Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 1
Văn bản gốc(Tây Tạng)
Trang 7 / 17 (50.000 ký tự/trang)
།འདི་ལྟར་ཁྱོད་ཀྱི་གསོས་འགྱུར་གང་། །དེ་དང་དེ་ནི་མཆིས་མ་ལགས། །དགྲོངས་པར་འཚལ་བ་རྣམས་ལ་ཡང་། །ཁྱོད་ཀྱི་ཕན་དགོངས་ཅི་འདྲ་བ། །དེ་བློ་མ་སྦྱངས་བྱིས་པ་ཡིས། །ཡིད་ཆེས་བགྱི་བར་ནུས་མ་ལགས། །ཁྱོད་ནི་སྡང་བ་རྣམས་ལ་ཡང་། །ལེགས་པ་ཅི་ འདྲ་སྒྲུབ་མཛད་པ། །ས་དེ་ཡིད་ལ་སྨོན་པའི་ཡང་། །ཡུལ་ལས་འདས་པར་གྱུར་པ་ལགས། །ལ་ལ་ཕན་འདོགས་མཛད་པ་ཡི། །རོ་མཆོག་རྟོགས་པ་དེ་དག་ཀྱང་། །ཁྱོད་ཀྱི་ཆོས་ཀྱི་བགོ་སྐལ་ལ། །སྤྱོད་པར་འགྱུར་བའི་གཉེན་ལགས་སོ། །གལ་ཏེ་སེམས་ཅན་ འདི་དག་གིས། །ཁྱོད་མངའ་ཐུགས་རྗེའི་དགོངས་པ་འཚལ། །ཁྱོད་ཀྱི་བསྟན་པས་འཚོ་བཞིན་དུ། །ཀུན་དུ་འབར་བའི་མེར་ཡང་འཇུག །གང་སླད་བདུད་ཀྱི་དགྲས་ཐེབས་པས། །རྟོགས་པར་མི་འགྱུར་དེ་སླད་དུ། །ཁྱོད་ཀྱི་བསྟན་ལས་འགལ་བགྱིད་པའི། །བྱིས་པ་རྣམས་ནི་བདག་ ཉིད་འགུམས། །ཁྱོད་ཀྱི་བསྟན་ལས་གཞན་ཕྱོགས་པ། །གཡང་ས་ཆེན་པོའི་མུན་པ་དང་། །ཡོངས་སུ་གདུང་བ་མྱོང་བ་རྣམས། །ཀྱེ་མ་ཡུན་རིང་འཁྱམ་པར་འགྱུར། །ཁྱོད་ཀྱི་ཆོས་ལ་མི་ཕྱོགས་པའི། །སྐྱེ་བོ་གཏི་མུག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོན་ནས་ཀྱང་། །སྡུག་བསྔལ་ ཡང་འབྱུང་སྲིད་པ་སྒྲུབ། །ཁྱོད་ཀྱི་བསྟན་པའི་རྗེས་འགྲོ་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་དག་ནི་ཟློག་པར་བགྱིད། །ཁྱོད་ཀྱིས་དང་པོར་ལྷ་བུ་ཡི། །བདུད་ཀྱི་མེ་ཏོག་རྒྱལ་མཚན་བསྙལ། །དེ་ནས་ཉོན་མོངས་བདུད་ཀྱི་ནི། །ང་རྒྱལ་ རྒྱལ་མཚན་མཐོན་པོ་བརྟིབ། །ཁྱོད་ཀྱིས་བྱང་ཆུབ་མ་བརྙེས་པར། །འདོད་ཁམས་དབང་ཕྱུག་ལས་རྒྱལ་ཏེ། །བྱང་ཆུབ་བར་ཆད་མེད་ལམ་ལ། །ཁམས་གསུམ་དབང་ཕྱུག་ལས་རྒྱལ་ལོ། །དབང་ཕྱུག་ཁྱོད་ཉིད་འཇིག་རྟེན་འདིར། །དཔའ་བོ་རྣམས་ཀྱི་དཔའ་རབ་སྟེ། །ཉོན་མོངས་དབང་གྱུར་སྐྱེ་བོ་ ལ། །དཔའ་བའི་རབ་ཏུ་གང་ཞིག་རྩི། །ཁྱོད་ཀྱིས་རང་གཞན་གཉིས་ཀ་ཡི། །རྒྱུད་ལ་ཉོན་མོངས་སྡེ་བཅོམ་པས། ཁྱོད་ལས་དཔའ་མཆོག་གཞན་དང་ནི། །མི་བཟད་གཡུལ་རྒྱལ་གཞན་མ་མཆིས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་ལན་མི་ལོན་ པར་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་དགུ་པའོ།། །།སྤྱན་གྱི་ཡོན་ཏན་མཐོན་མཐིང་དང་། །དཀར་གནག་གསུམ་པོ་གང་ལགས་པ། །དེ་ལ་གཙོར་བཅས་འཇིག་རྟེན་གྱི། །ཡོན་ཏན་རྣམས་ཀྱིས་ཁྱད་མི་ཁོར། །སྒྲོས་གང་དཔལ་གྱིས་བླ་ན་མེད། །འོག་མ་དཔལ་མངའ་གཉིས་ཀ་ཡང་། །འབྱུང་ དང་འབྱུང་བ་ལས་གྱུར་པའི། །ཕུན་སུམ་ཚོགས་པ་བླ་ན་མེད། །དེ་དག་འགའ་ཞིག་མ་མཆིས་ན། །ཟླ་མཐུན་འགའ་ཡང་མ་མཆིས་པས། །གོང་མ་གང་གིས་ལྟག་གནས་གྱུར། །འོག་མའང་གང་གི་གཞི་བོར་འགྱུར། །ཁྱོད་ཀྱི་སྒྲོས་ནི་དཔལ་གྱི་གནས། །ཕན་ཚུན་འཚམ་པར་གྱུར་པ་འདི། ། ཨེ་མའོ་ལེགས་པར་ཟུང་དུ་འབྲེལ། །ཨེ་མའོ་འཕྲོད་པ་བླ་ན་མེད། །སྟོན་པའི་དུས་ན་གཡོ་འགྱུར་ཞིང་། །གསལ་བ་ཉིད་ལ་གཡོ་མི་མངའ། །ཚེམས་ཀྱི་ཟླ་བ་ཤར་བའི་དཔལ། །ནང་ནས་བག་ཙམ་གདའ་འགྱུར་བ། །ཉིད་ཀྱི་གནས་ནས་འབྱུང་བའི་སྒྲ། །མེ་ཏོག་བཞིན་དུ་འགྲེམས་མཛད་ ཅིང་། །གཞན་གྱིས་ཉེ་བར་བསྐྱེད་རྣམས་ཀྱི། །འགྲོ་བའི་ལམ་ལ་ཕན་འདོགས་པ། །ཟངས་ཞུན་འོད་འདྲ་འདི་དག་གི། །དཔལ་འབར་འདི་ཡི་ཐད་ན་ནི། །བིམ་པའི་འབྲས་བུ་མཚམས་སྤྲིན་དང་། །ཨུཏྤལ་དམར་མཛེས་རོ་དང་འདྲ། །ཁྱོད་ཀྱི་སྒྲོས་ནི་མཛེས་བསྐྱོད་པ། །གང་གིས་མཐོང་བ་ དེ་དག་གི། །ལེགས་པར་མིག་རྙེད་དེ་དག་གིས། །མཐོང་བའང་འབྲས་བུ་མཆིས་པ་ལགས། །མགོན་པོ་མུ་ཏིག་ཕྲེང་བས་མིན། །ཀུན་ད་ཀུ་མུ་ཏ་ཕྲེང་མིན། །གངས་ཅན་རྩེ་མོ་སྦྲེངས་པའི་ལུས། །ཟླ་བའི་འོད་ཀྱིས་བབ་པས་མིན། །སྟོན་ཀའི་ཆུ་བོ་སུན་འབྱིན་པ། །མཁའ་འགྲོ་དཀར་ པོའི་ཕྲེང་བས་མིན། །སྤྲིན་མེད་མཁའ་ལ་ལྷག་གེ་བ། །སྟོན་ཀའི་ཟླ་བ་ཚེས་པས་མིན། །དུལ་བ་ཁྱོད་ཀྱིས་ཚེམས་རྣམས་ཀྱི། །ཕྲེང་བ་འོད་གསལ་དཀར་འདི་ལ། །མར་མེའི་འོད་ཀྱིས་ཉི་འོད་བཞིན། །ཆ་ཤས་སུ་ཡང་ཕོད་མ་ལགས། །རྡོ་རྗེ་མྱུ་གུའི་ཕྲེང་བ་ལ། །འཕགས་པའི་ཆོས་ ཀྱི་བདུད་རྩིའི་རོས། །བརླན་པས་བསྒོས་པ་འདི་དང་ནི། །འདྲ་བར་འགྱུར་བའི་དངོས་ཅི་མཆིས། །ཀུ་མུ་ད་ཟླ་ཀུན་ད་སོགས། །དཀར་པོའི་དཔེར་བརྗོད་བཞི་པ་དག །ཁྱོད་ཀྱི་ཚེམས་ཕྲེང་བྱུང་གྱུར་ནས། །ཐབས་ནི་ཤོར་བ་ལྟ་བུར་གདའ། །འཇིག་རྟེན་དུ་ནི་འདི་བྱུང་བས། །དཀར་པོ་དང་ ནི་མཛེས་པ་ཡི། །རྫས་རྣམས་ཐམས་ཅད་མ་ལུས་པ། །དྲི་མ་ཅན་དང་འདྲ་བར་གྱུར། །ཁྱོད་ཀྱི་ལྗགས་དང་སྒྲོས་བར་ན། །འདི་དག་ཐགས་བཟངས་གནས་པ་ནི། །རྟོགས་དང་ཞི་བའི་བར་དག་ན། །རྣམ་པར་གྲོལ་བ་བཞིན་དུ་མཛེས། །ཁྱོད་ཀྱི་དཔལ་གྱིས་འགྲོ་བ་འདི། །ཚེམས་ཀྱི་ཕྲེང་ བས་ཟིལ་མནན་པར། །གཟིགས་ནས་རྒྱལ་བར་གྱུར་ཏོ་ཞེས། །རུ་མཚོན་ལྟ་བུར་མཆེ་བ་བསྒྲེང་། །ཁྱོད་ཀྱི་མཆེ་བ་མཉམ་ལ་ཟླུམ། །མཛེས་ཤིང་རྩེ་མོ་རྣོ་དཀར་བ། །དཔེ་ཀུན་ཐབས་ཀྱིས་མནན་ནས་ནི། །འབར་བ་བཞིན་དུ་གནས་པ་ལགས། །ཟླ་བ་ཚེས་པ་འཇིག་རྟེན་ན། ། ཡོན་པོར་གསལ་གྱུར་གང་ལགས་ཏེ། །ཁྱོད་ཀྱི་མཆེ་བ་མི་ཡོ་ཞིང་། །མཛེས་པའི་ལུས་ཅན་རྣམས་ཀྱིས་བགྱིས། །ཚེས་པའི་གནས་སྐབས་མཆེ་བ་ཡིས། །ཉ་བ་ཞལ་རས་བཟང་པོ་ཡིས། །ཁམ་པ་འཕྲལ་བས་འཁྱིལ་པས་ནི། །འདོམ་གང་འོད་ཀྱིས་ཟིལ་མནན་ཏེ། །ཐུབ་པ་ཟླ་བ་ཁྱོད་ཀྱི་ནི། ། གཟུགས་ཀྱི་ཡོན་ཏན་ཕུན་ཚོགས་པས། །ཟླ་བའི་ཡོན་ཏན་ཕུན་སུམ་ཀུན། །གནས་སྐབས་ཀུན་དུ་ཉམས་པར་བགྱི། །བདེ་བར་གཤེགས་པ་ཁྱོད་ཀྱི་སྐུ། །གསེར་གྱི་པདྨོའི་སྙིང་པོ་ལྟར། །བ་སྤུ་གཡས་འཁྱིལ་ཉག་རེ་བ། །འཇམ་ལ་དྲི་མེད་གྱེན་དུ་འཁྲུངས། །སྣུམ་ལ་མ་འཛིངས་མ་འཁྲུགས་ པ། །ཨིནྡྲ་ནཱི་ལའི་རྔམས་ལྟ་བུར། །སྔོན་པོས་རིན་ཆེན་བསྐྱིལ་བ་ནི། །ཕྲ་མོ་ལྟ་བུར་སྤྲས་པར་གདའ། །སྐྱེས་བུ་གླང་ཆེན་ཁྱོད་ཀྱི་ནི། །གླང་པོ་ཆེ་མཚན་མ་འདྲེས་གང་། །ནང་དང་ཕྱི་ཡི་དྲི་མ་ཡིས། །ཤིན་ཏུ་ཉེ་བར་མ་གོས་གང་། །ཁྱོད་ཀྱི་ཡན་ལག་རྒྱན་འདྲ་གང་། །ཡན་ལག་མཛེས་པ་དེ་ ལེགས་ཏེ། །ལྷད་མེད་གསེར་ལས་བླུགས་པ་ཡི། །ཁོར་ཡུག་ལྟ་བུར་གནས་པ་ལགས། །རང་གི་དབྱིབས་ནི་མཛེས་པ་ཡི། །ཅང་ཤེས་གཙོ་བོ་ཐམས་ཅད་ཀྱི། །སྐྱེས་ཀྱི་མཚན་མ་མཛེས་པ་དག །ཟིལ་གྱིས་མནན་ཏེ་གནས་པ་གང་། །མགོན་པོ་ཚངས་སྤྱོད་གནས་སླད་དང་། །དབྱིབས་ ཀྱང་ཤིན་ཏུ་མཛེས་སླད་དུ། །ཁྱོད་ཀྱིས་སྦ་བ་ཉིད་ལགས་ཤིང་། །སྦ་བར་བགྱི་བ་མིན་པའང་ལགས། །ཐུགས་རྗེས་ཐེ་ཚོམ་ཅན་རྣམས་ལ། །ཁྱོད་ཀྱིས་མཚན་མ་གཞན་ཚུལ་གྱིས། །སྤྲིན་མཐོངས་ཟླ་བའི་གཟུགས་ལྟ་བུར། །ཤིན་ཏུ་ལན་མང་བསྟན་པ་གང་། །ངོ་ཚ་ཤེས་དང་ཁྲེལ་ཡོད་རི། ། མི་གཡོ་བསྐྱོད་པ་ལྟར་མཛད་ནས། །ཐུགས་རྗེ་ཆེན་པོའི་མིག་གིས་ནི། །བློ་ཡི་ཡུལ་དུ་མཛད་པ་གང་། །དལ་གྱིས་འབབ་པའི་པདྨ་ནི། །ཅུང་ཟད་ཁ་བྱེའི་ཟེ་བའི་ཚོགས། །མགོན་པོ་ཡན་ལག་མཛེས་ཁྱོད་ཀྱི། །མཛེས་པ་དེ་ལ་དེས་མི་བསྐྱོད། །དཔལ་ལྡན་ཟླ་བ་ཉ་བ་ལ། །འཁྱིལ་པར་གནས་ པ་མཆིས་ན་ཡང་། །འོན་ཀྱང་ཡན་ལག་མཆོག་ཁྱོད་ཀྱི། །དཔེ་ཡི་གཞི་བོར་རྫོགས་མི་འགྱུར། །བསོད་ནམས་བརྒྱ་ཕྲག་རྒྱ་ཆེན་གྱི། །ལས་ཀྱིས་སྤྲུལ་པ་མཛེས་ལམ་ལ། །དེ་ལས་གཞན་པའི་སེམས་པ་ཡིས། །འཕངས་པས་ཡོང་ཡང་རྗེས་སླེབས་སམ། །ཉིད་ཀྱི་སྦུབས་དང་ན་བཟའ་དང་། ། སྡོམ་པས་ཤིན་ཏུ་བཀབ་ཀྱང་ནི། །མཚན་གཞན་ཕུན་སུམ་ཚོགས་པ་ཡིས། །གསལ་བར་གྱུར་པ་ལྟ་བུ་ལགས། །ཡན་ལག་དམ་པ་ལྡན་ཁྱོད་ཀྱི། །ཡན་ལག་མཆོག་གྱུར་དེ་ལ་ནི། །མགོས་བཏུད་ཡིད་རབ་དང་བ་དང་། །ངག་གིས་ཀྱང་ནི་མཆོད་པ་བགྱི། །དད་པར་བགྱི་བ་རྣམས་ཀྱི་མཆོག ། བལྟ་བས་མི་ངོམས་ཁྱོད་ལ་ནི། །གལ་ཏེ་ཁོང་ཁྲོ་བགྱིད་མཆིས་ན། །མུན་ནག་ཐ་ཤལ་ངན་པ་ལགས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་སྐུའི་ཕྱོགས་གཅིག་ལ་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བཅུ་པའོ།། །།སེམས་ཅན་རྣམས་ཀྱི་ མོས་པ་ནི། །ཁམས་རྣམས་ཇི་བཞིན་གནས་ལགས་པས། །རེ་ཞིག་བདག་གི་བསམ་པ་ནི། །ཡངས་པའི་ལྗགས་ལ་རྒྱ་ཆེར་དང་། །སུ་ཞིག་མགོ་དང་ཡིད་དང་ནི། །ངག་གིས་ལྗགས་ཡངས་མཆོད་མི་བགྱིད། །དེ་ནི་གསུང་རབ་འདི་ཀུན་གྱི། །ཡུམ་སྟེ་རིན་ཆེན་བསྐྲུན་པ་ལགས། ། བདག་ལ་གཙོ་བོ་ཁྱོད་ཀྱི་ནི། །མཛད་པ་བླ་མེད་ཐམས་ཅད་ཀྱི། །ནང་ན་ཡངས་པའི་ལྗགས་འདི་ནི། །བླ་ན་མེད་པའི་ཕུལ་དུ་གདའ། །འགྲོ་ལ་བསྟན་པ་རབ་སྒྲོགས་པ། །ཆོས་ཀྱི་ཕྲིན་ལས་མཛད་སླད་དུ། །རྒྱལ་པོ་བཞིན་དུ་མཚན་ཀུན་གྱི། །ནང་ན་གཙོ་བོ་ལགས་པར་གནས། །གཞན་གྱི་ ཐེ་ཚོམ་བཅད་སླད་དུ། །གང་ཞིག་ཞལ་ནས་མངོན་ཕྱུང་ན། །སྟོན་གྱི་མཚམས་སྤྲིན་ཚོགས་ལྟ་བུར། །ཞལ་རས་ཟླ་བ་ཁེབས་པ་ལགས། །དེ་ལྟར་ཡངས་ཤིང་མཛེས་པ་དེ། །ཚེམས་ཀྱིས་གཏམས་པའི་ཞལ་ནང་དུ། །དོག་པ་མེད་པར་གནས་པ་ཡང་། །དེ་ལས་ཡ་མཚན་ཆེ་ཅི་མཆིས། ། དེ་ནི་ངེས་པར་དཔག་མེད་པའི། །མཐུ་ཅན་བཟང་པོ་དེ་ཡི་ནི། །ཤིན་ཏུ་འཇམ་པ་ཉིད་དང་ནི། །མཉེན་པ་ཉིད་ཀྱི་མཐུ་ལགས་སོ། །ཁྱོད་ཞལ་འབྲུག་སྒྲ་སྒྲོགས་པ་ན། །འཛམ་བུའི་ཆུ་གསེར་ཞུན་མ་ལྟར། །ཟངས་བཞུ་བ་ཡི་འོད་ལྟ་བུར། །གློག་ཕྲེང་འགྱུ་བ་ལྟ་བུར་མཛད། །བསླབ་ པ་བཟང་པོ་ཕུན་སུམ་གྱི། །རྒྱལ་ཐབས་ལྟ་བུ་བརྙེས་ནས་ནི། །ཁྱོད་ཀྱི་ཞལ་ནས་བག་ཡངས་སུ། །གནས་གཞན་དག་ཏུ་རོལ་ཞིང་སྤྱོད། །གང་གི་དྲི་ཞིམ་ཚོར་ནས་འདི། །མེ་ཏོག་གསུང་བ་ཞེས་སྒྲོགས་པ། །གསུང་གི་མེ་ཏོག་སྐྱོན་མེད་པ། །དེ་དག་འདིས་ནི་ འགྲེམས་པར་མཛད། །དེ་ཉིད་སླད་དུ་རྒྱལ་ཁྱོད་ལས། །མཆོག་ཏུ་སྙན་པའི་གསུང་སྙན་འབྱུང་། །དེ་ཡི་དྲི་རབ་ཞིམ་པས་ཁྱོད། །སྙན་པ་གསུང་ཞེས་རྣམ་པར་གྲགས། །གང་གི་མཐུ་ཡིས་ཁྱོད་འདྲ་བ། །བདུད་རྩི་སྩོལ་བར་རབ་གྲགས་པ། །གདམས་ངག་རྗེས་སུ་སྟོན་པ་དེ། ། འདི་ཉིད་ལ་ནི་རག་ལས་སོ། །གང་གིས་ལྷར་བཅས་འཇིག་རྟེན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དེ། །ཉིད་ཀྱི་འོ་བརྒྱལ་མི་གཟིགས་པ། །དགེ་བ་འདི་ཡིས་བགྱིས་པ་ལགས། །གང་གིས་རིན་ཆེན་བཀྲམ་པ་ལྟར། །ལེགས་པར་བཤད་པ་བརྒྱས་བཀང་ནས། །འཇིག་རྟེན་འདི་ནི་སྣང་ བགྱིས་པ། །དེ་ནི་འདི་ཡི་མཐུ་ལགས་སོ། །རིགས་དང་སྤྱད་པར་མངོན་བརྗོད་པ། །ཆོས་ཀུན་གསུང་བའི་འཕགས་པ་སྟེ། །དཔག་བསམ་ལྗོན་པའི་ལྕུག་མ་ལྟར། །རིན་ཆེན་སྣ་ཚོགས་འབྲས་བུ་སྩོལ། །ལྗགས་ཡངས་མེད་པར་འཇིག་རྟེན་ན། །ཀུན་མཁྱེན་ཉིད་ལྡན་སྤོབས་པ་ནི། །སོ་སོ་ ཡང་དག་རིག་པ་ཡི། །སྤོབས་པའི་ཁུར་ནི་སུ་ཡིས་བསྐུར། །ཁྱོད་ཀྱིས་དགོངས་ཏེ་དེ་ལ་ནི། །ཆོས་ནི་གང་དང་གང་བཤད་པ། །འདི་ནི་སྙོམ་ལས་མི་མངའ་བར། །མེ་ཏོག་བཞིན་དུ་ཕྲེང་བར་བརྒྱུད། །གལ་ཏེ་འདི་ཡིས་མ་བསྟན་ན། །ཁྱོད་ལ་ཀུན་མཁྱེན་མངར་སུས་འཚལ། །ཐུགས་རྗེ་ ཆེན་པོས་མངའ་བར་སུས། །ཡོན་ཏན་གཞན་ཡང་མངར་སུས་འཚལ། །བསྟན་པ་དག་ནི་མ་མཆིས་ན། །ཁྱོད་འདྲའི་མཁས་པ་མངོན་མི་འགྱུར། །བསྟན་པ་ཡང་ནི་ལྗགས་ཡངས་ལ། །གཞུང་ལ་དངོས་གྲུབ་བཞིན་དུ་རྟེན། །རྣམ་པ་སྣ་ཚོགས་ཆོས་གསུང་ཞིང་། །རྣམ་པ་སྣ་ཚོགས་རོ་ བསྟར་ཡང་། །འདམ་རྫབ་ཀྱིས་ནི་ནམ་མཁའ་བཞིན། །རོ་ལ་ཆགས་པས་གོས་མི་མངའ། །མི་གསུང་བཞུགས་པའི་རྗེས་སུ་མཐུན། །གསུང་བ་ལ་ཡང་སྐྱོན་མི་མངའ། །མི་མཐུན་ཆོས་ནི་གཉིས་ཀ་ལ། །གཅིག་ཏུ་ཡང་ནི་མཐུན་པ་ལགས། །མི་གསུང་བཞུགས་ན་སྤྲོ་མི་མཛད། ། སྟོན་པར་མཛད་ལ་སྐྱོ་མི་མངའ། །ཅང་མཁྱེན་ཉིད་ཀྱི་དགེ་བ་སྟེ། །ཐམས་ཅད་ལ་ནི་སྙོམས་པར་འཇུག །འདི་ལྟར་ཐམས་ཅད་གསུང་སྤྱོད་ལ། །ཆོས་རྣམས་འབའ་ཞིག་བཀའ་སྩོལ་བ། །སྤྱོད་པ་ལ་ནི་འཇུག་པར་མཚར། །རིགས་པ་ལ་ཡང་གཞོལ་བར་མཚར། །འབྱུང་བ་ལས་གྱུར་ བསོད་ནམས་དང་། །ཆོས་གསུང་བ་ཡི་རང་བཞིན་གྱིས། །སངས་རྒྱས་པ་ཡི་དྲི་ཞིམ་པ། །གཉིས་ཀྱིས་རྟག་ཏུ་བསྒོས་པ་ལགས། །མིག་གི་སྤྱོད་ཡུལ་དག་པ་དང་། །བསོད་ནམས་སྙན་པའི་རང་བཞིན་གྱིས། །ཤིན་ཏུ་རྣམ་པར་གྲགས་པ་ཡི། །སྙན་པ་གཉིས་ཀྱི་ཕྱོགས་སུ་ གྲགས། །གང་གིས་སྐྱོན་ཀུན་མེད་པ་འདི། །ཞལ་ནས་ཕྱུང་བ་མཐོང་གྱུར་པ། །སྐྱེ་བོ་དེ་དག་མིག་དང་ལྡན། །མིག་དེ་དག་ཀྱང་དཔལ་དང་ལྡན། །གང་གིས་དེ་ཡི་གསུང་སྙན་པ། །མངོན་སུམ་རྣ་བའི་སྙིམ་པ་ཡིས། །བདུད་རྩིའི་རྒྱུན་དང་འདྲ་འཐུངས་པ། །མཁས་པ་དེ་དག་ཆེས་ དཔལ་ལྡན། །སྒྲ་རྣམས་བརྒྱན་པར་མཛད་པ་བཞིན། །སྒྲ་ཡིས་ས་རྣམས་བརྒྱན་པ་བཞིན། །བཤད་པ་མཛད་ན་ཁྱོད་ཀྱི་ཞལ། །ཤིན་ཏུ་སྦ་བར་མཛད་པ་བཞིན། །འདི་ནི་ཉིད་མཛེས་ཡོན་ཏན་གྱིས། །ཐུབ་པ་ཁྱོད་ཀྱི་ཟླ་ཞལ་ནི། །འཇིག་རྟེན་རྒྱན་དུ་གྱུར་པ་ཡང་། །ལྷག་པའི་རྒྱན་ དུ་གྱུར་པར་གདའ། །མདོག་དང་དབྱིབས་དང་སྙན་གསུང་དང་། །ཤིན་ཏུ་འཇམ་པ་ཉིད་ཀྱི་མཐུས། །ལྗགས་ཡངས་ལྟ་བུ་གཟུགས་ཅན་གྱི། །རྫས་ནི་འགའ་ཡང་མ་མཐོང་ངོ་། །གལ་ཏེ་ལྷ་མོ་དབྱངས་ལྡན་མ། །དེ་ནི་གཟུགས་ཅན་འགའ་མཆིས་ན། །སྐྱོན་ཀུན་མེད་པའི་ཡན་ལག་ ཅན། །ལྗགས་ཡངས་འདི་ནི་དེ་ལགས་གྲང་། །ཡངས་པའི་ལྗགས་ཀྱི་ཆོས་ཀྱི་རྔ། །ཀུན་དུ་རྡུང་བར་ཞུགས་པའི་ཚེ། །ལྷ་དང་མི་ཡི་སྒྲ་རྣམས་ནི། །ཐམས་ཅད་རོ་བྲོ་མེད་པར་འགྱུར། །སྟོན་པ་ཁྱོད་དང་ལྗགས་འདི་དང་། །བླ་ན་མེད་པའི་བཀའ་འདི་ནི། །ཉོན་མོངས་དུག་ཀུན་ འཇོམས་པ་ཡི། །ཡན་ལག་གསུམ་ལྡན་སྨན་གྱི་མཆོག །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་ལྗགས་ལ་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བཅུ་གཅིག་པའོ།། །།ཁྱོད་དང་འདྲ་བའི་ཞིང་དག་ནི། །འཇིག་རྟེན་གསུམ་ན་མ་མཆིས་ ཏེ། །ཁྱོད་ནི་སྦྱིན་གནས་རྣམས་ཀྱི་མཆོག །གྲལ་གཙང་མཛད་པའི་གཙང་མ་ལགས། །ནམ་མཁའ་མཐར་ཐུག་མ་མཆིས་པའི། །ཆུ་དང་ཞིང་དག་ཇི་ལྟ་བར། །ཁྱོད་ལ་སྨན་གནོད་བགྱིད་པ་ཡི། །རྣམ་པར་སྨིན་པ་ཐུག་མ་མཆིས། །གང་དག་ཁྱོད་ལ་བར་ མར་གནས། །དེ་ཡང་རེ་ཞིག་ཚད་མེད་པའི། །མུན་པས་བསྒོས་པས་མ་རུང་ན། །སྐྱེ་བོ་ལོག་བགྱིད་སྨོས་ཅི་འཚལ། །ཇི་ལྟར་བླ་མེད་ཡོན་གྱི་གནས། །ཁྱོད་ལ་ཡང་དག་སྒྲུབ་བགྱིད་པ། །ལས་གང་ལགས་པ་དེ་ཡི་ནི། །དར་བའི་མཐར་ཐུག་མི་མཐོང་ལ། །ཡང་དག་སྒྲུབ་པའི་ མཐར་བྱོན་པ། །ཁྱོད་ལ་ལོག་པར་ཞུགས་པ་གང་། །ལས་དེ་རྒུད་པའི་མཐར་ཡང་ནི། །དེ་བཞིན་ཐུག་པ་མ་མཆིས་སོ། །གང་གིས་རྣམ་པ་ཐམས་ཅད་དུ། །སྟོབས་ལྡན་ཁྱོད་ལ་མ་བཙས་པ། །རབ་ཏུ་མཚམས་ནི་མི་ཟིན་པའི། །མ་རབས་མི་རྟག་ཉིད་རེང་ན། །ཀྱེ་མའོ་འཁོར་བ་ བདག་ཉིད་ངན། །ཀྱེ་མའོ་མྱ་ངན་འདས་པ་ཞི། །ཁྱོད་འདྲའི་ཐུགས་རྗེའི་བདག་ཉིད་ཅན། །མངའ་མཆིས་པའང་དེ་རུ་གཤེགས། །མ་འོངས་འཇིགས་པ་རྣམས་ཀྱང་གསུངས། །ཆོས་ཀྱི་ཚུལ་ཡང་བཤད་པ་མཛད། །འཁོར་ནི་རྣམ་པ་བཞི་པོ་ཡང་། །མི་འཇིགས་པ་དག་ཐོབ་པར་ མཛད། །ལམ་བཟང་འདི་ནི་བསྲུང་སླད་དུ། །བློ་གྲོས་སྦྱངས་པ་བགྱིས་གྱུར་པ། །འོད་སྲུང་ཆེ་དང་ཀུན་དགའ་དང་། །དེ་ལ་སོགས་པ་བསྐོས་མོད་ཀྱི། །འཇིག་རྟེན་གྱི་ནི་མིག་གཅིག་པུ། །དྲི་མ་མེད་པ་ཁྱོད་ཟུམ་ན། །སྣང་བ་མཆིས་ཀྱང་འཇིག་རྟེན་འདི། །མུན་པས་ཁེབས་དང་འདྲ་ བ་ལགས། །བདེ་བར་གཤེགས་པ་བདེ་གཤེགས་ཀྱི། །བཀའ་འདིའང་མཆིས་ལ་ཁྱོད་ཀྱི་སྲས། །སྲས་ཀྱི་དམ་པ་སློབ་པ་དང་། །མི་སློབ་འདི་ཡང་མཆིས་མོད་ཀྱི། །འགྲོ་བའི་མགོན་ཁྱོད་མི་བཞུགས་ན། །གཟའ་སྐར་གསལ་བས་མཚན་པ་ཡི། །ནམ་མཁའ་ཟླ་བས་སྟོང་པ་ བཞིན། །ཤིན་ཏུ་བརླག་གིས་མ་མཆིས་སོ། །ཁྱོད་མི་བཞུགས་ན་གསུང་རབ་འདི། །ཀླུ་འཕོས་པ་ཡི་མཚོ་ཡི་དཔལ། །རིང་པོ་མི་ཐོགས་འཇིག་པ་ལྟར། །འཚམ་པའི་སྙིང་པོ་དང་བྲལ་བས། །ཡོན་ཏན་གཟི་ཡང་མི་སྤ་ལ། །ཆོ་ག་གཞན་དང་ལུགས་གཞན་གྱིས། །འཕན་ དང་རྨ་ཡང་ཕྱུང་ལགས་པས། །ལུས་ཀྱི་བརྗིད་ཀྱང་ཡལ་དུ་ཆ། །སངས་རྒྱས་མངའ་དབང་བསྐུར་བ་རྣམས། །ཡོངས་སུ་མྱ་ངན་འདས་བསམས་ན། །སྲིད་པ་རལ་གྲི་འབར་འདྲ་ལ། །སུ་ཞིག་འཇིགས་པར་མི་བགྱིད་ལགས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་ བསྔགས་པར་འོས་པ་བསྔགས་པ་ལས་སྲིད་པ་ལས་སྐྱོ་བ་སྐྱེད་པར་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བཅུ་གཉིས་པའོ།། །།སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ཞེས་བྱ་བ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ་རྫོགས་སོ།། །།རྒྱ་གར་ གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།སྙན་ངག་རྩོམ་ལ་སྐལ་ཆེན་པོ། །ཁྱོད་ལ་བརྟེན་ནས་བདག་གི་བློ། །དབྱར་ཀ་ཡི་ནི་ཆུ་བོ་ལྟར། །ཆུང་ངུའང་ཤིན་ཏུ་འཕེལ་བར་འགྱུར། །མི་ཡི་ རྙེད་པ་རྙེད་དཀའ་དང་། །ལྕེ་འདི་རྙེད་པར་གྱུར་ནས་ནི། །མགོན་པོའི་ཡོན་ཏན་སྒྲོགས་བྱེད་པའི། །རང་ལ་ཕན་པ་སུ་མི་བྱེད། །ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི། །སྤྲིན་མེད་སྟོན་ཀའི་ནམ་མཁའ་ལ། །སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། ། ཐུབ་པ་གསེར་གྱི་མདོག་ལྡན་པ། །ཆོས་གོས་ཀྱིས་གཡོགས་མཛེས་གྱུར་པ། །གསེར་གྱི་རི་བོའི་རྩེ་མོ་ནི། །མཚམས་ཀྱི་སྤྲིན་གྱིས་དཀྲིས་པ་འདྲ། །མགོན་ཁྱོད་རྒྱན་གྱིས་མ་བརྒྱན་ཡང་། །ཞལ་གྱི་དཀྱིལ་འཁོར་མདངས་གང་ཡིན། །ཟླ་བའི་དཀྱིལ་འཁོར་རྒྱས་གྱུར་པ། །སྤྲིན་ དང་བྲལ་ལ་དེ་མ་མཆིས། །ཁྱོད་ཀྱི་ཞལ་གྱི་པདྨ་དང་། །པདྨ་ཉི་མས་ཁ་ཕྱེ་བ། །བུང་བས་མཐོང་ན་པདྨ་ནི། །ཐེ་ཚོམ་དཔྱང་ཐག་ལ་འཇུ་འགྱུར། །ཁྱོད་ཞལ་གསེར་གྱི་མདོག་ལྡན་པར། །ཚེམས་དཀར་མཛེས་པར་གྱུར་པ་ནི། །གསེར་གྱི་རི་གསེབ་སྟོན་ཀ་ཡིས། །ཟླ་ཟེར་དྲི་མེད་ཞུགས་ པ་འདྲ། །མཆོད་འོས་ཁྱོད་ཀྱི་ཕྱག་གཡས་ནི། །འཁོར་ལོའི་མཚན་གྱིས་མཛེས་གྱུར་པ། །འཁོར་བས་སྐྲག་པའི་མི་རྣམས་ལ། །ཕྱག་གིས་དབུགས་འབྱིན་མཛད་པ་ལགས། །ཐུབ་ཁྱོད་གཤེགས་པར་གྱུར་པའི་ཚེ། །ཞབས་གཉིས་དཔལ་གྱི་པདྨ་འདྲས། །ས་གཞི་འདི་ནི་བྲིས་གྱུར་ པ། །པདྨ་ཅན་གྱིས་ཇི་ལྟར་མཛེས། །ཁྱོད་ནི་གཤེགས་སྟབས་མཉམ་མེད་དེ། །གླང་ཆེན་མཆོག་ནི་མྱོས་པ་དང་། །ངང་པ་ཆུང་མར་ལྡན་པའམ། །ཁྱུ་མཆོག་པས་ཀྱང་བརྟན་པར་གཤེགས། །ཚུལ་ཁྲིམས་ཕུང་པོས་སྐུ་ཆེ་ཞིང་། །ཏིང་འཛིན་ཤིང་གིས་རྣམ་པར་ བརྒྱན། །ཡེ་ཤེས་འབབ་ཆུས་ཁྱབ་གྱུར་པ། །རྒྱུ་བའི་གངས་ཅན་རི་བོ་ལགས། །ཡོན་ཏན་རྒྱ་མཚོ་ཁྱོད་གང་གི། །ལུས་ཀྱིས་ཁྱོད་ལ་རེག་གྱུར་པ། །ལྷ་དང་མི་ཡི་མཆོད་གྱུར་པའི། །འབབ་སྟེགས་སུ་ནི་དེ་དེ་མཛད། །ཁྱོད་ཀྱི་གནས་ནི་གྲུབ་པའི་ཞིང་། །མཐོང་བས་སེམས་དག་གྱུར་ ལགས་ན། །དག་པར་འདོད་པའི་མཁས་པ་རྣམས། །སྒྲ་ངན་ཞིང་གིས་ཅི་ཞིག་བྱ། །ཁྱོད་ནི་ཕ་རོལ་ཕྱིན་དྲུག་དང་། །ལྡན་པས་ཡང་དག་མཛེས་གྱུར་པ། །ཟླ་བ་རྒྱས་པར་གྱུར་པ་ནི། །སྨིན་དྲུག་གིས་ནི་བརྒྱན་པ་འདྲ། །གདུལ་བྱའི་སྐྱེ་བོ་པདྨ་ནི། །གཉིད་ལོག་ཁྱོད་ཀྱིས་སད་མཛད་པ། ། ཉི་མ་ཤར་བར་གྱུར་པ་ཡིས། །པདྨ་ཁ་བྱེར་བྱེད་པ་འདྲ། །ཉོན་མོངས་དུག་གིས་ཟིན་གྱུར་ལ། །ཁྱོད་ནི་ཡེ་ཤེས་སྨན་སྩོལ་བ། །མཆེ་བའི་དུག་ཅན་གྱིས་ཟིན་ལ། །འགྲོ་སྐྱོབ་ཀྱི་ནི་དུག་བསལ་མཚུངས། །ཁྱོད་ཀྱི་ཡེ་ཤེས་ནགས་མེ་ཡིས། །ལྟ་བའི་དྲ་བ་བསྲེགས་གྱུར་པ། །ནགས་མེས་ ཤིན་ཏུ་འབར་བ་ཡིས། །ཤིང་གི་ལྕུག་ཕྲན་བསྲེགས་དང་མཚུངས། །ཡེ་ཤེས་རང་བཞིན་འབར་བ་ཡིས། །ཐུབ་ཁྱོད་ཉི་མས་ཉོན་མོངས་པའི། །རང་བཞིན་འདམ་ནི་སྐེམས་མཛད་པ། །འདི་ནི་ཉི་མའི་འོད་དང་མཚུངས། །ཁྱོད་ཀྱི་གསུང་གིས་མི་ཡི་སེམས། །བྱ་བ་མ་ཡིན་ལས་ བཟློག་པ། །ཁ་ལོ་སྒྱུར་ཆེན་ཞགས་པ་ཡིས། །བ་གླང་མོ་འཁྲུལ་ཟློག་དང་མཚུངས། །གལ་ཏེ་རེ་བ་ཁྱོད་གཅིག་པུ། །ཉོན་མོངས་འཆིང་བ་ལས་གྲོལ་ན། །འོན་ཀྱང་གཞན་དག་གྲོལ་མཛད་པས། །ཕལ་ཆེར་མཆོད་འོས་ཉིད་དུ་འགྱུར། །ཁྱོད་ཀྱི་གསུང་གི་འོད་ཟེར་གྱིས། །ཉོན་ མོངས་ཀྱིས་གདུངས་ཚིམ་མཛད་པ། །སོས་ཀའི་ཚ་བས་གདུངས་པ་ལ། །མཚན་མོའི་ཟླ་ཟེར་ཇི་བཞིན་ནོ། །གདུལ་བྱའི་སྐྱེ་བོ་ཆོས་ཀྱིས་ནི། །སྐོམ་གདུངས་ཁྱོད་ཞལ་རྟོག་པ་ནི། །ཁུག་རྟ་སྐོམ་གྱིས་གདུངས་པ་ནི། །དབྱར་གྱི་ཆར་སྤྲིན་ཚོགས་ལྟར་མཚུངས། །ཁྱོད་གསུང་ཆོས་ ཀྱི་སྒྲ་ཡིས་ནི། །གདུལ་བྱ་ཀུན་ལ་དགའ་མཛད་པ། །སྙན་པའི་གླུ་ཡི་སྒྲ་ཡིས་ནི། །རི་དགས་འགྲོ་བའང་སྡོད་དང་མཚུངས། །སྐྱབས་འདོད་གང་དག་སྐྱབས་འོས་པ། །ཁྱོད་ལ་སྐྱབས་སུ་མི་མཆི་སྟེ། །མུ་སྟེགས་ལ་ནི་སྐྱབས་འགྲོ་བ། །སྐྱབས་མེད་ཡུན་རིང་སྡུག་བསྔལ་འགྱུར། ། བརྒྱ་བྱིན་མིག་ནི་སྟོང་གིས་ཀྱང་། །དེ་ཉིད་མཐོང་བར་མ་གྱུར་གང་། །ཁྱོད་ཀྱིས་ཡེ་ཤེས་སྤྱན་གྱིས་དེ། །གཟིགས་ཤིང་གཞན་ལའང་སྟོན་པར་མཛད། །བསྟན་བཅོས་ངས་ཤེས་རློམ་པ་ཅན། །རྩོད་པ་སྨྲ་བ་མང་པོ་ནི། །ཁྱོད་ཀྱི་གཟིགས་པས་ཞུམ་གྱུར་ཅིང་། །བུང་བ་ལྟ་བུར་ རྣམ་པར་འཁོར། །ཁྱོད་ཀྱི་གསུང་ནི་གཅིག་ཙམ་གྱིས། །ཕ་རོལ་ཚར་གཅོད་མཛད་པ་ན། །གཞན་དག་མི་སྨྲའི་ཚུལ་གནས་པ། །དགུན་གྱི་ཁུ་བྱུག་ལྟ་བུ་ལགས། །ཁྱོད་ཀྱི་སློབ་མ་བཟང་པོའི་ཤིང་། །དགེ་བའི་མེ་ཏོག་ཆེས་རྒྱས་པ། །དཔྱིད་ཀའི་ཤིང་ནི་མེ་ཏོག་གིས། །བརྒྱན་ པ་ལྟ་བུར་མཛེས་པ་ལགས། །ཐུབ་པ་ཁྱོད་ཀྱི་བློ་གྲོས་མདས། །ཤེས་བྱའི་འབེན་ནི་ཕུག་གྱུར་ཏེ། །དགའ་བྱེད་གྲོང་ན་གཞུ་རྒྱལ་གྱིས། །སྔོན་ཆད་ཕུག་པར་མ་གྱུར་ཏོ། །མཁས་པར་རློམ་པའི་དྲེགས་པ་ཅན། །ཁྱོད་ཀྱི་ཐར་ལམ་མ་འཚལ་བས། །སྲིད་པའི་དགོན་པར་འཁྱམས་ གྱུར་པ། །འབྲོག་སྟོང་དམུས་ལོང་ཚོགས་དང་མཚུངས། །ལས་འབྲས་ཡོད་དམ་མེད་འགྱུར་ཞེས། །འཇིག་རྟེན་པ་ནི་ཐེ་ཚོམ་སྐྱེ། །དགེ་བའི་ལས་ཀྱི་དཔང་པོར་ནི། །གྱུར་པ་ཁྱོད་སྐུ་འདི་ལགས་སོ། །ཡོན་ཏན་རྒྱ་མཚོ་ཁྱོད་ཡོན་ཏན། །མཐར་ཐུག་བདག་གིས་མི་རྟོགས་ཏེ། ། ནམ་མཁའ་བཻ་ཌཱུརྱ་སྔོ་མདོག །བྱ་ཡིས་མཐའ་རྟོགས་མི་འགྱུར་མཚུངས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་དཔེ་ལས་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བཅུ་གསུམ་པའོ།། །།སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་ བསྔགས་པར་འོས་པ་བསྔགས་པ་ཞེས་བྱ་བ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏྲི་རཏྣ་མཾ་ག་ལ་སྟོ་ཏྲཾ། བོད་སྐད་དུ། དཀོན་ མཆོག་གསུམ་ལ་བཀྲ་ཤིས་ཀྱི་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐུབ་པ་རབ་ཏུ་དག་པའི་གསེར་ཞུན་མདོག་འདྲ་འདོམ་གང་འོད་ཀྱི་དཀྱིལ་འཁོར་ཅན། །པདྨ་རྒྱས་འདྲའི་སྤྱན་མངའ་ཞལ་རས་ཟླ་འདྲ་དབུ་སྐྲ་བུང་བའི་མདོག་ལྟ་བུ། །ཚངས་པ་བརྒྱ་ བྱིན་ཀུ་བེ་ར་དང་བདུད་ཀྱི་ཅོད་པན་པདྨའི་ཞབས་གཏུགས་པ། །སངས་རྒྱས་ཉི་མ་ཤིན་ཏུ་དྲི་མེད་དམ་ཆོས་འོད་ཟེར་འབྱུང་ལ་ཕྱག་འཚལ་ལོ། །ཤིན་ཏུ་ཆེ་བའི་སངས་རྒྱས་ཉི་མ་རིགས་པའི་འོད་ཟེར་འཕྲོ་བ་དེ་ཉིད་ལས། །དམ་པའི་ཆོས་ཀྱི་འོད་ཟེར་གང་དག་རྣམ་པར་འཕྲོས་པས་ཕྱོགས་ ཀུན་གསལ་མཛད་ཅིང་། །གང་གིས་འཇིག་རྟེན་རྒྱུན་དུ་གཉིད་ཀྱིས་ལོག་པ་འདི་དག་ཡང་དག་སད་མཛད་པ། །གང་ཞིག་རྟོགས་པས་ཐུབ་རྣམས་ཞི་བར་གཤེགས་པའི་དམ་ཆོས་དེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཉི་མའི་འོད་ཟེར་དེ་དག་ཉིད་ཀྱིས་རྒྱས་མཛད་གྲགས་པ་གང་། །ཐོས་ པའི་རྫིང་བུ་ཚུལ་ཁྲིམས་དྲི་ཞིམ་བྱང་ཆུབ་ཡན་ལག་རྣམས་ཀྱི་སྡོང་བུ་མཛེས། །བསམ་གཏན་གཟུགས་མེད་དག་གི་ཆུ་བསིལ་རྣམ་དག་མྱ་ངན་འདས་པའི་སྙིང་པོ་བཟང་། །ས་སྟེང་དགེ་འདུན་པདྨའི་ཚལ་རྒྱས་དག་ལ་གུས་པས་ལེགས་པར་མཆོད་ཕྱག་འཚལ། །དཀོན་མཆོག་གསུམ་ལ་ བཀྲ་ཤིས་ཀྱི་བསྟོད་པ་སློབ་དཔོན་མ་ཏྲི་ཙི་ཊས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་དྱཱ་ཀ་ར་སིཾ་ཧ་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། སཾ་མྱག་ སཾ་བུདྡྷཱ་ལཀྵ་ཎ་སྟོ་ཏྲཾ། བོད་སྐད་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ལ་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་རྣམས་ཀྱིས་རྒྱ་ཆེར་མཆོད་གྱུར་ཅིང་། །བཅོམ་ལྡན་མཛེས་པ་ཡིད་འོང་མཐའ་ཡས་དང་ལྡན་པའི། །ཟས་གཙང་ རིགས་རྣམས་ཀྱི་ནི་རྒྱན་གྱི་མཆོག་གྱུར་པ། །གངས་རི་ལྟ་བུར་རྒྱ་ཆེར་མཛེས་ལ་ཕྱག་འཚལ་ལོ། །གང་ཞིག་ཁུ་བྱུག་བུང་བ་སྔོན་པོ་ལྟ་བུར་འཇམ་གནག་འཁྱིལ་ཅིང་མཛེས་པའི་དབུ། །གསེར་གྱི་རི་ངོས་ཙམ་པ་ཀ་དང་ལྡོང་རོས་ལྟ་བུར་དཔྲལ་བ་དྲི་མ་མེད། །གངས་དངུལ་ཀུ་མུ་ད་དང་ པད་རྩ་མུ་ཏིག་ཟླ་འོད་ལས་ལྷག་མཛོད་སྤུ་དཀར། །གཙོ་མའི་གསེར་གྱི་ཁ་དོག་ལྟ་བུར་འཕྱང་ཞིང་རབ་ཏུ་མཛེས་པའི་སྙན། །ཨིནྡྲ་ནཱི་ལ་བུང་བ་སྤྲིན་གནག་དང་འདྲ་སྨིན་མ་དྲི་མེད་འཇམ། །ཤངས་ཀྱི་གཟངས་མཐོ་རབ་མཛེས་སྨིན་མ་རྒྱས་པ་ལྟ་བུར་མཁུར་ཚོས་དམར། །མཆུ་ ནི་བིམ་པ་གཞོན་བཞིན་འགྲམ་པ་སེང་གེ་དང་འདྲ་ཀོས་ཀོའི་དཀྱིལ་འཁོར་མཛེས། །མཉམ་ལ་ཐགས་བཟངས་ཚེམས་མངའ་ཨུཏྤལ་རྒྱས་པའི་འདབ་ལྟར་དཀྱུས་རིང་མཉེན་པའི་ལྗགས། །ངང་པ་ཁུ་བྱུག་ཀ་ལ་པིངྐ་ལྟ་བུར་ཟབ་ཅིང་ཡིད་དུ་འོང་བའི་ངག །ལྷ་རྔ་མཆོག་དང་འབྲུག་ དང་ཚངས་དབྱངས་ལྟ་བུར་སྙན་ཅིང་དྲི་མ་མེད་པའི་གསུང་། །ཟླུམ་རྒྱས་མགུལ་ནི་དུང་འདྲ་ཡངས་ཤིང་རྒྱས་པའི་ཐལ་གང་མཐོ། །གསེར་སྦྱངས་དང་འདྲ་དྲི་མེད་གསེར་གྱི་རི་ངོས་མཚུངས་ཤིང་ཕྲག་གོང་དྲི་མ་མེད། །སུམ་ཅུ་རྩ་གསུམ་གླང་པོའི་སྣ་འདྲ་བཙོ་མའི་གསེར་གྱི་ཁ་དོག་ ལྟ་བུའི་ཕྱག །མཛེས་པར་འཁྱིལ་ཞིང་བཀྲ་ཤིས་ལྕགས་ཀྱུ་ཉ་དང་འཁོར་ལོ་དག་གིས་ཕྱག་མཐིལ་མཚན། །བུང་བའི་ལུས་དང་ཁུ་བྱུག་མདོག་འདྲ་བ་སྤུ་རེ་རེ་ནས་གཡས་ལེགས་པར་འཁྱིལ། །གསེར་གྱི་རི་རྩེ་པདྨ་རཱ་ག་མྱུ་གུ་འཐོན་པས་ཁྱབ་པ་དང་འདྲ་བ། །མཆོག་གི་རབ་ མཆོག་པདྨ་རཱ་ག་ལྟ་བུ་དབུས་ནས་ལྟེ་བ་གཡས་ཕྱོགས་འཁྱིལ། །མདོམས་ཀྱི་སྦ་བ་སྦུབས་ནུབ་པུས་མོའི་ལྷ་ངའི་དཀྱིལ་འཁོར་འབར་འབུར་མེད་ཅིང་མཉམ། །གསེར་གྱི་ཆུ་ཤིང་འཛམ་བུ་ན་དེ་དང་ནི་གསེར་གྱི་ཏ་ལ་འདྲ་བའི་བརླ། །ལེགས་སྐྱེས་རིམ་གྱིས་ཕྲ་ཞིང་རབ་མཛེས་ སེང་གེ་རི་དགས་ལྟ་བུར་རྗེ་ངར་ཟླུམ། །ངང་པའི་རྒྱལ་པོ་དང་འདྲ་མཉམ་ལ་དྲ་བས་འབྲེལ་ཞིང་རབ་ཏུ་མཛེས་པའི་ཞབས། །དལ་ཞིང་བརྟན་ལ་མི་གཡོ་སེང་གེ་དང་ནི་གླང་པོའི་སྟབས་འདྲ་མཛེས་པར་གཤེགས། །ངོས་དམར་མཚམས་ཀྱི་ཉི་མ་དམར་བས་ཁྱབ་པ་ལྟ་བུར་འོད་ ཟེར་རྣམ་པར་འཕྲོ། །གསེར་དང་ནོར་བུ་ཆུ་ཤེལ་ལྟ་བུར་མཛེས་ཤིང་ཡིད་དུ་འོང་བའི་སྐུ། །དྲི་མེད་ཉི་མ་དབང་པོའི་གཞུ་འདྲ་བཅོམ་ལྡན་གཡས་ཕྱོགས་གཤེགས་པའི་སྐུ། །རྫུ་འཕྲུལ་རྐང་པའི་ཞབས་བརྟན་ཡང་དག་བརྩོན་འགྲུས་མཛེས་པའི་སྣམ་ལོགས་ཅན། །བཅོམ་ ལྡན་སེང་གེ་མཆོད་བྱས་ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་ཞབས། །བདུད་ཀྱི་བུ་མོས་ཟུར་མིག་བལྟ་བས་གང་ཞིག་མི་གཡོ་ཏིང་འཛིན་རི་ལྟར་བརྟན། །དཔའ་བོའི་མཚོན་གྱིས་མི་བསྙིལ་ཅོད་པན་གྱིས་གཏུགས་དབང་ཆེན་རྣམས་ལ་མགོས་ཕྱག་ འཚལ། །དེ་ལྟར་བཅོམ་ལྡན་འདས་ལ་བདག་གིས་མངོན་པར་བསྟོད་པ་བགྱིས་པ་ལས། །བདག་གིས་དགེ་བ་གང་བསགས་དེས་ནི་འགྲོ་ཀུན་སངས་རྒྱས་མྱུར་འགྲུབ་ཤོག། །།ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ལ་བསྟོད་པ་སྙན་དངགས་མཁན་ཆེན་པོ་ སློབ་དཔོན་མ་ཏི་ཙི་ཊས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨེ་ཀོཏྟ་རི་ཀ་སྟ་བ། བོད་སྐད་དུ། གཅིག་ལས་འཕྲོས་པའི་བསྟོད་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཆོས་གཅིག་ལ་ནི་མངོན་དགྱེས་ཤིང་། །ནགས་སུ་གཅིག་ པུར་བཞུགས་པ་དང་། །འཇིག་རྟེན་རྣམས་ཀྱི་མིག་གཅིག་གྱུར། །འཇིག་རྟེན་མིག་གཅིག་ཕྱག་འཚལ་ལོ། །རྐང་གཉིས་རྣམས་ཀྱི་མཆོག་གྱུར་པ། །བདེན་པ་གཉིས་ནི་རྣམ་པར་བསྒོམས། །གྲོགས་གཉིས་པ་ནི་མི་མངའ་བ། །གཉིས་མེད་གསུང་ལ་ཕྱག་འཚལ་ལོ། །ཏིང་ འཛིན་གསུམ་དང་ལྡན་པ་དང་། །དཀོན་མཆོག་གསུམ་པོ་ཆ་མཉམ་ཞིང་། །སྡུག་བསྔལ་གསུམ་གྱི་ཆུ་ལས་རྒལ། །འཇིག་རྟེན་གསུམ་འཚོ་ཕྱག་འཚལ་ལོ། །བསྟན་པ་རྣམ་པ་བཞི་པོ་དང་། །བསམ་གཏན་བཞི་ཡི་རྣམ་པ་ཅན། །སྦྱོར་བ་བཞི་དང་རྣམ་བྲལ་བ། །བདེན་ བཞི་མཁྱེན་ལ་ཕྱག་འཚལ་ལོ། །ཕུང་པོ་ལྔ་ཡི་ཆགས་བྲལ་ཞིང་། །དབང་པོ་ལྔ་ནི་རྣམ་པར་བསྒོམས། །ཡན་ལག་ལྔ་དང་རྣམ་བྲལ་བ། །འགྲོ་ལྔ་གཅོད་ལ་ཕྱག་འཚལ་ལོ། །དབང་དྲུག་ཆུ་བོ་ལ་གནས་ཤིང་། །རྒྱུན་དྲུག་ལ་ནི་རྣམ་པར་གནས། །ཕ་རོལ་ཕྱིན་དྲུག་ཡོངས་སུ་ རྫོགས། །མངོན་ཤེས་དྲུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཡན་ལག་རིན་ཆེན་བདུན། །འཕགས་པའི་ནོར་བདུན་སྩོལ་བ་པོ། །ཡན་ལག་བདུན་དང་རྣམ་བྲལ་བ། །སྲིད་བདུན་གཙོ་ལ་ཕྱག་འཚལ་ལོ། །ཡན་ལག་བརྒྱད་ལས་བྱུང་བ་ཡི། །གང་ཟག་བརྒྱད་ནི་སྟོན་མཛད་ཅིང་། ། འཇིག་རྟེན་ཆོས་བརྒྱད་སྤངས་པ་པོ། །མི་ཁོམ་བརྒྱད་འཇོམས་ཕྱག་འཚལ་ལོ། །གནས་དགུའི་ཆགས་ལས་རྣམ་གྲོལ་ཞིང་། །ཁོང་ཁྲོ་དགུ་ནི་རྣམ་པར་སྤངས། །ཤིན་ཏུ་སྦྱངས་པ་དགུ་བརྙེས་པ། །ས་དགུ་མཁྱེན་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་འདུན་བཅུ་ཆོས་ ཅན། །སྒྲིབ་པ་བཅུ་ནི་གཅོད་པར་མཛད། །འཕགས་པའི་གནས་བཅུ་ལ་དགྱེས་པ། །སྟོབས་བཅུ་ལྡན་ལ་ཕྱག་འཚལ་ལོ། །དེ་ལྟར་འཕགས་པ་སྟོབས་བཅུ་ལྡན་ལ་ཚིག་གིས་མཆོད་པའི་ཕྱིར། །བསྟོད་པས་དེར་ནི་བདག་གིས་དགེ་བའི་རྩ་བ་གང་ཐོབ་པ། །དེས་འདིར་དམྱལ་ དང་ཡི་དགས་དུད་འགྲོའི་སྡུག་བསྔལ་གྱིས་ཁྱབ་པའི། །འགྲོ་བ་སྲིད་པའི་རྒྱ་མཚོ་ལས་ནི་རྒལ་བའི་རྒྱུར་གྱུར་ཅིག །གཅིག་ལས་འཕྲོས་པའི་བསྟོད་པ་སློབ་དཔོན་མ་ཏི་ཙི་ཊས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སུ་ག་ཏ་པཉྩ་ཏྲིཾ་ཤ་ཏ་རཏྣ་ནཱ་མ་མཱ་ལ་ སྟོ་ཏྲཾ། བོད་སྐད་དུ། བདེ་བར་གཤེགས་པ་སུམ་ཅུ་རྩ་ལྔའི་བསྟོད་པ་མཚན་རིན་པོ་ཆེས་སྤྲས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབས་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་ སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱིས་གདུལ་དཀའ་བ། །སྙིགས་མ་ལྔ་ཡི་རྩོད་དུས་འདིར། །བརྩོན་འགྲུས་དྲག་པོས་སངས་རྒྱས་པ། །ཤཱཀྱ་ཐུབ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྙིང་པོ་བྱང་ཆུབ་མཆོག་བརྙེས་པ། །བདུད་དཔུང་རྡོ་རྗེ་སྙིང་པོ་ཡིས། ། རབ་ཏུ་འཇོམས་ལ་ཕྱག་འཚལ་ལོ། །རིན་ཆེན་སྐུ་ལས་འོད་འཕྲོས་པས། །ངན་སོང་སྡུག་བསྔལ་ཞི་མཛད་ཅིང་། །བདུད་རྣམས་རྣམ་པར་སྐྲག་མཛད་པ། །རིན་ཆེན་འོད་འཕྲོ་ཕྱག་འཚལ་ལོ། །ཇི་ལྟར་ཀླུ་ཆེན་དབང་པོ་ཡིས། །གླིང་རྣམས་ཆར་གྱིས་ཚིམ་བྱེད་ལྟར། །སྟོང་གསུམ་ ཆོས་ཀྱི་ཆར་འབེབས་པ། །ཀླུ་དབང་རྒྱལ་ལ་ཕྱག་འཚལ་ལོ། །དཔའ་བོ་ཁྱོད་ཀྱི་བསྟན་པ་འདིས། །བདུད་དང་མུ་སྟེགས་སྐྲག་མཛད་ཅིང་། །གདུལ་བྱ་ཀུན་མཁྱེན་འགོད་མཛད་པའི། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་གཞན་དོན་རབ་བསྒོམས་པས། །ཉིད་ཀྱི་ སྐུ་སྲོག་གཏོང་བ་ལ། །འགུམས་པ་སོས་ལྟར་རབ་དགྱེས་པ། །དཔལ་དགྱེས་ལ་ཡང་ཕྱག་འཚལ་ལོ། །མཁས་པ་རྣམས་ལ་དོན་སྣང་མཛད། །བར་མའི་རྒྱུད་རྣམས་སྨིན་མཛད་ཅིང་། །ཐ་མའི་ཉོན་མོངས་སྲེག་མཛད་པ། །རིན་ཆེན་མེ་ལ་ཕྱག་འཚལ་ལོ། ། སངས་རྒྱས་ཀུན་དང་སྐལ་པ་མཉམ། །ཆོས་ཀྱི་ཤེས་རབ་སྣང་བ་ཡིས། །ཕྱོགས་རྣམས་སྣང་བར་མཛད་དེ་འཁྲུངས། །རིན་ཆེན་ཟླ་འོད་ཕྱག་འཚལ་ལོ། །སྐུ་ནི་བལྟ་བས་མི་ངོམས་ཤིང་། །འདོམ་གང་འོད་ཀྱིས་ས་ལེ་བ། །གང་གིས་ཁྱོད་མཐོང་སྐལ་ལྡན་པས། །མཐོང་བ་དོན་ ཡོད་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ནི་རིན་ཆེན་མཆོག །དྲི་མེད་སྤྲོས་བྲལ་སངས་རྒྱས་པས། །འགྲོ་ཀུན་ཉོན་མོངས་གདུང་བ་སེལ། །རིན་ཆེན་ཟླ་བ་ཕྱག་འཚལ་ལོ། །དམ་ཆོས་དྲི་མ་མེད་པའི་ཆུས། །ཐོག་མར་བདག་ཉིད་དག་མཛད་ནས། །གཞན་དག་མཆོག་ཏུ་དག་མཛད་ པ། །དྲི་མེད་དཔལ་ལ་ཕྱག་འཚལ་ལོ། །བསོད་ནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་ཀུན་ལ་ཡོངས་བསྔོ་བར། །ཐུབ་པ་ཁྱོད་ཀྱིས་སྟོན་མཛད་པ། །དཔལ་སྦྱིན་ལ་ཡང་ཕྱག་འཚལ་ལོ། །རིག་དང་ཞབས་སུ་ལྡན་པ་པོ། །ཚངས་པ་ལགས་པར་བྲམ་ཟེས་བཞེད། ། རིག་དང་ཞབས་དེ་ཁྱེད་ལ་མངའ། །ཚངས་པའི་མཚན་ལ་ཕྱག་འཚལ་ལོ། །ཚངས་པའི་ཞབས་བཞི་རབ་བསྒོམས་ཤིང་། །ཚངས་སྤྱོད་འབྲས་བུ་མཆོག་བརྙེས་པ། །ཚངས་པས་འཁོར་ལོ་བསྐོར་བར་བསྐུལ། །ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །ཐུགས་ནི་དཀའ་ ཐུབ་བརྟུལ་ཞུགས་དག །ཡང་དག་བླངས་པ་གཙང་མར་མཛད། །ཉོན་མོངས་སྡིག་པ་འཁྲུད་མཛད་པ། །ཆུ་ཡི་ལྷ་ལ་ཕྱག་འཚལ་ལོ། །འཇིག་རྟེན་པ་དག་བདེ་བྱེད་མཆོད། །བདེ་བྱེད་ཀླུ་ཆེན་མ་དྲོས་མཆོད། །ཆུ་ལྷ་དེས་ཀྱང་ཁྱོད་མཆོད་པས། །ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །འདྲེན་ པ་ཀུན་གྱིས་མཆོད་གྱུར་ཅིང་། །ཁྱོད་ནི་མཚུངས་མེད་རབ་ཞི་བས། །འགྲོ་བ་ཀུན་གྱི་དཔལ་མཛད་པ། །དཔལ་བཟངས་ལ་ཡང་ཕྱག་འཚལ་ལོ། །ཁྱོད་ལ་རྒོལ་བའི་ཉོན་མོངས་པ། །དོ་གལ་བྱེད་པ་ཐམས་ཅད་ཀྱང་། །ཙནྡན་སྤངས་པ་ལྟར་བསིལ་མཛད། །ཙནྡན་དཔལ་ ལ་ཕྱག་འཚལ་ལོ། །རྒྱལ་བའི་དཔལ་དང་གཟི་བརྗིད་ནི། །སུས་ཀྱང་འགྲན་པར་མི་བཟོད་དེ། །མིག་གིས་ཉི་མའི་དཀྱིལ་འཁོར་བཞིན། །གཟི་བརྗིད་མཐའ་ཡས་ཕྱག་འཚལ་ལོ། །ཐུབ་པའི་འོད་ཟེར་རབ་བྱུང་བས། །ང་རྒྱལ་ཁེངས་པ་ཞི་མཛད་ཅིང་། །དམན་རྣམས་སྤྲོ་ བ་བསྐྱེད་པར་མཛད། །འོད་དཔལ་ལ་ཡང་ཕྱག་འཚལ་ལོ། །ཨེ་མ་མྱ་ངན་འདས་པ་ཞི། །ཁྱེད་འདྲ་ཐུགས་རྗེའི་བདག་ཉིད་ཅན། །མངའ་བརྙེས་པ་ཡང་བདེ་གཤེགས་པས། །མྱ་ངན་མེད་དཔལ་ཕྱག་འཚལ་ལོ། །སྲེད་པ་མེད་པ་གོམས་མཛད་ཅིང་། །འདྲེན་པ་ཀུན་གྱི་ མཆོག་གྱུར་པ། །སྟོབས་ཆེན་ཐམས་ཅད་ཟིལ་གནོན་པ། །སྲེད་མེད་བུ་ལ་ཕྱག་འཚལ་ལོ། །རྣམ་པ་ཀུན་གྱི་མཆོག་ལྡན་པས། །མཛེས་པ་གཞན་ཀུན་ཟིལ་གྱིས་གནོན། །མཚན་དང་དཔེ་བྱད་རབ་རྒྱས་པ། །མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །ཚངས་པའི་དབྱངས་དང་འོད་ ཟེར་གྱིས། །འཇིག་རྟེན་ཐམས་ཅད་ཁྱབ་མཛད་པ། །ཚངས་པའི་འོད་ཟེར་རྣམ་པར་རོལ། །མངོན་པར་མཁྱེན་ལ་ཕྱག་འཚལ་ལོ། །འོད་ཀྱིས་གང་ལ་རེག་པ་ཡང་། །ཆགས་མེད་བདེ་བ་རབ་རྒྱས་པས། །པདྨའི་འོད་ཟེར་རྣམ་པར་རོལ། །མངོན་པར་མཁྱེན་ལ་ཕྱག་འཚལ་ལོ། ། ཐུབ་པའི་བསོད་ནམས་འོད་ཟེར་གྱིས། །འགྲོ་རྣམས་ཟང་ཟིང་ཚིམ་མཛད་པ། །ཁྱད་པར་འཕགས་པའི་ནོར་སྦྱིན་པ། །ནོར་དཔལ་ལ་ཡང་ཕྱག་འཚལ་ལོ། །དྲན་པ་རྣམས་ལ་མངའ་བརྙེས་པས། །ཐོགས་པ་མེད་ཅིང་རབ་མཁྱེན་པ། །གང་གིས་ཁྱོད་དྲན་ཕོངས་སེལ་བས། །དྲན་ པའི་དཔལ་ལ་ཕྱག་འཚལ་ལོ། །ཐུབ་པས་ཆོས་ཀྱི་འཁོར་ལོ་བསྐོར། །སྙན་པའི་བ་དན་ས་གསུམ་གྲགས། །ཡོན་ཏན་གྲངས་མེད་མཚན་གྱི་དཔལ། །ཤིན་ཏུ་ཡོངས་བསྒྲགས་ཕྱག་འཚལ་ལོ། །སྟོབས་དང་དབང་པོ་མཆོག་བརྙེས་པས། །ནག་པོའི་ཕྱོགས་རྣམས་ཕམ་མཛད་དེ། ། དབང་པོའི་སྤྱི་བཏུད་དབང་པོའི་ཏོག །རྒྱལ་མཚན་རྒྱལ་ལ་ཕྱག་འཚལ་ལོ། །དངོས་པོར་སྒྲོགས་པའི་ཏོག་གེ་པ། །ཕྲ་ཞིབ་ཡེ་ཤེས་རྡོ་རྗེ་ཡིས། །སེང་གེས་གླང་པོ་ཇི་བཞིན་དུ། །ཤིན་ཏུ་རྣམ་གནོན་ཕྱག་འཚལ་ལོ། །བདག་གཞན་ཉོན་མོངས་སྡེ་བཅོམ་པས། །ཁྱེད་ལས་དཔའ་ མཆོག་གཞན་མ་མཆིས། །འདོད་པའི་དབང་ཕྱུག་གཡུལ་ལས་རྒྱལ། །ཤིན་ཏུ་རྣམ་རྒྱལ་ཕྱག་འཚལ་ལོ། །བགྲོད་པ་གཅིག་པའི་ལམ་ཆེན་དུ། །འགྲོ་ཀུན་དེད་དཔོན་རབ་མཛད་དེ། །བདུད་དང་ངན་སོང་འཇིགས་ལས་སྒྲོལ། །རྣམ་པར་གནོན་ གཤེགས་ཕྱག་འཚལ་ལོ། །ཐུབ་པའི་རྫུ་འཕྲུལ་རྨད་བྱུང་བས། །སྤྲུལ་པ་བྱེ་བ་དཔག་མེད་འགྱེད། །གདུལ་བྱ་ཀུན་ལ་སྣང་གྱུར་པས། །ཀུན་སྣང་བཀོད་ལ་ཕྱག་འཚལ་ལོ། །མུ་སྟེགས་ཐར་པ་ཕྱིར་ལྡོག་ཅིང་། །ཉན་ཐོས་ཞི་བ་ཕྱོགས་གཅིག་ལ། །ཁྱོད་ཀྱི་ས་མཆོག་རིན་ཆེན་ རྣམས། །པདྨ་ལྟར་གནོན་ཕྱག་འཚལ་ལོ། །བསོད་ནམས་ཚོགས་ལས་རིན་པོ་ཆེ། །ཡེ་ཤེས་ཚོགས་རྫོགས་པདྨའི་གདན། །སྐུ་གསུམ་ལྷུན་གྲུབ་རབ་ཏུ་བཞུགས། །རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པ་སུམ་ཅུ་རྩ་ལྔའི་མཚན། །རིན་ཆེན་སྤྲས་པའི་ བསྟོད་པ་འདི་བརྗོད་པས། །ཐུབ་པའི་དབང་པོའི་སྤྱོད་པ་ཅི་འདྲ་བར། །བདག་གི་སྤྱོད་ཀྱང་དེ་དང་འདྲ་བར་ཤོག །བདེ་བར་གཤེགས་པ་སུམ་ཅུ་རྩ་ལྔའི་བསྟོད་པ་མཚན་རིན་པོ་ཆེས་སྤྲས་པ་ཞེས་བྱ་བ་སློབ་དཔོན་མ་ཏི་ཙི་ཊས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པ་ད་སྱ་ཨཥྚ་ཀ་སྟོ་ཏྲཾ། བོད་སྐད་དུ། ཚིག་བརྒྱད་པའི་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཟླ་རྒྱས་ཞལ་འདྲ་ཁྱུ་མཆོག་འདྲ་བའི་སྤྱན། །སེང་གེའི་སྒྲ་འདྲ་གླང་པོའི་སྟོབས་འདྲ་ཞིང་། །རི་དབང་རྒྱལ་བརྟན་རྒྱ་མཚོ་འདྲ་བའི་ཐུགས། །ལྷ་དབང་བླ་མའི་ ཐུགས་དབང་ཕྱག་འཚལ་ལོ། །སྤྱན་གསུམ་སྤྱན་ལེགས་པདྨ་ལྟར་ཡངས་སྤྱན། །གནོད་སྦྱིན་ཀླུ་ཡི་མི་འདྲས་གཟིགས་མཛད་ཅིང་། །ཐར་པ་ཐོབ་མཛད་སྤྱན་ནི་དཀྱུས་རིང་བ། །སྤྱན་སྟོང་གཟིགས་པ་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་མཆོག་དུ་མའི་ཡན་ལག་མཆོག་གིས་བཏུད། ། བཙོ་མའི་གསེར་ལྟར་འབར་སྐུ་མཆོད་འོས་སྐུ། །མཚན་བཟངས་མཛེས་པས་རྣམ་པར་བརྒྱན་པའི་སྐུ། །བདེ་གཤེགས་དེ་ལ་སྤྱི་བོས་ཕྱག་འཚལ་ལོ། །བློ་གྲོས་རྒྱས་ཤིང་གསེར་ལྟར་དྲི་མ་མེད། །བློ་གྲོས་གྲགས་ཤིང་མཁས་པའི་བློ་དང་ལྡན། །སངས་རྒྱས་མཁའ་ལྟར་དྲི་མེད་སྤྱན་ མངའ་བ། །དཔའ་བོ་མི་གཡོ་བློ་མངའ་དེ་ལ་འདུད། །སྨྲ་བའི་མཆོག་གྱུར་སྙན་པའི་དོན་གསུང་བ། །ཡང་དག་དོན་གསུང་འདུལ་བའི་དོན་གསུང་ཞིང་། །སྨྲ་བའི་དབང་ཕྱུག་རྒོལ་བས་མི་བསྐྱོད་གསུང་། །བདེན་བཞི་གསུང་བའི་རྒྱལ་ལ་ཕྱག་འཚལ་ལོ། །གཞན་དུ་མི་འདུལ་ འདུལ་བའི་དོན་དུ་འདུལ། །ཉོན་མོངས་སྤོང་སོགས་རྣམས་པར་དག་པས་འདུལ། །ཐུབ་པ་ཚུལ་སྤྱོད་ཆེན་པོས་ལེགས་པར་མཛད། །སྙོམས་ཤིང་མཛེས་པའི་ཚེམས་ལྡན་མགོན་ལ་འདུད། །བསོད་ནམས་དཔག་མེད་བསགས་པས་སྐུ་མཛེས་ལ། །འདོམ་གང་འོད་ཀྱི་དཀྱིལ་ འཁོར་འབར་བའི་སྐུ། །གསེར་སྦྱངས་བཙོ་མ་ལྟ་བུར་དྲི་མེད་སྐུ། །སྲིད་ལས་གྲོལ་སྐུ་རྒྱལ་ལ་ཕྱག་འཚལ་ལོ། །འཁོར་ལོས་ཞབས་གནས་མཆོག་གི་མཚན་ལྡན་ཞབས། །ལྷ་དབང་སྤྱི་བོས་ལེགས་པར་བཏུད་པའི་ཞབས། །ཞབས་སོར་དྲ་བས་ལེགས་བརྒྱན་མཛེས་པའི་ཞབས། ། དཔལ་བེའུ་གཡུང་དྲུང་གིས་མཚན་ཞབས་ལ་འདུད། །ཚིག་བརྒྱད་པའི་བསྟོད་པ་དགེ་བསྙེན་མཐའ་ཡས་ལྷས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏྲི་རཏྣ་སྟོ་ཏྲཾ། བོད་སྐད་དུ། དཀོན་མཆོག་གསུམ་གྱི་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་ འཚལ་ལོ། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་བདག་ཕྱག་འཚལ། །ཚོགས་ཆེན་གཉིས་རྫོགས་མཁྱེན་བཞི་སྐུ་གསུམ་གྲུབ། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེ་མཁྱེན། །ཆོས་ སྐུ་མཁའ་འདྲ་གཟུགས་སྐུ་མཛེས་སྐུ་ལྡན། །སངས་རྒྱས་དཔག་བསམ་འདྲ་ལ་ཕྱག་འཚལ་ལོ། །ཆོས་ཉིད་རྒྱུ་མཐུན་གསུང་རབ་བཅུ་གཉིས་དང་། །ཆོས་ལ་སྐྱེ་འགག་མེད་ཅིང་སྤྲོས་ལས་དབེན། །དེ་ལ་དམིགས་ཏེ་ཡོན་ཏན་ཀུན་གྲུབ་པ། །ལེགས་རྒྱུ་དམ་པའི་ཆོས་ལ་ཕྱག་འཚལ་ ལོ། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་དག །གཉེན་པོས་རིམ་པར་བསལ་ནས་སར་བཞུགས་ཤིང་། །སེམས་ཅན་དོན་མཛད་སངས་རྒྱས་ཞིང་སྦྱོང་བ། །འཕགས་པའི་དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བསྟོད་པ་སློབ་དཔོན་ཆེན་པོ་མ་ཏི་ཙི་ཊས་ མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏྲི་རཏྣ་སྟོ་ཏྲ་བྲྀཏྟི། བོད་སྐད་དུ། དཀོན་མཆོག་གསུམ་ལ་བསྟོད་པའི་འགྲེལ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་གྱི་བླ་མ་དཀོན་ མཆོག་གསུམ་ལ་ཕྱག་འཚལ་བ་ལ་སོགས་པ་ནི་འགྲོ་བ་རྣམས་ཀྱི་མངོན་པར་འདོད་པའི་འབྲས་བུ་མཐའ་དག་སྐྱེད་པའི་རྒྱུ་ཡིན་པས་ན་དེའི་ཕྱིར་དེ་དག་ལ་ཕྱག་འཚལ་བ། སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་འདྲེས་པ་དང་མཚུངས་ པར་ལྡན་པའི་མ་རིག་པ་དག་མ་ལུས་པར་སྤངས་པ་ནི་སངས་རྒྱས་ཏེ་གཉིད་རབ་ཏུ་སངས་པ་བཞིན་ནོ། །ཡང་ན་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྤངས་པས་ཤེས་བྱ་མཐའ་དག་ལ་བློ་རྒྱས་པས་རྒྱས་པ་སྟེ་པདྨ་རབ་ཏུ་རྒྱས་པ་ལྟ་བུའོ། །དེ་ལྟར་ན་དེ་དག་གི་ནི་སྤངས་པ་ དང་ཡེ་ཤེས་ཕུན་སུམ་ཚོགས་པས་བསྟོད་པ་སྟེ། ཉིད་ཀྱི་དོན་ཕུན་སུམ་ཚོགས་པའོ། །གཞན་གྱི་དོན་ཕུན་སུམ་ཚོགས་པའི་དབང་དུ་བྱས་ཏེ། གཙོ་ཞེས་སྨོས་པ་ལས་ས་གསུམ་གྱི་དབང་ཕྱུག་ཆེན་པོར་གྱུར་པས་ན་གཙོ་བོ་སྟེ། དེ་དག་མ་ལུས་པས་འདོན་པས་ལྕི་བ་ནི་གཟུགས་ལ་ ལ་ལྕི་བར་གྱུར་པས་སྲོང་གི་མགོ་གནོན་པ་ལྟ་བུའོ། །དེས་ནི་ཐམས་ཅད་ཟིལ་གྱིས་མནན་ནས་འདུལ་ཞེས་བསྟན་པར་འགྱུར་རོ། །ཡང་ན་ཕྱིན་ཅི་མ་ལོག་པའི་ཡོན་ཏན་རིན་པོ་ཆེ་སྦྱིན་པས་ན་བླ་མ་སྟེ། དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་སྒོ་གསུམ་གྱི་རབ་ཏུ་འདུད་པར་བྱེད་པའོ། ། སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་འདིས་ངན་འགྲོ་དང་སྲིད་པར་སྡུག་བསྔལ་བ་ལས་སྐྱོབ་ཅིང་སྡུག་བསྔལ་སེལ་ལ་བདེ་བ་སྦྱིན་པས་ན་སྐྱོབ་པ་ཞེས་བྱའོ། །དེ་ཉིད་ཀྱིས་ན་ཆོས་ཏེ་རྣམ་པར་ལྟུང་བ་ལས་འཛིན་པས་སོ། །དེ་ཡང་གང་གིས་དོན་དམ་པའི་ཆོས་དེ་ རྟོགས་ན་སླར་ངན་སོང་དང་འཁོར་བར་མི་ལྟུང་བའི་ཕྱིར་རོ། །དེ་རྟོགས་པའི་རྒྱུད་པའི་རྒྱུ་ནི་བསྟན་པའི་ཆོས་ཡིན་ལ། དངོས་ཀྱི་རྒྱུ་ནི་ལམ་གྱི་ཆོས་ཡིན་པས་དེ་དག་ལ་ཡང་བཏགས་ཏེ་འཛིན་པ་ཞེས་བརྗོད་དོ། །ཡང་ན་སྐྱོབ་པ་ཞེས་བྱ་བས་ནི་གཞན་ལ་ཕན་འདོགས་པ་ཕུན་སུམ་ཚོགས་ པ་བསྟན་ལ། ཆོས་ཞེས་བྱ་བ་ནི་རང་གི་མཚན་ཉིད་རྣམ་པར་དག་པ་འཛིན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་འདི་དག་ལྷའི་བུའི་བདུད་དག་གིས་ཀྱང་སྟོན་པ་དང་ལྟ་བ་ལས་མི་ཕྱེད་ པས་ན་དགེ་འདུན་ཏེ། དེ་ལ་སྟོན་པ་ལས་མི་ཕྱེད་པ་ནི་ཤེས་ནས་དད་པ་ཐོབ་པས་སོ། །ལྟ་བ་ལས་མི་ཕྱེད་པ་ནི་བདག་མེད་པའི་ཡེ་ཤེས་རྣམ་པར་དག་པ་ཐོབ་པའི་ཕྱིར་རོ། །དེ་ལ་ཉན་ཐོས་དང་རང་རྒྱལ་བ་དང་། བྱང་ཆུབ་སེམས་དཔའ་ཡང་རུང་སྟེ། ཀུན་དུ་སྦྱོར་བ་གསུམ་ སྤངས་པའི་འཕགས་པ་རྣམས་ནི་སློབ་པ་དང་མི་སློབ་པ་ཡང་རུང་སྟེ་དགེ་འདུན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཤེས་བྱའི་སྒྲིབ་པ་མཐའ་དག་ཀྱང་སྤངས་ལ། བསོད་ནམས་ཀྱི་ཚོགས་མཐའ་དག་ཀྱང་རྫོགས་པས་དགེ་འདུན་གྱི་ནང་དུ་བགྲང་བར་བྱ་བ་མ་ཡིན་ལ། ས་ གསུམ་གྱི་འགྲོ་བ་དམ་པ་དང་སློབ་པ་དང་མི་སློབ་པ་ཐམས་ཅད་ཀྱིས་མཆོད་པར་འོས་པས་དགྲ་བཅོམ་པ་ཆེན་པོ་ཞེས་ནི་བྱའོ། །དེ་ལྟར་མི་ཕྱེད་པ་ནི་རང་གི་དོན་ཐོབ་པ་ཡིན་ལ། གཞན་གྱི་དོན་ཐོབ་པར་བྱེད་པའི་ཕྱིར་ཆེ་ཞེས་སྨོས་སོ། །འདི་དག་གཞན་གྱི་ཡོན་སྦྱོང་བ་ཆེ་བས་ན་ཆེན་ པོ་སྟེ། ཕུལ་བ་དང་ཡོངས་སུ་ལོངས་སྤྱོད་པ་གཉིས་ཀྱིས་འགྲོ་བའི་རྫས་ལས་བྱུང་བའི་བསོད་ནམས་མཆོག་འཕེལ་བའི་ཕྱིར་ཏེ། དེ་ཡང་སློབ་པ་དང་མི་སློབ་པ་དེ་དག་ནི་ཅི་རིགས་པར་སྲེད་པའི་ཆ་ཤས་ལྷག་མ་ལུས་ཟས་དང་གོས་ལ་སོགས་པ་ལ་འདུན་པའི་འདོད་ཆགས་ཕྲ་མོ་བསྒོམ་ པས་སྤང་བར་བྱ་བ་ཡོད་པ་དང་། སྔོན་གྱི་རྣམ་པར་སྨིན་པའི་འབྲས་བུ་ཕུང་པོ་ལྔ་འཛིན་པས་ཟས་ལ་སོགས་པས་ད་དུང་གསོ་དགོས་པས་ལོངས་སྤྱོད་ཀྱི། སངས་རྒྱས་དང་ཆོས་ནི་དེ་ལྟ་མ་ཡིན་པས་སོ། །དེ་དག་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །གསུམ་པོ་དེ་དག་ ལ་རྟག་ཏུ་བདག་ཕྱག་འཚལ་ཞེས་བྱ་བ་ནི་དོན་གོ་སླའོ། །དེ་ལྟར་ཕྱག་འཚལ་བའི་རྣམ་པར་སྨིན་པའི་འབྲས་བུ་ནི་སངས་རྒྱས་ཀྱི་མཚན་བཟང་པོ་ཐམས་ཅད་ཀྱི་གཙོ་བོ་སྤྱི་གཙུག་བལྟར་མི་མཐོང་བ་འཐོབ་པའོ། །རྒྱུ་མཐུན་པའི་འབྲས་བུ་ལ་མྱོང་བ་རྒྱུ་མཐུན་ནི་འཁོར་བར་སྐྱེ་བ་ན་མགོ་ བོ་གདུགས་ལྟ་བུར་འགྱུར་བ་དང་། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་ལ་དགའ་བར་འགྱུར་བའོ། །དབང་གི་འབྲས་བུ་ནི་ཕྱི་རོལ་གྱི་དངོས་པོ་ཡིད་དུ་འོང་བ་རྣམས་དེའི་ཤེས་པའི་ཡུལ་དུ་འདུད་པ་ལྟར་སྣང་ཞིང་དགྱེད་པ་དང་གཟུང་དུ་མི་རུང་བ་ལྟར་སྣང་བར་ མི་འགྱུར་རོ། །དེ་ལྟར་དཀོན་མཆོག་གསུམ་ལ་བསྟོད་པ་མདོར་གསུངས་པ་དེ་དག་རབ་ཏུ་གསལ་བར་བསྟན་པས་འགྲོ་བ་དམ་པ་རྣམས་དེ་བས་ཀྱང་ཤས་ཆེར་དད་པར་བྱ་བ་དང་། རང་གི་ཚོགས་དྲི་མ་མེད་པ་བསགས་པའི་ཕྱིར་སློབ་དཔོན་མ་ཏི་ཙི་ཊའི་ཞལ་སྔ་ནས་བསྟོད་པ་གསུངས་པ། ཚོགས་ཆེན་གཉིས་རྫོགས་མཁྱེན་བཞི་སྐུ་གསུམ་གྲུབ། །ཅེས་བྱ་བ་ལ་སོགས་པ་བརྗོད་པ་ཡིན་ཏེ། འདིས་རྫོགས་པར་བྱེད་པས་ན་ཚོགས་ཏེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་དག་ཉིད་ཆེན་པོ་སྟེ་རང་བཞིན་དཔག་ཏུ་མེད་པ་དང་། བསྐལ་པ་དཔག་ཏུ་མེད་པ་ དང་། ཡུལ་དཔག་ཏུ་མེད་པ་ལ་བསགས་པའོ། །གཉིས་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་སོ། །དེ་ཡང་སྦྱིན་པ་དང་ཚུལ་ཁྲིམས་དང་། བཟོད་པ་ནི་བསོད་ནམས་ཏེ། བསམ་གཏན་དང་ཤེས་རབ་ནི་ཡེ་ཤེས་སོ། །བརྩོན་འགྲུས་ནི་དེ་གཉིས་ཀར་གཏོགས་སོ་ཞེས་ འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས་གསུངས་སོ། །དེ་གཉིས་རྫོགས་པ་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་དང་པོར་སྦྱོར་བའི་ལམ་སྦྱངས་ཤིང་གཉིས་པར་ས་བདུན་པའི་བར་དང་། གསུམ་པར་ས་བཅུ་པའི་བར་དུ་སྦྱངས་ཤིང་དག་པར་བྱས་པ་ནི་རྫོགས་ཤིང་མཐར་ ཐུག་པར་འགྱུར་བའོ། །དེས་ནི་རྒྱུ་ཁྱད་པར་ཅན་བསགས་པ་བསྟན་ནས། དེ་ནི་འབྲས་བུ་བསྟན་པའི་ཕྱིར་མཁྱེན་བཞི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཁྱེན་བཞི་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བཞིའོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཀུན་གཞི་རྣམ་ཤེས་གནས་གྱུར་ པ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་མཁྱེན་པའི་ཡེ་ཤེས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་བདག་མེད་པ་ལ་བདག་མེད་པར་མཁྱེན་པའི་ཡེ་ཤེས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ཀུན་རྫོབ་ཀྱི་ དངོས་པོ་མ་ལུས་པ་པདྨའི་འདབ་མ་ལྟར་མ་འདྲེས་པར་མཁྱེན་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པ་འགྲོ་བ་རྣམས་གདུལ་བའི་བྱ་བ་གང་ཡིན་པ་མ་ལུས་པ་མཛད་པ་མཁྱེན་པའོ། །དེ་དག་བསྡུས་པ་ནི་སྐུ་གསུམ་གྲུབ་ཅེས་བྱ་བས་བསྟན་ཏེ། དེ་ ཡང་བསོད་ནམས་ཀྱི་ཚོགས་ཆེན་པོའི་འབྲས་བུ་ནི། གཟུགས་ཀྱི་སྐུ་གཉིས་འགྲུབ་ལ། ཡེ་ཤེས་ཀྱི་ཚོགས་ཆེན་པོའི་འབྲས་བུ་ནི་ཆོས་ཀྱི་སྐུ་འགྲུབ་པའོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ཀྱི་སྐུ་གཟུང་བ་དང་འཛིན་པ་ལས་གྲོལ་བ་རང་བཞིན་གྱིས་འོད་གསལ་བ་ཙམ་གྱི་ཡེ་ཤེས་སོ། ། དེའི་ཆོས་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཡེ་ཤེས་ཐ་དད་པ་དུ་མ་ཚོགས་པས་ན་ཆོས་ཀྱི་ཚོགས་ཡིན་ལ། ཆོས་ཀྱི་སྐུ་ཞེས་བྱ་བ་ནི་ཀཱ་ཡའི་སྒྲ་ཚོགས་ལ་འཇུག་པས་སོ། །ཡེ་ཤེས་དེ་ཡང་དངོས་སུ་ན་ལོངས་སྤྱོད་རྫོགས་པའི་སྐུ་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སོ། །སོ་ སོར་རྟོག་པ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་ཡང་སྐུ་དེའི་ནང་གི་ཡེ་ཤེས་སྐྱེ་མཆེད་ཐ་དད་པ་ལ་རག་ལས་པ་ལས་གྲོལ་བ་ཀུན་རྫོབ་སྣ་ཚོགས་མཁྱེན་པ་དང་སྐུར་བསྟན་པས་གང་འདུལ་བར་འོས་པ་འདུལ་བའོ། །དེས་ནི་འདིར་སངས་རྒྱས་རྣམས་ཀྱི་སྐུ་ཐམས་ ཅད་ཀྱི་གཞི་ནི་རྣམ་པར་སྨིན་པའི་སྐུ་སྟེ། དེའི་མི་རྟོག་པའི་ཡེ་ཤེས་དང་། སྒོ་ལྔའི་ཡེ་ཤེས་ཀྱི་འོད་ཟེར་གྱི་སྣང་བ་ལས་ཆོས་དང་སྤྲུལ་པའི་སྐུར་བཞག་ཅིང་། དེ་གཉིས་ཀྱི་རྟེན་ཡེ་ཤེས་དང་བཅས་པ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བརྗོད་དོ། །ཡང་ན་བསོད་ནམས་ཀྱི་ཚོགས་མཐའ་ཡས་ པ་ལས་གྲུབ་པའི་ལུས་ཁྱད་པར་ཅན་དང་། དེའི་འོད་ཟེར་གཟུགས་ཁྱད་པར་ཅན་དུ་སྣང་བ་ནི་གཟུགས་ཀྱི་སྐུ་གཉིས་ཏེ། གང་མིག་གི་ཡུལ་དུ་གྱུར་པ་དེ་ཉིད་གཟུགས་སོ། །རང་བཞིན་གྱིས་འོད་གསལ་བར་སྣང་བའི་ཡེ་ཤེས་ནི་གཙོ་བོ་སྟེ། སྣ་ཚོགས་ཤེས་པ་དང་། བདག་མེད་པར་ཤེས་པ་ ཡང་ཡེ་ཤེས་ཀྱི་ཚོགས་ལས་བྱུང་བར་བརྗོད་པར་བྱའོ། །དེ་ལས་གཞན་པ་བདག་མེད་པ་ཙམ་དེ་ནི་དོན་དམ་པའི་ཆོས་དཀོན་མཆོག་ཏུ་བཞག་གི་སངས་རྒྱས་སུ་ནི་མི་གཞག་སྟེ། དེ་ནི་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཀྱི་ཡུལ་ཡིན་ལ། ཐོབ་པར་བྱ་བའི་འབྲས་བུར་གཞག་པར་བྱའོ། །དེས་ན་རང་གི་ མཚན་ཉིད་དང་ལྡན་པའི་སྐུ་ནི་གསུམ་ཁོ་ནར་བརྗོད་པར་བྱའོ། །དེ་ནི་སྐུ་གསུམ་པོ་དེའི་བདག་ཉིད་ལས་དང་། དཔེ་དང་། མཚན་ཉིད་ཀྱིས་གསལ་བར་བསྟན་པའི་ཕྱིར། རྣམ་རྟོག་མི་མངའ་ཅི་ཡང་ས་ལེ་མཁྱེན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་རྟོག་པའི་ རིགས་གསུམ་མམ་བཞི་དང་བྲལ་བའི་ཕྱིར་རྣམ་པར་རྟོག་པ་མི་མངའ་བ་སྟེ། གཉིས་སུ་འཛིན་པ་མཐའ་དག་དྲུངས་ནས་ཕྱུང་བའི་ཡེ་ཤེས་ཆེན་པོའོ། །དེའི་ཕྱིར་མི་མངའ་ཞེས་བྱ་བའི་དགག་པ་འདི་ནི་མ་ཡིན་པར་དགག་པ་སྟེ། རྣམ་པར་རྟོག་པའི་རིགས་དེ་དག་ནི་ཡོད་པ་མ་ཡིན་ལ། དེས་ དབེན་པའི་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བ་ནི་མངའ་བས་སོ། །དེས་ན་དེས་ཅི་ཡང་རུང་སྟེ་ཆོས་ཅི་ཡང་རུང་བ་རྡུལ་ཕྲ་རབ་དང་རི་རབ་ལ་སོགས་པ་དེ་དག་ས་ལེ་ཞེས་བྱ་བ་རབ་ཏུ་གསལ་བར་མཁྱེན་པ་སྟེ། ཇི་ལྟར་མཁྱེན་ཞེ་ན། སྒྲའི་སྤྱིའི་རྣམ་པར་རྟོག་པའི་སྒྲོ་བཏགས་པ་དང་སྐུར་བ་ བཏབ་པ་དང་བྲལ་ཞིང་ཕན་ཚུན་མི་སྒྲིབ་ལ་ཐོགས་པ་མེད་ཅིང་མུན་པ་མེད་ལ་ཤེལ་དང་ལྷང་ཚེར་ལྟར་གསལ་བའི་རྣམ་པར་དབྱེར་མེད་པར་མཁྱེན་ཏེ། དེ་ཉིད་ཡེ་ཤེས་དེའི་ལས་ཡིན་ནོ། །དེའི་དཔེ་བསྟན་པ་ནི་ཆོས་སྐུ་མཁའ་འདྲ་ཞེས་བྱ་སྟེ། འདུས་མ་བྱས་ནམ་མཁའ་ཐོགས་པ་མེད་ཅིང་མི་ སྒྲིབ་པ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་ཅིང་སྒྲིབ་པ་མེད་ལ། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པར་སྣང་བའོ་ཞེས་བྱ་བའི་དོན་ཏོ། །འདིར་ཡེ་ཤེས་ལྷག་མ་གསུམ་ནི་གཟུགས་ལ་སོགས་པ་དང་། གང་ཟག་ལ་བདག་མེད་པ་ཙམ་དང་། འདུལ་བའི་འགྲོ་བའི་བསམ་པ་དང་བག་ལ་ཉལ་ལ་སོགས་པ་དང་འདུལ་བའི་ཐབས་ཤེས་པས་ཡུལ་སོ་སོར་ངེས་པའི་ཡེ་ཤེས་ཡིན་ལ། ཡེ་ཤེས་འདི་ནི་ཡུལ་དེ་དག་དང་བཅས་པའི་ཡེ་ཤེས་དེ་དག་ཉིད་ཆོས་ཅན་དུ་གྱུར་པ་དང་། དེའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་སྤྱིའི་མཚན་ ཉིད་དུ་གྱུར་པ་སྟེ། ཆོས་ཅན་དང་ཆོས་ཉིད་དུ་བཅས་པ་མཐའ་དག་མཁྱེན་པར་གྱུར་པའོ། །གཟུགས་སྐུ་མཛེས་སྐུར་ལྡན་ཞེས་བྱ་བ་ནི་མཚན་དང་དཔེ་བྱད་རབ་ཏུ་འབར་བའི་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའོ། །སངས་རྒྱས་ཀྱི་དོན་ནི་སྔར་བསྟན་པ་བཞིན་ནོ། །དཔག་བསམ་ འདྲ་ཞེས་བྱ་བ་ནི་སྐུ་གསུམ་ཆར་གྱི་དཔེ་སྟེ། འགྲོ་བ་རྣམས་ཀྱིས་ཇི་ལྟར་སེམས་ཀྱིས་དཔགས་ཤིང་བསམས་པ་ལྟར་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱེད་པས་ན་ལྷའི་དཔག་བསམ་གྱི་ཤིང་ཆེན་པོ་རྣམ་པ་བཞི་པོ་དང་འདྲ་བ་སྟེ། བསོད་ནམས་དཔག་བསམ་ཤིང་ཁྱོད་དེ་རིང་གང་ལས་ བྱུང་། །ཞེས་བསྟོད་པ་གསུངས་པ་ལྟ་བུའོ། །དེ་ཡང་སྐུ་དེ་དག་གསུམ་ཆར་ཡང་སྔོན་གྱི་སྨོན་ལམ་གྱི་ས་བོན་དཔག་ཏུ་མེད་པ་འཛིན་པའི་རང་བཞིན་དུ་གནས་པས། སྔོན་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་ད་ལྟར་གདུལ་བྱའི་དོན་འབད་པ་མེད་པར་འབྱུང་བ་ཡིན་ལ། ཁྱད་པར་དུ་ གཟུགས་ཀྱི་སྐུ་ནི་མཐུ་ཐོགས་པ་མེད་པར་བྱང་ཆུབ་སེམས་དཔའ་དང་། ཉི་ཚེ་བའི་གང་ཟག་དང་འགྲོ་བ་ཡོངས་སུ་སྨིན་པར་བྱེད་པ་ལ་དངོས་སུ་ཡང་འཇུག་གོ། །ཁ་ཅིག་ན་རེ་གཟུགས་སྐུ་ཞེས་བྱ་བ་ནི་སྤྱིར་བསྟན་པ་ཡིན་ལ། མཛེས་སྐུར་ལྡན་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་ སྐུའོ། །དཔག་བསམ་འདྲ་ཞེས་བྱ་བ་ནི་སྤྲུལ་པའི་སྐུའོ། །སངས་རྒྱས་ཞེས་བྱ་བ་ནི་སྐུ་གསུམ་ཆར་གྱི་དབང་དུ་བྱས་པའོ་ཞེས་ཟེར་རོ། །དེ་ལྟ་བུའི་སྐུ་གསུམ་པོ་དེ་དག་ལ་ལུས་ཞིང་གི་རྡུལ་སྙེད་དུ་མོས་པར་སྤྲུལ་ཏེ་ཕྱག་འཚལ་ལོ་ཞེས་བྱ་བ་སྟེ། ཚིག་གི་དོན་སྔ་མ་ཇི་ལྟ་བ་བཞིན་ནོ། །ཆོས་ ཉིད་རྒྱུ་མཐུན་གསུང་རབ་བཅུ་གཉིས་དང་། །ཞེས་བྱ་བ་ནི་བསྟན་པའི་ཆོས་ལ་བསྟོད་པ་སྟེ། ཆོས་ཉིད་ཅེས་བྱ་བ་ལ་ཆོས་ཉིད་བདག་རྣམ་པ་གཉིས་ཀྱིས་དབེན་པ་སྟོང་པ་ཉིད་དེ། བདག་མེད་པ་དང་བདག་དང་བྲལ་བའི་མཚན་ཉིད་འཛིན་པ་རང་བཞིན་གྱིས་འོད་གསལ་བའི་སྤྱིའི་མཚན་ཉིད་དོན་ དམ་པའི་ངོ་བོའོ། །དེའི་རྒྱུ་མཐུན་པ་བསྟན་པའི་ཆོས་བདག་མེད་པར་སྟོན་པའི་གསུང་རབ་སྟེ། འདིར་མཐུན་པའི་རྒྱུ་ནི་རྒྱུ་མཐུན་པ་སྟེ་བསྐྱེད་པར་རུང་བ་དང་། ཐོབ་པར་ནུས་པའོ། །དེ་ལ་སྐྱེད་པར་རུང་བ་ནི་རྒྱུ་དེས་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་ཡེ་ཤེས་སྐྱེད་པའོ། །ཐོབ་པར་ ནུས་པ་ནི་ཡེ་ཤེས་དེ་སྐྱེས་པས་མི་འགྱུར་བའི་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་དེ་ཐོབ་པར་ནུས་པའོ། །དེ་དག་ནི་རབ་ཏུ་ཕུལ་དུ་བྱུང་བའི་གསུང་ཡིན་པས་གསུང་རབ་སྟེ། ཕྱི་རོལ་པའི་ཚིག་ལ་ནི་སྔ་མ་ལྟ་བུའི་རུང་བ་དང་། ནུས་པ་མེད་པས་རབ་མ་ཡིན་ནོ། །བཅུ་གཉིས་ནི་མདོའི་སྡེ་དང་། དབྱངས་ ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་བྱུང་བ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བ་དང་། གཏན་ལ་ཕབ་པའི་སྡེ་ཞེས་བྱ་བ་སྟེ། དེ་དག་དང་པོ་ནི་སྟོན་པའི་ཞལ་ནས་གྲག་པའོ། །དེའི་འོག་ཏུ་ནི་གང་ཟག་གི་བློ་ལ་གནས་པའོ། །དེའི་འོག་ཏུ་གླེགས་བམ་ལ་བྲིས་པའོ། །དེ་ཡང་དང་པོར་དེ་ལ་དམིགས་ནས་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་སྐྱེ་ཞིང་དེ་ནས་བསྒོམས་པས་ཆོས་ཉིད་དེ་ཐོབ་པས་མཐུན་ པའི་རྒྱུ་བརྒྱུད་པ་ཉིད་དུ་ངེས་པའོ། །དེ་བས་ན་སློབ་དཔོན་བ་སུ་བན་དྷུས་རྣམ་བཤད་རིགས་པར་བཤད་པ། སྟོན་པའི་ཞལ་ནས་བྱུང་བ་སྐྱེ་བོའི་མིག་གི་རབ་རིབ་ཞི་བར་མཛད་པ་བཀྲ་ཤིས་ཀྱི། །འབྱུང་གནས་སེམས་ལ་ཞོག་ཅིག་གང་ཕྱིར་འདི་ནི་ལུས་ཅན་རྣམས་ཀྱི་རྣ་བའི་བདུད་རྩི་ དང་། །ཉོན་མོངས་པ་ཡི་ནད་ཀུན་སེལ་བར་མཛད་པ་ཡིན་པས་དེ་དོན་ཡང་དག་བསམ་པར་གྱིས། །རྒྱུ་འདི་རྣམས་ཀྱིས་རྟག་ཏུ་གུས་པར་སངས་རྒྱས་ཀྱི་ནི་གསུང་དག་མཉན་པར་བྱ་བའི་རིགས། །ཞེས་སོ། །ཆོས་ལ་སྐྱེ་འགག་མེད་ཅིང་སྤྲོས་ལས་དབེན། །དེ་ལ་དམིགས་ཏེ་ཡོན་ ཏན་ཀུན་གྲུབ་པ། །ཞེས་བྱ་བ་ནི་དོན་དམ་པའི་ཆོས་ལ་བསྟོད་པ་སྟེ། ཆོས་ནི་དམ་པའི་ཆོས་སོ། །དེ་ལ་དོན་དམ་པར་སྐྱེ་བ་དང་འགག་པ་མེད་ཅིང་གཞན་ཡང་སྤྲོས་པ་སྟེ་རྟག་པ་དང་། ཆད་པ་དང་། འོང་བ་དང་། འགྲོ་བ་དང་། གཅིག་པ་དང་། ཐ་དད་པའི་སྤྲོས་པ་དེ་དག་ལས་དབེན་ པའོ། །དེ་ཡང་དམ་པའི་ཆོས་ནི་བདག་མེད་པའི་རང་བཞིན་ཡིན་ལ། སྤྲོས་པ་དེ་དག་ནི་བདག་ཏུ་འཛིན་པའི་དབང་གིས་བཏགས་པ་ཙམ་དུ་ཟད་པས་ན་བདག་ཏུ་འཛིན་པ་ལོག་མ་ཐག་ཏུ་དེ་དག་ཀྱང་ལྡོག་ལ། བདག་མེད་པའི་ངང་ལ་དེ་དག་དང་པོ་ནས་ཀྱང་མེད་ཀྱི་བཏགས་པ་གློ་བུར་བར་ཟད་ པའོ། །དེ་ལྟར་སྤྲོས་པ་དང་བྲལ་བ་བདག་མེད་པ་དེ་ལ་བདག་མེད་པར་ཤེས་རབ་རྣམ་པ་གསུམ་གྱིས་དམིགས་པས་བདག་ཏུ་འཛིན་པ་ལ་སོགས་དེ་མ་ཐག་ཏུ་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐུན་མོང་བ་རྒྱུན་དུ་ཞུགས་པ་ལ་སོགས་པ་འཕགས་པའི་འབྲས་བུ་རྣམ་པ་དུ་མ་དང་། ཐུན་མོང་མ་ཡིན་ པ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཀུན་གྲུབ་པས་ན་འཕགས་པའི་གང་ཟག་རྣམས་ནི་འདུས་མ་བྱས་ལས་རབ་ཏུ་བྱུང་བའོ་ཞེས་གསུངས་པ་ལྟ་བུའོ། །ལེགས་རྒྱུ་དམ་པའི་ཆོས་ལ་ཞེས་བྱ་བ་ནི་ལམ་གྱི་ཆོས་ལ་བསྟོད་པ་སྟེ། །དེ་ལ་ལེགས་པ་ནི་ངེས་པར་ལེགས་པ་སྟེ་ཉེ་བར་ཞི་ བའི་བདེ་བའོ། །དེའི་རྒྱུ་ནི་སྐྱེད་པར་བྱེད་པ་སྟེ། དེས་བདག་མེད་པའི་ཡེ་ཤེས་བསྐྱེད་ལ། དེས་ཀྱང་ངེས་པར་ལེགས་པ་དེ་ཐོབ་པས་སོ། །འདིས་ཟད་པ་དང་མི་སྐྱེ་བ་ཤེས་པའི་སྔོན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས་པ་དེ་ནི་ལེགས་རྒྱུ་མཐར་ཐུག་པ་ཡིན་ལ། དེས་མཇུག་བཏུལ་བ་མཐོང་བའི་ ལམ་གྱི་བར་གྱི་ཡེ་ཤེས་ནི་ལེགས་རྒྱུར་རིག་པར་བྱའོ། །དེ་ཉིད་དམ་པ་སྟེ། འཕགས་པ་རྣམས་ཀྱིས་ཉམས་སུ་མྱོང་བར་གྱུར་པ་དང་། ལྟུང་བ་ལས་འཛིན་པས་ན་དམ་པའི་ཆོས་ཞེས་བྱའོ། །དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་ དག །གཉེན་པོས་རིམ་པར་བསལ་ནས་སར་ཞུགས་ཤིང་། །ཞེས་བྱ་བ་ལ་སོགས་པ་ནི་འཕགས་པའི་དགེ་འདུན་ལ་བསྟོད་པ་སྟེ། དེ་ལ་སེམས་ཀུན་ནས་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པ་སྟེ། འདོད་ཆགས་ལ་སོགས་པ་དྲུག་གོ། །དེ་དག་ཉིད་སྒྲིབ་པ་སྟེ། ཟད་པ་དང་མི་སྐྱེ་བ་ ཤེས་པའི་ཡེ་ཤེས་ལ་སྒྲིབ་ཅིང་མཐོང་བའི་གེགས་བྱེད་པས་སོ། །ཤེས་བྱ་ནི་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་རང་བཞིན་གྱིས་འོད་གསལ་བའོ། །དེ་ལ་སྒྲིབ་པ་ནི་རྗོད་པར་བྱེད་པ་སྒྲའི་སྤྱི་ལ་ཡོད་པར་འཛིན་པ་སྟེ། དངོས་སུ་ན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་རིགས་ཇི་སྙེད་ པའོ། །སྒྲིབ་པ་དེ་གཉིས་ཀ་ཡང་རབ་ཏུ་དབྱེ་བ་མང་པོ་དང་ལྡན་པས་ན་དག་ཅེས་པ་མང་པོའི་ཚིག་ཅན་ནོ། །གཉིས་པོས་ཞེས་བྱ་བ་ནི་བདག་མེད་པ་གཉེན་ཤེས་པའི་ཡེ་ཤེས་ཀྱིས་སོ། །རིམ་པར་བསལ་ནས་ཞེས་བྱ་བ་ནི་དེ་དག་ཅིག་ཅར་མི་སྤོང་གི་དང་པོ་མཐོང་སྤང་སྤོང་ལ། །དེའི་ འོག་ཏུ་བསྒོམ་པས་སྤང་བར་བྱ་བ་སྤོང་བའི་ཕྱིར་རོ། །དེ་ལས་འབྲས་བུ་ཐོབ་པ་བསྟན་པ་ནི་སར་ཞུགས་ཤིང་ཞེས་བྱ་བ་སྟེ། ས་ནི་འཇིག་རྟེན་ལས་འདས་པའི་ས་སྟེ། བརྒྱད་པ་དང་། མཐོང་བ་དང་། བསྲབས་པ་དང་། འདོད་ཆགས་དང་བྲལ་བ་དང་། བྱས་པ་རྟོགས་པ་དང་། རང་ སངས་རྒྱས་ཀྱི་ས་ལ་ཞུགས་པ་དང་། ཡང་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་ནས་ཆོས་ཀྱི་སྤྲིན་གྱི་བར་ལ་ཞུགས་པའོ། །འདིར་བདེན་པ་བཞི་རྣམ་པ་བཅུ་དྲུག་དག་ཡིད་ལ་བྱེད་པའི་ཡེ་ཤེས་ཀྱི་སྐད་ཅིག་བཅུ་དྲུག་གིས་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་པས་མཐོང་ བའི་ལམ་ལ་བརྒྱད་པའམ་རབ་ཏུ་དགའ་བའི་ས་པའོ། །དེའི་འོག་ཏུ་ཚུལ་དེ་ཉིད་ཀྱི་བསྒོམ་པས་སྤང་བར་བྱ་བ་བཅུ་སྤངས་པ་ལས་ནི་ཉན་ཐོས་དང་རང་རྒྱལ་བའི་ས་ལྷག་མ་དག་གཞག་སྟེ། འདོད་པའི་རྣམ་པ་གསུམ་པའི་བར་དང་། རྣམ་པ་དྲུག་པ་དང་། དགུ་པ་དང་། སྲིད་རྩེའི་ དགུ་པ་ཟད་པ་ལས་མཐོང་བ་དང་། བསྲབས་པ་དང་། འདོད་ཆགས་དང་བྲལ་བ་དང་། བྱས་པ་རྟོགས་པའི་ས་པའོ། །ཅིག་ཅར་ཁོ་ནར་སྤངས་པ་དང་ལམ་རྫོགས་པ་ནི་བསེ་རུ་ལྟ་བུའི་སའོ། །བྱང་ཆུབ་སེམས་དཔའི་ས་ལྷག་མ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་ རྫོགས་པ་ལས་རྣམ་པར་གཞག་པར་རིག་པར་བྱ་ཞིང་། དེ་དག་གི་ཉོན་མོངས་པའི་སྒྲིབ་པ་བསྒོམ་པས་སྤང་བར་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཅིག་ཅར་སྤོང་ལ། ཤེས་བྱའི་སྒྲིབ་པ་ནི་ས་རེ་རེ་ལ་ཡང་རིམ་གྱིས་སྤང་ངོ་། །ལ་ལ་ནི་ཉོན་མོངས་པའི་སྒྲིབ་པ་ཡང་ས་རེ་རེ་ལ་རིམ་གྱིས་ སྤོང་སྟེ། སྤོང་བྱེད་ནི་ཆོས་ལ་བདག་མེད་པའི་ཡེ་ཤེས་ཀྱིས་སོ་ཞེས་ཟེར་རོ། །དེ་ལྟར་ཡེ་ཤེས་ཀྱི་ཚོགས་ལ་གནས་པ་བཤད་ནས། ད་ནི་བསོད་ནམས་ཀྱི་ཚོགས་ལ་གནས་པ་བསྟན་པའི་ཕྱིར། སེམས་ཅན་དོན་མཛད་སངས་རྒྱས་ཞིང་སྦྱོང་བ། །ཞེས་སྨོས་ཏེ། སེམས་ཅན་རྣམས་ཀྱི་ དོན་ནི་དགོས་པ་སྟེ་བདེ་བ་དང་ཕན་པའོ། །དེ་དག་མཛད་པ་ནི་བསྡུ་བའི་དངོས་པོ་དང་། ཚད་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དག་གིས་ཇི་ལྟར་ནུས་པར་བྱེད་པའོ། །སངས་རྒྱས་རྣམས་ཀྱི་ཞིང་ནི་སྣོད་དང་བཅུད་དོ། །དེ་དག་སྦྱོང་བ་ནི་རྒྱལ་བའི་ཡུམ་ལས་གསུངས་པ་ལྟར་ཏེ། སེམས་ཅན་ གོས་ངན་པ་དག་མཐོང་ན་བདག་གི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་རྣམས་ལུས་གོས་དང་རྒྱན་གྱིས་བརྒྱན་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་པར་བྱའོ། །མེ་ཏོག་དབུལ་ན་བདག་གི་སངས་རྒྱས་ཀྱི་ཞིང་དེར་དུས་ཐམས་ཅད་པའི་མེ་ཏོག་རབ་ཏུ་རྒྱས་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་ པར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །མདོར་ན་སངས་རྒྱས་ཀྱི་ཞིང་ནི་སྨོན་ལམ་གྱི་མཐུས་སྦྱོང་བར་རིག་པར་བྱའོ། །འཕགས་པའི་དགེ་འདུན་ཆེ་ལ་ཞེས་བྱ་བ་ལ། སྡིག་པ་མི་དགེ་བའི་ཆོས་ལས་རིང་དུ་སོང་བས་འཕགས་པ་སྟེ། དགེ་འདུན་ནི་སྔར་བཤད་པ་བཞིན་ནོ། །ཆེ་བ་ནི་གྲངས་ དང་ཡོན་ཏན་གྱིས་ཆེ་བ་སྟེ། གྲངས་མཐའ་ཡས་པ་དང་། ལེགས་པར་ཞུགས་པ་ལ་སོགས་པའི་ཡོན་ཏན་ཆེན་པོ་མངའ་བའི་ཕྱིར་རོ། །ཕྱག་འཚལ་ལོ་ཞེས་བྱ་བ་ནི་བསྟོད་པ་དང་བཅས་པའི་ལུས་ཀྱི་ཡན་ལག་ཐམས་ཅད་རབ་ཏུ་འདུད་པའོ། །དེ་ལྟར་ཡོན་ཏན་མཐའ་དག་འདུས་པའི་ དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས་དེ་དག་ལ་སྐྱབས་སུ་སོང་ན་ངན་སོང་རྣམས་སུ་མི་སྐྱེ་བར་ལྷའི་གནས་སུ་སྐྱེ་སྟེ། གསུམ་ལ་སྐྱབས་སུ་འགྲོ་བ་ནི་ཆོས་སྣང་བའི་སྒོ་སྟེ། ངན་འགྲོ་ལས་ཡང་དག་པར་འདའ་བའོ་ཞེས་གསུངས་པ་དང་། འདི་ལྟར་ཤིན་ཏུ་དང་བའི་སེམས་དང་ཡིད་ གཞུངས་པས་གཞན་དུ་མ་ཡེངས་པའི་ཡིད་གསལ་བས་སངས་རྒྱས་སམ་ཆོས་སམ་དགེ་འདུན་ལ་སྐྱབས་སུ་སོང་ན། དེ་འཆི་བའི་དུས་བྱས་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཟུར་ན་གནས་པ་ཞེས་བྱ་བ་དེར་ཤིན་ཏུ་དང་བའི་སེམས་དང་སྐྱབས་སུ་སོང་བའི་རྒྱུས་སྐྱེ་བར་འགྱུར་རོ། །དེར་ སྐྱེས་ནས་ཀྱང་དེའི་ལུས་གཟི་བརྗིད་དང་ལྡན་ཞིང་། ལུས་རང་གི་འོད་ཀྱིས་བརྒྱན་ལ་བདེ་བར་གནས་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་ཕྱག་འཚལ་བ་དང་སྐྱབས་སུ་སོང་བའི་དགེ་བ་དེ་ཡོངས་སུ་བསྔོ་བ་དང་ལྡན་ན་ནི་ཇི་ལྟར་བསྔོས་པའི་ཐར་པའི་རྒྱུར་འགྱུར་བར་རིག་པར་ བྱའོ། །དེ་ལྟར་ཉེས་པ་ཀུན་སྤངས་ཤིང་། །ཡོན་ཏན་མཐའ་ཡས་གཏེར་གྱུར་པ། །དཀོན་མཆོག་གསུམ་གྱི་བསྟོད་པའི་ཚིག །ཅུང་ཟད་བཤད་པས་དགེ་བའི་ཚོགས། །གང་ཐོབ་དེ་ཡིས་འགྲོ་བ་རྣམས། །སངས་རྒྱས་ས་ལ་གནས་པར་ཤོག །དཀོན་མཆོག་གསུམ་ལ་བསྟོད་པའི་འགྲེལ་ པ་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་ཤཱནྟི་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཏྲི་རཏྣ་སྟོ་ཏྲཾ། བོད་སྐད་དུ། དཀོན་ མཆོག་གསུམ་གྱི་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ། །ལོངས་སྤྱོད་རྫོགས་པའི་སྐུ། །ཅིར་ཡང་སྤྲུལ་སྐུ་ལ། །གུས་པས་ཕྱག་འཚལ་ལོ། །རྣམ་དག་ཆོས་ཀྱི་དབྱིངས། །སྒྲུབ་པའི་འཕགས་ལམ་བརྒྱད། །བསྟན་ པའི་གསུང་རབ་ལ། །གུས་པས་ཕྱག་འཚལ་ལོ། །བྱང་ཆུབ་སེམས་རྣམས་དང་། །དགྲ་བཅོམ་དག་ལ་སོགས། །རང་སངས་རྒྱས་རྣམས་ལ། །གུས་པས་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བསྟོད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཤ་ཏ་པཉྩ་ཤ་ཏི་ཀ་ནཱ་མ་སྱ་སྟོ་ཏྲ། བོད་སྐད་དུ། བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང་། །གང་ལའང་རྣམ་པ་ཐམས་ཅད་དུ། ། ཡོན་ཏན་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པའི་རིགས། །ཐམས་ཅད་མཁྱེན་པ་ཡོན་ཏན་ཀུན། །མངའ་ལ་དེ་ཡང་ཉམ་མི་མངའ། །ཉེས་པ་བག་ཆགས་ བཅས་དེ་ཡང་། །སྐྱོབ་པ་གཅིག་པུ་ལ་མི་མངའ། །བཅོམ་ལྡན་འདས་ཀྱི་སྐུ་དང་ནི། །གསུང་དང་ཐུགས་ཀྱི་ཕྲིན་ལས་ལ། །ཞེ་འགྲས་གྱུར་པ་གང་གིས་ཀྱང་། །ཆོས་དང་ལྡན་པར་གླགས་མི་རྙེད། །རྒྱ་མཚོར་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་པ་ཆུད་པ་ལྟར། །དམ་ ཆོས་དགའ་སྟོན་ཆེར་བཅས་པའི། །མི་ཉིད་བདག་གིས་ཐོབ་ནས་ནི། །མི་རྟག་ཉིད་དང་རྗེས་འབྲེལ་ཞིང་། །ལས་ཀྱི་ཀླགས་ལ་དོགས་བཅས་པ། །བདག་གི་ལྕེ་འདི་ཉིད་ཀྱིས་གོ། །སྙིང་པོ་ཅི་ཕྱིར་བླང་མི་བྱ། །དེ་ལྟར་ཐུབ་པའི་ཡོན་ཏན་ཀྱི། །ཡུལ་ལྟ་གྲངས་མེད་ཤེས་མོད་ཀྱི། ། རང་གི་དོན་ལ་གུས་པ་ཡིས། །དེ་ཡི་ཕྱོགས་གཅིག་བསྒྲིམས་ཏེ་བརྗོད། །གང་གི་ཡོན་ཏན་གྲངས་དག་དང་། །མཐུ་ལ་ཐུག་པ་མ་མཆིས་ལ། །རྨད་བྱུང་ཕྲིན་ལས་དཔག་མེད་ཅན། །རང་བྱུང་ཁྱོད་ལ་ཕྱག་འཚལ་ལོ། །འདི་སྙེད་བགྱི་བའི་མཐའ་མེད་ན། །འདི་ལྟར་ལགས་ཞེས་ ཅི་ཞིག་སྨོས། །ཁྱོད་ཀྱི་ཡོན་ཏན་སླད་དུ་བདག །བསོད་ནམས་སྙམ་ནས་སྤྱི་བརྟོལ་སྐྱེས། །བསྟོད་པ་གླེང་བསླང་བ་སྟེ་ལེའུ་དང་པོའོ།། །།སྤྱོད་དམ་མི་སྤྱོད་སྙམ་པ་ཡི། །རྣམ་པར་རྟོག་པ་རྣམ་སྤངས་ནས། །འགྲོ་བ་འདི་ནི་ཉམ་ཐག་ཅེས། །ཁྱོད་བདག་ཉིད་ཀྱིས་ཞལ་ གྱིས་བཞེས། །ཁྱོད་ནི་མ་བཅོལ་ལེགས་མཛད་པ། །ཁྱོད་ནི་རྒྱུ་མེད་བཞིན་དུ་བྱམས། །ཁྱོད་ནི་མ་འདྲིས་མཛའ་བཤེས་ཏེ། །འབྲེལ་པ་མེད་པའི་གཉེན་འདུན་ལགས། །ཉིད་ཀྱི་ཤ་ཡང་སྩོལ་མཛད་ན། །དངོས་པོ་གཞན་ལྟ་སྨོས་ཅི་འཚལ། །ལེགས་མཛད་ཁྱོད་ཀྱིས་སྲོག་ཀྱང་ནི། ། སློང་བའི་སྐྱེ་བོ་རྣམས་ལ་བཏང་། །ཉིད་ཀྱི་སྐུ་དང་སྲོག་དག་གིས། །ལུས་ཅན་གཤེད་མས་ཟིན་རྣམས་ཀྱི། །ལུས་དང་སྲོག་ཀྱང་ཁྱོད་ཀྱིས་ནི། །ལན་བརྒྱ་ཕྲག་དུ་བསླུ་བ་མཛད། །ངན་འགྲོས་བསྙེངས་སླད་མ་ལགས་ལ། །བཞེད་པའི་འགྲོ་བའང་སྒྲུབ་མ་ལགས། །དགོངས་པ་ དག་པ་འབའ་ཞིག་གིས། །ཁྱོད་ཀྱིས་ཚུལ་ཁྲིམས་གོམས་པར་མཛད། །རྟག་ཏུ་གྱ་གྱུ་རྣམ་སྤངས་ཤིང་། །དྲང་བརྟན་རྣམས་ནི་རྟག་བསྟེན་པས། །ཡོངས་སུ་དག་པའི་ལས་རྣམས་ཀྱིས། །ཁྱོད་ནི་གཞི་རྟེན་གཅིག་པུར་གྱུར། །སྡུག་བསྔལ་མང་པོས་གཟིར་བ་ན། །ཁྱེད་ ཀྱིས་དགེ་བའི་ཐུགས་ཀྱིས་ནི། །ཉོན་མོངས་རྣམས་ལ་སྲན་བཙུགས་ནས། །སྐྱེ་བོ་ཉོན་མོངས་ཅན་ལ་བརྩེ། །ཁྱོད་ཀྱིས་གཞན་གྱི་དོན་སླད་དུ། །སྐུ་སྲོག་བཏང་ནས་དགྱེས་གྱུར་གང་། །དེ་འདྲ་སྲོག་ཆགས་འགུམས་པ་ལས། །སོས་པ་རྣམས་ལའང་བྱུང་མ་གྱུར། །ཁྱོད་ནི་ལན་ འགའ་མ་ལགས་པར། །གཏུབས་ཀྱང་སྡུག་བསྔལ་མི་དགོངས་པར། །གཤེད་མ་བགྱིད་པའི་སེམས་ཅན་ལའང་། །གཙོ་བོ་ཐུགས་རྗེར་གྱུར་པ་གང་། །ཁྱོད་ཀྱི་ཐུགས་ནི་རིན་པོ་ཆེ། །རྫོགས་པའི་བྱང་ཆུབ་ས་བོན་ཏེ། །དཔའ་ཁྱོད་ཁོ་ནས་སྙིང་པོར་མཁྱེན། །དེ་གཞན་སྐྱེ་བོས་ འོལ་མི་མཆི། །དཀའ་སྤྱད་ལས་ནི་མ་བགྱིས་པར། །གོ་འཕང་རྙེད་དཀའ་མི་འཐོབ་ཅེས། །དེ་སླད་ཉིད་ལའང་མ་གཟིགས་པར། །ཁྱོད་ཀྱི་བརྩོན་འགྲུས་ལེགས་པར་སྤེལ། །ཁྱད་པར་འཕགས་པར་བགྱི་བ་ལ། །ཁྱོད་ལ་ཐང་ལྷོད་འགའ་མ་བྱུང་། །དེ་སླད་ཁྱོད་ཀྱི་ཁྱད་པར་རྣམས། ། ཐོག་དྲུང་རིམ་པ་དབྱེར་མ་མཆིས། །ཐུགས་ནི་ཐུགས་རྗེ་ཆེན་པོ་དང་། །རྟག་ཏུ་རྗེས་སུ་འབྲེལ་སླད་དུ། །ཏིང་འཛིན་འབྲས་བུར་བཅས་པ་ཡི། །ཤིན་ཏུ་བདེ་ལའང་ཁྱོད་མ་ཆགས། །གཞན་དང་ཐུན་མོང་མ་ལགས་པའི། །བདེ་བ་གང་དེ་གྱ་ནོམ་ཡང་། །དམ་ པའི་སྤྱོད་ལྡན་ཁྱོད་འདྲ་ལ། །གནོད་པར་བས་ཀྱི་སྨན་མ་མཆིས། །འདྲེས་པ་ལས་ནི་ལེགས་བཤད་ཉིད། །སྙིང་པོ་སྐྱོན་མེད་ཉི་ཚེ་ཞིག །ཁྱོད་ཀྱིས་ཀུན་བཞེས་ཐུགས་ལ་བཞག །ཉེས་བཤད་དུག་བཞིན་ཡོངས་སུ་སྤངས། །རིན་ཆེན་སྙིང་པོ་མཁྱེན་ཁྱོད་ཀྱིས། །ལེགས་ བཤད་སྲོག་གིས་འཇལ་བ་ན། །སྐྱེ་བ་དེ་དང་དེ་དག་ཏུ། །བྱང་ཆུབ་སླད་དུ་དཔའ་རྩལ་བསྟན། །དེ་སླད་གྲངས་མེད་གསུམ་དག་ཏུ། །ཁྱོད་ནི་དེ་ལྟར་བརྩོན་པ་ན། །བརྩོན་འགྲུས་འབའ་ཞིག་གྲོགས་གྱུར་པས། །གོ་འཕང་བླ་ན་མེད་པ་བརྙེས། །རྒྱུ་ལ་བསྟོད་པ་སྟེ་ལེའུ་གཉིས་ པའོ།། །།མཐོ་ལ་ཕྲག་དོག་མི་མཛད་ཅིང་། །དམའ་ལ་རྔན་ཅན་མི་མཛད་ལ། །མཉམ་ལ་འགྲན་པ་མི་མངའ་བས། །ཁྱོད་ནི་འཇིག་རྟེན་གཙོ་བོར་གྱུར། །ཁྱོད་ནི་ཡོན་ཏན་རྒྱུ་རྣམས་ལ། །མངོན་བགྱིས་འབྲས་བུ་རྣམས་ལ་མིན། །ཡང་དག་སྒྲུབ་པ་དེ་ཉིད་ཀྱིས། ། ཁྱོད་ཀྱི་ཡོན་ཏན་ཕ་མཐར་ཕྱིན། །ཇི་ལྟར་ཁྱོད་ཀྱི་ཞབས་རྡུལ་ཡང་། །བསོད་ནམས་སྐྱེ་བ་མཆེད་འགྱུར་བ། །དེ་ལྟར་ཁྱོད་ཀྱིས་ལེགས་སྤྱད་པས། །བདག་ཉིད་རབ་ཏུ་བསྐྲུན་པ་མཛད། །ཉེས་པ་ཉམས་སྨད་རྩ་ནས་བཏོན། །ཡོན་ཏན་སྤེལ་ནས་རྣམ་པར་སྦྱངས། །གཞུང་ ལུགས་བཟང་པོ་དེས་ན་ཁྱོད། །གྲུབ་མཆོག་ལྷག་པར་བརྙེས་པ་ལགས། །ཇི་ལྟར་བདག་གི་རྒྱུད་ལ་དེ། །བག་ཆགས་ལྷག་མའང་མ་ལུས་པ། །དེ་ལྟར་རྣམ་པ་ཐམས་ཅད་དུ། །ཉེས་པ་ཁྱོད་ཀྱིས་རབ་ཏུ་བཅོམ། །ཇི་ལྟར་གཞན་ལ་དེ་དག་དང་། །འདྲ་བ་ཙམ་ཡང་མི་ གདའ་བ། །དེ་ལྟར་ཁྱོད་ཀྱིས་བསགས་བསགས་ནས། །བདག་ཉིད་ལ་ནི་ཡོན་ཏན་བསྒྲུབས། །འཇིག་རྟེན་པ་ཡི་དཔེ་དངོས་ཀུན། །གེགས་བགྱིད་པ་དང་སྒྲིབ་པ་ཅན། །རེ་ཞིག་པ་དང་ཉི་ཚེ་བ། །ཤིན་ཏུ་རྙེད་པར་སྲ་བ་ལགས། །ཁྱོད་ཀྱིས་ཡོན་ཏན་བླ་མེད་ལ། །གེགས་བགྱིད་ མ་མཆིས་རྟོགས་མ་མཆིས། །བརྟན་པ་དང་ནི་རྒྱུན་ཆགས་པས། །དཔེ་ལྟ་མཆིས་པར་ག་ལ་འགྱུར། །གང་ཚེ་ཁྱོད་ཀྱི་དགོངས་པའི་དཀྱིལ། །གཏིང་དང་ཕ་རོལ་མེད་བརྟགས་ན། །རྒྱ་མཚོ་ཟབ་པ་ཉིད་ཀྱང་ནི། །གནག་རྗེས་ལྟ་བུར་ས་ལེར་གདའ། །ཆོས་རྣམས་ཀུན་གྱིས་མི་བསྐྱོད་ པ། །ཁྱོད་ཀྱི་བརྟན་པ་མངོན་བསམས་ན། །ས་ཡི་བརྟན་པ་ཉིད་ཀྱང་ནི། །ཤིར་ཤའི་གེ་སར་རྩེ་ལྟར་ཆུང་། །ཐུབ་པ་ཁྱོད་ཀྱི་ཡེ་ཤེས་ཀྱི། །སྣང་བས་མི་ཤེས་རབ་རིབ་དག །འཇོམས་པའི་ཐད་ན་ཉི་མ་ཡང་། །མེ་ཁྱེར་ཙམ་དུའང་མི་སྤྱོད་དོ། །ཁྱོད་ཀྱི་གསུང་ཐུགས་མཛད་སྤྱོད་རྣམས། ། དག་པའི་གན་ན་སྟོན་ཟླ་དང་། །ཆུ་དང་ནམ་མཁའི་དག་པ་རྣམས། །དྲི་མ་ཅན་ནི་ལྟ་བུར་གདའ། །འཇིག་རྟེན་ལེགས་པ་གང་ཅིའང་རུང་། །ཐམས་ཅད་བསྔོས་ནའང་དེར་བས་ཏེ། །ཉོན་མོངས་འཇིག་རྟེན་ཆོས་རྣམས་ཀྱིས། །སངས་རྒྱས་ཆོས་ལ་ཁྱད་མི་ཁོར། །རིན་ཆེན་ཆོས་གང་བརྙེས་ ནས་ཁྱོད། །མཆོག་ཏུ་གྱུར་པ་དེ་ཉིད་དང་། །ཁྱད་དུ་བསྒྲུན་ཞིང་དེ་དང་ནི། །ཁྱོད་དང་བསྒྲུན་ལྡོམ་ཁོ་ནར་བས། །གང་ལ་སྤྱི་ཙམ་བསྟུན་ནས་ནི། །ཅུང་ཟད་བརྗོད་པར་བགྱིད་པ་དེ། །སྨྲ་བ་པོ་ཡི་རང་དགའ་དང་། །ཐབས་དང་གཅམ་བུ་ཙམ་དུ་བས། །དཔེ་མེད་པ་ལ་བསྟོད་པ་སྟེ་ལེའུ་གསུམ་ པའོ།། །།ཁྱོད་ནི་བདུད་ལས་རྣམ་རྒྱལ་ཏེ། །འགྲོ་ཀུན་དད་པར་མཛད་པ་ཡང་། །བདག་གིས་ཆོས་ཉིད་རྗེས་བསམས་ན། །ཆེན་པོ་ལྟར་གང་མ་མཐོང་ངོ་། །སྡང་བས་རྒོལ་བར་རྩོལ་བྱེད་པ། །མང་པོའང་གཞོམ་པར་བྱ་བ་ནི། །ཁྱད་པར་གནས་ལ་བརྟེན་པ་ཡི། །བཟོད་པའི་ཚེགས་ སུ་མཚར་མི་ཆེ། །གང་ཚེ་བདུད་རྣམས་མངོན་བཏུལ་བ། །དེ་ཡི་ནུབ་མོ་ཁོ་ན་ལ། །ཉོན་མོངས་ཤིན་ཏུ་ཆེ་སྤངས་པ། །དེ་ཉིད་རྨད་དུ་བྱུང་བ་ལགས། །འོད་ཟེར་ཕྲེང་བ་སྟོང་ལྡན་པའི། །ཉི་མས་མུན་བསལ་གང་ལགས་དང་། །དཔའ་བོ་ཁྱོད་ཀྱིས་མུ་སྟེགས་ལས། །རྒྱལ་བར་མཛད་པ་ ཅི་ཞིག་མཚར། །འདོད་ཆགས་བྲལ་བས་ཆགས་བཅས་དང་། །ཞེ་སྡང་བྲལ་བས་ཞེ་སྡང་ཅན། །གཏི་མུག་བྲལ་བས་རྨོངས་པ་སྟེ། །གསུམ་པོས་རྟག་ཏུ་གསུམ་དག་བཏུལ། །དམ་ཆོས་རབ་ཏུ་བསྟོད་པ་དང་། །དམ་ཆོས་མ་ལགས་སྨོད་མཛད་ཀྱང་། །དམ་པ་དག་དང་ཐ་མ་ལ། ། ཁྱོད་ནི་ཆགས་དང་ཁྲོ་མི་མངའ། །དགྲ་བཅོམ་པ་དང་མུ་སྟེགས་ལ། །རྗེས་སུ་ཆགས་དང་ཁོང་ཁྲོ་བར། །ཁྱོད་ཀྱི་ཐུགས་ནི་མི་འགྱུར་ན། །ཁྱོད་ལ་བསྟོད་དུ་ཅི་ཞིག་མཆིས། །ཡོན་ཏན་རྣམས་ལའང་མ་ཆགས་ལ། །ཡོན་ཏན་ཅན་ལའང་བཞེད་མི་མངའ། །ཀྱེ་མའོ་ ཁྱོད་ཀྱི་ཐུགས་སྟོབས་ནི། །རབ་དང་ཡོངས་སུ་དག་པ་ལགས། །དབང་པོ་རྣམས་ནི་རབ་དང་བ། །དུས་རྣམས་རྟག་ཏུ་མི་ཉམས་པས། །ཁྱོད་ཐུགས་རྟག་ཏུ་དང་བ་དག །མངོན་སུམ་གྱུར་པ་བཞིན་དུ་གདའ། །རང་བཞིན་དམ་པ་ལེགས་གསུངས་དང་། །མཛད་སྤྱོད་བཟང་པོས་