་ཏུ་རབ་ཏུ་སྔ་བར་སད་པའོ། །མི་ཤེས་མཚན་མོ་མུན་པར་སྲེད་པའི་མལ་ཆ་མཐུག་གྱོན་ཅིང་། །ཡུལ་གྱི་སྔས་རྟེན་ལ་ནི་རབ་མཐུག་གཉིད་ལོག་གྱུར་པའི་ཚེ། །དགེ་དང་མི་དགེའི་འབྲས་བུ་ཡོངས་སུ་འགྲེ་ལྡོག་བྱེད་པ་ན། །རྟག་པ་གཉིད་དུ་གཉིད་སད་གང་ཡིན་དེ་ལ་ཕྱག་འཚལ་ ལོ། །ཆུ་འགྲམ་དག་ཏུ་བ་ལང་རིགས་བརྒྱ་རྣམས་ཀྱིས་ཆུ་འཐུངས་ཏེ། །ངོམས་ནས་འགྲོ་བར་གྱུར་ནའང་ཆུ་ལ་བྲི་བར་མངོན་པ་མེད། །དེ་བཞིན་ཐུབ་པ་སྙན་ངག་མཁན་བརྒྱས་ཡང་དག་བསྟོད་གྱུར་ཀྱང་། །ཡོན་ཏན་རྒྱ་མཚོ་ལེགས་པའི་གཏེར་ཆེན་ཟད་པར་འགྱུར་མ་ཡིན། །རབ་ཏུ་ནམ་ལངས་ ཁྱོད་གཅིག་པུ་ཡི་ཡེ་ཤེས་སྤྱན་ཕྱེ་བསྟོད་གྱུར་པས། །འཇིག་རྟེན་གསུམ་མགོན་རྟ་བདུན་འོད་ཀྱིས་འགྲོ་འདི་རྟག་ཏུ་སྣང་བྱས་ཏེ། །སྣ་ཚོགས་ལམ་ཐོབ་ལམ་ངན་ལས་བཟློག་འབྱོར་ལྡན་དཔལ་གྱི་བྱ་བ་དག །དོགས་མེད་རང་དགར་བདེ་བླག་དངོས་གྲུབ་རྣམ་པ་ཀུན་དུ་སྤྱོད་གྱུར་ཅིག །རབ་ཏུ་སྔ་བར་ ནམ་ལངས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁ་ཆེའི་རྒྱལ་པོ་ཤྲཱི་ཧ་རི་ཤ་དེ་བས་བསྟོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྚི་ཏ་རཱ་ཛ་ཤྲཱི་ཛྙཱ་ན་མི་ཏྲ་དང་། ལོ་ཙཱ་བ་ཁེའུ་བརྒད་ཡོན་ཏན་དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཥྚ་མ་ཧཱ་སྠཱ་ན་ཙཻ་ཏ་བན་ང་ནཱ་མ་སྟ་བཿ། བོད་སྐད་དུ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་ཕྱག་འཚལ་བའི་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བལྟམས་དང་བྱང་ཆུབ་མཉམ་མེད་ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར། །མཆོད་རྟེན་ཐོག་མར་འཇིག་རྟེན་གསུམ་ མཆོད་དང་ལྡན་ཆོ་འཕྲུལ་ཆེན་པོ་དང་། །གངས་རིའི་ཁ་དོག་ལྟར་གསལ་ལྷ་ལས་བབས་པའི་གནས་འདི་དང་། །གང་དུ་བདེ་གཤེགས་མྱ་ངན་འདས་པ་དེ་ལ་སྤྱི་བོས་བདག་ཕྱག་འཚལ། །ཡངས་ཅན་ཝཱ་རཱ་ཎ་སཱི་བྱིས་པ་གསོད་རི་འཇིགས་རུངས་བཅིངས་འགྲམ་དང་། །མཉན་ཡོད་དང་ནི་བྱང་ཆུབ་ཤིང་ དྲུང་ཀུ་ཤའི་གྲོང་མཆོག་སེར་སྐྱ་ལུམྦི་ནཱི། །ཀཽ་ཤམྤི་དང་མཛོད་མཐུག་མཉམ་པའི་གྲོང་མཆོག་དཔའ་སྐྱོང་ཡུལ་འཁོར་དང་། །སྟོབས་བཅུ་ལྡན་པའི་མཆོད་རྟེན་གཞན་གང་ཡིན་པ་དེ་ལའང་སྤྱིས་ཕྱག་འཚལ། །ཁ་ཆེ་དང་ནི་རྒྱ་ཡུལ་ཁ་བ་ཡ་མུན་ཞེས་པ་དང་། །སིངྒ་ལ་ དང་ཨོ་ཊེ་སིནྡྷུ་ཤིང་འཕེལ་བ་ག་མང་བ་ཁ་ཀོ་ལ། །བལ་ཡུལ་ཀཱ་མ་རཱུ་དང་བུམ་པའི་ཀློང་མཆོག་ཀཱཉྩི་བཟང་པོའི་ཡུལ། །སྟོབས་བཅུ་ལྡན་པའི་གདུང་བཅས་གཞན་གང་ཡིན་པ་དེ་ལའང་སྤྱིས་ཕྱག་འཚལ། །ཏི་སེ་གངས་རི་གངས་ཅན་ལ་གནས་མནྡཱ་ར་དང་རི་རབ་རྩེ། །ཀླུ་གནས་རྣམ་རྒྱལ་ ནོར་སྦྱིན་གནས་དང་རིག་འཛིན་གྲུབ་པའི་གནས། །ཚངས་དང་ཁྱབ་འཇུག་གནས་དང་ཕྱུགས་བདག་ཉི་མ་ཟླ་བའི་གནས། །སྟོབས་བཅུ་ལྡན་པའི་མཆོད་རྟེན་གཞན་གང་ཡིན་པ་དེ་ལའང་སྤྱིས་ཕྱག་འཚལ། །སྟོབས་བཅུ་ལས་བྱུང་རིན་ཆེན་སྙིང་ཅན་མཆོད་རྟེན་བརྒྱད་པོ་གདུང་བཅས་ བུམ་ལས་གྲུབ། །སོལ་བ་དེ་བཞིན་རིན་ཆེན་མཆོད་རྟེན་གངས་དང་དངུལ་འདྲ་རབ་མཛེས་པ། །ས་འོག་ས་སྟེངས་ལྷ་ཡུལ་རྩེར་བཞུགས་མཆོད་རྟེན་ཇི་སྙེད་མ་ལུས་དང་། །སངས་རྒྱས་སྐུ་གཟུགས་གང་བཞུགས་དེ་ལ་ཉིན་རེ་བཞིན་དུ་སྤྱི་བོས་ཕྱག་བྱའོ། །གནས་ཆེན་པོ་བརྒྱད་ཀྱི་མཆོད་ རྟེན་ལ་ཕྱག་འཚལ་བའི་བསྟོད་པ་ཁ་ཆེའི་རྒྱལ་པོ་ཤྲཱི་ཧ་རི་ཤ་དེ་བས་ཡུམ་གྱི་ཆེད་དུ་མཛད་པ་རྗོགས་སོ།། །།རྒྱ་གར་གྱི་མཁན་པོ་རཱ་ཛ་ཤྲཱི་ཛྙཱ་ན་མི་ཏྲ་དང་། ལོ་ཙཱ་བ་ཁེའུ་བརྒད་ཡོན་ཏན་དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏ་ཐཱ་ག་ཏ་ནཱ་མ་ སངྒཱི་ཏི་ཀཱལྤི་ཀ་བྷ་དྲ་ཨ་ལཾ་ཀ་ར་མཱ་ལ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པའི་མཚན་བརྗོད་བསྐལ་བཟང་རྒྱན་གྱི་ཕྲེང་བ་ཞེས་བྱ་བ། སངས་རྒྱས་ཐམས་ཅད་ལ་གུས་པའི་གཙུག་གིས་ཕྱག་འཚལ་ལོ། །མཛེས་སྣང་བསྐལ་པར་རྣམ་པར་བརྒྱན་ཞིང་དུ། །འཁོར་ལོས་སྒྱུར་རྒྱལ་ཡུལ་འཁོར་ སྲུང་སྲས་སྟོང་། །སངས་རྒྱས་ཡོན་ཏན་མཐའ་ཡས་རིན་པོ་ཆེ། །སྣ་ཚོགས་བཀོད་པའི་རྒྱལ་པོས་བསྐལ་བཟང་འདིར། །རྒྱལ་འགྱུར་ལུང་བསྟན་སངས་རྒྱས་སྟོང་དག་དང་། །རྫུས་སྐྱེས་མཆེད་གཉིས་ལ་ཡང་ཕྱག་འཚལ་ནས། །རྒྱལ་ཀུན་ཡུལ་རིགས་འོད་དང་ཡབ་ཡུམ་སྲས། །རིམ་ གྲོ་ཤེས་རབ་ཅན་མཆོག་རྫུ་འཕྲུལ་ཅན། །འདུས་ཚད་ཚེ་ཚད་བསྟན་པ་གནས་པའི་ཚད། །སྐུ་གདུང་མཆོད་རྟེན་ཚུལ་དང་སེམས་བསྐྱེད་ཚུལ། །རེ་རེའང་བཅོ་ལྔ་བཅོ་ལྔས་རྒྱས་གསུངས་མོད། །འདིར་ནི་གུས་པས་མཚན་ཙམ་བརྗོད་པར་བྱ། །བདེ་གཤེགས་འཁོར་བ་འཇིག་དང་གསེར་ཐུབ་ དང་། །འོད་སྲུངས་ཤཱཀྱའི་སྐྱེས་མཆོག་བྱམས་པ་དང་། །སེང་གེ་རབ་གསལ་ཐུབ་པ་མེ་ཏོག་དང་། །མེ་ཏོག་གཉིས་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུ་སྐར་བཟང་དང་དེད་དཔོན་ལག་ཆེན་དང་། །སྟོབས་ཆེན་རྒྱུ་སྐར་རྒྱལ་པོ་རྩི་སྨན་དང་། །སྙན་པ་དང་ནི་ཏོག་དང་འོད་ཆེན་དང་། །གྲོལ་བའི་ཕུང་པོ་ རྣམས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་ཉི་མའི་སྙིང་པོ་དང་། །ཟླ་བ་འོད་འཕྲོ་འོད་བཟང་མྱ་ངན་མེད། །སྐར་རྒྱལ་དང་ནི་རབ་གསལ་ཕྲེང་ཐོགས་དང་། །ཡོན་ཏན་འོད་ལའང་གུས་པས་ཕྱག་འཚལ་ལོ། །དོན་གཟིགས་དང་ནི་མར་མེ་མཐུ་ལྡན་དང་། །སྨན་པ་དང་ནི་ངེས་པ་མཛོད་སྤུ་དང་། ། བརྟན་ལྡན་ལྷ་ཡི་དཔལ་དང་གདུལ་དཀའ་དང་། །ཡོན་ཏན་རྒྱལ་མཚན་རྣམས་ལའང་ཕྱག་འཚལ་ལོ། །སྒྲ་གཅན་མཆོག་ལྡན་ཚངས་དབྱངས་ཚིག་བརྟན་དང་། །མི་འགྱིང་འོད་མཛད་ལྷུན་པོ་ཆེན་པོ་དང་། །རྡོ་རྗེ་དང་ནི་སྡོམ་ཅན་མི་བསྙེངས་པ། །རིན་ཆེན་རྣམས་ལ་གུས་པས་ཕྱག་འཚལ་ལོ། ། པད་སྤྱན་སྟོབས་སྡེ་མེ་ཏོག་འོད་ཟེར་དང་། །ཡེ་ཤེས་དགྱེས་དང་གཟི་ཆེན་ཚངས་པ་དང་། །འོད་དཔག་མེད་དང་ཀླུ་སྦྱིན་བརྟན་པར་གཤེགས། །དོན་ཡོད་མཐོང་བ་རྣམས་ལ་ཕྱག་འཚལ་ལོ། །བརྩོན་འགྲུས་སྦྱིན་དང་བཟང་སྐྱོང་དགའ་བོ་དང་། །འཆི་མེད་སེང་གེ་རྒྱལ་མཚན་རྒྱལ་བ་ཆོས། ། མཆོག་ཏུ་དགའ་བའི་རྒྱལ་པོ་ཁ་ལོ་སྒྱུར། །དགྱེས་པར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །ཆུ་ལྷ་དང་ནི་ཡོན་ཏན་ཡན་ལག་དང་། །སྤོས་ཀྱི་གླང་པོ་རྣམ་གཟིགས་འབྲུག་སྒྲ་དང་། །ལེགས་སེམས་ཡིད་བཟང་དྲི་མེད་ཟླ་བ་དང་། །གྲགས་ཆེན་རྣམས་ལ་གུས་པས་ཕྱག་འཚལ་ལོ། ། གཙུག་ན་ནོར་བུ་དྲག་ཤུལ་སེང་གེའི་སྟབས། །ལྗོན་པ་རྣམ་རྒྱལ་ཅན་དང་ཤེས་རབ་བརྩེགས། །ལེགས་གནས་དང་ནི་བློ་གྲོས་ཡན་ལག་སྐྱེས། །བློ་མཐའ་ཡས་པ་རྣམས་ལ་ཕྱག་འཚལ་ལོ། །གཟུགས་བཟང་དང་ནི་མཁྱེན་ལྡན་འོད་ཟེར་དང་། །བརྟུལ་ཞུགས་བརྟན་དང་བཀྲ་ཤིས་བདེན་པའི་ ཏོག །པདྨ་སྲེད་མེད་བུ་དང་ལག་བཟང་དང་། །ཡེ་ཤེས་འབྱུང་གནས་རྣམས་ལ་ཕྱག་འཚལ་ལོ། །ཡོན་ཏན་འོད་འཕྲོ་ཚངས་བྱིན་རིན་འབྱུང་གནས། །ལྷ་ཡི་མེ་ཏོག་དང་ནི་དོན་ལེགས་སེམས། །ཆོས་ཀྱི་དབང་ཕྱུག་བློ་གྲོས་སྤོབས་པ་བརྩེགས། །རྡོ་རྗེ་རྒྱལ་མཚན་ ཕན་བཞེད་ཕྱག་འཚལ་ལོ། །རྣམ་པར་རོལ་ལྡན་མུན་བྲལ་སྒྲ་གཅན་ལྷ། །རི་བོའི་རྒྱལ་མཚན་ཚོགས་འོད་རིན་ཆེན་སྙིང་། །ཤིན་ཏུ་མཐོར་གཤེགས་སྐར་རྒྱལ་རུ་རིངས་དང་། །ཡོན་ཏན་གྲགས་པ་རྣམས་ལ་ཕྱག་འཚལ་ལོ། །ཉི་ཟླ་ཉི་འོད་སྐར་མཁན་སེང་གེའི་ཏོག །དུས་མཁྱེན་རྒྱལ་པོ་ དཔལ་སྙིང་སྲིད་མཐའ་གཟིགས། །གློག་འོད་གསེར་གྱི་རི་བོ་སེང་གེས་བྱིན། །གཞན་གྱིས་མི་ཐུབ་རྒྱལ་མཚན་ཕྱག་འཚལ་ལོ། །མཆོག་དགའ་གྲགས་པ་བརྩོན་འགྲུས་བརྟན་གྲགས་རྫོགས། །བསྙེངས་བྲལ་མཆོད་འོས་ལྷ་དང་སྒྲོན་ཆེན་དང་། །འཇིག་རྟེན་འོད་དང་སྤོས་དྲི་ཞིམ་པོ་ དང་། །ཡོན་ཏན་མཆོག་འཛིན་མུན་བྲལ་ཕྱག་འཚལ་ལོ། །སེང་གེའི་འགྲམ་དང་རིན་ཆེན་གྲགས་སྐྱོན་ཞི། །བདུད་རྩི་འཆང་དང་མིའི་ཟླ་ཤིན་ཏུ་གཟིགས། །རབ་བརྒྱན་ནོར་འོད་རི་བོ་བརྩེགས་པའི་ཏོག །ཆོས་འབྱུང་དོན་ངེས་ལྡན་ལའང་ཕྱག་འཚལ་ལོ། །ཆོས་བྱིན་རིན་ཆེན་འབྱུང་ གནས་སྐྱེ་དབང་མཚུངས། །སྟོབས་ཀྱིས་གཤེགས་དང་བློ་གནས་གདུགས་མཛེས་དང་། །གཙོ་བོ་ཤིན་ཏུ་འཕགས་པ་དཔལ་སེང་སྒྲ། །རྣམ་པར་རོལ་ལྡན་རྣམས་ལ་ཕྱག་འཚལ་ལོ། །ཀླུ་འོད་མེ་ཏོག་རི་དང་ཀླུ་དགའ་དང་། །སྤོས་ཀྱི་དབང་ཕྱུག་ཤིན་ཏུ་གྲགས་སྟོབས་ལྷ། །ཡོན་ཏན་ འཕྲེང་ལྡན་ཀླུའི་ལག་མིག་རྒྱན་དང་། །ལེགས་པར་སྦྱངས་པའི་བློ་ལའང་ཕྱག་འཚལ་ལོ། །ཟིལ་གནོན་མཐའ་ཡས་སྤྱན་དང་བདེན་པ་གསུང་། །ཉི་མའི་འོད་དང་ངེས་བློ་མཐའ་ཡས་གཟུགས། །རྣམ་སྣང་རིན་ཆེན་ཏོག་དང་ཐེ་ཚོམ་སྤངས། །འཇིག་རྟེན་འདས་པ་རྣམས་ལ་ཕྱག་འཚལ་ལོ། ། དོན་ཡོད་རྣམ་པར་གནོན་དང་རྟོགས་མཛད་དང་། །མེ་ཏོག་རྒྱལ་མཚན་རི་དབང་རྒྱལ་གཟི་ཆེན། །དོན་མཛད་གཟིགས་དང་གྲགས་ཡས་རིན་ཆེན་ལྷ། །དོན་མཁྱེན་བློ་རྫོགས་རྣམས་ལ་ཕྱག་འཚལ་ལོ། །མྱ་ངན་མེད་དང་དྲི་བྲལ་ཚངས་ལྷ་དང་། །ས་དབང་མེ་ཏོག་སྤྱན་དང་རྣམ་འབྱེས་སྐུ། །ཆོས་འོད་ ཀུན་གཟིགས་ཡོན་ཏན་འོད་གསལ་དང་། །དྲི་མེད་ཟླ་བའི་ཞལ་ལའང་ཕྱག་འཚལ་ལོ། །རིན་ཆེན་འོད་དང་རིན་ཆེན་ཏོག་དང་ནི། །གྲགས་པའི་བླ་མ་འོད་བྱེད་གཟི་དཔག་མེད། །དུས་མཁྱེན་སེང་གེའི་སྐུ་དང་མཁས་བློ་དང་། །རྒྱལ་དཀའ་ཡོན་ཏན་ཕུང་པོ་ཕྱག་འཚལ་ལོ། །ཟླ་བའི་ཏོག་དང་མཐུ་ནི་ཐོབ་པ་དང་། ། མཐུ་རྩལ་མཐའ་ཡས་ཟླ་བ་དྲི་མེད་དང་། །དོན་རྣམས་ཐམས་ཅད་གཟིགས་དང་དཔའ་བོ་དང་། །འབྱོར་ལྡན་བསོད་ནམས་སྒྲོན་མ་ཕྱག་འཚལ་ལོ། །ཡོན་ཏན་འོད་འཕྲོ་བློ་ནི་ཡངས་པ་དང་། །ལེགས་སྐྱེས་ནོར་ལྷ་ཡིད་གཉིས་སྤོང་བ་དང་། །འཛིན་པ་དཔག་མེད་མཆོག་སྲེད་ཆོམས་མེད་དང་། །མི་གནས་ པ་དང་དེར་གནས་ཕྱག་འཚལ་ལོ། །ཕྱོགས་ཆེན་གཙོ་བོ་འགྲོ་བའི་འོད་ཟེར་དང་། །ཕལ་ཆེན་རྒྱལ་དང་གཟི་བརྗིད་མཐའ་ཡས་དང་། །དོན་བློ་སྨན་པའི་རྒྱལ་པོ་ཐ་བ་སྤངས། །རིམས་ནད་མེད་དང་ལེགས་བྱིན་ཕྱག་འཚལ་ལོ། །གྲགས་བྱིན་མེ་ཏོག་བྱིན་དང་སྐྱེས་བུས་བྱིན། །རྡོ་རྗེའི་སྡེ་དང་ཕལ་ཆེན་ བྱིན་པ་དང་། །ཞི་བའི་བློ་གྲོས་སྤོས་གླང་སྲེད་མེད་བུ། །དེས་པ་དང་ནི་མི་ཚུགས་ཕྱག་འཚལ་ལོ། །ཉི་ཟླ་གློག་གི་ཏོག་དང་མཆོད་པ་དང་། །དཔལ་སྦས་དང་ནི་ཡེ་ཤེས་ཉི་མ་དང་། །དོན་གྲུབ་ལྷུན་པོ་བརྩེགས་དང་དགྲ་འདུལ་དང་། །པདྨ་དགྲ་བཅོམ་གྲགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་འགྲོས་དང་ཉོན་ མོངས་བྲལ་བ་དང་། །འདམ་བུ་དང་ནི་སྤོས་བཟང་ཡུལ་འཁོར་རངས། །ལྷ་གྲགས་སྲིད་མཐའ་གཟིགས་དང་ཟླ་བ་དང་། །སྒྲ་གཅན་རིན་ཆེན་ཟླ་ལ་ཕྱག་འཚལ་ལོ། །སེང་གེ་རྒྱལ་མཚན་དང་ནི་བསམ་གཏན་དགྱེས། །རྫོགས་ལྡན་རྣམ་རོལ་ཡོན་ཏན་རིན་ཆེན་དང་། །དགྲ་བཅོམ་གྲགས་པ་པད་ངོས་ མཛོད་སྤུ་ལྡན། །སྤོབས་གྲགས་རྡོ་རྗེ་ནོར་བུ་ཕྱག་འཚལ་ལོ། །ཚེ་དཔག་མེད་དང་ནོར་བུ་བཀོད་པ་དང་། །དབང་ཆེན་ཡོན་ཏན་འབྱུང་གནས་ལྷུན་པོ་གྲགས། །འོད་ཟེར་བཅུ་པ་མ་སྨད་གླང་པོའི་འགྲོས། །ཡིད་འཐད་རིན་ཆེན་ཟླ་བ་ཕྱག་འཚལ་ལོ། །ཞི་བ་རབ་གསལ་རྒྱལ་པོ་ཁ་ལོ་སྒྱུར། །དགའ་བའི་དབང་ ཕྱུག་གཙུག་ན་རིན་པོ་ཆེ། །བསྙེངས་བྲལ་རིན་ཆེན་སྙིང་པོ་ཟླ་བའི་ཞལ། །དྲི་མ་མེད་གྲགས་ཞི་བརྗིད་ཕྱག་འཚལ་ལོ། །དགའ་ཏོག་སྒྲ་གཅན་ལྷ་དང་ན་ཚོད་བཟང་། །ལྷ་དགའ་རིན་ཆེན་ཕུང་པོ་མཛེས་པར་གཤེགས། །སེང་གེའི་ཕྱོགས་པ་ཤིན་ཏུ་མཐོར་གཤེགས་དང་། །སྐྱེ་དབང་བློ་གྲོས་བཟང་པོ་ཕྱག་ འཚལ་ལོ། །འཇིག་རྟེན་འོད་དང་རིན་ཆེན་གཟི་བརྗིད་དང་། །སྐལ་ལྡན་ཤིང་རྟ་ཀུན་རྒྱལ་དགའ་བ་བཀོད། །སྟེགས་མཛད་དང་ནི་སྤོས་གླང་བློ་འོད་འཕྲོ། །རི་བོའི་རྒྱལ་མཚན་སྤོས་བཟང་ཕྱག་འཚལ་ལོ། །ཆོས་བརྟན་དང་ནི་གཟི་བརྗིད་དྲག་ཤུལ་ཅན། །ཆོས་ཀྱི་ནོར་བུ་བཟང་ ཕྱིན་བདེ་གཤེགས་ཟླ། །ཚངས་པའི་དབྱངས་དང་སེང་གེ་ཟླ་བ་དཔལ། །ལེགས་སྐྱེས་ཐུབ་མེད་ཚོགས་ལ་ཕྱག་འཚལ་ལོ། །གྲགས་པ་བཤེས་གཉེན་དང་ནི་བདེན་པ་དང་། །དཀའ་ཐུབ་ཆེན་པོ་ལྷུན་པོའི་འོད་ཟེར་དང་། །ཡོན་ཏན་བརྩེགས་པ་མཆོད་གྲགས་ཆོས་གྲགས་དང་། །སྦྱིན་འོད་ གློག་འབྱིན་བདེན་གསུང་ཕྱག་འཚལ་ལོ། །འཚོ་བྱེད་ན་ཚོད་བཟང་པོ་ལེགས་ཚོགས་ཅན། །རྣམ་ངེས་བློ་གྲོས་སྲིད་མཐའ་ནོར་བུའི་སྤོས། །རྒྱལ་དགྱེས་སེང་གེའི་འོད་ཟེར་རྣམ་སྣང་མཛད། །གྲགས་མཆོག་ཐུགས་རབ་གཞུངས་ལའང་ཕྱག་འཚལ་ལོ། །ནོར་བུ་ཟླ་བ་དྲག་ཤུལ་འོད་ཟེར་ དང་། །བརྟུལ་ཞུགས་ཐུབ་མེད་འགྲོས་མཆོད་ནོར་བུའི་ཚོགས། །འཇིག་རྟེན་བླ་མ་གླང་སེང་ཟླ་བ་དང་། །རིན་འོད་སྒྲ་གཅན་སྦེད་ལའང་ཕྱག་འཚལ་ལོ། །ཡོན་ཏན་རྒྱ་མཚོ་འོད་ཟེར་ལྡན་པ་དང་། །རབ་ཏུ་ཞི་སྟབས་འཇིག་རྟེན་བཟང་པོ་དང་། །མྱ་ངན་མེད་པ་ཤུགས་བཅུ་སྟོབས་དགྱེས་དང་། ། མཐུ་དཔལ་མཐུ་ཐོབ་མཐུ་ཆེན་ཕྱག་འཚལ་ལོ། །ཡོན་ཏན་སྙིང་པོ་བདེན་པར་སྤྱོད་པ་དང་། །དགེ་མཆོག་རྒྱལ་པོ་སྐར་རྒྱལ་འོད་ཟེར་ཆེ། །གློག་འོད་ཡོན་ཏན་རྒྱ་ཆེན་རིན་པོ་ཆེ། །དཔལ་འོད་དང་ནི་བདུད་འདུལ་ཕྱག་འཚལ་ལོ། །གོ་བགོས་སེང་གེའི་ཕྱག་དང་མེ་ཏོག་བཟང་། །རིན་ཆེན་མཐོན་པོ་ དང་ནི་རྒྱ་མཚོ་དག །ས་འཛིན་དོན་བློ་མངའ་བ་ཡོན་ཏན་བསགས། །ཡོན་ཏན་ཚོགས་དང་རིན་མེ་ཕྱག་འཚལ་ལོ། །འཇིག་རྟེན་འདས་དང་འཇིག་རྟེན་ཟླ་བ་དང་། །དབྱངས་སྙན་ཚངས་པའི་ཏོག་དང་ཚོགས་ཅན་གཙོ། །སེང་གེའི་སྟབས་དང་དྲག་ཤུལ་བྱིན་པ་དང་། །ཆོས་དབང་གཟི་འོད་ འོད་ཆེན་ཕྱག་འཚལ་ལོ། །རིན་ཆེན་གྲགས་པ་ཚོགས་གསལ་གྲགས་མཐའ་ཡས། །འོད་ཟེར་དོན་ཡོད་ལྷ་ཡི་དྲང་སྲོང་དང་། །སྐྱེ་དབང་དགེ་འདུན་བརྟན་དང་ཕྱོགས་བཟང་དང་། །ཏོག་དང་ཡུལ་འཁོར་མེ་ཏོག་ཕྱག་འཚལ་ལོ། །ཆོས་ཀྱི་བློ་གྲོས་རླུང་གི་ཤུགས་ལྟར་གཤེགས། །ལེགས་བསམ་ གྲགས་པ་སྣང་ལྡན་ལྷ་ཚོགས་དང་། །ཡོན་ཏན་བསྲུངས་དོན་བློ་གྲོས་བསྙེངས་པ་མེད། །གྲོགས་བརྟན་འོད་གནས་མཚུངས་ལ་ཕྱག་འཚལ་ལོ། །ནོར་ཞབས་ཐར་པའི་གཟི་བརྗིད་ངོས་བཟང་དང་། །བློ་བཟང་ཀུན་དུ་གཟི་བརྗིད་ཡེ་ཤེས་མཆོག །ཚངས་པར་གནས་དང་བདེན་པ་གསུང་བ་དང་། །བློ་བཟང་ དང་ནི་སྟོབས་བྱིན་ཕྱག་འཚལ་ལོ། །སེང་སྟབས་མེ་ཏོག་ཏོག་དང་ཤེས་འབྱུང་གནས། །མེ་ཏོག་བྱིན་དང་ཡོན་ཏན་སྙིང་པོ་དང་། །རིན་ཆེན་གྲགས་པ་གྲགས་པ་རྨད་བྱུང་དང་། །མི་ཚུགས་བསྙེངས་མེད་ཉི་འོད་ཕྱག་འཚལ་ལོ། །ཚངས་གཤེགས་ལྷ་ཡི་མཐུ་རྩལ་ཡེ་ཤེས་དགྱེས། །ལྷ་བདེན་ནོར་བུའི་ སྙིང་པོ་ཡོན་ཏན་གྲགས། །ཡེ་ཤེས་དཔལ་དང་བཅིངས་མེད་བརྟུལ་ཞུགས་བརྟན། །ལྷ་ཡི་གཟི་བརྗིད་རྣམས་ལ་ཕྱག་འཚལ་ལོ། །ཚངས་ཐུབ་དལ་བཞུད་བརྟུལ་ཞུགས་དཀའ་ཐུབ་དང་། །འོད་ཟེར་ཕུང་པོ་དང་ནི་གཟི་བརྗིད་ཆེ། །ཙམ་པ་ཀ་དང་དགའ་མཛད་ཚོགས་ཅན་བཟང་། །དབང་པོའི་རྒྱལ་མཚན་ དགྱེས་ཆེན་ཕྱག་འཚལ་ལོ། །སྣ་མའི་མེ་ཏོག་འོད་དང་ཚོགས་ཅན་འོད། །སྐྲུན་མཛད་མདངས་འགྲོ་དོན་ལེགས་ངེས་པ་དང་། །ཁྱུ་མཆོག་དང་ནི་ལག་བཟང་འོད་ཟེར་ཆེ། །བསམ་བྱིན་བསོད་ནམས་འོད་ལའང་ཕྱག་འཚལ་ལོ། །རིན་ཆེན་དབྱངས་དང་རྡོ་རྗེའི་སྡེ་དང་ནི། །འབྱོར་ལྡན་སེང་གེའི་སྟོབས་དང་ དྲི་མེད་སྤྱན། །འོད་སྲུངས་དང་ནི་བློ་གསལ་ཡེ་ཤེས་འགྲོས། །གཟི་བརྗིད་དྲག་ཤུལ་འོད་ཆེན་ཕྱག་འཚལ་ལོ། །ཉི་མའི་འོད་དང་དྲི་མ་མེད་པའི་འོད། །གཟི་བརྗིད་རྣམ་འབྱེས་ཁངས་མེད་སྦྲང་རྩིའི་ཞལ། །ཟླ་འོད་གློག་འབྱིན་རབ་ཞིར་གཤེགས་པ་དང་། །མི་འཁྲུགས་དགྲ་བཅོམ་གྲགས་ལ་ཕྱག་ འཚལ་ལོ། །ཆོས་ཀྱི་ཡོན་ཏན་ཞིང་བཟང་བཀོད་རྒྱལ་པོ། །མངོན་པར་འཕགས་དང་སྦྱིན་སྲེག་འོད་འཕྲོ་དང་། །པད་དཔལ་རིན་ཆེན་བཀོད་དང་ཤིན་ཏུ་བཟང་། །རིན་ཆེན་མཆོག་དང་ཐུགས་གཞུངས་ཕྱག་འཚལ་ལོ། །རྒྱ་མཚོས་བྱིན་དང་ཚངས་ཏོག་ཟླ་བའི་གདུགས། །འོད་འཕྲོ་དྲི་མེད་རྒྱལ་པོ་ཡེ་ ཤེས་གྲགས། །ཀུན་རྒྱལ་ཡོན་ཏན་འོད་དང་སྒྲ་གྲགས་དང་། །ཟླ་རྒྱས་རྣམས་ལ་གུས་པས་ཕྱག་འཚལ་ལོ། །པདྨའི་འོད་ཟེར་བརྟུལ་ཞུགས་བཟང་པོ་དང་། །སྒྲོན་རྒྱལ་གློག་གི་འོད་དང་འོད་ཟེར་རྒྱལ། །སྐར་མཁན་གྲགས་རྫོགས་པདྨའི་སྙིང་པོ་དང་། །རྒྱལ་དང་སྤྱན་མཛེས་རྣམས་ལ་ཕྱག་ འཚལ་ལོ། །རྙོག་པ་མེད་དོན་དང་ནི་དྲག་ཤུལ་སྡེ། །བསོད་ནམས་གཟི་བརྗིད་མཐུ་རྩལ་ཐོགས་མེད་བློ། །སྒྲ་གཅན་ལྷ་དང་ཤེས་ཕུང་ཁ་ལོ་སྒྱུར། །སྐྱེ་མཚུངས་མེ་ཏོག་ཏོག་ལ་ཕྱག་འཚལ་ལོ། །སྒྲ་གཅན་འཛིན་དང་སྨན་ཆེན་རྒྱུ་སྐར་རྒྱལ། །སྨན་རྒྱལ་བསོད་ནམས་ གླང་པོ་གཅོད་མཛད་དང་། །རྣམ་གྲགས་རྒྱལ་པོ་ཉི་མའི་འོད་ཟེར་དང་། །ཆོས་མཛོད་བློ་གྲོས་བཟང་པོ་ཕྱག་འཚལ་ལོ། །ཡོན་ཏན་དབང་མཚུངས་དང་ནི་རྡོ་རྗེའི་སྡེ། །ཤེས་རབ་བརྩེགས་པ་ལེགས་གནས་བློ་སྦྱངས་དང་། །ཚངས་དབྱངས་ཡོན་ཏན་མཆོག་དང་འབྲུག་སྒྲ་དང་། །མངོན་ཤེས་ཏོག་དང་ ཏོག་འོད་ཕྱག་འཚལ་ལོ། །དགེ་བ་ཚངས་པ་སྐྱེས་མཆོག་སྤྱན་སྡུག་པ། །ཀླུས་བྱིན་བདེན་པའི་ཏོག་དང་བརྒྱན་པ་དང་། །ཞུམ་པ་མེད་པའི་དབྱངས་དང་རིན་ཆེན་འོད། །དབྱངས་བྱིན་རྣམས་ལ་གུས་པས་ཕྱག་འཚལ་ལོ། །སེང་གེ་དང་ནི་འོད་ཟེར་སྣ་ཚོགས་དང་། །ཡེ་ཤེས་དཔའ་བོ་པད་ཕུང་མེ་ཏོག་ རྒྱས། །མཐུ་སྟོབས་བསོད་ནམས་ཕུང་པོ་གཟུགས་མཆོག་དང་། །སྐར་མཁན་ཟླ་བ་སྒྲོན་མ་ཕྱག་འཚལ་ལོ། །གཟི་བརྗིད་ཕུང་པོ་བྱང་ཆུབ་རྒྱལ་པོ་དང་། །མི་ཟད་མངོན་རྟོགས་སྤྱན་དང་ཡན་ལག་རྒྱས། །ཡུལ་འཁོར་ཤེས་རབ་མཆོག་མ་གཟི་ཆིམ་མཛད། །ཤེས་བྱིན་མགོན་པོ་འཇམ་དབྱངས་ཕྱག་ འཚལ་ལོ། །ཆགས་པ་མེད་པའི་མཛོད་དང་གཙོ་བོས་བྱིན། །གཙོ་བོ་ཡེ་ཤེས་མཐུ་རྩལ་འོད་འཕྲོ་ཅན། །དབང་པོ་དང་ནི་ཤུགས་འཆང་སྐར་རྒྱལ་དང་། །འོད་བཟང་གྲགས་པ་བྱིན་ལ་ཕྱག་འཚལ་ལོ། །གཟུགས་བཟང་དང་ནི་རྒྱལ་པོ་དོན་གྲུབ་དང་། །སེང་གེའི་སྡེ་ཞེས་བྱ་དང་ནོར་ལྷའི་བུ། །གྲགས་པ་ རྒྱལ་བ་རྒྱ་ཆེན་སྙིང་པོ་དང་། །བསོད་ནམས་འོད་ཟེར་སྨྲང་འདོན་ཕྱག་འཚལ་ལོ། སྒྲོན་མའི་རྒྱལ་པོ་དང་ནི་ཡེ་ཤེས་བརྩེགས། །ལྷ་མཆོག་ས་བདག་གྲོལ་བརྙེས་གཙུག་གི་གསེར། །སྒྲ་གཅན་བཟང་པོ་ཐུབ་དཀའ་ཐུབ་གསལ་དང་། །ཟླ་བའི་འོད་ཟེར་རྣམས་ལ་ཕྱག་འཚལ་ལོ། །གསེར་འོད་ ལེགས་བྱིན་ལྷ་ཡི་ཡོན་ཏན་དབང་། །ཆོས་གདུགས་བསོད་ནམས་ལག་དང་ཆགས་མེད་དང་། །ཡེ་ཤེས་གྱ་ནོམ་བློ་གྲོས་ཞིབ་མོ་དང་། །གཟི་བྱིན་ཐམས་ཅད་རྩི་སྨན་ཕྱག་འཚལ་ལོ། །རྣམ་གྲོལ་ཏོག་དང་འོད་མཛོད་ཡེ་ཤེས་རྒྱལ། །འཇིགས་མཛད་ཆུ་བོ་སྤངས་དང་ཐོགས་མེད་གྲགས། །བདེན་པའི་ ཕུང་པོ་དབྱངས་སྙན་རི་དབང་མཚུངས། །ཆོས་བརྩེགས་རྣམས་ལ་གུས་པས་ཕྱག་འཚལ་ལོ། །ཐར་པའི་གཟི་བརྗིད་ལེགས་མཛད་རབ་ཞིའི་སྐུ། །ཡིད་འོང་གསུང་དང་བློ་སྦྱངས་ཆུ་ཡི་ལྷ། །འགྲོས་མཆོད་སེང་ལོགས་ཆོས་ཀྱི་མཐུ་རྩལ་དང་། །སྐལ་བཟང་རྣམས་ལ་གུས་པས་ཕྱག་འཚལ་ལོ། ། མི་འཁྲུགས་མདོག་དང་གཟི་བརྗིད་རྒྱལ་པོ་དང་། །རྟོགས་མཛད་སྤྱན་ལེགས་དོན་ལ་གནས་པའི་བློ། །སྣང་བའི་འོད་ཟེར་སྤོས་གཟི་ཀུན་དགའ་མཛད། །དོན་ཡོད་གཤེགས་དང་ཁྲོ་བཅོམ་ཕྱག་འཚལ་ལོ། །གཟུགས་མཆོག་ལེགས་གཤེགས་རབ་སྦྱིན་གྲགས་པ་དང་། །འོད་གཙང་ལྷ་ཡི་ཉི་མ<། །,་> ཤེས་རབ་བྱིན། །མཉམ་པར་གཞག་པའི་བདག་ཉིད་གཟི་མདངས་དང་། །རྒྱལ་རིགས་སྐལ་ལྡན་ཤིང་རྟ་ཕྱག་འཚལ་ལོ། །གསེར་མཆོག་རྣམ་གྲོལ་གཙུག་དང་ཆོས་ལྡན་དང་། །སྤོས་གནས་དྲེགས་པ་སྤོངས་དང་ཡེ་ཤེས་མཛོད། །ཚངས་པར་གཤེགས་དང་ཙནྡན་མྱ་ངན་མེད། །སེང་གེའི་ འོད་ཟེར་རྣམས་ལ་ཕྱག་འཚལ་ལོ། །ཡུལ་འཁོར་ཏོག་དང་པད་སྙིང་གཟི་མཐའ་ཡས། །ལྷ་འོད་ཤེས་རབ་མེ་ཏོག་མཁས་པ་དང་། །ཡེ་ཤེས་འབྱོར་ལྡན་དང་ནི་ཚངས་པའི་དབྱིག །ཕྱག་ན་རིན་ཆེན་དབང་ལྡན་ཕྱག་འཚལ་ལོ། །རྫོགས་པར་གསུང་དང་མཆོག་གསུང་མཆོད་འོས་དང་། །སྐར་ རྒྱལ་ཉི་མ་དང་ནི་འདམ་ལས་བརྒལ། །ཡེ་ཤེས་བརྙེས་དང་གྲུབ་པ་རྨ་བྱ་དང་། །ཆོས་བྱིན་རྣམས་ལ་གུས་པས་ཕྱག་འཚལ་ལོ། །ཕན་པར་བཞེད་དང་ཡེ་ཤེས་ལྡན་གྲགས་པ། །འོད་ཟེར་དྲ་བ་དང་ནི་རྣམ་པར་བཅོམ། །བཻ་ཌཱུཪྻ་སྙིང་མེ་ཏོག་ལྷ་རྒྱལ་པོ། །ཟླ་བ་དང་ནི་དྲན་འོད་ཕྱག་འཚལ་ ལོ། །དགེ་འོད་ཡོན་ཏན་མཆོག་འོད་རིན་ཆེན་དཔལ། །སྐྱེས་བུ་ཟླ་བ་སྒྲ་གཅན་བདུད་རྩིའི་འོད། །འཇིག་རྟེན་མཆོག་དང་སྐར་འོད་ཞི་བའི་སྟབས། །ཡེ་ཤེས་རྒྱ་མཚོ་རྣམས་ལ་ཕྱག་འཚལ་ལོ། །རི་དབང་རབ་ཞི་ཡོན་ཏན་མཐའ་སྟོབས་དང་། །ལྷ་དབང་དང་ནི་དབྱངས་སྙན་ངོས་བཟང་དང་། ། དོན་གནས་ཡོན་བརྗིད་མཁྱེན་ལྡན་ཟླ་མེད་དང་། །ང་རོ་དཔག་མེད་རྒྱལ་བ་ཕྱག་འཚལ་ལོ། །འོད་བཟང་ཐུགས་གཞུངས་དོན་དགོངས་གཏི་མུག་བྲལ། །དབྱངས་ཀྱི་ཡན་ལག་ཁྱད་འཕགས་མཆོག་མཛེས་གཤེགས། །ཞི་དོན་སྐྱོན་མེད་བློ་སྦྱངས་དགེ་བ་དང་། །པད་མཛོད་འོད་ཟེར་བཟང་པོ་ཕྱག་ འཚལ་ལོ། །སྤོབས་པའི་མདོག་དང་སྟེགས་བཟང་ཚོགས་དབང་དང་། །བསྙེངས་བྲལ་ཡེ་ཤེས་བཞེད་པ་སྤོབས་པའི་སྤྱན། །བློ་མཆོག་ཟླ་བ་རིན་ཆེན་ཟླ་འོད་དང་། །བསྙེངས་མེད་རྣམས་ལ་གུས་པས་ཕྱག་འཚལ་ལོ། །གཟིགས་པ་ཆེ་དང་ཚངས་དབྱངས་དབྱངས་ བཟང་དང་། །ཤེས་རབ་ཆེ་སྟེགས་བློ་གྲོས་ཟླ་མེད་དང་། །རྡོ་མཁྲེགས་བྱང་ཆུབ་བློ་གྲོས་ལྗོན་ཤིང་དབང་། །གདངས་སྙན་བསོད་ནམས་སྟོབས་ལའང་ཕྱག་འཚལ་ལོ། །མཐུ་དཔལ་འཕགས་པ་དགྱེས་དང་མཐུ་སྟོབས་དང་། །སྐར་མ་དགྱེས་དང་སྤྲིན་སྒྲ་སྤྱན་སྡུག་ཞལ། །ཡེ་ཤེས་བཟང་ ལྡན་འབྱོར་ལྡན་ཡོན་ཏན་ཕུང་། །གསལ་བ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །ཆོས་ཀྱི་རྒྱལ་མཚན་ཡེ་ཤེས་ང་རོ་དང་། །ནམ་མཁའ་མཆོད་སྦྱིན་ང་རོ་ཤེས་འགོད་དང་། །ཡོན་འོད་གཟི་བརྗིད་དྲང་སྲོང་དབང་བློ་ལྡན། །སྤོབས་ཚོགས་མཆོད་སྦྱིན་བཟང་པོ་ཕྱག་འཚལ་ལོ། །ཟླ་ཞལ་ཤིན་ཏུ་ གཟིགས་དང་རྡུལ་བྲལ་དང་། །ཡོན་ཏན་ཚོགས་དང་ཏོག་ལྡན་བསོད་རྒྱལ་མཚན། །ཡུལ་འཁོར་སྤོབས་པ་རིན་ཆེན་རབ་སྦྱིན་དང་། །ཟླ་དགྱེས་སེང་གེའི་སྟོབས་ལའང་ཕྱག་འཚལ་ལོ། །དབང་སྒྱུར་རྒྱལ་པོ་བདུད་རྩི་གསལ་བ་དང་། །བསམ་གཏན་སྙོམས་དང་འཁྲུག་མེད་དྲི་མ་ཞི། །ཕྱོགས་མ་ བསླད་དང་མཛེས་པ་ཞལ་བཟང་དང་། །ཤུགས་གནས་ཡེ་ལྡན་གསུང་དབང་ཕྱག་འཚལ་ལོ། །གཟི་བརྗིད་ཆེན་པོ་བློ་གྲོས་ཟབ་བདུད་རྩི། །ཆོས་ཀྱི་སྟོབས་དང་མཆོད་ལྡན་མེ་ཏོག་འོད། །ཁམས་གསུམ་མཆོད་གནས་སྒྲ་གཅན་ཉི་མའི་སྙིང་། །ལྷས་མཆོད་ཐར་པའི་རྒྱལ་མཚན་ཕྱག་འཚལ་ལོ། ། དགེ་གཙུག་བདུད་རྩིའི་འོད་དང་རྡོ་རྗེ་དང་། །བརྟན་པ་རིན་ཆེན་ཕུང་པོ་མཛེས་གཤེགས་དང་། །ཉི་ལྟར་གཤེགས་དང་དག་འོད་ཡོན་ཏན་གཙུག །དཔལ་རྫོགས་རྣམས་ལ་གུས་པས་ཕྱག་འཚལ་ལོ། །སེང་གེའི་སྟབས་དང་གྱེན་འཕགས་མེ་ཏོག་བྱིན། །འོད་འགྱེད་པདྨ་དང་ནི་ཡེ་ཤེས་དགྱེས། ། བཀོད་མཛེས་གཏི་མུག་མེད་གནས་རྨ་མེད་པ། །ཏོག་གི་རྒྱལ་མཚན་རྣམས་ལ་ཕྱག་འཚལ་ལོ། །བདེ་དགོངས་གཏི་མུག་མེད་རྒྱལ་ཆོ་ག་མཁྱེན། །དག་པའི་རྒྱ་མཚོ་རིན་ཆེན་མངའ་མི་མངའ། །དགའ་མཛད་རྨ་བྱའི་ང་རོ་མ་ཞུམ་དང་། །སྲིད་སྲེད་དྲི་མ་སྤངས་ལའང་ཕྱག་འཚལ་ལོ། །སྤྱོད་པའི་སྟེགས་ དང་ལྷ་མང་སྙན་བསྒྲགས་དང་། །རིན་སྟབས་ཕྱག་པད་བསྣམས་དཔལ་དགྲ་ལས་རྒྱལ། །འབྱོར་གྲགས་ཡུལ་འཁོར་བཟང་དང་མེ་ཏོག་འོད། །སེང་གེའི་ང་རོ་རྣམས་ལ་ཕྱག་འཚལ་ལོ། །ཟླ་བ་ལྟར་ཤར་འཇོམས་པའི་མཆོག་མི་གཡོ། །ཕན་ལྡན་གཤེགས་དང་བསོད་ནམས་སྒྲོན་མའི་རྒྱལ། ། དབྱངས་བསྐུལ་གོའུ་ཏ་མ་མདངས་ཀྱི་སྟོབས། །བློ་གནས་རང་བཞིན་ཟླ་བཟང་ཕྱག་འཚལ་ལོ། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲ་ཤིས་དང་། །ལེགས་སྟོན་ཡེ་ཤེས་གཟི་སྟོབས་དགེ་བའི་སྒྲོན། །མཐུ་རྩལ་བརྟན་པོ་ལྷ་དགྲ་རབ་ཞི་དང་། །ཉི་ཞལ་ཐར་པའི་བརྟུལ་ཞུགས་ཕྱག་འཚལ་ལོ། །ཚུལ་ ཁྲིམས་འོད་དང་བརྟུལ་ཞུགས་གནས་རྡུལ་མེད། །སྙིང་པོ་འཕགས་དང་མིག་སྨན་འཕེལ་བར་མཛད། །སྤོས་འོད་དུས་མཁྱེན་འོད་དང་དྲན་པའི་དབང་། །ཐོགས་མེད་རྒྱལ་མཚན་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་མཆོག་བགྲོད་སྤྱོད་གསལ་རིན་ཆེན་དགྱེས། །ཆོས་དབང་ལྷ་ཐམས་ཅད་པ་ བཤེས་གཉེན་ཆེ། །བཤེས་གཉེན་བཟང་པོ་རབ་ཏུ་ཞི་བའི་སྟབས། །བདུད་རྩི་བདག་པོ་ལྷུན་འོད་ཕྱག་འཚལ་ལོ། །འཕགས་པས་བསྟོད་དང་སྣང་ལྡན་གཟི་བརྗིད་འབར། །སྣང་བ་གཟིགས་དང་ལེགས་སྤྱད་རྣམ་པར་སྨིན། །ལེགས་དགྱེས་མྱ་ངན་བྲལ་དང་རིན་ཆེན་འོད། །སྤྱོད་ལྡན་བསོད་ ནམས་སྟོབས་ལ་ཕྱག་འཚལ་ལོ། །ཡོན་ཏན་རྒྱ་མཚོ་རྨད་བྱུང་ང་རྒྱལ་སྤོང་། །བདུད་བརླག་མཛད་དང་བག་ཆགས་རྒལ་བའི་སྟབས། །མི་ཕྱེད་བློ་མངའ་རྒྱ་མཚོ་དག་མཛད་དང་། །ཚོགས་ཅན་གྲོལ་རྒྱལ་དགའ་འོད་ཕྱག་འཚལ་ལོ། །བྱང་རྒྱལ་ཡེ་ཤེས་རིན་ཆེན་ཤིན་ཏུ་བསིལ། །ཚངས་རྒྱལ་ ཡེ་ཤེས་དགྱེས་དང་རྫུ་འཕྲུལ་ཏོག །སྐྱེ་དབང་མཚུངས་དང་ས་ཡི་དབང་ཕྱུག་དང་། །ཉི་དགྱེས་སྒྲ་གཅན་ཟླ་བ་ཕྱག་འཚལ་ལོ། །མེ་ཏོག་འོད་དང་སྨན་བདག་མདངས་མངའ་དང་། །བསོད་ནམས་དགྱེས་དང་དགའ་སྟོབས་དབྱངས་སྙན་དང་། །ཆོས་ཀྱི་དབང་ཕྱུག་ཚངས་དབྱངས་སྤྱོད་བཟང་ དང་། །འཁྲུལ་པ་མེད་པའི་བློ་ལའང་ཕྱག་འཚལ་ལོ། །དབྱངས་ཆེན་སྙན་པར་གྲགས་དང་ཏོག་ལྡན་དང་། །གཟི་བརྗིད་རྣམ་གྲགས་འགྲོ་བའི་དབང་ཕྱུག་དང་། །ལྗོན་པ་གཏི་མུག་རབ་ཟད་དཔག་མེད་དང་། །ཟླ་བཟང་སྤོབས་ཡས་ཏོག་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་བསྟར་དང་མཆོད་གནས་ མྱ་ངན་བརྒལ། །དགེ་དགྱེས་འགྲོ་བའི་བློ་གྲོས་དགྱེས་པར་གཤེགས། །ཞབས་མཛེས་ཨུཏྤལ་དུལ་གནས་མེ་ཏོག་དང་། །སྤོབས་པ་མཐའ་ཡས་འོད་ཟེར་ཕྱག་འཚལ་ལོ། །དྲང་སྲོང་གསལ་བ་ཡོན་ཏན་བརྩོན་འགྲུས་སྙིང་། །ལྷ་བདག་རིན་ཆེན་མཐོན་པོ་གསལ་བ་དང་། །སྐལ་ལྡན་ ཤིང་རྟ་བསོད་ནམས་བློ་གྲོས་དང་། །སྦྱིན་སྲེག་འོད་འཕྲོ་གཟི་ཕུང་ཕྱག་འཚལ་ལོ། །སེང་གེའི་སྟབས་དང་མི་གཡོ་རབ་གསལ་དང་། །འོད་སྤྱོད་གླུ་དབྱངས་གླུ་དབྱངས་འཁོར་ལོ་འཛིན། །དབྱིག་མཆོག་འཇིག་རྟེན་དགའ་དང་ཆོས་ཟླ་དང་། །དགའ་བ་མཐའ་ཡས་གྲགས་ལ་ཕྱག་འཚལ་ལོ། །སྤྲིན་ཏོག་ ཤེས་རབ་འགྲོས་དང་སྤོས་བཟང་དང་། །ནམ་མཁའི་དབྱངས་དང་ལྷ་དང་ལྷ་རྒྱལ་དང་། །ནོར་བུ་གསལ་དང་ནོར་བཟང་སྒྲོན་མ་དང་། །རིན་ཆེན་ང་རོའི་དབྱངས་ལའང་ཕྱག་འཚལ་ལོ། །སྐྱེ་དབང་རྒྱལ་པོ་སྒྲ་གཅན་སྦེད་པ་དང་། །དགེ་མཛད་སེང་བློ་རིན་ཆེན་གྲགས་པ་དང་། །དོན་མཛད་མཛད་མཐའ་ གཟིགས་དང་སྲིད་མེ་ཏོག །མཛོད་སྤུ་སྤོབས་པ་མཚུངས་མེད་ཕྱག་འཚལ་ལོ། །ཡེ་ཤེས་རྣམ་འབྱེད་ང་རོ་སེང་མཆེ་བ། །མཛེས་གཤེགས་བསོད་ནམས་སྒྲོན་མ་བཀྲ་ཤིས་ལྡན། །ཡུལ་འཁོར་མྱང་མེད་བློ་གྲོས་སེམས་བློ་ལྡན། །ཆོས་སྒྲོན་ཤིན་ཏུ་གཟིགས་ལའང་ཕྱག་འཚལ་ལོ། །ཤུགས་འདོར་ སྟོབས་ཆེན་ཤེས་རབ་མེ་ཏོག་དང་། །བརྟན་པའི་དབྱངས་དང་བདེ་ལྡན་དོན་གསུང་དང་། །དགྱེས་པ་གསལ་བ་སེང་གེའི་ཞལ་གཙུག་ཕུད། །སྣང་མཛད་རྣམས་ལ་གུས་པས་ཕྱག་འཚལ་ལོ། །བསྐལ་བཟང་འདིར་འབྱུང་སངས་རྒྱས་སྟོང་གི་མཚན། །གང་གིས་ཐོས་ཤིང་གུས་པས་སྡིག་ཀུན་སྲེག ། རྒྱལ་བ་ཀུན་མཐོང་ངན་སོང་སྡུག་བསྔལ་སྤོང་། །བཟོད་ལྡན་བདེ་བ་མཆོག་བརྒྱུད་མྱང་འདས་འཐོབ། །བྱང་ཆུབ་སེམས་དཔའ་མཆོག་དགའ་རྒྱལ་པོ་ཡི། །དྲིན་གྱིས་ལེགས་བསྒོས་ཁ་ཆེ་པཎ་ཆེན་གྱིས། །སྦྱར་འདི་གཞན་ལས་དོན་ལྔས་ཁྱད་པར་འཕགས། །དེ་ལྟའང་ཉེས་ཚུལ་སྡིག་ཀུན་སོ་སོར་བཤགས། ། བདག་གི་མོས་བློས་འབད་པ་ཆེར་བྱས་པའི། །དགེ་བ་འདི་དང་མཐའ་ཡས་དགེ་བ་ཀུན། །འགྲོ་བ་ཀུན་སྦྱིན་ཀུན་ཀྱང་རྒྱལ་བ་ཡིས། །ཀུན་དུ་རྗེས་བཟུང་ཀུན་མཁྱེན་མྱུར་ཐོབ་ཤོག །དེ་བཞིན་གཤེགས་པའི་མཚན་བརྗོད་བསྐལ་བཟང་རྒྱན་གྱི་ཕྲེང་བ་ཞེས་བྱ་བ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱིས་སྦྱར་བ་རྫོགས་སོ།། །། པཎྜི་ཏ་དེ་ཉིད་དང་། ལོ་ཙྪ་བ་བྱམས་པའི་དཔལ་གྱིས་བསྒྱུར།། །།སླད་ཀྱི་ཆར་ཡང་ས་སྐྱ་ལོ་ཙཱ་བས་ཅུང་ཟད་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཡོ་ག་ཙ་ཏུར་དེ་ཝ་སྟོ་ཏྲ་ནཱ་མ། བོད་སྐད་དུ། སྦྱོར་བ་བཞིའི་ལྷ་ལ་བསྟོད་པ་ཞེས་བྱ་བ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །སྟེན་མཚོན་སེང་གེའི་ཁྲི་སྟེངས་ན། །སྐུ་དྲང་དགོངས་པ་ཤིན་ཏུ་གཞན། །རྡོ་རྗེ་སྐྱིལ་ཀྲུང་དེར་བཞུགས་ནས། །གང་དུ་ཏིང་འཛིན་ཡོངས་འདུ་བའི། །ཏིང་འཛིན་རྒྱལ་པོ་ཞེས་བགྱི་ལ། །མཉམ་པར་གཞག་ཅིང་དགོངས་ མཁྱེན་པའི། །དེ་བཞེངས་འཕྲུལ་གྱི་སྤྱན་གྱིས་ནི། །སངས་རྒྱས་ཞིང་གཟིགས་ཁྱོད་ལ་འདུད། །སྐུ་གནས་ཉི་ཤུ་རྩ་གཉིས་ནས། །འོད་ཟེར་བྱེ་བ་ཁྲག་ཁྲིག་ནི། །བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་ནི། །འབྱིན་པའི་སྐུ་དེ་ལ་ཕྱག་འཚལ། །མི་མཇེད་ཕྱོགས་བཅུའི་འཇིག་རྟེན་དུ། །འོད་ཀྱི་སྣང་བས་ ཁྱབ་བྱེད་པ། །འོད་དེས་རེག་པའི་སེམས་ཅན་རྣམས། །རྫོགས་པའི་བྱང་ཆུབ་ངེས་གྱུར་པའི། །འགྲོ་བ་འདྲེན་ལ་ཕྱག་འཚལ་ལོ། །བ་སྤུའི་འོད་དང་རང་བཞིན་འོད། །མི་མཇེད་ཕྱོགས་བཅུའི་འཇིག་རྟེན་དུ། །འོད་ཀྱི་སྣང་བས་ཁྱབ་བྱེད་པ། །འོད་ཀྱིས་རེག་པའི་སེམས་ཅན་རྣམས། །རྫོགས་ པའི་བྱང་ཆུབ་ངེས་གྱུར་པ། །འགྲོ་མགོན་ཤཱཀྱ་སེང་གེར་འདུད། །ལྗགས་འོད་བྱེ་བ་ཁྲག་ཁྲིག་ནི། །བརྒྱ་སྟོང་རྩེ་ལས་པད་འདབ་སྟོང་། །དེ་སྟོང་བདེ་གཤེགས་ཐུགས་མངའ་བཞུགས། །ཕྱོགས་བཅུའི་ཞིང་དུ་གཤེགས་བྱོན་ཅིང་། །ཕ་རོལ་ཕྱིན་དྲུག་ཆོས་སྟོན་མཛད། །ཆོས་ཐོས་སེམས་ ཅན་བྱང་ཆུབ་ངེས། །འགྲོ་མགོན་སྤྲུལ་པའི་སྐུ་ལ་བསྟོད། །སེང་གེ་རྣམ་གྲོལ་ཏིང་འཛིན་གྱིས། །གཡོ་ལྡེགས་ལྟས་ཆེན་བཅོ་བརྒྱད་ཀྱིས། །མི་མཇེད་ཕྱོགས་བཅུའི་ངན་སོང་ཀུན། །རྒྱུན་འཆད་ལྷ་མིའི་སྐལ་མཉམ་བྱས། །ཚེ་རབས་དྲན་ཞིང་སངས་རྒྱས་འདུད། །ངན་སོང་སྐྱོབ་ལ་ཕྱག་འཚལ་ འདུད། །མི་མཇེད་ཕྱོགས་བཅུའི་འཇིག་རྟེན་ཁམས། །འོད་ཀྱིས་ཟིལ་མནན་ལྷམ་མེ་ནི། །ལྷང་ངེར་བཞུགས་པའི་སྐུ་ལ་བསྟོད། །རང་བཞིན་སྐུ་བརྟན་ལྷ་རྣམས་ཀྱིས། །མཆོད་རྫས་མཆོད་དེ་དབུ་སྟེངས་སུ། །བྱིན་གྱིས་མེ་ཏོག་ཁང་བརྩེགས་གྱུར། །རང་འོད་མི་མཇེད་ཕྱོགས་བཅུའི་ཞིང་། །ཀུན་ སྣང་སེམས་ཅན་མཐོང་ནས་ཀྱང་། །རང་མདུན་འདུག་སྟེ་ཆོས་སྟོན་སྙམ། །སྐུ་གཅིག་དུ་མར་སྣང་ལ་བསྟོད། །རང་འོད་ཕྱོགས་བཅུའི་ཞིང་ཁྱབ་ནས། །སེམས་ཅན་ཇི་སྙེད་འཁོད་པ་ཡིས། །རང་འཁོར་བཅས་པ་སྣང་བྱེད་པའི། །གསེར་འོད་ཤཱཀྱ་སེང་གེར་འདུད། །གཟུངས་དང་ ཏིང་འཛིན་རབ་ཐོབ་པའི། །སྟོང་ཉིད་མཚན་མེད་སྤྱོད་ཡུལ་ཅན། །རྡོལ་མེད་པ་ཡི་སྨོན་ལམ་ལྡན། །ཆོས་མཉམ་གཟུང་དང་བཟོད་རབ་ཐོབ། །བློ་ཆེན་སེམས་དཔའ་ཕྱག་འཚལ་བསྟོད། །ཐོགས་མེད་སྤོབས་ལྡན་བསྟན་པ་ནི། །ཟད་མི་ཤེས་ཤིང་སོ་སོ་ནི། །ཡང་དག་རིག་པ་ཁོང་དུ་ཆུད། །མངོན་ ཤེས་ཆེན་པོ་རྣམ་པར་རྩེ། །མངོན་ཤེས་མ་ཉམས་ཕྱག་འཚལ་བསྟོད། །སྙན་པོས་ཚིག་སྙན་ལེ་ལོ་མེད། །བརྩོན་འགྲུས་ལུས་སྲོག་མི་ལྟ་ཞིང་། །ཚུལ་འཆོས་ཁ་གསག་གྲགས་པ་མེད། །ཁེ་དང་བཀུར་སྟིའི་སེམས་མེད་པས། །ཟང་ཟིང་མེད་པར་ཆོས་སྟོན་པ། །ཆོས་ཟབ་བཟད་པ་དམ་པ་ རྟོགས། །མི་འཇིགས་ཐོབ་ལ་ཕྱག་འཚལ་བསྟོད། །ཞུམ་མེད་བདུད་ཀྱི་ལས་ལས་འདས། །ལས་དང་ཉོན་མོངས་ཕྱིར་རྒོལ་བཅོམ། །ཕས་ཀྱི་རྒོལ་བས་ཟིལ་མི་ནོན། །ཉན་ཐོས་རང་རྒྱལ་རྟོགས་དཀའ་བ། །ལས་སྒྲིབ་རྒྱུན་ཆད་ཕྱག་འཚལ་བསྟོད། །རྣམ་པར་དབྱེ་ཞིང་བསྟན་ལ་མཁས། ། བསྐལ་པ་གྲངས་མེད་སྨོན་ལམ་རྩིས། །བཞིན་འཛུམ་ཐོག་མ་ཁྲོ་གཉེར་མེད། །སྙན་ཅིང་འཇམ་པའི་ཚིག་དང་ལྡན། །ཆོས་རབ་རྟོགས་ལ་ཕྱག་འཚལ་ལོ། །ཕ་རོལ་ཚིགས་བཅད་དབྱངས་བརྗོད་མཁས། །སྤོབས་པ་མི་ཆོད་འཁོར་མཐའ་ཡས། །ཟིལ་གྱིས་མནན་པ་མི་འཇིགས་ལྡན། །བསྐལ་ པ་བྱེ་བ་མཐའ་ཡས་པར། །བསྟན་པ་ཡེ་ཤེས་འབྱུང་མཁས་བསྟོད། །ཆོས་རྣམས་སྒྱུ་མ་སྨིག་རྒྱུ་དང་། །ཆུ་ཟླ་རྨི་ལམ་སྒྲ་བརྙན་དང་། །མིག་ཡོར་ནམ་མཁའ་དྲི་ཟའི་གྲོང་། །སྤྲུལ་དང་གཟུགས་བརྙན་ཁོང་ཆུད་པའི། །སེམས་ཞུམ་མེད་ལ་ཕྱག་འཚལ་བསྟོད། །སེམས་ཅན་སེམས་རྒྱུ་ཤེས་པ་ ཕྲ། །སྤྱོད་མཁས་ཁོང་ཆུད་བྱས་ལ་མཁས། །སྡང་མེད་བཟོད་རླབས་ཆོས་མཉམ་རྟོགས། །ཆོས་ཟབ་ལྡན་ཞིང་གཏིང་དཔག་དཀའ། །སེམས་ཆོས་དབང་ཐོབ་ལས་ཉོན་མོངས། །ལྟ་སྒྲིབ་ལ་སྒྲོལ་ཕྱག་འཚལ་བསྟོད། །རྟེན་པ་རྟོགས་པ་བསྟན་ལ་མཁས། །རྟེན་འབྲེལ་ཚུལ་མི་ཟད་ ཤེས་ཞུགས། །ལྟ་དང་བག་ཉལ་ཀུན་སྦྱོར་སྤོངས། །ལས་དང་ཉོན་མོངས་ཞི་ལ་མཁས། །ཀུན་ལྡང་བྲལ་ལ་ཕྱག་འཚལ་ལོ། །བདེན་པ་རབ་རྟོགས་ཡེ་ཤེས་མཁས། །ཆོས་རྣམས་སྒྲ་བརྙན་ལྟ་བུར་མོས། །ཆོས་བསྟན་ཚད་མེད་འཇིགས་དང་བྲལ། །བདག་ཉིད་ཇི་ལྟར་ཁོང་ཆུད་མཁས། །ཞིང་ ཁམས་རྣམས་དགོངས་རྨི་ལམ་ཟིན། །གྲངས་མེད་སངས་རྒྱས་དྲན་ལ་བསྟོད། །སངས་རྒྱས་འབྱུང་བ་ཉེར་འགྲོ་མཁས། །སངས་རྒྱས་དཔག་མེད་གསོལ་བཏབ་མཁས། །སེམས་ལྟ་ཉོན་མོངས་ཞི་ལ་མཁས། །ཏིང་འཛིན་བརྒྱ་སྟོང་མངོན་པར་སྒྲུབ། །རྣམ་རྩེ་ཡེ་ཤེས་རྟོགས་ལ་ བསྟོད། །བཟང་སྐྱོང་རིན་ཆེན་འབྱུང་ལ་སོགས། །ཁྱེད་ཀྱི་ཡོན་ཏན་བསྐལ་པར་ནི། །མཐའ་ཡས་བརྗོད་ཀྱང་མི་ལང་སྟེ། །དེ་སོགས་སེམས་དཔའི་ཚོགས་ལ་བསྟོད། །དགྲ་བཅོམ་ཟག་ཟད་ཉོན་མོངས་མེད། །དབང་གྱུར་སེམས་ནི་རྣམ་པར་གྲོལ། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ། །ཅང་ ཤེས་གླང་ཆེན་བྱ་བ་བྱས། །བྱེད་པ་བྱས་ཤིང་ཁུར་བོར་བ། །རང་གི་དོན་ནི་རབ་ཐོབ་པ། །སྲིད་པ་ཀུན་སྦྱོར་ཡོངས་སུ་ཟད། །ཡང་དག་པ་ཡི་བཀའ་ཡིས་ནི། །སེམས་ནི་ཤིན་ཏུ་རྣམ་པར་གྲོལ། །སེམས་དབང་ཕ་རོལ་མཆོག་ཐོབ་པའི། །ཉན་ཐོས་དགེ་སློང་ཚོགས་ལ་བསྟོད། །དགེ་བསྙེན་ཕ་ དང་དགེ་བསྙེན་མ། །ཆོས་མཐོང་བ་ཡི་ཚོགས་ལ་བསྟོད།། ༄༅༅། །ཆོས་སྐུའི་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་ རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །སྟོང་པ་བཅོ་བརྒྱད་ཆོས་ཀྱི་སྡོང་པོ་ལ། །ཕ་རོལ་ཕྱིན་བཅུ་མཛེས་པའི་རྒྱན་གྱིས་བརྒྱན། །ཚད་མེད་བཞི་ཡི་ལོ་འདབ་རྒྱས་པ་ལ། །སྐྱེ་འགག་མེད་པའི་འབྲས་བུ་སོ་སོར་སྨིན། །ས་བཅུ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཞིང་ཁམས་ཐམས་ཅད་གསེར་ གྱི་ས་གཞི་ལ། །རིན་ཆེན་རྣམ་པ་མང་པོ་གཅལ་དུ་བཀྲམ། །མེ་ཏོག་པུཎྜ་རཱི་ཀ་ཆར་བཞིན་འབབ། །ཡུམ་གྱུར་དགེ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །གནས་མེད་ཇི་ལྟར་ནམ་མཁའ་བཞིན། །སྤྲོས་པ་མེད་ཅིང་སྣང་བ་མེད། །ཁྱོད་ཀྱི་ཐུགས་ནི་ནམ་མཁའ་འདྲ། །ནམ་མཁའ་མཐའ་དང་དབུས་མེད་ པ། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་དེ། །དུས་གསུམ་ལས་ནི་ཤིན་ཏུ་འདས། །དམིགས་མེད་ཆོས་སྐུ་ཕྱག་འཚལ་བསྟོད། །བླ་མ་བསུ་སྐྱེལ་ཆོས་སྙན་བསྟོད། །གཙུག་ལག་མཆོད་རྟེན་རྗེས་བསྒྲུབས་ཤིང་། །ཕུད་བྱས་ཕྱག་ཞབས་འཁོར་ལོས་མཚན། ། འཁོར་མངས་ཁྱོད་ལ་ཕྱག་འཚལ་བསྟོད། །ཡི་དམ་བརྟན་གཡས་ཞབས་གནས་ཏེ། །མི་གཡོ་བརྟན་ལ་ཕྱག་འཚལ་ལོ། །བསྡུ་བ་བཞི་ནི་གོམས་བྱས་པས། །ཕྱག་དང་ཞབས་གཉིས་དྲ་བས་འབྲེལ། །མྱུར་འདུའི་སྔ་ལྟས་ཕྱག་འཚལ་ལོ། །བཟའ་བཅའ་བཏུང་ཞིམ་བྱིན་རྟགས་སུ། ། ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས། །སྐུ་བདུན་ཤིན་ཏུ་མཐོ་བ་སྟེ། །བཏུང་ཞིང་ཉམས་བདེའི་སྔ་ལྟས་བསྟོད། །སྲོག་གཅོད་སྤངས་སོགས་ཡོན་ཏན་གྱིས། །རྟིང་ཡངས་སྐུ་ཆེ་དྲང་བ་སྟེ། །སྐུ་ཚེ་རིང་བ་ཁྱོད་ལ་བསྟོད། །དགེ་བའི་ཚོགས་སོགས་བླང་བྱས་པས། །ཞབས་གོང་ མཐོ་ཞིང་སྤུ་གྱེན་འཁྱིལ། །མི་མཉམ་ཆོས་ལྟས་ཕྱག་འཚལ་ལོ། །རིག་བཟོ་རིམ་གྲོ་གཞན་བྱིན་སོགས། །ཨེ་ནའི་བྱིན་པ་ལྟ་བུ་སྟེ། །མྱུར་འཛིན་སྔ་ལྟས་ཕྱག་འཚལ་ལོ། །བདོག་པ་ཐམས་ཅད་བཏང་བྱས་པས། །ཕྱག་ནི་བརླ་སྟེང་སླེབས་པ་སྟེ། །དུལ་བའི་སྔ་ལྟས་ཕྱག་འཚལ་ལོ། ། ཚངས་སྤྱོད་ལ་སོགས་ཡོན་ཏན་གྱིས། །གསང་གནས་སྦུབས་སུ་ནུབ་པ་སྟེ། །བུ་མང་སྔ་ལྟས་ཕྱག་འཚལ་ལོ། །སྟན་སོགས་གཞལ་མེད་ཁང་བྱིན་པས། །གསེར་གྱི་ཁ་དོག་མདོག་འཇམ་པ། །གནས་སོགས་བཟང་པོ་ཐོབ་ཕྱག་འཚལ། །སློབ་དཔོན་ལ་སོགས་རིམ་གྲོ་བྱས། །སྐུ་ རབས་གཡས་འཁྱིལ་མཛོད་སྤུས་བརྒྱན། །མཉམ་པའི་སྔ་ལྟས་ཕྱག་འཚལ་ལོ། །མི་སྙན་མི་སྨོད་ཡོན་ཏན་སོགས། །སེང་གེའི་རོ་སྟོད་སྤྱན་ཟླུམ་མཛེས། །ཐུབ་མེད་སྔ་ལྟས་ཕྱག་འཚལ་ལོ། །ནད་པ་རྣམས་ལ་སྨན་སོགས་བྱིན། །ཕྱག་སོར་རྒྱས་ཤིང་རོ་མཆོག་ལྡན། །ནད་ཉུང་སྔ་ལྟས་ ཅན་ལ་བསྟོད། །ཟམ་སྟེགས་ལ་སོགས་བྱས་པ་ཡིས། །ཆུ་ཞིང་གབ་ཅིང་སྤྱི་གཙུག་ལྡན། །མངའ་ཆེན་མངའ་ལ་ཕྱག་འཚལ་ལོ། །ཡུན་རིང་ཚིག་སྙན་ཉམས་བདེ་སྨྲས། །ལྗགས་ཡང་སྲབ་པ་ཚངས་པའི་དབྱངས། །ཡན་ལག་ལྔ་ལྡན་གསུང་མངའ་བསྟོད། །ཡུན་རིང་ཚིག་འཁྱལ་སྤངས་ པ་ཡི། །སེང་གེའི་འགྲམ་པ་ལྟ་བུ་སྟེ། །ཚིག་མཉམ་སྔ་ལྟས་ཕྱག་འཚལ་ལོ། །རིམ་གྲོ་མཉམ་མེད་འཚོ་དག་པས། །ཚེམས་མཉམ་ཤིན་ཏུ་དཀར་བ་སྟེ། །འཁོར་བ་སྔ་ནས་བསགས་ལྟས་ཅན། །བདེན་ཞིང་ཕྲ་མ་མེད་ཚིག་གིས། །ཚེམས་ཐགས་བཟང་ཞིང་བཞི་བཅུ་ཚང་། ། འཁོར་བ་དབྱེར་མི་ཕྱེད་ལ་བསྟོད། །མ་ཆགས་མི་ལྡན་བལྟ་བྱས་པས། །བ་རྫི་སྤྱན་གྱི་དཀར་ནག་དབྱེས། །ཀུན་ནས་མཛེས་པའི་སྔ་ལྟས་ཅན། །སུམ་ཅུ་རྩ་གཉིས་མཚན་ལྡན་བསྟོད། །འདུ་དབེན་སེན་མོ་ཟངས་མདོག་འདྲ། །སེམས་ཅན་ཕན་སེམས་སེན་མདོག་སྣུམ། །རིགས་ རྒྱུད་མཐོ་ཕྱིར་སེན་མོ་མཐོ། །སོར་ཟླུམ་ཁ་ན་མ་ཐོ་མེད། །དགེ་བའི་ཚོགས་རྫོགས་སེན་མོ་རྒྱས། །དགེ་བ་རྩ་གྲུབ་སོར་མོ་གཞོལ། །འཚོ་བས་དབེན་པ་རྩ་མི་མངོན། །ཉོན་མོངས་མདུད་གྲོལ་རྩ་མདུད་མེད། །ལོང་བུ་མི་མངོན་དབྱེན་ཆོས་མངའ། །མི་མཉམ་སྒྲོལ་བས་ཞལ་མཉམ་ཡིན། ། སེང་གེའི་སེང་གེའི་འགྲོས་བཞུད་བསྟོད། །གླང་པོ་གླང་པོའི་འགྲོས་བཞུད་བསྟོད། །ངང་པ་ངང་པའི་སྟབས་བཞུད་བསྟོད། །ཁྱུ་མཆོག་ཁྱུ་མཆོག་འགྲོས་བཞུད་བསྟོད། །མཐུན་པའི་ལམ་ལྔ་གཡས་ཕྱོགས་བཞུད། །ལྟ་མཛེས་མཛེས་པར་བཞུད་ལ་བསྟོད། །ཐུགས་གཡོ་མི་མངའ་མི་ གཡོ་བཞུད། །སྐུ་ལེགས་ཡོན་ཏན་སྟོན་པ་སྟེ། །སྐུ་སྦྱངས་སྡིག་པ་སྦྱངས་པ་ཡིན། །ཆོས་སྟོན་སྐུ་རིམ་གཞོལ་ལ་བསྟོད། །སྐུ་གསུང་ཐུགས་གཙང་སྐུ་འཇམ་པ། །རྣམ་དག་སྐུ་མངའ་སྐུ་རྣམ་དག །ཆོས་འདུལ་མཛེས་པས་ཡོ་བྱད་རྫོགས། །ཡོན་ཏན་ཡངས་བཟང་སྐུ་ཆེ་མཛེས། ། མཉམ་པའི་ཐུགས་མངའ་སྐུ་མཉམ་བསྟོད། །འཇམ་པའི་ཆོས་སྟོན་སྐུ་ནི་གཞོན། །མི་ཞུམ་ཐུགས་མངའ་སྐུ་ཞུམ་མེད། །མི་དགེ་སྤངས་པས་སྐུ་རྣམ་རྒྱལ། །འབྱུང་ཟད་སྐུ་མཁྲེགས་ཁྱོད་ལ་བསྟོད། །ཡན་ལག་རྣམ་མཛེས་གཟིགས་པ་དག །ང་རྒྱལ་དེའུ་བཅོམ་སོགས་ཀྱིས། །ཕྱལ་ ཟླུམ་ཕྱལ་ཕྱམ་ཁྱལ་མ་ཞོམ། །ཆོས་ཟད་ཡང་དག་བཟློག་པས་ནི། །ཕྱལ་ནི་ཕྱལ་ལེ་བཞུགས་ལ་བསྟོད། །ཆོས་ཟབ་ཐུགས་ཆུད་ཡོན་ཏན་རྫོགས། །ལྟེ་ཟབ་ལྟེ་བ་གཡས་ཕྱོགས་འཁྱིལ། །འཁོར་མཛེས་ལ་སོགས་ཡོན་ཏན་གྱིས། །མཛེས་གཙང་སྐུ་ལ་རྨེ་བ་མེད། །ཡང་ཞིང་བྱམས་པའི་ཡོན་ ཏན་སོགས། །ཕྱག་འཇམ་ཕྱག་རིས་ཟབ་ཅིང་སྣུམ། །བཟོ་དང་བསླབས་པའི་ཡོན་ཏན་སོགས། །ཕྱག་རིས་རིང་ཞིང་ཞལ་མི་རིང་། །གཟུགས་སྐྱེས་གཟུགས་བརྙན་སྣང་ལ་བསྟོད། །འཇམ་པ་སྔོན་བཏང་ཡོན་ཏན་རྫོགས། །ལྗགས་འཇམ་ལྗགས་སྲབ་ལྗགས་དམར་ པ། བསྙེངས་པ་མི་མངའ་ཡོན་ཏན་རྫོགས། །གླང་ཆེན་འབྲུག་སྒྲ་ཉམས་ཆེའི་གསུང་། །སྲིད་སྦྱོར་འདས་སོགས་ཡོན་ཏན་གྱིས། །ཚེམས་ཀྱི་མཆེ་བ་ཟླུམ་ཞིང་རྣོ། །ཚེམས་མཉམ་རིམ་གྱིས་གཞོལ་ལ་བསྟོད། །ཤེས་རབ་རི་ལ་བཞུགས་སོགས་ཀྱིས། །ཤངས་མཐོ་ཤངས་གཙང་ལྡན་ལ་ འདུད། །གཟིགས་པ་རྣམ་དག་ཡོན་ཏན་རྫོགས། །སྤྱན་རིང་སྤྱན་དང་རྫི་མ་སྟུག །སྨིན་འཇམ་སྨིན་རིང་དཀར་ནག་ཕྱེད། །སྨིན་སྣུམ་སྨིན་མཉམ་ཁྱོད་ལ་བསྟོད། །ཆོས་མཆོག་ཡངས་ཤིང་དོན་ལྡན་རྫོགས། །སྙན་རིང་སྙན་འཇམ་སྙན་མ་ཉམས། །ཕས་ཀྱི་རྒོལ་བའི་བདུད་སོགས་ཀྱིས། ། དཔྲལ་ཡངས་དཔྲལ་བ་ལེགས་པར་གྲུབ། །སྨོན་ལམ་ཤིན་ཏུ་རྫོགས་རྟགས་སུ། །དབུ་རྒྱས་དབུ་སྐྲ་བུང་བ་ལྟར། །གནག་པ་ཁྱེད་ལ་ཕྱག་འཚལ་བསྟོད། །ཐུགས་འཇམ་མི་གསུང་བརླང་གསུང་བྲལ། །བསྒོམ་སྤང་བག་ཉལ་སྤངས་སོགས་ཀྱིས། །དབུ་སྟུག་དབུ་འཇམ་དབུ་མི་སྟུག ། དྲི་ཞིམ་དབུ་མི་རྩུབ་ལ་བསྟོད། །ཕྱག་ཞབས་དཔལ་བེའུ་བཀྲ་ཤིས་འཁྱིལ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡིས། །བརྒྱན་པ་ཁྱོད་ལ་ཕྱག་འཚལ་བསྟོད། །སྦྱོར་བ་བཞིའི་ལྷ་ལ་བསྟོད་པ་ཞེས་བྱ་བ་པཎྜི་ཏ་ཆེན་པོ་རཏྣ་ཀཱིརྟིས་མཛད་པ་རྫོགས་སོ།། །།བལ་པོ་མ་ཧཱ་བ་ནའི་རང་འགྱུར།། །། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་པཎྜི་ཏ་ཀཱིརྟི་དྷྭ་ཛ་སྟོ་ཏྲཾ། བོད་སྐད་དུ། མཁས་པ་ཆེན་པོ་གྲགས་པ་རྒྱལ་མཚན་ལ་བསྟོད་པ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བློ་གྲོས་རྒྱ་མཚོར་ཚིག་གི་མེ་ཏོག་སྙན་ཚིག་ཟེའུ་འབྲུས་རྣམ་པར་སྤུད་པ་བསྟོད་དབྱངས་ཀྱི། །ཕྲེང་བ་སྤེལ་ལེགས་ དག་གིས་རབ་བརྒྱུས་དྲི་མེད་ཆུན་པོས་གང་གི་མགུལ་ལ་བརྒྱན་གྱུར་པའི། །བློ་གསལ་སྟོང་གིས་ཁྱེད་ཀྱི་རང་བཞིན་བསྔགས་པར་གྱུར་མོད་དེ་ལྟ་ན་ཡང་བདག་རྨོངས་པ། །དད་པའི་སྟོབས་ཀྱིས་ཇི་ལྟར་ནུས་བཞིན་ཅུང་ཟད་བསྟོད་ལ་མཁས་པ་རྣམས་ཀྱིས་བཟོད་པར་གསོལ། །སྒྱུ་མའི་ཕྲེང་བའི་ལས་ ཀྱི་ཚུལ་གྱིས་རྨོངས་གང་སྲིད་པའི་ཆུ་གཏེར་དུ། །བསོད་ནམས་གྲུ་ཆག་བློ་གྲོས་ལུས་བྱིང་བཤེས་གཉེན་དམ་པས་དོར་བ་ཡི། །ལུས་ཅན་རྣམས་ལ་བྱང་ཆུབ་ཡན་ལག་དྲུག་ཕྲག་གསུམ་གྱི་གཞུང་ལུགས་ཀྱི། །རླུང་དྲག་གཙུབས་པའི་དབའ་རླབས་འཐོར་བས་དམ་པའི་གོ་འཕང་ཕ་རོལ་ སོན། །གྲུབ་པ་དྲི་མེད་དགེ་སློང་དགེ་འདུན་རིག་པ་འཛིན་པའི་སྡོམ་བརྩོན་དང་། །བརྟུལ་ཞུགས་གྲུབ་ལ་བློ་གྲོས་གསལ་ལྡན་རྟོག་གེའི་དབང་པོའི་ཚོགས་རྣམས་ཀྱིས། །ཁྱེད་ཀྱི་ཞབས་རྡུལ་རྙོག་པ་མེད་ལ་རྣམ་པ་ཀུན་ཏུ་གཏུགས་སླད་དུ། །གངས་ཅན་འདི་ན་འགྲན་ཟླས་དབེན་པར་མངོན་དུ་གྱུར་ བཞིན་ཁོ་བོས་འཚལ། །དམ་པ་ཁྱོད་ཀྱི་ལེགས་བཤད་བསོད་ནམས་སྤྲིན། །དགེ་བའི་ལོ་ཏོག་འཕེལ་བའི་ཆར་རྒྱུན་ཅན། །སྙན་པའི་འབྲུག་སྒྲ་ཟབ་མོ་སྟོང་སྒྲོགས་པས། །སྐལ་ལྡན་བློ་གྲོས་གཉིད་ལོག་རྣམ་པར་བསྐུལ། །ཁྱོད་ཀྱིས་ཆོས་སྒྲུབ་གཞུང་མང་འཆད་པ་དང་། །ལེགས་ བཤད་རྩོམ་དང་ཁ་དོན་རྒྱ་ཆེན་དང་། །ཏིང་འཛིན་དྲི་མེད་འཁོར་ལོ་མཆོད་པའི་ཚུལ། །རྣམ་དག་ལྟ་བ་སྤྱོད་ལམ་དག་པ་དང་། །གསང་སྔགས་རྒྱ་མཚོའི་ཚུལ་ལ་ཉེར་བསྟེན་པ། །ཁྱོད་ཀྱི་ཀུན་སྤྱོད་དེ་དག་ཐམས་ཅད་ལ། །རྒོལ་བ་གཞན་གྱིས་ཀུན་ནས་མི་རྫི་བས། །གསང་སྔགས་འཛིན་ པ་གཞན་ལ་སྔོན་མ་མཐོང་། །རྣམ་པ་སྣ་ཚོགས་རིན་ཆེན་རང་བཞིན་དཀོན་མཆོག་གཞལ་མེད་དཔལ་ལྡན་གཙུག་ལག་ཁང་ཆེན་དང་། །དགའ་སྟོན་དམ་པ་ས་གསུམ་ལ་གྲགས་ཆགས་བྲལ་ཁྱོད་ནི་དཔལ་དང་འབྱོར་བས་རབ་དགེ་ཞིང་། །ཐུབ་པའི་སྐུ་གཟུགས་གསུང་རབ་དག་པ་རིན་ཆེན་ ལས་བསྒྲུབས་ཀུན་ནས་མཛད་པ་རྒྱ་ཆེ་བ། །ཁྱོད་མཚུངས་མ་མཆིས་དེ་སླད་བདག་བློ་སྤྲོ་བའི་ཆུ་ཀླུང་དབྱར་གྱི་མཚོ་བཞིན་རྣམ་པར་འཕེལ། །བསོད་ནམས་དྲི་མེད་ཟླ་ཟེར་ཟིལ་གནོན་བྱམས་པའི་འོད་ཟེར་རབ་འཕྲོས་པས། །ནམ་མཁའི་ཟླ་བ་རྙོག་ཅན་དེས་ནི་ཁྱོད་ཀྱི་དཔལ་རབ་མ་བཟོད་དེ། ། གཟུགས་བརྙན་ཚུལ་གྱིས་རྒྱ་མཚོའི་ཀློང་དུ་འཇུག་པ་འདོད་པ་ཉིད་སྙམ་དུ། །བདག་གི་བློ་གྲོས་དེ་ལྟར་སེམས་པས་མཆོག་ཏུ་ངོ་མཚར་སྐྱེས་པར་གྱུར། །གདུང་རྒྱུད་དྲི་མེད་ཡོན་ཏན་རྒྱ་ཆེ་ནི། །བློ་གྲོས་མཚུངས་མེད་མཁས་པས་ཉེར་བསྟེན་ཞིང་། །གཞན་ལ་ཕན་དགོངས་ཕོངས་པའི་བསྟི་གནས་ ས། །མཛད་པ་རྒྱ་ཆེན་ཉེ་བར་ཞི་བ་ཅན། །ཁྱོད་མཚུངས་མ་མཆིས་དེ་སླད་དཔེ་བྲལ་བ། །ཁྱེད་ལ་རྣམ་ཀུན་བསྟོད་པར་ནུས་མ་ལགས། །འོན་ཀྱང་ཅུང་ཟད་བསྟོད་པའི་སྤྲོ་བ་དང་། །དགེ་སློང་མཁས་པ་བྱང་ཆུབ་འོད་ཟེར་གྱིས། །རྗེས་སུ་གནང་བ་ཐོབ་ནས་གང་སྣང་ བ། །དེ་བཞིན་འདི་ནི་བདག་གིས་གསལ་བར་སྦྱར། །མཆོག་ཏུ་རྨད་བྱུང་གྲགས་པ་རྒྱལ་མཚན་ལ། །མཁས་པ་བདེ་བར་གཤེགས་པའི་དཔལ་བདག་གིས། །ལེགས་པར་བསྟོད་ལ་བསོད་ནམས་གང་ཡོད་པ། །དེས་ནི་འགྲོ་ཀུན་བླ་མ་ལ་གུས་ཤོག །བདག་ཉིད་ཆེན་པོ་གྲགས་པ་རྒྱལ་མཚན་ ལ་བསྟོད་པ་རྒྱ་གར་གྱི་མཁན་པོ་སུ་ག་ཏ་ཤྲཱིས་སྦྱར་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པ་ར་མ་ན་གུ་རུ་དྷརྨཱ་རཱ་ཛ་སྟོ་ཏྲ་ནཱ་མ། བོད་ སྐད་དུ། བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རབ་རྒྱས་རྟ་ཡི་དཔུང་གི་དབའ་རླབས་ཕྲེང་བ་མཐོ་ཞིང་ཞགས་པ་རལ་གྲི་མདུང་རྣོན་གྱིས། །ཆུ་ལ་རྒྱུ་བ་རབ་མང་འཇིགས་རུང་རྔ་ཆེན་སྒྲ་ལྡན་ཧོར་ཞེས་བྱ་བ་དུས་མཐའ་ཡི། །ཆུ་གཏེར་འདི་ནི་ མཐའ་དག་མཁས་པའི་བླ་མ་གང་གི་ཟུར་མིག་རོལ་པས་འཇིག་རྟེན་རྣམས། །ཞི་སླད་རབ་མཆོག་རྒྱལ་བའི་ཚུལ་ལ་ཞི་མཛད་ཆོས་ཀྱི་རྒྱལ་པོ་དེ་ནི་རྒྱལ་གྱུར་ཅིག །ནུབ་ཕྱོགས་བོད་ཀྱི་རི་ལ་ཤིན་ཏུ་དྲི་མེད་འཆར་བ་ཐོབ་ཅིང་ཤར་ཕྱོགས་དག་གི་ཡུལ། །རིམ་པས་མནན་པ་གང་གི་རྨོངས་པ་ལས་ སྐྱེས་ཤིན་ཏུ་རབ་རྒྱས་མུན་པ་བཅོམ་བྱས་ནས། །སེམས་ཅན་བྱང་ཆུབ་གྲོང་ཁྱེར་ཕྱིན་སླད་ཆོས་གསུང་འོད་ཟེར་དྲ་བས་རབ་མཚུངས་སངས་རྒྱས་ལ། །རབ་ཏུ་གསལ་མཛད་ཆོས་ཀྱི་རྒྱལ་པོ་མཆོག་གི་འོད་ཟེར་ཕྲེང་ལྡན་དེ་ནི་རྒྱལ་གྱུར་ཅིག །གཉིས་ལྡན་མཐའ་དག་སྐྱེ་བོ་རྣམས་ལ་ཕན་པ་བགྱིད་ སླད་རྒྱུན་དུ་རབ་མཆོག་རྒྱལ་བ་ཡི། །ཁྱུ་མཆོག་སེམས་ཅན་དག་ལ་བརྟེན་གང་རྫོགས་ལྡན་ལ་ནི་རྐང་པ་བཞི་དང་གསུམ་གང་ལ། །རྐང་པས་མནན་དང་གཉིས་ལྡན་དག་ལ་རྐང་ཟུང་གིས་རྒྱུ་རྩོད་ལ་རྐང་གཅིག་ལྷག་མ་ཅན། །གང་གིས་ས་ལ་རྫོགས་ལྡན་བཞིན་དུ་རྒྱུ་མཛད་ཆོས་ཀྱི་རྒྱལ་པོ་དེ་ནི་ རྒྱལ་གྱུར་ཅིག །གང་ཞིག་འཇིག་རྟེན་དག་ན་ས་གཞི་འབྱུང་པོ་འཛིན་བྱེད་ཉི་མ་དག་ཀྱང་འཇིག་རྟེན་ནི། །སྣང་བ་དག་ནང་ལྡན་པར་བྱེད་ཅིང་སྤྲིན་རྣམས་ཆར་པ་འབེབས་བྱེད་རླུང་ཡང་གཡོ། །ཟླ་བ་བདུད་རྩིའི་རྒྱུན་ནི་རྣམ་པར་སྤྲོ་བྱེད་ནམ་མཁའི་གོ་སྐབས་སྦྱིན་ལ་རབ་ཏུ་དཔའ། །དེ་བཞིན་ཆོས་ཀྱི་ རྒྱལ་པོས་ཟོལ་མེད་སྙིང་རྗེ་སེམས་ཅན་ཀུན་ལ་རབ་ཏུ་འཇུག་པར་བྱེད། །བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ། རྒྱ་གར་གྱི་པཎྜི་ཏ་སྙན་ངག་མཁན་ཆེན་པོ་ལཀྵྨཱི་ཀ་རས་སྦྱར་བའོ། །པཎྜི་དེ་ཉིད་དང་། ལོ་ཙཱ་བ་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། སི་ཧ་ནཱ་ད་ལོ་ཀེ་ཤྭ་ར་བྷཊྚཱ་ར་ཀ་སྱ་སྟུ་ཏི། བོད་སྐད་དུ། རྗེ་བཙུན་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་བསྟོད་པ། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྲིད་པའི་གནས་ནི་གྲངས་བྲལ་བགྲང་འདོད་འདིར་ཁྱོད་ལ། །འོད་ལྡན་སྙན་ངག་ མཁན་པོ་ཆེས་ཆེར་དགའ་བའི་གཏམ། །ཡོན་ཏན་ཚོགས་བརྗོད་དེ་ལྟར་བདག་ནི་བློ་ངན་ཡང་། །འགྲོ་བ་གཉིས་སུ་མངོན་བསྟོད་སར་པའི་ཚིག་དག་འགོད། །རྒྱ་ཆེན་སྲིད་པའི་ཕ་རོལ་བྱང་ཆུབ་སྟོན་མཛད་པ། །དུས་རིང་ཐང་གཅིག་བཞིན་དུ་བྱས་ཏེ་བརྩེ་བས་སྐུ་བཟུང་ནས། །སེམས་ཅན་ གནས་པ་མ་ལུས་ཀུན་མཁྱེན་དེ་ཉིད་ལ་འགོད་མཛད། །འགྲོ་བའི་མགོན་པོ་བརྩེ་ལྡན་སེང་གེའི་སྒྲ་དེ་རྒྱལ་གྱུར་ཅིག །གང་ཚེ་རི་བོང་མཚན་མ་མཁའ་ལ་འོད་དང་འགྲོ་བ་མཚོན། །གང་གང་ཆོས་མཁས་སྒྲུབ་བྱེད་བི་ཤྭ་ཀརྨ་བཞིན། །མ་ལུས་དཀར་བའི་སྙིང་པོ་ཉམས་དགའི་དངོས་མཛད་པ། །དེ་ ཡང་སེང་གེའི་སྒྲ་སྟེ་འོད་ཟེར་འཕྲོ་ཞིང་རྒྱལ་གྱུར་ཅིག །དབུ་ལ་རིན་ཆེན་འབར་བ་འབད་པས་གནས་པར་མཛད་པས་ཅི། །ལེགས་བྱས་རང་བཞིན་སྒྲོན་མེ་འདི་ནི་ཉེར་འཛིན་མཛད་པ་ལགས། །དེ་ལྟར་གང་ཞིག་ལག་འགྲོ་ལྟ་བུའི་ཐེ་ཙོམ་བདུད་ནི་འཇོམས། །ཕ་རོལ་རྒོལ་ལས་རྣམ་རྒྱལ་སེང་ གེའི་སྒྲ་དེས་ཁྱེད་ལ་སྲུངས། །འགྲོ་བ་གསུམ་གྱི་ས་ལ་མཁས་ཤིང་བདུད་ཀྱི་ཕྱོགས་ནི་འཇོམས། །ལག་འགྲོའི་བདག་པོར་གནས་པའི་ནད་ནི་འཇོམས་ཤིང་བཞུགས། །གང་གི་རྩེ་གསུམ་དམྱལ་བར་འགྲོ་བའི་རྩ་བ་འཇོམས་པ་སྟེ། །མཆོག་ལྡན་རེ་ཎུའི་སྲས་པོ་སེང་གེ་སྒྲ་ལ་ཕྱག་ འཚལ་ལོ། །ཕུལ་བྱུང་དཀར་བའི་རབ་ལྟ་བུ་ཡི་ཤེལ་གྱི་བགྲང་ཕྲེང་ཡང་། །དགེ་བ་མཛད་པའི་ཕྱག་ཏུ་ཐོགས་པས་གཤིན་རྗེ་ཡང་དག་གནོན། །རབ་ཏུ་མཛེས་པ་ནོར་བུའི་རོལ་པ་བརྩེ་དང་ཚུལ་ཁྲིམས་ལྡན། །དགེས་པའི་སྤྱན་ལྡན་སེང་གེའི་སྒྲ་དེས་ཁྱེད་ལ་སྲུང་ གྱུར་ཅིག །སྙིང་ལ་འབབ་པའི་གང་གི་རལ་པ་མཛེས་པའི་ཟེར་འདི་ནི། །འབར་ཞིང་གཡོ་བ་ས་འཛིན་ལག་འགྲོ་ལྷག་མ་ལ་ནི་ཉལ། །འོད་གསལ་མཁར་རོལ་འོ་མའི་རྒྱ་མཚོར་ཨིནྡྲ་ནཱི་ལ་བཞིན། །སེང་གེའི་སྒྲ་དེས་ཁྱེད་ལ་ཤིས་པ་མཐའ་དག་སྟོན་གྱུར་ཅིག །འགྲོ་བ་རྣམ་པར་ཕོངས་པའི་ ཐབས་སུ་གྱུར་པའི་རྐྱེན་གང་ཡིན། །བདུད་བཅུ་པོ་རྣམས་རལ་གྲིའི་སོ་ཡིས་ཞི་མཛད་པ། །སྲིད་པ་གསུམ་གྱིས་ཞབས་ལ་བཏུད་པ་སེང་གེའི་སྒྲ་དེ་ཡིས། །དེ་ནི་འགྲོ་བའི་ནད་དང་ཉེར་འཚེ་འཇོམས་ཤིང་སེལ་གྱུར་ཅིག །རི་དགས་བདག་པོ་ཡང་ནི་དཔལ་ལྡན་ལྷ་རིགས་སྐྱབས་འོས་ཏེ། །བདེ་ གཤེགས་ཐེག་པ་རིག་མངོན་པ་ཡི་ང་རྒྱལ་ཀུན་ལས་གྲོལ། །བདེ་གཤེགས་ཕྲིན་ལས་རྣམ་རྒྱས་གང་གི་སྐུ་ལ་འཛིན་མཛད་པ། །སེང་གེའི་སྒྲ་དེས་ཁྱེད་ཀྱི་མངོན་པར་འདོད་དོན་སྒྲུབ་གྱུར་ཅིག །དེ་ལྟར་བདག་གིས་ཁྱོད་ཀྱི་ཡོན་ཏན་ཚོགས་ནི་ཡོངས་སུ་བརྗོད་པ་ལས། །ཞི་བའི་རང་བཞིན་དགེ་ བའི་འབྲས་བུ་བསགས་པའི་ཚོགས་རྣམས་ཀྱིས། །མ་ལུས་འགྲོ་བ་འདི་དག་དགའ་བའི་བདག་པོའི་ལག་ཏུ་མ་ལྷུང་ཞིང་། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཀུན་ནས་རབ་ཏུ་འཇུག་གྱུར་ཅིག །མགོན་པོ་འདི་ཡི་གཟུགས་ཀྱི་རང་བཞིན་སྐུ་ནི་ཀུན་ནས་ཐོབ་གྱུར་ཏེ། །མ་ལུས་འགྲོ་བ་ཇི་སྙེད་འདི་ནི་ རྣམ་པར་འདྲེན་པ་ཉིད་གྱུར་ཅིག །ཀུན་ནས་གཙང་མར་བྱས་པ་སྐྱེ་བོའི་བཞིན་གྱི་མེ་ལོང་འདི། །དཔལ་ཐོབ་ལྡན་པ་སྙན་ངག་མཁན་གྱི་བདག་པོ་གཉིས་སྐྱེས་སྲུང་བས་བྱས། རྗེ་བཙུན་འཇིག་རྟེན་དབང་ཕྱུག་སེང་གེའི་སྒྲ་ལ་བསྟོད་པ་རྫོགས་སོ།། །།དཔལ་ལྡན་བླ་མ་དམ་པ་རྒྱལ་ བ་སྤྱན་སྔ་རིན་པོ་ཆེའི་བཀའ་བཞིན་ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨྨ་པཱ་ལ་བྷ་དྲས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ལོ་ཀེ་ཤྭ་ར་རཏྣ་མཱ་ལ་སྟ་བོ་ནཱ་མ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། འཇིག་རྟེན་མགོན་ པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་དྲི་མེད་ཐུགས་ནི་སྙིང་དང་སྙིང་རྗེས་བརླན། །ལམ་མཁྱེན་ཉིད་དང་ཐམས་ཅད་མཁྱེན་ཉིད་ལ་སོགས་དོན་དང་ཚིག།།གསལ་བར་འདོམས་ཤིང་ཡོངས་སུ་རྫོགས་དང་རྣམ་པར་དག་པའི་སྐུ། །ཡེ་ཤེས་ལྷག་པའི་བདག་པོས་རོལ་པར་མགོ་བོས་ཕྱག་ བགྱིའོ། །གདུལ་བྱའི་དབྱེ་བའི་དབང་ལས་གཅིག་ཀྱང་དུ་མར་སྣང་བ་ནི། །ཆུ་སྣོད་རྣམས་སུ་གནས་པའི་རི་བོང་ཅན་དང་མཚུངས་གང་ལས། །ཁྱོད་ནི་གསལ་བར་གཞན་ལ་ཕན་པའི་རྗེས་སུ་སོང་དེའི་ཕྱིར། །ཨེ་མའོ་རྫུ་འཕྲུལ་མཆོག་ཏུ་རྨད་བྱུང་སྐུ་ནི་རིགས་པ་ལགས། །སྐྱེ་བོ་མུ་སྟེགས་ པ་རྣམས་རབ་ཏུ་སད་ཅིང་གདུལ་དོན་དུ། །ཡོངས་རྫོགས་ཟླ་བའི་ཞལ་ནི་རྣམ་པར་སྒེག་པའི་དཔྲལ་བ་ཡི། །གནས་ལས་ལྷ་སྦས་དབང་ཕྱུག་ཆེན་པོ་ངེས་ཕྱུང་བས། །ལྷ་ཡི་ཤིན་ཏུ་ལྷ་དང་ཆེན་པོའི་མི་ཡི་དབང་ཕྱུག་ཁྱོད། །ལེགས་རྒྱས་ཆེན་པོའི་མཚན་མངའ་ཁྱོད་ཀྱི་ཕྲག་པ་ལས། ། ཕྱི་རོལ་དག་ཏུ་ཕྱུང་བ་མེས་པོ་ལྷ་ཡི་བུ་ཉིད་ནི། །པདྨའི་སྐྱེ་བ་པ་རྣམས་གདུལ་ཞིང་རབ་ཏུ་སད་ཕྱིར་ཏེ། །འཇིག་རྟེན་དབང་ཕྱུག་དབང་ཕྱུག་གཙོ་ལ་མགོ་བོས་ཕྱག་བགྱིའོ། །ཁྱབ་འཇུག་པ་ཡི་སྐྱེ་བོ་གདུལ་ཞིང་རྟོགས་པར་བྱ་བའི་ཕྱིར། །སྲིད་སྒྲུབ་དག་ཀྱང་ཕྱག་ན་པདྨ་འཛིན་པའི་ཐུགས་ཀ་ལས། ། ངེས་པར་ཕྱུང་འདི་སྲིད་པའི་དབང་ཕྱུག་ཉིད་དེ་དེའི་སླད་དུ། །མཆོག་གི་སྐྱེས་བུ་ཁྱོད་ཉིད་ལགས་ཏེ་མཆོག་གཞན་ཡོད་མ་ཡིན། །ཉི་ཟླར་གུས་བཅས་སྟོབས་ཀྱིས་བསྙེན་བཀུར་རིམ་གྲོ་བརྩམས་རྣམས་ལ། །ཡང་དག་བསྟན་ཕྱིར་མཐོན་མཐིང་མཛེས་པའི་སྤྱན་ནི་གང་དག་ལས། །རི་བོང་ཅན་དང་ ཉི་མ་ངེས་ཕྱུང་ས་ལ་མིག་རྣམས་ཀྱི། །ནང་གི་མུན་ནག་འཇོམས་པ་དེ་ལ་བདག་ནི་ཕྱག་འཚལ་ལོ། །འདི་ན་དཔལ་མོར་རིམ་གྲོ་བསྙེན་བཀུར་སྦྱོར་བ་པོ་རྣམས་ནི། །གདུལ་དང་ངེས་པར་སད་ཕྱིར་བཅོམ་ལྡན་དབྱངས་ཅན་མ་འདི་དག །རྒྱལ་བའི་སྲས་པོ་ཁྱོད་ཀྱི་མཆེ་བའི་རྩེ་ལས་རབ་ཕྱུང་བས། ། མངོན་འདོད་ཤེས་རབ་འབྲས་བུ་སྟེར་བ་དེ་ལ་བདག་ཕྱག་འཚལ། །རླུང་གི་སྐྱེ་བ་བ་རྣམས་གདུལ་དང་མི་ཟད་ལམ་གྲུབ་ཕྱིར། །དེ་ནས་འཇིག་རྟེན་མགོན་པོའི་ཞལ་གང་ཞིག་ལས་ངེས་ཕྱུང་འདི། །རླུང་ལྷ་མཆོག་གི་བླ་མ་ས་ལ་སྐྱེ་བ་པ་རྣམས་ཀྱི། །སྤྱོད་ལམ་རྣམ་བཞིའི་འབྲས་བུ་སྟེར་བ་དེ་ལ་ བདག་ཕྱག་འཚལ། །ཆུ་ལྷ་པ་རྣམས་གདུལ་དང་ཞི་བའི་ལམ་འདོད་ལྡན་རྣམས་ཀྱི། །ཡང་དག་ཁོང་དུ་ཆུད་ཕྱིར་བདེ་གཤེགས་སྲས་པོའི་ལྟོ་བ་ལས། །ཡང་དག་ཕྱུང་བ་ཆུ་ལྷའི་གཙོ་བོ་ཡང་སྟེ་མྱུར་བ་རུ། །འདོད་དགུའི་དབང་ཕྱུག་ཉིད་ཀྱི་འབྲས་བུ་སྟེར་ལ་བདག་ ཕྱག་འཚལ། །མཐུན་པའི་འབྲས་བུ་ལ་སོགས་མངོན་པར་འདོད་རྣམས་ངེས་གདུལ་ཞིང་། །ཡང་དག་གྲུབ་ཕྱིར་རབ་མཆོག་མཚན་ལྡན་ཞབས་ཀྱི་པདྨ་ལས། །གང་ཞིག་ངེས་པར་ཕྱུང་བ་བཅོམ་ལྡན་ནོར་འཛིན་མར་གྲགས་པ། །འཇིག་རྟེན་གསུམ་གྱི་མགོན་པོ་མཉམ་མེད་དེ་ལ་བདག་ཕྱག་ འཚལ། །ཁྱོད་ནི་སྲིད་ལས་གྲོལ་ཀྱང་དེ་ལ་ཡང་དག་གནས་པ་ནི། །སེམས་ཅན་ཚོགས་ལ་སྙིང་བརྩེ་ཉིད་ལས་སྲིད་པའི་སྤྱོད་ཚུལ་གྱིས། །སྲིད་མཐའི་བར་དུ་བརྟན་པ་བདག་ནི་རྟག་གནས་གྱུར་སྙམ་དུ། །དམ་པའི་བསམ་པ་ཆེན་པོའི་མཆོག་གྱུར་ཁྱོད་ལ་ཕྱག་བགྱིའོ། །ནམ་མཁའི་བར་དུ་ སྣང་བའི་འཇིག་རྟེན་ཁམས་རྣམས་ཁྱོད་ཉིད་ཀྱིས། །རང་གི་ཞབས་གཅིག་མཐིལ་གྱིས་ཀྱང་ནི་རྣམ་པར་གནོན་པ་སྟེ། །བསྐལ་པའི་མཐའ་རུ་སྲིད་པ་སྲེད་པར་འབར་བ་དྲག་པོའི་མེ། །ཁྱོད་ཀྱི་དབུགས་ཀྱི་རླུང་གི་སྟོབས་ཀྱིས་ངེས་པར་བཅིལ་བར་གྱུར། །རང་གི་མཛུབ་མོ་གྱེན་དུ་གཏོད་དེ་འཛིན་ པའི་སྡིགས་མཛུབ་ཀྱིས། །ལྷུན་པོའི་ཚིགས་རྣམས་དུ་མ་གཡོ་བར་གྱུར་ཅིང་སེན་མོ་ཡི། །སྦུབས་ཀྱིས་གྱེན་དུ་འཛིན་པས་རྒྱ་མཚོའི་ཆུ་ཡང་ལུས་མ་གྱུར། །ཨེ་མའོ་འདི་ལྟའི་ནུས་པ་ཁྱོད་ལས་གཞན་དུ་ཅི་ཞིག་མཐོང་། །མཆོག་ཏུ་གཉེན་གཤིན་ཟླ་བ་གཞོན་ནུའི་མཛེས་པ་ཡང་དག་པར། ། སྟོན་པའི་སྐུ་མཆོག་འདི་ཡང་ལང་ཚོ་མ་ཡི་ཡིན་ནམ་ཅི། །འཇིགས་བྱེད་དྲག་པོ་གནོན་ལས་མི་ལྡོངས་ཅི་ཡང་དུབ་པ་དང་། །གདུལ་དཀའ་བ་ཡི་བདུད་འཇོམས་པ་ནི་ཁྱོད་ཀྱི་སྤྱོད་ཚུལ་ལགས། །ཀྱེ་ལགས་འདི་ལྟར་ཆེན་པོའི་སྐྱེ་བོའི་རིལ་ཕྲེང་དང་མཚུངས་པར། །རང་གི་དབུ་སྐྱེས་མཆོག་ ཏུ་མཛེས་པའི་ལན་བུ་འཁྱོག་པོ་དེ། །དེ་ཉིད་མེ་ཡིས་ཉོན་མོངས་བུད་ཤིང་སྤར་བར་བྱས་པ་ཡི། །དུ་བའི་ཕྲེང་བ་ལྟ་བུ་དྲི་མེད་ཁྱོད་ལ་སྣང་བར་གྱུར། །ཟླ་ཟེར་ཅུང་ཟད་འཕྲོས་པ་ཡིས་ནི་ཅུང་ཟད་ཁྱབ་ཁྱོད་ཀྱིས། །ནག་པོའི་ཕྱོགས་ཟད་ཆུང་ངུའི་ཆ་བཅས་འོད་ཀྱི་མཛེས་པ་ནི། །སྲིད་པ་ རྣམས་སུ་འདོད་པ་གང་གྱུར་རི་བོང་ཅན་གང་དེ། །ཁྱོད་ཟེར་ཅུང་ཟད་ལས་ནི་མ་ལུས་བསམ་པ་རྣམ་པར་མཛེས། །མཐུན་པར་འགྲོས་པའི་ངན་པའི་ལམ་ཅན་ལུགས་འཇོམས་ཤིང་། །མི་དང་མི་མིན་བསམ་པ་སྟོན་ལ་ལམ་དང་ལམ། །ཡང་དག་ཐོབ་བྱེད་གཞན་དོན་སྤྱོད་ཚུལ་མཆོག་གིས་ན། ། མཛེས་ལྡན་རྒྱལ་བ་ས་ཡི་དབང་ཕྱུག་ལ་ཕྱག་བགྱིའོ། །ཁྱོད་ནི་སྲིད་དང་མྱ་ངན་འདས་ལ་མི་གནས་ཀྱང་། །འོད་གསལ་རང་བྱིན་བརླབ་སྦྱོར་ལ་ཞུགས་ཕན་པ་ནི། །མ་ལུས་སྐྱེ་བོའི་མི་དགེ་ཞི་མཛད་དགེ་བ་ཡི། །མཛེས་པའི་ས་ཡི་དབང་ཕྱུག་རྒྱལ་ལ་ཕྱག་བགྱིའོ། །རིགས་ཀྱི་འོད་ཟེར་ དཔག་མེད་ཕྲེང་བས་ཡང་དག་དཀྲིགས། །རང་གི་ཕྱག་གི་ཆུ་སྐྱེས་འཛིན་པ་ལས་སྐྱེས་བ་དེ། །དགའ་བ་རྗེས་མཐུན་ཐོབ་པ་ཡང་དག་དགའ་བདེ་ཡིས། །མཛེས་ལྡན་རྒྱལ་བ་ས་ཡི་དབང་ཕྱུག་ལ་ཕྱག་འཚལ། །ཆོས་ཀྱི་དབྱིངས་ལས་ཀུན་མཆོག་སྙིང་རྗེ་རང་ཉིད་གཙོ། །གང་ཞིག་དགེ་བ་ལ་ སོགས་ཚོགས་རྣམས་ཡང་དག་རྫོགས། །རྣམ་པར་རྟོག་སྤངས་མཐུ་ལས་སྒྲ་ཡི་སྟོན་པ་པོ། །མཛེས་ལྡན་རྒྱལ་བ་ས་ཡི་དབང་ཕྱུག་ལ་ཕྱག་བགྱིའོ། །དེ་བཞིན་ཉིད་དང་ཉིད་མིན་གཉིས་མེད་བདེ་བ་བརྒྱས། །ཡོངས་སུ་གང་བར་མཛད་པ་བརྒྱ་ཕྲག་ཆོས་ཀྱི་གཏམ། །ཤིན་ཏུ་བདེན་ཞིང་ རིགས་པར་གསུང་བས་རྣམ་མཛེས་པ། །འཛིན་མའི་དབང་ཕྱུག་རྒྱལ་པོ་མཆོག་ལ་ཕྱག་བགྱིའོ། །མཆོག་དེའི་རང་གི་སྐུ་ནི་འགྲོ་ལ་རབ་འཕྲོ་བ། །མཚོ་སྐྱེས་སྤྱན་གྱིས་ཤིན་ཏུ་མཛེས་པར་གྱུར་པ་ཡི། །མ་ལུས་སེམས་ཅན་རྣམས་ཀྱི་མྱུར་བའི་ཐར་མཆོག་གི །རྒྱལ་པོ་འཛིན་མའི་དབང་ཕྱུག་དམ་ པར་བདག་ཕྱག་འཚལ། །མཆོག་ཏུ་སྤྲུལ་དང་ལོངས་སྤྱོད་རྫོགས་པ་གཞན་དོན་དགྱེས། །སྟོང་ཉིད་གོས་མེད་ཆོས་འཛིན་པ་ལ་དགྱེས་པ་ཅན། །རྣམ་བྱང་ཆུབ་ལས་དངོས་གྲུབ་དམ་པ་འཛིན་དབང་པོ། །འཛིན་མའི་དབང་ཕྱུག་རྒྱལ་པོ་མཆོག་ལ་བདག་ཕྱག་འཚལ། །མཆོག་ཏུ་ལྷན་སྐྱེས་ དམ་པའི་རྒྱ་མཚོར་ཟླ་ཞལ་གྱི། །སྒོ་ལས་ཐམས་ཅད་གསུང་བ་མ་ལུས་ངག་ཚིག་ནི། །མྱ་ངན་འདས་པའི་མཚན་ཉིད་རྗེས་མཐུན་རྒྱན་གྱི་ཕུལ། །དབང་ཕྱུག་འཛིན་མའི་རྒྱལ་པོ་དམ་པར་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་བསྟོད་པ་རིན་པོ་ཆེ་ཡི་ཕྲེང་བ་ནི། །དཔལ་ལྡན་ནགས་ཀྱི་རིན་ ཆེན་ཞབས་ཀྱིས་བགྱིས་པ་ལས། །དེ་ཡིས་གཙང་མའི་དགེ་བ་གང་ཞིག་ཐོབ་གྱུར་པ། །དེ་ཉིད་ཀྱིས་ནི་འཇིག་རྟེན་ཀུན་དུ་བཟང་པོར་གྱུར། །བསྟོད་པ་རིན་པོ་ཆེའི་ཕྲེང་བ་འདི་ནི་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་པོ་ཆེའི་ཞལ་སྔ་ ནས་མཛད་པའོ། །མཁས་པ་ཆེན་པོ་དེ་ཉིད་ཀྱི་སྤྱན་སྔར་དགེ་སློང་རྒྱ་མཚོའི་སྡེ་ཞེས་བྱ་བས་བལ་ཡུལ་ཡེ་རང་གི་གྲོང་ཁྱེར་ཆེན་པོའི་འདབ་དཔལ་གོ་བི་ཙནྡྲའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ག་ཎེ་ཤྭ་ར་སྱ་སྟ་བཿ། བོད་སྐད་དུ། ཚོགས་ཀྱི་དབང་ཕྱུག་གི་བསྟོད་པ། ཚོགས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཚོགས་ཆེན་རྒྱལ་པོ་རྒྱལ་བར་འགྲུབ་མཛད་པ། །མཆེ་བ་གཙིགས་བྱེད་གླང་ཆེན་དབང་པོའི་ཞལ། །གདོང་མཛེས་སྐྱེས་བུ་མཆོག་གི་མཚན་ཉིད་ཅན། །ཚོགས་དབང་རྒྱལ་པོ་མཆོག་ལ་ཕྱག་བགྱིའོ། །ལྷ་ རྫས་རིན་ཆེན་མཆོག་གིས་བརྒྱན་པའི་སྐུ། །ཞབས་གདུབ་གཡོ་ཞིང་རྒྱས་པའི་ཞབས་ཟུང་ནི། །ཅིག་ཅར་ཀུན་རྫོབ་དོན་དམ་བདེན་མཆོག་ཉིད། །ཚོགས་མཆོག་རྒྱལ་པོའི་དབང་པོར་ཕྱག་བགྱིའོ། །དམ་པའི་དག་བས་གཞོམ་བྱའི་གཡུལ་དུ་འཇུག །གཡུལ་རྒྱལ་འབར་བའི་མཚོན་ཆ་ཕྱག་ ན་བསྣམས། །ཞབས་མཆོག་འཛིན་མའི་དབང་ཕྱུག་ཅོད་པན་ཏེ། །རྒྱལ་མཆོག་ཚོགས་ཀྱི་དབང་པོར་ཕྱག་བགྱིའོ། །འདམ་སྐྱེས་དམ་པ་ལྟ་བུའི་ཕྱག་དང་ཞབས། །མ་ལུས་རབ་འབྱམ་རྣམ་པར་འཕྲོ་མཛད་ཅིང་། །མཆོག་གི་གཞུ་འདྲའི་དྲི་མ་མེད་སྤྱན་ཅན། །རྒྱལ་པོ་ཚོགས་དབང་ མཆོག་ལ་ཕྱག་བགྱིའོ། །ཡོན་ཏན་འབྱུང་བའི་གྲགས་འཆང་འཕགས་མཆོག་ནི། །འཛིན་མའི་དབང་པོའི་སྟོབས་ལས་སྟོབས་གྱུར་བགེགས། །ཕྱག་གི་སྟོབས་འདྲ་བདུད་ལས་ངེས་རྒྱལ་བ། །དབང་ཕྱུག་ཚོགས་མཆོག་རྒྱལ་ལ་ཕྱག་བགྱིའོ། །སྐྱེ་བོ་གཏེར་དང་རིན་ཆེན་རོས་ཚིམ་ཞིང་། །བདུད་རྩི་ཆེན་པོའི་ རོ་མཆོག་རྒྱས་གྱུར་པས། །སྲིད་འཇིགས་འཇིགས་པས་ཉམ་ཐག་བཟོད་པའི་མཆོག །རྒྱལ་དབང་ཚོགས་ཀྱི་མཆོག་ལ་ཕྱག་བགྱིའོ། །བརྩོན་པས་ལེགས་བསྒྲུབས་མཚན་ཉིད་བདེ་བ་ནི། །སེམས་ཅན་ཡིད་ཀྱི་ཤིང་རྟ་གང་བའི་བདེའི། །གཏམ་ལ་མངོན་པར་ཞེན་པའི་བདེན་པ་མཆོག །ཚོགས་ མཆོག་དབང་ཕྱུག་རྒྱལ་པོར་ཕྱག་བགྱིའོ། །བགེགས་ཀྱི་བདག་པོ་དམ་པ་ལ་ནི་བསྟོད་པའི་མེ། །ནགས་ཀྱི་རིན་ཆེན་གྱིས་བྱས་དགེ་བ་རབ་ཐོབ་པས། །བགེགས་ཟད་སྲིད་ལས་རྒྱལ་བའི་ཕ་རོལ་སྦྱིན་པ་ལས། །སྐྱེ་བོ་དོན་དམ་ཚུལ་དུ་མཉམ་པ་ཉིད་གྱུར་ཅིག །ཚོགས་ཀྱི་དབང་ཕྱུག་གི་ བསྟོད་པ་ཞེས་བྱ་བ། སློབ་དཔོན་དཔལ་ནགས་ཀྱི་རིན་ཆེན་ཞབས་ཀྱིས་མཛད་པ་ཡང་དག་པར་གང་བའོ། །འདི་ནི་དངོས་གྲུབ་བརྙེས་པའི་དབང་ཕྱུག་པཎྜི་ཏ་ཆེན་པོ་དེ་ཉིད་ཀྱིས་དཔལ་བལ་པོའི་ཡུལ་གྱི་གྲོང་ཁྱེར་ཆེན་པོ་ཡེ་རང་གི་དགོན་པ་ཤྲཱི་གོ་བི་ཙནྡྲ་ནས། དངོས་གྲུབ་མཆོག་གི་བཀའ་ དྲིན་གྱིས་བཙའ་བའི་ཕྱིར་སྐྱེས་སུ་སྩལ་བ། དགེ་སློང་རྣལ་འབྱོར་སྤྱོད་པ་རྒྱ་མཚོའི་སྡེ་ཞེས་བྱ་བའི་སྤྱི་བོར་ཐོབ་པ་ལས། མི་འཕྲོགས་པའི་གུས་པ་དང་ཡིད་དགའ་བ་མུ་མེད་པས། སྐལ་པ་ཆེན་པོའི་སྙིམ་པར་གཟུང་ཞིང་ཡི་དམ་དུ་བགྱིས་ཏེ། ནོར་བུ་རྒྱས་པའི་གཙུག་ལག་ཁང་ཆེན་པོར་ བོད་ཀྱི་སྐད་དུ་བསྒྱུར་ནས་གཞན་ལའང་སྦྱིན་པར་བྱ་བའི་ཆོས་སུ་བགྱིས་པའོ། །འདིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་འདོད་པ་མཐའ་དག་བདག་དང་གཞན་དུ་འབྱོར་པར་གྱུར་ཅིག། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཤ་བ་ར་པཱ་ད་སྟོ་ཏྲ་རཏྣཾ། བོད་སྐད་དུ། དཔལ་རི་ཁྲོད་ཞབས་ཀྱི་བསྟོད་པ་རིན་པོ་ཆེ། དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་རང་བཞིན་མཆོག་གི་རྡོ་རྗེ་སེམས་དཔའ་ནི། །ནམ་མཁའི་ངོ་བོ་རྣམ་པ་ཐམས་ཅད་མཆོག་རང་བཞིན། །འདོད་པ་སེལ་བ་དེས་ན་ཤ་ཡིག་གིས་བརྗོད་པ། ། རྣལ་འབྱོར་དབང་ཕྱུག་དཔལ་ལྡན་རི་ཁྲོད་པ་ལ་འདུད། །རྟག་པར་བྱུང་ཞིང་ཡོད་ཀྱང་རྒྱུ་ཡིས་བསྟོད་པ་ཡི། །རྡོ་རྗེ་ལྟ་བུའི་རོ་ལ་མཉམ་པར་གཞག་གྱུར་པ། །དེས་ན་འདི་ནི་བ་ཡིག་གིས་ན་ཡང་དག་བརྗོད། །མགོན་པོ་རི་ཁྲོད་སྡོམ་བརྩོན་དབང་པོ་ལ་ཕྱག་འཚལ། །རྟག་ཏུ་རྒྱལ་བ་སྐྱེས་མཆོག་ རྣམས་ཀྱི་གསང་ཆེན་ལ། །དགྱེས་ཤིང་གཞན་དག་ཆོས་རྣམས་ལ་ནི་དགའ་མཛད་པ། །དེ་ལྟ་བུ་ནི་ར་ཡི་ཡི་གེས་བརྗོད་པ་སྟེ། །རྣལ་འབྱོར་རི་ཁྲོད་པར་གྲགས་དེ་ལ་ཕྱག་བགྱིའོ། །ཡིག་གསུམ་གྱིས་བཤད་རི་ཁྲོད་པ་ལ་རབ་བཏུད་ནས། །ཡོན་ཏན་ཆུ་གཏེར་སུ་ཞིག་གིས་ནི་བསྟོད་པར་ནུས། ། འོན་ཀྱང་བདག་ནི་བླ་མ་ཁྱེད་ལ་དད་དབང་གིས། །བསྟོད་པར་འདོད་པ་དེ་སླད་བསྟོད་པར་བགྱི་བ་ལགས། །རབ་ཏུ་སྲ་ཞིང་མི་ཕྱེད་ཐབས་ཀྱི་རྒྱུད་དང་བཅས། །ཤེས་རབ་གཞུ་ནི་མངོན་སུམ་དག་ཏུ་བསྣམས་ནས་ནི། །ལྷན་ཅིག་སྐྱེས་པ་བདག་མེད་མངོན་སུམ་རང་ཉིད་ཀྱིས། །ཉམས་སུ་ མྱོང་བའི་མདའ་བཀང་འགྲོ་བར་གཏོགས་རྣམས་ཀྱི། །ཐོག་མ་མེད་པའི་དུས་ནས་བསགས་པའི་སྡིག་པ་རྣམས། །ཡོངས་སུ་སྦྱང་བའི་ཕྱིར་དང་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་པ་ལ་སོགས་འབེན་ལ་བསྣུན་པར་གྱུར་པ་ན། །ཕུག་པ་ལགས་ཏེ་ཀྱེ་བརྟན་པོ་ཁྱོད་ནི་ཨ་ལ་ལའོ། །བདག་མེད་ཉིད་ཀྱིས་ རྒྱས་བཏབ་ཡང་དག་མཐའ་ཡིས་ནི། །འཁོར་ལས་ཁྱོད་ཀྱི་དཔྲལ་བའི་མཐར་ནི་མཛེས་མཛད་དེ། །ཨེ་མའོ་གཞན་དོན་བདུད་རྩི་དག་ལ་སྲེད་ལྡན་པ། །ཁྱོད་ནི་དགྲ་མེད་དཔའ་བོའི་དབང་ཕྱུག་མ་ལགས་སམ། །འདོད་ཆགས་དང་ནི་གཞན་པ་སྡང་བྱེད་གཏི་མུག་སྟེ། །གསུམ་པོ་འདི་དག་འཇིག་རྟེན་དུག་ཏུ་ རབ་ཏུ་གྲགས། །དེ་དག་ཐམས་ཅད་མ་ལུས་སེལ་བར་མཛད་པས་ན། །དགྲ་བོ་དྲུངས་ཕྱུང་དཔའ་བོའི་དར་དཔྱངས་བཅིངས་པ་ལགས། །གང་ཞིག་འདོད་ལ་ཆགས་བྲལ་གཏམ་གྱིས་དམན་གྱུར་ཅིང་། །སྲ་བའི་དྲེགས་པས་ཆེ་དང་མཐོ་ཚིག་རྣམ་གྲོལ་བ། །རྣམ་དག་ངག་གི་རྡོ་རྗེའི་རྣ་རྒྱན་བཟང་པོ་དག ། སྙན་གཉིས་དག་ལ་འཕྱང་བ་དེ་ལ་ཕྱག་བགྱིའོ། །ཐུགས་རྗེའི་བདག་ཉིད་རྡོ་རྗེ་མི་རུས་ཕྲེང་བ་དག །གང་གི་མགུལ་པ་མཆོག་གི་རིན་ཆེན་མགུལ་རྒྱན་ཏེ། །ངེས་པར་འགྲོ་བ་རྒྱས་མཛད་ནམ་མཁའི་རང་བཞིན་གྱི། །རྣལ་འབྱོར་དབང་པོ་བླ་མ་དེ་ལ་ཕྱག་བགྱིའོ། །སྲོག་གཅོད་པ་དང་བྲལ་བས་ཁྱོད་ཀྱི་ཕྱག་ དག་ལ། །དེ་བཞིན་གཤེགས་པའི་དཔལ་ལྡན་གདུ་བུ་ངེས་བཅིངས་ཏེ། །སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་དྲུག་རྣམ་དག་པ། །མ་རུའི་ཕྲེང་བ་དྲུག་ནི་ངེས་པར་བཅིངས་པ་ལགས། །མ་དག་འདོད་ཆགས་བཙན་ཐབས་དག་ཀྱང་ངེས་གསལ་བའི། །རྣམ་དག་ཉིད་ལ་རེག་པས་སྐྲ་ཡི་སྲད་བུ་ནི། །གཉིས་ཀྱི་ འཁོར་ལོའི་རང་གི་ལྟེ་བར་ངེས་དཀྲིས་བཅིངས། །འཁོར་བ་དང་ནི་མྱ་ངན་འདས་པ་རྣམ་དག་པའོ། །སྐྱེ་བོ་སྐྲག་པས་ཉམ་ཐག་པ་དང་མི་རྣམས་ཀྱི། །རང་ལ་གནོད་བྱེད་ཁྲོ་བའི་རྣམ་པ་རབ་ཞིའི་སླད། །ཁྱེད་ཞབས་ཆུ་སྐྱེས་རྩ་བ་དག་ལ་ཞབས་གདུབ་དང་། །དེ་ཉིད་ཕྱིར