Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 1

Văn bản gốc(Tây Tạng)

Trang 15 / 17 (50.000 ký tự/trang)
ི་གནས་འདི་ན་གནས་པའི་དངོས་པོ་རྣམས་སོ། །ཇི་ལྟར་མཐུན་ཞེ་ན། གང་གིས་
ཀྱང་། ཅི་ཡང་འཛིན་པ་ཉིད་དུ་མི་བྱེད་པར། །ཞེས་བྱ་བ་སྟེ། འདི་ལྟར་འགྲོ་བ་རྣམས་ཀྱི་ནང་དུ་རྣམ་པར་རྟོག་པའམ། འཛིན་པ་པོ་གང་དག་གིས་ཀྱང་ཡུལ་ལམ་གཟུང་བར་བྱ་བ་ཞེས་པའི་དངོས་པོ་ཕྲ་རགས་ཅི་ཡང་འཛིན་ཅིང་ལེན་པ་ཉིད་དུ་མི་བྱེད་དོ། །དཔེར་ན་རྨི་ལམ་ན་ཡུལ་གྱི་དངོས་
པོ་སྡུག་པ་དང་མི་སྡུག་པ་རྣམ་པ་དུ་མ་མཐོང་ཞིང་ཞེན་པའི་ཡུལ་དུ་གྱུར་ཀྱང་དེ་ནི་འཁྲུལ་པའི་རང་བཞིན་ཡིན་པའི་ཕྱིར་ཡང་དག་པར་ན་ཅི་ཡང་ཡོད་པ་མ་ཡིན་པ་དང་འདྲའོ། །བསྒོམས་ཀྱང་རྟོག་པ་པོ་དང་རྟོག་བྱ་ཡི། །རྣམ་རྟོག་དགྲ་ཡི་སྤྱོད་ཡུལ་ཉིད་ལ་སྤྱོད། །ཅེས་བྱ་བ་ནི་ཆོས་ཐམས་
ཅད་རྨི་ལམ་དང་འདྲའོ་ཞེས་ཐོས་ཤིང་ཤེས་པ་འབའ་ཞིག་ཏུ་མ་ཟད་ཀྱི། དོན་དེ་ཡང་དང་ཡང་དུ་བསྒོམས་ཤིང་གོམས་པར་བྱས་ཀྱང་རྣམ་པར་རྟོག་པའི་དབང་དུ་གྱུར་ཏོ་ཞེས་བྱ་བ་ནི་ཀྱང་གི་སྒྲའི་དོན་ཡིན་ནོ། །རྣམ་པར་རྟོག་པ་དེ་ཡང་ཇི་ལྟ་བུ་ཞེ་ན། རྟོག་པ་པོ་དང་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། རྟོག་པར་བྱེད་པས་ན་རྟོག་པ་པོ་སྟེ་འཛིན་པ་པོའི་སེམས་སོ། །རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བ་ཡིན་པས་ན་རྟོགས་བྱ་སྟེ། གཟུང་བར་བྱ་བའི་ཡུལ་རྣམས་སོ། །དེ་དག་ཡོད་པ་ཉིད་དུ་རྟོག་པ་གང་ཡིན་པ་དེ་ནི་རྟོག་པ་པོ་དང་རྟོགས་བྱའི་རྣམ་རྟོག་སྟེ། གཟུང་བ་དང་འཛིན་
པའི་རྣམ་པར་རྟོག་པ་ཅན་རྣམས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་བདག་མེད་པ་དང་རྣམ་པར་མི་རྟོག་པའི་མི་མཐུན་པའི་ཕྱོགས་ཡིན་པས་ན་དགྲ་སྟེ། རྣམ་པར་རྟོག་པའི་དགྲ་བོ་དེ་ལྟ་བུའི་སྤྱོད་ཡུལ་དུ་གྱུར་པ་ཉིད་ལ་བདག་རྟག་ཏུ་སྤྱོད་ཅིང་དེའི་དབང་དུ་གྱུར་པའམ། དེས་བཅོམ་
པར་གྱུར་པ་སྟེ། རྨི་ལམ་ལྟར་བརྫུན་པ་ཡིན་པར་ཤེས་ཤིང་ཡུལ་ལ་སེམས་བླན་ཞིང་བསྒོམས་སུ་ཟིན་ཀྱང་ཐོག་མ་མེད་པའི་དུས་ཅན་གྱི་རྣམ་པར་རྟོག་པའི་ཚོགས་ཀྱིས་བཅོམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པར་རྟོག་པ་བཟློག་དཀའ་བ་དང་། རང་གི་གཉེན་པོ་ཉམ་ཆུང་བ་

ཉིད་དུ་ཤེས་ནས། བཅོམ་ལྡན་འདས་ཉིད་ལ་གསོལ་བ་གདབ་པར་བསྟན་པའི་ཕྱིར། གཙོ་བོ་ཤིན་ཏུ་མི་བཟད་འཚེ་བ་འདི། །གཟིགས་ལ་བདག་ལ་ལྟ་བ་དྲི་མེད་སྩོལ། །ཞེས་བྱ་བ་སྨོས་ཏེ། གཙོ་བོ་ཞེས་བྱ་བ་ནི་བོད་པ་སྟེ། ཆོས་ཐམས་ཅད་ལ་མངའ་བརྙེས་པའམ། ཉོན་མོངས་
པའི་ནད་རྣམས་གསོ་བར་བྱེད་པས་ན་གཙོ་བོའོ། །ཤིན་ཏུ་མི་བཟད་འཚེ་བ་འདི། །ཞེས་བྱ་བ་ནི་རང་གི་སེམས་ཀྱི་རྒྱུད་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་རྒྱུད་ལས་བྱུང་བའི་གནོད་པ་འཕྲལ་དང་ཡུན་དུ་ལུས་དང་སེམས་ཀྱི་རྒྱུད་གདུང་བར་བྱེད་པ་དྲག་ཅིང་ཤིན་ཏུ་མི་བཟད་པ་
མངོན་སུམ་དུ་གྱུར་པ་འདི་ལ་གཟིགས་ལ་བདག་ལ་ལྟ་བ་དྲི་མེད་སྩོལ་ཞེས་བྱ་བར་འཚོ་བར་གྱུར་པ་དེ་དག་གི་སྨན་དུ་གྱུར་པའི་ཡང་དག་པའི་ལྟ་བ་མི་མཐུན་པ་དང་ཉེས་པའི་དྲི་མས་མ་གོས་པ་སྩོལ་ཅིག་ཅེའོ། །དེ་དག་ནི་རང་གི་རྩོལ་བའི་སྟོབས་ཀྱིས་བསྐྱེད་མོད་ཅེ་ན། བདག་ནི་གཅེས་
པ་གང་དང་རྟོག་པ་གང་། །དེ་དང་དེ་ཉིད་དང་པོར་རྣམ་པར་ཉམས། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་གཅེས་ཤིང་སྙིང་པོར་བྱ་བའི་དངོས་པོ་ཚད་མེད་པའམ། ཕ་རོལ་ཏུ་ཕྱིན་པ་རྣམས་དང་རྗེས་སུ་མཐུན་པའི་གཉེན་པོའི་ལམ་གང་དང་གང་ལ་རྟོག་ཅིང་དཔྱོད་པར་གནས་
པ་ན་ལམ་དེ་དང་དེ་ཉིད་དང་པོ་ཁོ་ནར་རྣམ་པར་ཉམས་ཤིང་འཇིག་པར་འགྱུར་རོ་ཞེས་བསྟན་པ་སྟེ། དོན་དུ་ན་ཉོན་མོངས་པའི་ཚོགས་གཞོམ་པའི་ཕྱིར་གཉེན་པོ་གང་ལ་བརྟེན་ཀྱང་དེ་ཉམ་ཆུང་བས་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །
ད་ནི་སྐྱོན་རྣམས་བདག་ཉིད་ཀྱི་ཉེས་པ་ཡིན་པར་བསྟན་པའི་ཕྱིར། ཡང་ན་སྔོན་ཚེ་བགྱིས་པའི་བདག་ཉིད་ཉེས། །འདི་ལ་བཅོམ་ལྡན་འདས་ཀྱིས་ཅི་ཞིག་མཛད། །ཅེས་བྱ་བ་སྨོས་ཏེ། ཡང་ན་འདི་ནི་རང་ཉིད་ལས་བྱུང་བའི་ཉེས་པ་ཡིན་པས་ཅི་ཞིག་མཛད་དུ་མཆིས་ཞེས་སྦྱར་རོ། །
གང་གི་ཚེ་ཉེས་པ་བྱས་ཤེ་ན། སྔོན་ཚེ་བགྱིས་པ་སྟེ་ཐོག་མ་མེད་པའི་དུས་ནས་བརྒྱུད་པའི་སྔོན་གྱི་ཚེ་རབས་རྣམས་སུ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་བསྐྱེད་པའི་ཕྱིར་ཕྱིན་ཅི་ལོག་གི་བག་ཆགས་སུ་བསགས་པའི་ཕྱིར་རོ། །ཅི་ཞིག་ཅེ་ན། བདག་གི་ཉེས་པ་འདི་ལྟ་སྟེ་གཉེན་

པོ་ལ་བརྟེན་ཅིང་སྙིང་པོར་བྱས་པ་ལ་ཚོལ་ཡང་ལོག་པའི་དབང་དུ་གྱུར་པ་ལ་སོགས་པའི་ཉེས་པའི་སྐྱོན་ཆགས་པ་འདི་ལའོ། །བཅོམ་ལྡན་འདས་ནི་བདུད་བཞི་བཅོམ་པའམ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པ་སྟེ་སངས་རྒྱས་སོ། །དེ་ལྟ་བུ་བཅོམ་
ལྡན་འདས་ཁྱོད་ཀྱིས་ཅི་ཞིག་མཛད་ཅེས་བྱ་བ་ནི་བཅོས་དཀའ་བ་སྟེ། ཉོན་མོངས་ཀྱི་དབང་དུ་གྱུར་ཅིང་བདུད་ཀྱི་སྤྱོད་ཡུལ་ན་འཁྱམ་པ་ནི་རང་གི་ཉེས་པ་ཡིན་ལ། འགྲོ་བ་རྣམས་ནི་ལས་བདག་གིར་བྱ་བ་ཡིན་པས་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ཉིད་ལ་སྤྱོད་ཀྱི། བདེ་བ་དང་སྡུག་བསྔལ་
གྱིས་བྱེད་པ་པོ་ནི་བཅོམ་ལྡན་འདས་མ་ཡིན་ཏེ། དེའི་ཕྱིར་མདོ་ལས་ཀྱང་། ང་ནི་ཞིང་ཡིན་གྱི་ས་བོན་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དོན་དེ་ཉིད་དཔེས་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་ཀུན་གྱི་མུན་སེལ་ཉི་མ་ཡང་། །ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་ཡང་ཡིན་ལ་ཀུན་ཀྱང་ཡིན་
པའི་ཕྱིར་འཇིག་རྟེན་ཀུན་ཏེ། ཐམས་ཅད་ལ་སྣང་བར་བྱེད་པར་ཚུལ་མཐུན་པས་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གཉི་ག་ལ་བྱའོ། །དེ་རྣམས་ཀྱི་མུན་པ་ནི་སྣང་བ་མེད་པའི་སྨག་ཏུ་གྱུར་པ་སྟེ། དེ་སེལ་ཅིང་འཇོམས་པར་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སུ་ཞིག་ཅེ་ན། ཉི་མ་སྟེ་འོད་
ཟེར་སྟོང་ལྡན་ནོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ཉི་མ་ཡང་། དམུས་ལོང་དག་གིས་མུན་ནག་སེལ་མི་བགྱིད། །ཅེས་པ་དམུས་ལོང་ཞེས་བྱ་བ་སྐྱེས་མ་ཐག་ནས་ལོང་བར་གྱུར་པ་དག་གིས་མུན་ནག་ནི་སེལ་ཅིང་འཇོམས་པར་མི་བྱེད་མོད་ཀྱི། དེ་ནི་ཉི་མའི་ཉེས་པ་མ་ཡིན་གྱི་དམུས་ལོང་
རང་ཉིད་ཀྱི་ཉེས་པ་ལས་བྱུང་བ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་ཉི་མས་སྡེ་སྣོད་གསུམ་དང་ལྡན་པའི་དམ་པའི་ཆོས་ཀྱི་འོད་ཟེར་གྱིས་འགྲོ་བའི་སྙིང་ལ་གནས་པའི་མི་ཤེས་པའི་མུན་པ་འཇོམས་པར་སྤྱོད་ན་ཡང་ལྟ་བ་ལོག་པ་ལ་ཞེན་ཅིང་ཤེས་རབ་ཀྱི་མིག་དང་བྲལ་བ་
རྣམས་ཀྱི་ཉེས་པ་སེལ་བར་མི་མཛད་པ་ནི་འགྲོ་བ་ཉིད་ཀྱི་ཉེས་པ་ཡིན་གྱི་སྟོན་པའི་ནི་མ་ཡིན་ནོ། །དེ་ལྟར་རང་གི་ཉེས་པའི་རང་བཞིན་སྨྲས་ནས། གཞན་ཡང་འཕགས་པའི་ལམ་གྱིས་གསོ་བར་དཀའ་བའི་ཚུལ་བསྟན་པའི་ཕྱིར། ཡུན་རིང་དུས་སུ་ནད་གཞི་སྟེན་བྱེད་ཅིང་། །དེར་ཡང་རྒྱུན་དུ་

སེམས་ནི་རྣམ་རྨོངས་པའི། །མཛེ་ཅན་རྐང་པ་ལག་པ་ཆད་པ་ལ། །ཐང་འགའ་སྨན་བསྟེན་པ་ཡིས་ཅི་བགྱིར་མཆིས། །ཞེས་བྱ་བ་སྨོས་ཏེ། མཛེའི་ནད་གསོར་མི་རུང་བས་ཟིན་པ་ལ་སྨན་གྱིས་ཅི་བགྱིར་མཆིས་ཞེས་བྱ་བར་སྦྱར་རོ། །མཛེ་ཅན་ཇི་ལྟ་བུ་ཞེ་ན། ཡུན་རིངས་དུས་སུ་ནད་
གཞི་རྟེན་བྱེད་ཅིང་། །ཞེས་བྱ་བ་སྟེ། ལས་གང་གིས་མཛེ་སྐྱེད་པར་བྱེད་པ་དཀོན་མཆོག་གི་རྟེན་བཤིག་པ་ལ་སོགས་པ་ཟས་དང་སྤྱོད་ལམ་མི་འཕྲོད་པ་ལ་སོགས་པའི་ནད་གཞི་དེ་ལ་ཡུན་རིང་པོའི་དུས་སུ་རྟེན་ཅིང་གནས་པར་བྱེད་པ་ནའང་ནད་གཞི་སྟེ་དེ་ཡང་རྟག་པར་རྒྱུན་དུ་སེམས་རྣམ་
པར་རྨོངས་པ་སྟེ། དེ་བསལ་བའི་ཐབས་ཀྱི་སྦྱོར་བ་ལ་ཐང་འགའ་ཡང་གནས་པར་མི་བྱེད་པ་དང་། ཡང་ཞེས་བྱ་བ་ནད་གཞི་ལ་བརྟེན་པ་འབའ་ཞིག་ཏུ་མ་ཟད་ཀྱི་དེ་ལ་སེམས་ཞེན་པར་ཡང་བྱེད་པའོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། རྐང་པ་ལག་པ་ཆད་པ་ཞེས་བྱ་བ་སྟེ། དེ་ལྟར་ནད་
གཞི་ལ་གནས་ཤིང་གསོ་བ་མ་བྱས་པའི་དབང་གིས་མཛེས་ལུས་ཐམས་ཅད་ལ་ཁྱབ་སྟེ། མཐར་རྐང་པ་དང་ལག་པ་དག་ཀྱང་ཆད་ཅིང་འབྲུལ་བར་འགྱུར་བའི་མཛེ་ཅན་ལ་དུས་ཐང་འགའ་ཞིག་མཛེ་ལ་ཕན་པའི་སྨན་བསྟེན་ཅིང་ཟོས་ཀྱང་དེ་ཡིས་གསོ་བའི་དོན་མི་བྱེད་པས་ཅི་བགྱིར་
མཆིས་ཞེས་བྱ་སྟེ། དེས་ནད་མེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རང་གི་རྒྱུད་དུ་གཏོགས་པའི་ཉོན་མོངས་པའི་ནད་ཀྱི་རྒྱུད་ནི་བདག་ཏུ་ལྟ་བ་ཡིན་པས་ལྟ་བ་དེ་ལ་དུས་ཡུན་རིང་པོར་གནས་ཤིང་མངོན་པར་ཞེན་པར་ཡང་བྱེད་ལ། དེའི་གཉེན་པོར་འཕགས་པའི་ལམ་
ཡང་མི་འཚོལ་བས་གསོར་མི་རུང་བར་གྱུར་པ་དག་ལ་ནི་ཡང་དག་པའི་ལམ་གྱིས་ལམ་གྱི་བྱ་བ་མི་བྱེད་དེ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་རང་གི་ཉེས་པའི་ཚུལ་ལས་བྱུང་བའི་དཔེ་གཞན་དག་གིས་ཀྱང་བསྟན་པར་བྱ་བའི་ཕྱིར། སེམས་ཀྱི་ཤིང་ནི་ཐོག་མ་མེད་དུས་ཅན། །ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ནི་རྣམ་པར་ཤེས་པའི་ཚོགས་ཏེ། དེ་ཉིད་དཔེ་ཤིང་དང་འདྲ་བས་ན་ཤིང་ངོ་། །དུས་ཇི་ཙམ་ནས་བྱུང་ཞེ་ན། ཐོག་མ་མེད་དུས་ཅན་ཞེས་བྱ་བ་སྟེ། ཐོག་མ་མེད་པ་ཡང་ཡིན་ལ་དུས་ཀྱང་ཡིན་པས་ཐོག་མ་མེད་དུས་ཅན། དུས་ཅན་ནི་ཉི་མ་དང་

ཟླ་བ་དང་གཟའ་དང་སྐར་མ་ལ་སོགས་པས་ཡོངས་སུ་བཅད་པ་ལ་བྱ་བ་ལ། དེ་ཡང་འཁོར་བ་ལ་ཐོག་མ་མེད་པས་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་དུས་སུ་ཤིང་དེ་གང་གིས་སྐྱེད་ཅེ་ན། ཉོན་མོངས་ཁ་བའི་ཁུ་བས་བརླན་བགོས་པ། །ཞེས་བྱ་བ་སྟེ། ཉོན་
མོངས་པ་ནི་འདོད་ཆགས་ལ་སོགས་པ་ཡིན་ལ། དེ་དག་ཉིད་ནི་འཕགས་པ་མ་ཡིན་ཞིང་རོ་མྱངས་ན་གདུག་ལ་མི་ཞིམ་པས་ཁ་བའི་ཁུ་བ་སྟེ། ནིམ་པ་ལ་སོགས་པའི་ཁུ་བ་དང་འདྲ་ལ། དེ་ལྟ་བུའི་ཁུ་བས་བརླན་པས་བསྐྱེད་ཅིང་འཕེལ་བར་བྱ་བ་ཡིན་ལ་རྒྱུ་དེ་ཉིད་ཀྱིས། རོ་ཞིམ་
དངོས་པོར་བགྱི་བར་མི་ནུས་ལ། །ཞེས་བྱ་བ་སྟེ། ཇི་ལྟར་ཤིང་རོ་ཁ་བ་དེ་ཆུ་ཡང་ཁ་བས་བརླན་ཅིང་བསྐྱེད་པ་དག་ནི་མངར་བ་ལ་སོགས་པའི་རང་བཞིན་དུ་བྱ་བར་མི་ནུས་པ་དང་འདྲ་བས་ན་སེམས་ཀྱི་རང་བཞིན་ཉོན་མོངས་པས་བསྐྱེད་པ་ཡང་འཕགས་པའི་ལམ་གྱིས་བསྒྱུར་བར་
དཀའ་བའི་དོན་ཏོ། །ཇི་ཙམ་ཞིག་གིས་ཤེ་ན། ཡོན་ཏན་ཆུ་ཡི་ཐིགས་པས་ཅི་རུ་འགྱུར། །ཞེས་བྱ་བ་སྟེ། ཤིང་དེ་ལྟ་བུ་ལ་མངར་བ་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པའི་ཆུའི་ཐིགས་པ་གཅིག་བླུགས་པས་ཅི་རུ་འགྱུར་ཏེ། ཐམས་ཅད་རོ་ཞིམ་པར་མི་འགྱུར་རོ། །དེ་བཞིན་
དུ་སེམས་ཀྱི་རང་བཞིན་ཐོག་མ་མེད་པའི་དུས་ཅན་གྱི་ཉོན་མོངས་པས་བསྐྱེད་པ་ཡང་དག་པའི་ལམ་གྱིས་བསྒྱུར་ཅིང་བཅོས་པར་དཀའ་བ་དག་ལ་ནི་གཉེན་པོའི་ཆོས་ཡོན་ཏན་གྱི་ཆུའི་ཐིགས་པ་ཙམ་གྱིས་ཉོན་མོངས་པའི་ཚོགས་སྦྱོང་ཞིང་འཕགས་པའི་ལམ་གྱི་ཆོས་སྐྱེ་བར་མི་འགྱུར་རོ་
ཞེས་བྱ་བའི་དོན་ཏོ། །ཡང་ཡིད་ཀྱི་སྒོའི་ཉེས་པ་བསྟན་པར་བྱ་བའི་ཕྱིར། བདག་ཡིད་ཉེས་པ་ཀུན་གྱི་རང་བཞིན་ཉིད། །ཅེས་བྱ་བ་སྨོས་ཏེ། བདག་གི་ཡིད་ལ་ཉོན་མོངས་པའི་ཚོགས་ཀྱིས་དཀྲུགས་པས་སྤང་བ་དང་བླང་བར་བྱ་བའི་དཔྱོད་པ་དང་བྲལ་བས་འདི་དང་གཞན་དུ་གནོད་པར་འགྱུར་
བའི་ཉེས་པ་འདོད་ཆགས་དང་། ཞེ་སྡང་ལ་སོགས་པའི་ཉེས་པ་ཀུན་གྱི་རང་བཞིན་ནམ་ངོ་བོ་ཉིད་དུ་གནས་ལ། ཉེས་པ་དེ་བསལ་བའི་གཉེན་པོའི་མཆོག་ནི་བྱང་ཆུབ་ཀྱི་སེམས་ཡིན་པའི་ཕྱིར། བྱང་ཆུབ་གསེར་སྒྱུར་རྩིར་གྱུར་ངོ་མཚར་ཆེ། །ཡོན་ཏན་དེ་དང་དེ་ཉིད་ལ་སྦྱར་ནས། །ཉེས་

པའི་དངོས་པོ་ཉིད་དུ་གྱུར་ཏེ་གནས། །ཞེས་བྱ་བ་སྟེ། བྱང་ཆུབ་ནི་བླ་ན་མེད་པའི་ཡེ་ཤེས་ཏེ། དེ་ཐོབ་པའི་སེམས་ལ་ཡང་རྒྱུ་ལ་འབྲས་བུ་བཏགས་པའི་ཚུལ་གྱིས་བྱང་ཆུབ་ཅེས་བྱ་སྟེ། དེ་ནི་གསེར་སྒྱུར་རྩི་ལྟ་བུ་ཡིན་ལ། ཇི་ལྟར་གསེར་སྒྱུར་རྩི་ཡིས་དངུལ་ཆུ་གསེར་དུ་སྣང་བ་ཞེས་བྱ་བས་
ལྕགས་གསེར་དུ་བསྒྱུར་བ་དང་འདྲ་བར་བྱང་ཆུབ་ཀྱི་སེམས་དེས་འཁོར་བའི་ཉོན་མོངས་པའི་སེམས་སྦྱོང་ཞིང་། ཡང་དག་པའི་ཡེ་ཤེས་སུ་འགྱུར་བར་བྱེད་པས་གསེར་སྒྱུར་རྩི་ལྟ་བུ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སེམས། །ཞེས་བྱ་བའི་དོན་ཏོ། །རྒྱུ་དེ་ཉིད་ཀྱིས་ན་དེ་ནི་ངོ་མཚར་
ཆེ་སྟེ། རྨད་དུ་བྱུང་བ་ཡིན་ལ། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་གྱི་ཚོགས་རྣམ་པ་མང་པོ་ཡོད་པ་དང་དེ་ཉིད་ལ་ཉེ་བར་སྦྱར་ཞིང་། སེམས་བསྐྱེད་པ་ལ་སོགས་པས་སེམས་ཀྱི་རྒྱུད་སྦྱང་བར་བརྩམ་པ་ན་ཡང་དེ་དང་རྗེས་སུ་མཐུན་པར་མི་འཇུག་པས་ཉེས་པའི་དངོས་པོ་ཉིད་དུ་གྱུར་ཏེ་
གནས་ཞེས་བྱ་བ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གཉིས་ཀྱིས་བརྒྱན་པའི་བྱང་ཆུབ་ཀྱི་སེམས་ལ་སྦྱར་བ་ན་ཡང་ཉོན་མོངས་པའི་དབང་དུ་གྱུར་པས། ལུས་དང་ངག་དང་ཡིད་ཀྱི་ཉེས་པའི་དངོས་པོ་ཉིད་ཀྱིས་རང་བཞིན་དུ་གྱུར་པ་བླངས་ཤིང་ཉེ་བར་བཟུང་ནས་གནས་ཏེ།
སྐྱེས་བུ་ར་རོ་བའི་སེམས་དང་འདྲ་བར་ཡོན་ཏན་འཛིན་མི་ནུས་ཀྱི་ཉེས་པའི་འབྱུང་གནས་ཁོ་ནར་གྱུར་པས་གནས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་དོན་མདོར་བསྡུས་པ་ནི་འདི་ཡིན་ཏེ། འདི་ལྟར་ལྕགས་ལ་སོགས་པ་ཡོངས་སུ་སྦྱངས་པ་མ་བྱས་པ་གསེར་སྒྱུར་རྩིས་བསྐུས་
ཀྱང་རང་གི་དངོས་པོ་མི་འདོར་བ་དེ་བཞིན་དུ། ཡོངས་སུ་མ་སྦྱངས་པའི་སེམས་འདི་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་ལ་སྦྱོར་བ་ཡང་རང་གིས་ཉེས་པའི་སྐྱོན་འདོར་བར་མི་བྱེད་དོ། །དེ་ནི་བྱང་ཆུབ་གསེར་སྒྱུར་དེའི་རིགས་པ་ཉིད་བསྟན་པའི་ཕྱིར། སྨན་ཆེན་ཉིད་དུ་གང་དང་གང་
བཤད་པ། །ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པའི་ནད་གསོ་བར་བྱེད་པས་ན་སྨན་ཆེན་ཏེ། བྱམས་པ་ལ་སོགས་པའི་ཆོས་ཀྱི་སྒོའི་གཉེན་པོའི་ལམ་དུ་གྱུར་པ་གང་དང་གང་བཤད་ཅིང་བསྟན་པ་སྟེ། འདོད་ཆགས་ཀྱི་གཉེན་པོ་མི་གཙང་བ་དང་། ཞེ་སྡང་གི་གཉེན་པོ་བྱམས་པ་

དང་། གཏི་མུག་གི་གཉེན་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པའི་ལམ་གང་དང་གང་བཤད་པ། དེ་དང་དེ་ཉིད་བདག་ལ་དུག་ཏུ་གྱུར། །ཞེས་པ་གཞན་དག་མ་ཡིན་གྱི། སྨན་གྱི་དམ་པ་དེ་དང་དེ་དག་ཉིད་ཁོ་ན་བདག་ཉིད་ཁོ་ན་སྐལ་བ་ངན་ཅིང་ཉོན་མོངས་པའི་དབང་
དུ་གྱུར་པའི་ཕྱིར་བདག་ལ་དུག་ཏུ་གྱུར་ཏེ། ཇི་ལྟར་སྨན་སྦྱོར་བ་ཉེས་པ་ལ་སོགས་པའི་རྒྱུས་འཆི་བའམ། འཆི་བ་ལ་ཐུག་པའི་ནད་བསྐྱེད་པ་དང་འདྲ་བར་བདག་ལ་ཆོས་ཀྱི་སྨན་དེ་ཕྱིན་ཅི་ལོག་ཏུ་འགྱུར་ཞིང་ཉོན་མོངས་པ་བསྐྱེད་པས་དུག་ཏུ་གྱུར་ཞེས་བྱའོ། །དེ་ལྟར་གནས་པ་དེ་ལ་
ཅི་ཞིག་གིས་གསོ་ཞེ་ན། རིགས་པ་ཉིད་ཀྱི་ནི་བཅུད་ལེན་མཆོག་ཡིན་ན་ཞེས་སྨོས་ཏེ། སེམས་ཀྱི་རིགས་པའི་ལམ་བཙལ་བ་ཉིད་དམ། བསམ་གཏན་དང་ཏིང་ངེ་འཛིན་ལ་ངེས་པར་གནས་པ་ཉིད་དམ། དད་པས་འཇུག་ཅིང་ཤེས་རབ་ཀྱིས་དཔྱོད་པ་ཉིད་ལ་སོགས་པའི་སྒོ་
ནས་ཉོན་མོངས་པ་སྤོང་བ་ནི་རིགས་པ་ཡིན་ལ་རིགས་པ་དེ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་དམ་པའི་ཆོས་ལ་བརྟེན་པ་ཡིན་པར་བཤད་དོ། །དེ་ནི་བཅུད་ལེན་མཆོག་ཡིན་ན། །ཞེས་བྱ་བ་སྟོན་པའི་གསུང་གི་རྗེས་སུ་འཇུག་ཅིང་ཉམས་སུ་ལེན་པ་ནི་ཉོན་མོངས་པའི་ནད་
སེལ་ཅིང་འཁོར་བའི་སྡུག་བསྔལ་དང་བྲལ་བའི་རྒྱུ་ཡིན་པས་བཅུད་ལེན་ཐ་མལ་པ་ལས་ཁྱད་པར་དུ་འཕགས་པས་མཆོག་ཡིན་ནོ། །དེ་ལྟར་ཡིན་ན་དེ་གང་གིས་ཐོབ་ཅེ་ན། གལ་ཏེ་ཡིད་རྟོན་མེད་ན་དེ་ཡོད་མིན། །ཞེས་བྱ་བ་སྨོས་ཏེ། དེ་ཡང་གལ་ཏེ་ཉོན་མོངས་པའི་དབང་
དུ་གྱུར་པས། ལམ་ལ་མངོན་པར་དད་ཅིང་། ངེས་པ་མེད་པ་ཡིད་བརྟན་པ་མེད་ན་རིགས་པ་དེ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། གང་གི་ཚེ་སངས་རྒྱས་ཉིད་སྒྲུབ་པ་ལ་མངོན་པར་དད་པས་འཇུག་པ་ལས་ནི་གྲོལ་བར་འགྱུར་ཏེ། མངོན་པར་དད་ན་བྱང་ཆུབ་ཏུ་
སེམས་བསྐྱེད་ལ། དེ་ལས་ནི་རིམ་གྱིས་གྲོལ་བར་འགྱུར་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །ཡང་ན་ཡིད་རྟོན་པ་ནི་ཡིད་བདེ་བ་ལ་བྱ་སྟེ། མཉམ་པར་འཇོག་པ་ལས་བྱུང་བའི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་བདེ་བ་དང་ཡིད་བདེ་བ་སྐྱེ་བ། གལ་ཏེ་ཉོན་མོངས་

པ་སྤོངས་བར་ནུས་པའི་རིགས་པ་དེ་ཡང་ཡོད་པར་འགྱུར་གྱི་ཡིད་བདེ་བ་དེ་མེད་ཅིང་སེམས་གཡེངས་པ་ལ་ནི་རིགས་པ་དེ་ཡོད་པ་མ་ཡིན་པས་ཉོན་མོངས་པས་བཅོམ་པ་ཉིད་དུ་འགྱུར་རོ། །ད་ནི་རིགས་པ་ཉིད་གང་ཞིག་ཡིན་པ་བསྟན་པའི་ཕྱིར། གང་ཞིག་ཉོན་མོངས་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། དེ་ལ་རིགས་པ་ནི་ཉོན་མོངས་པ་སྤོངས་པ་ཡིན་པས། གང་ཞིག་ཉོན་མོངས་བདོ་བ་རྣམ་སེལ་ཅིང་། །གང་ཡང་ཉེས་གཞན་སྐྱེད་པར་མི་བྱེད་པ། །དེ་ནི་རིགས་པ་ཡིན་ཞེས་བདག་སེམས་ན། །ཞེས་བྱ་བ་རིགས་པ་གང་དང་ལྡན་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་
སོགས་པའི་ཉོན་མོངས་པ་བདོ་ཞིང་ཀུན་དུ་རྒྱུ་བའི་ཚུལ་དུ་སྐྱེས་པ་རྣམས་ནི་དེ་ཉིད་ཀྱི་གཉེན་པོས་སྤང་བ་ནི་ཐབས་ཀྱི་དམ་པ་མ་ཡིན་ཏེ། གོང་དུ་བསྟན་པ་ལྟར་གྱུར་ལ། དེ་བས་ན་ཉོན་མོངས་པའི་རྒྱུའི་གཉེན་པོའི་རྟོག་དཔྱོད་ངན་པ་ཞི་བར་གྱུར་པ་ཡང་དག་པའི་རྟོག་པ་སྟེ། འཕགས་པའི་ལམ་
དེ་སྦྱོར་བའི་ལམ་ལ་མོས་པ་ཡིད་ལ་བྱེད་པས་བསམ་པའི་མན་ངག་དེ་གོམས་པར་བྱས་ན། ཉོན་མོངས་པའི་ཚོགས་རིང་པོར་མི་ཐོགས་པར་དེ་ཁོ་ན་མཐོང་བས་ཞི་བར་བྱེད་པ་ཡང་གང་ཞིག་ཉོན་མོངས་པའི་ཚོགས་ཀྱི་ཉེས་པ་མངོན་དུ་རྒྱུ་བ་ལས་གཞན་པ་བག་ལ་ཉལ་གྱི་ཚུལ་དུ་སེམས་རྒྱུད་ལ་
གནས་པ་དང་། གཞན་ཞར་ལས་བྱུང་བའི་ཉེས་པ་སྟེ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སྒོམ་པ་ན་ཞེ་སྡང་འབྱུང་བ་ལྟ་བུ་སྐྱོད་ཅིང་འཁྲུགས་པར་མི་བྱེད་པའི་གཉེན་པོའི་ལམ་དེ་ནི་རིགས་པ་ཞེས་བྱ་སྟེ། ཚད་མ་དང་མི་འགལ་ཞིང་ཡང་དག་པའི་ཡེ་ཤེས་བསྐྱེད་པའི་གཏན་ཚིགས་
དང་ལྡན་པ་ཡིན་པས་དེ་ལྟ་བུ་ནི་རིགས་པ་ཡིན་ནོ་ཞེས་བདག་ཡིད་ལ་སེམས་ཤིང་བློས་ཤེས་མོད་ཀྱི། །འོན་ཀྱང་ཅི་འདྲ་ཡིན་ཞེས་སླར་ཡང་ངེས་མ་བྱས། །ཞེས་བྱ་བ་རྣམ་པར་གྲོལ་བའི་རྒྱུར་གྱུར་པའི་རིགས་པ་དེའི་ལམ་བསྒོམས་པས་མངོན་སུམ་དུ་བྱས་ནས་ཡེ་ཤེས་ཐོབ་པར་གྱུར་པ་ནི་ངེས་པར་
བྱས་པ་ཡིན་པས། དེ་མ་ཐོབ་པའི་ཕྱིར་ཅི་འདྲ་ཡིན་ཞེས་སླར་ཡང་ངེས་མ་བྱས་ཞེས་པ་རིགས་པའི་ལམ་དེ་བདག་གིས་གོམས་པར་མ་བྱས་སོ་ཞེས་པ་སྟེ། སྟོན་པས་གསུངས་པའི་ཡང་དག་པའི་ལམ་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་ཤེས་པར་བྱས་མོད་ཀྱི། བསྒོམ་པའི་ཤེས་

རབ་ཀྱིས་མངོན་སུམ་དུ་ནི་མ་བྱས་སོ་ཞེས་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱི་འབྲས་བུ་བསྟན་ནས། ད་ནི་བསྒོམ་པའི་འབྲས་བུ་བསྟན་པའི་ཕྱིར། བསམ་དང་བག་ལ་ཉལ་དང་ཁམས་བག་ཆགས། །ཉེས་པའི་རྒྱུ་ཡི་གཉེན་པོ་ལ་སྦྱར་ནས། །བསམ་པའི་མན་
ངག་དེ་ནི་བསྒོམ་པ་ན། །འདིར་ནི་རིང་པོར་མི་ཐོགས་ཞི་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། བསམ་པ་ནི་ལྷག་པའི་བསམ་པ་སྟེ་སེམས་སོ། །བག་ལ་ཉལ་ནི་འདོད་ཆགས་ལ་སོགས་པའི་ཕྲ་རྒྱས་རྣམས་སོ། །ཁམས་ནི་རང་བཞིན་ནོ། །བག་ཆགས་ནི་བསམ་པ་ལ་སོགས་པ་དེ་དག་
ཉིད་ནི་བག་ཆགས་སེམས་ལ་གནས་པ་སྟེ། བསམ་པ་དང་བག་ལ་ཉལ་བ་དང་ཁམས་རྣམས་ཀྱི་བག་ཆགས་ལས་གྱུར་པའི་ཉེས་པ་སེམས་ལ་གང་དག་ཡོད་པ་སྟེ། གང་གིས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྐྱེ་བར་འགྱུར་བའི་རྒྱུ་བདག་ཏུ་ལྟ་བ་ལ་སོགས་པ་གང་དག་ཡོད་པ་
དེའི་གཉེན་པོ་སྟེ། དེ་དང་མི་མཐུན་པའི་ཕྱོགས་སུ་གྱུར་པ་བདག་མེད་པའམ། མི་གཙང་བ་ལ་སོགས་པ་ལ་སེམས་སྦྱར་ཞིང་རྗེས་སུ་བསྟེན་ལ། དེ་ཡང་བསམ་པའི་མན་ངག་ཅེས་བྱ་བ་སྟོན་པས་དབང་པོ་རབ་དང་། འབྲིང་དང་། ཐ་མའི་རིམ་པ་ལ་དགོངས་ནས་ཐེག་པའི་
ཁྱད་པར་ཇི་སྐད་གསུངས་པའམ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་གཉེན་པོ་སོ་སོར་ཇི་སྐད་གསུངས་པའི་དོན་དེ་ཐོས་པ་དང་། བསམ་པའི་ཤེས་རབ་ཀྱིས་ངེས་པ་ཉིད་དུ་བྱས་པའི་བསམ་པའི་མན་ངག་དེ་མངོན་སུམ་དུ་བྱ་བའི་ཕྱིར་བསྒོམས་ཤིང་གོམས་པར་
བྱས་པས་རྩེ་གཅིག་ཏུ་བྱས་པ་ལས་ནི་ཉོན་མོངས་པའི་ཚོགས་དེ་ཞི་བར་འགྱུར་རོ། །དུས་ཇི་ཙམ་ན་འགྱུར་ཞེ་ན། འདིར་ནི་རིང་པོར་མི་ཐོགས་ཞི་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། གནས་སྐབས་འདིར་མན་ངག་གི་ཚུལ་འདི་ལེགས་པར་བསྒོམས་ཤིང་ཡིད་ལ་བྱས་པས་ནི་རིང་པོར་
མི་ཐོགས་པར་མྱུར་དུ་སེམས་ལ་ཡོད་པའི་ཉོན་མོངས་པའི་ཚོགས་བསལ་ཅིང་ཞི་བར་འགྱུར་བ་སྟེ། བསྒོམ་པ་ལ་ཡང་དག་པར་གནས་པས་ཞུགས་པ་དག་གི་ཉོན་མོངས་པ་དག་ནི་སྤང་དཀའ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་བཅོམ་ལྡན་འདས་ཀྱི་གསུང་ཉིད་སླུ་བ་མེད་པ་ཉིད་

ཡིན་པར་བསྟན་པའི་ཕྱིར། སྐྱོབ་པ་ཉེས་པ་ཀུན་དང་རྣམ་བྲལ་ཞིང་། །ཞེས་བྱ་བ་སྨོས་ཏེ། སྐྱོབ་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་སྡུག་བསྔལ་ལས་སྐྱོབ་པར་བྱེད་པས་སྐྱོབ་པའོ། །ཉེས་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་འཁོར་བ་པའི་ཆོས་རྣམས་ཏེ། དེ་ཐམས་ཅད་
དང་བྲལ་ཞིང་སྤངས་པར་འགྱུར་བའོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། ཆོས་རྣམས་ཀུན་གྱི་དམ་པའི་དོན་གཟིགས་པ། །ཞེས་བྱ་བ་སྨོས་ཏེ། ཆོས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ཆོས་རྣམས་ཀུན་ཏེ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། རྒྱུ་བའམ་མི་རྒྱུ་བའམ།
ཐག་ཉེ་བའམ་རིང་བ་སྟེ། ཆོས་དེ་རྣམས་ཀྱི་དམ་པའི་དོན་ནི་ཐུན་མོང་མ་ཡིན་པའི་དོན་ཏེ། དེ་གཟིགས་པའི་ངང་ཚུལ་མངའ་བས་ན། ཆོས་རྣམས་ཀུན་གྱི་དམ་པའི་དོན་གཟིགས་པ། །ཞེས་བྱའོ། །ཁྱེད་ཀྱིས་སྣ་ཚོགས་ཚུལ་དུའང་ངེས་གསུངས་པས། །ཞེས་བྱ་བ་ནི་དབང་
པོ་དང་མོས་ཚུལ་སྣ་ཚོགས་པས་ཐེག་པའི་ཚུལ་དུ་མར་ངེས་པར་ཕྱེ་སྟེ་གསུངས་པའམ། ཉོན་མོངས་པའི་ཚུལ་མཐའ་ཡས་པས་གཉེན་པོའི་ཚུལ་ཡང་སྣ་ཚོགས་པར་གསུངས་པ་གང་ཡིན་པ་དེས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་ཀྱི་ཚོགས་བག་ཆགས་དང་
བཅས་པ་མ་ལུས་པར་སྤོང་བར་བྱེད་པས། ཉོན་མོངས་ས་བོན་མ་ལུས་སེལ་བར་བྱེད། །ཅེས་བྱ་བ་སྟེ། ཁམས་གསུམ་པའི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སེལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྟན་པའི་ཡོན་ཏན་བཤད་ནས། ད་ནི་གཟུགས་སྐུ་མཐོང་
ཞིང་གསུང་ཐོས་པས་ཉོན་མོངས་པ་སྤོང་བའི་ཚུལ་བསྟན་པའི་ཕྱིར། ཁྱེད་སྐུ་མཛེས་པའི་མཚན་གྱིས་འབར་གྱུར་པ། །དེ་ཡང་མདུན་ན་བཞུགས་པ་མཐོང་བ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཁྱེད་ཀྱི་གཟུགས་ཀྱི་སྐུ་མཛེས་པ་ཡང་ཡིན་ལ་མཚན་ཀྱང་
ཡིན་པས་མཛེས་པའི་མཚན་ཏེ། དབུ་གཙུག་ཏོར་དང་ལྡན་པ་ལ་སོགས་པ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དག་གིས་ཉེ་བར་མཚོན་པར་གྱུར་ཅིང་། དེ་ཉིད་ཀྱིས་ན་ལྷན་ནེ་ལྷམ་མེ་ལྷང་ངེར་འབར་བར་གྱུར་པ་དང་། འཛམ་བུ་ཆུ་བོའི་གསེར་ལྟ་བུའི་སྐུ་མདོག་

ཤིན་ཏུ་འབར་བར་གྱུར་པ་ཡིན་ལ། དེ་ལྟ་བུའི་སྐུ་དེ་ཡང་མདུན་ན་བཞུགས་པ་ཞེས་བྱ་བ་དབང་པོའི་མངོན་སུམ་དུ་མཐོང་བར་གྱུར་པའམ། ཡིད་ཀྱི་མངོན་སུམ་ན་བཞུགས་པ་ལྟ་བུར་བློས་མཐོང་ཞིང་མངོན་སུམ་དུ་བྱེད་པ་དང་། གཞན་ཡང་། །རྣ་བས་བཏུང་བའི་
བདུད་རྩིའང་ཐོས་གྱུར་པའི། །ཞེས་བྱ་བ་སྐྱེས་བུ་དག་གིས་རྣ་བ་གཉིས་ཀྱིས་བཏུང་བར་བྱ་བ་ཡིན་པས་ན་རྣ་བས་བཏུང་བ་སྟེ། རྣ་བས་གཟུང་བ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཅེ་ན། བདུད་རྩིའང་ཐོས་གྱུར་པ་ཞེས་བྱ་བ་སྟེ། འང་ཞེས་བྱ་བ་ནི་བསྡུ་བ་སྟེ། མགོན་པོ་ཁྱོད་ཀྱི་སྐུ་མངོན་སུམ་
དུ་མཐོང་བའམ། ཡིད་ཀྱིས་མངོན་དུ་དམིགས་པས་ཉོན་མོངས་པ་སེལ་བར་མ་ཟད་ཀྱི་ཁྱེད་ཀྱི་གསུང་སྐྱེས་བུ་གང་གིས་ཐོས་པར་གྱུར་པ་དེ་ཡང་དེ་ལ་བདུད་རྩིར་འགྱུར་ཏེ། ཇི་ལྟར་སྙིམ་པས་བདུད་རྩི་འཐུང་བར་བྱེད་པ་དག་འཆི་བས་མི་ཚུགས་པར་འགྱུར་བ་དེ་བཞིན་དུ། མགོན་པོའི་གསུང་
གི་བདུད་རྩི་རྣ་བ་གཉིས་ཀྱི་སྙིམ་པས་འཐུང་བའི་ཚུལ་ལེན་པར་བྱེད་པ་དག་ནི་ཉོན་མོངས་པའི་དུག་གིས་མི་ཚུགས་ཀྱིས་དགེ་བའི་སྲོག་གི་དབང་པོ་མི་འཆད་པས་ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཉོན་མོངས་ས་བོན་མ་ལུས་རྣམ་པར་འཇིག །ཅེས་བྱ་བ་ནི་དེ་ལྟ་བུའི་སྐུ་མཐོང་བ་དང་།
གསུང་ཐོས་པའི་སྐྱེས་བུའི་ཉོན་མོངས་པ་ཁམས་གསུམ་པར་འཁོར་ཞིང་སྡུག་བསྔལ་སྐྱེད་པར་བྱེད་པ་ས་བོན་དང་བཅས་པ་མ་ལུས་པར་མཐའ་དག་རྣམ་པར་འཇིག་ཅིང་། རང་ཉིད་དེངས་ཤིང་ཟད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཟུགས་ཀྱི་སྐུ་མཐོང་བའི་ཡོན་ཏན་བཤད་
ནས། ད་ནི་ཆོས་ཀྱི་སྐུ་མཐོང་བའི་ཡོན་ཏན་བསྟན་པའི་ཕྱིར། གཙོ་བོ་ཁྱེད་ལ་དེ་ལས་རབ་མཆོག་གྱུར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཙོ་བོ་ཞེས་བྱ་བ་ནི་བོད་པའོ། །ཁྱེད་ལ་དེ་ལས་རབ་མཆོག་གྱུར་ཞེས་བྱ་བ་ནི་གཟུགས་ཀྱི་སྐུ་དེ་ལས་ཆེས་ཕུལ་དུ་བྱུང་ཞིང་རབ་མཆོག་ཏུ་གྱུར་
ལ་ཐུན་མོང་མ་ཡིན་པའི་སྐུ་འང་མངའོ་ཞེས་བྱ་བར་སྦྱར་རོ། །དེ་གང་ཞིག་ཡིན་ཞེ་ན། ཆོས་སྐུ་ཉི་མ་བླ་ན་མེད་པའང་ཞེས་བྱ་བ་སྟེ། ཆོས་ཀྱི་སྒྲས་ནི་བཅོམ་ལྡན་འདས་དེ་ཆོས་ཀྱི་ངོ་བོ་ཉིད་ཡིན་པས་ཤིན་ཏུ་ཕྲ་བ་བརྗོད་ཅིང་བསྟན་པ་མེད་པ་ཇི་ལྟར་མི་སྣང་བ་ཐམས་ཅད་མཁྱེན་པ་ཉག་

གཅིག་གི་སྤྱོད་ཡུལ་དུ་གྱུར་པ་ཡིན་པར་སྟོན་ཏོ། །དེ་ཉིད་ནི་སྐུ་སྟེ་ཆོས་ཀྱང་ཡིན་ལ་སྐུ་ཡང་ཡིན་པས་ཆོས་ཀྱི་སྐུའོ་ཞེས་ལས་འཛིན་པར་མཚམས་སྦྱར་རོ། །དེ་ཉིད་ནི་ཉི་མ་དང་འདྲ་བས་ཆོས་ཀྱི་ཉི་མ་སྟེ། ཇི་ལྟར་ཉི་མས་ཕྱིའི་མུན་པའི་ཚོགས་སེལ་བར་བྱེད་པ་དེ་བཞིན་དུ་ཆོས་ཀྱི་
དབྱིངས་ཀྱི་ཡེ་ཤེས་ཀྱི་སྣང་བས་མ་རིག་པའི་མུན་པ་མུན་གནག་འཇོམས་པར་བྱེད་པས་ཉི་མ་དང་ཆོས་མཐུན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བླ་ན་མེད་པ་སྟེ། དེ་ལས་ལྷག་མ་གཞན་མེད་པའམ། ས་འོག་མ་པ་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན།
བསམས་ཀྱང་འགྲོ་བའི་སྤྱོད་ཡུལ་མི་འགྱུར་བ། །ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་སྐུའི་ངོ་བོ་བསམས་ཤིང་བསྒོམས་སུ་ཟིན་ཀྱང་ཁམས་གསུམ་པའི་འགྲོ་བ་སོ་སོའི་སྐྱེ་བོ་དངོས་པོ་ལ་མངོན་པར་ཞེན་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བ་ཡིན་ཏེ། དེའི་རང་བཞིན་བློས་རྟོགས་ཤིང་
ཁོང་དུ་ཆུད་པར་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡོད་པར་ཇི་ལྟར་ཤེས་ཤེ་ན། ཉེས་པའི་རབ་རིབ་འཇོམས་པ་ངོ་མཚར་ཆེ། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་མ་རིག་པ་ཞེས་བྱ་བ་ཉོན་མོངས་པའི་གཞི་བོར་གྱུར་པའི་ཉེས་པའི་མུན་ནག་གི་རབ་རིབ་འཇོམས་ཤིང་སེལ་བར་བྱེད་
པ་ཉི་མ་ལྟ་བུ་གང་ཡིན་པ་ནི་ཆོས་སྐུ་སྟེ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ། དེ་ནི་དངོས་པོར་མ་དམིགས་ཤིང་མིག་གི་སྤྱོད་ཡུལ་དུ་མ་གྱུར་པ་ཡིན་ཡང་སྐྱེས་བུ་རྣམས་ཀྱི་བློའི་མུན་པ་སེལ་བར་བྱེད་པ་ནི་ངོ་མཚར་ཆེ་སྟེ། བསམ་གྱིས་མི་ཁྱབ་པའི་ཡུལ་ཡིན་པའི་ཕྱིར་རྨད་དུ་
གྱུར་པ་ཡིན་ནོ། །དེ་ལྟར་བཤགས་ཤིང་བསྟོད་པ་བརྩམས་པ་མཇུག་བསྡུ་བའི་སྒོ་ནས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་སྒོ་བརྗོད་དེ་ཕྱག་འཚལ་བ་བསྟན་པའི་ཕྱིར། ཐུགས་མཆོག་གང་ཡང་རུང་བ་དེ་ཡིས་ནི། ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་ཁྱེད་ལ་བཏུད་
ཅིང་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཕྱག་འཚལ་ཞེ་ན། ཉེས་པ་ཞི་བར་མཛད་པའི་ཕྱིར་རོ། །གང་གིས་ཤེ་ན། ཐུགས་མཆོག་གང་ཡང་རུང་བ་དེ་ཡིས་ནི། །ཞེས་བྱ་བ་སྟེ། གང་གིས་གཉིས་སུ་མེད་པའི་ཡེ་ཤེས་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་

པའི་ཡུལ་མ་ཡིན་པ་ཐུགས་སུ་ཆུད་པར་མཛད་པའི་ཐུགས་ཀྱི་མཆོག་གང་ཡང་རུང་བ་དེ་ཡིས་སོ། །ཅི་ཞིག་ལ་དམིགས་ཤེ་ན། ཞི་གནས་གང་ཡང་རུང་བ་དེར་བཞུགས་ནས། །ཞེས་བྱ་བ་སྨོས་ཏེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་ལྷུན་གྱིས་གྲུབ་
པའམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། བསམ་གཏན་གྱི་མཆོག་ལ་ཞུགས་ཞིང་རྣལ་འབྱོར་གྱི་མཐར་བྱོན་པ་བརྙེས་པ་ལ་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཉེས་ཀུན་རྣམ་པ་ཀུན་དུ་ཞིར་མཛད་པའི། །བཅོམ་ལྡན་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་
སྨོས་ཏེ། འཁོར་བའི་སྡུག་བསྔལ་སྐྱེད་པའི་ཉེས་པ་གང་ཡིན་པ་དེ་ཀུན་ཞི་བར་མཛད་ཅིང་སེལ་བར་མཛད་པར་སྤྱོད་པ་ནི་ཁྱེད་ཉིད་ཡིན་ཏེ། དེ་ཟློག་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། རྣམ་པ་ཀུན་ཞེས་བྱ་བ་སྟེ། བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་སེལ་
བར་མཛད་པའམ། ཡང་ན་རྣམ་པ་ཀུན་གྱིས་ཞི་བར་མཛད་པ་སྟེ། ཐེག་པའི་ཚུལ་སྣ་ཚོགས་སམ། རྫུ་འཕྲུལ་དང་ཆོ་འཕྲུལ་ལ་སོགས་པའི་ཐབས་ཀྱི་སྒོ་སྣ་ཚོགས་ཀྱིས་ཞི་བར་མཛད་པའོ། །དེ་བས་ན་བཅོམ་ལྡན་འདས་གང་ཡང་རུང་བ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་སྟེ། ཉེས་
པའི་ཚོགས་དེ་ལྟ་བུ་ཞི་བར་མཛད་པའི་བཅོམ་ལྡན་འདས་གང་ཡིན་པ་དེ་ལ་ལུས་དང་ངག་དང་ཡིད་དང་ཞིང་གུས་པས་འདུད་ཅིང་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ། །གང་ཡིན་དེ་ལ་ཞེས་སྨོས་པ་ནི་གང་གི་ཕྱིར་ཁྱེད་ཀྱི་མཁྱེན་པས་ཁྱབ་པར་མེད་པའི་ཚིག་ཏུ་སྨོས་པ་ཡིན་གྱི། དེ་ལྟ་ན་ནི་
གཙོ་བོ་ལ་དེ་སྐད་སྨྲ་བ་རིགས་པ་མ་ཡིན་ནོ། །དེ་ལྟ་ན་ཁྱེད་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་གང་ཡང་རུང་བ་དེ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་ཞེས་བྱ་བའི་དོན་ཏོ། །ད་ནི་བསྟོད་པ་བྱས་པ་ལས་བྱུང་བའི་བསོད་ནམས་གང་ཡིན་པ་དེ་སེམས་ཅན་རྣམས་ལ་བསྔོ་བ་དང་། བྱང་ཆུབ་སེམས་
དཔའ་རྣམས་ཀྱི་བསླབ་པ་ཡིན་པས་དེ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར། དེ་ལྟར་ཡོན་ཏན་བླ་མེད་ལ་བཤགས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་རྫོགས་པའོ། །ཡོན་ཏན་བླ་མེད་ནི་གང་ལ་ཡོན་ཏན་གྱི་ཚོགས་ཐུན་མོང་མ་ཡིན་པ་མངའ་བ་སྟེ་སྟོན་པའོ། །

དེ་ལ་བཤགས་པ་ནི་རང་གིས་སྡིག་པ་དང་ཉེས་པ་གང་དག་བྱས་པ་དེའི་སྤྱན་སྔར་བརྗོད་པའོ། །དེ་ལྟ་བུའི་སྒོ་ནས་ཅི་ཞིག་བྱས་ཤེ་ན། ཡང་དག་བསྟོད་པ་རྣམ་སྦྱར་དགེ་བ་ནི། །ཞེས་བྱ་བ་སྨོས་ཏེ། རང་གི་ཉེས་པ་དེ་བརྗོད་པའི་སྒོ་ནས་བཅོམ་ལྡན་འདས་ལ་ཡང་དག་པར་བསྟོད་པའི་
ཚིག་རྣམ་པར་འཕེལ་ཞིང་ལེགས་པར་སྦྱར་བ་ལས་དགེ་བ་སྟེ། བསོད་ནམས་སུ་བྱས་པའོ། །ཇི་ལྟ་བུ་ཞེ་ན། ཟླ་མཛེས་ལྟར་དཀར་བདག་གིས་གང་བསགས་དེས། །ཞེས་བྱ་བ་སྨོས་ཏེ། བསོད་ནམས་དེ་ཡང་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་མཛེས་པ་སྟེ། ཉེས་པའི་ནག་ནོག་གིས་མ་
འདྲེས་ཤིང་ཡིད་དུ་འོང་བའོ། །བདག་གིས་གང་བསགས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བསྒྲུབས་ཤིང་ཚོགས་ཡོངས་སུ་བསྡུས་པའོ། །ཟླ་བ་སྨོས་པས་ནི་བདག་ཉིད་ཀྱི་མིང་ཟླ་བ་ཞེས་བྱ་བར་ཡང་སྟོན་ཏོ། །དཀར་བ་སྨོས་པས་ཀྱང་བདག་ཉིད་ཀྱི་རང་བཞིན་དག་པར་སྟོན་ཏོ། །བསོད་
ནམས་དེ་གང་དུ་བསྔོ་ཞེ་ན། འགྲོ་ཀུན་བདེ་བ་ཅན་དུ་འགྲོ་བར་ཤོག །ཅེས་བྱ་བ་སྨོས་ཏེ། བདག་གིས་དེ་ལྟར་བསགས་པའི་བསོད་ནམས་དེས་འགྲོ་བ་འདི་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་ཞིང་དེར་སྐྱེ་བར་ཤོག་ཅིག་པའོ། །ཡང་ན་བླ་ན་མེད་པའི་བདེ་བ་ནི་
སངས་རྒྱས་ཀྱི་གོ་འཕང་སྟེ། དེ་དང་ལྡན་པའི་གནས་ཐོབ་པར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །བློ་ཆེན་བློ་གྲོས་བཟང་པོ་ཡིས། །གསོལ་བ་བཏབ་པ་ལ་བརྟེན་ཏེ། །སངས་རྒྱས་ཞི་བ་བདག་གིས་ནི། །བཤགས་བསྟོད་འགྲེལ་པ་འདི་བྱས་སོ། །ཟླ་བའི་ཚིག་དོན་དབྱིངས་ཆེ་
བས། །བདེ་གཤེགས་སྤྱོད་པ་ཟབ་མོ་འདི། །བཤགས་ནས་བསྟོད་པའི་ཚུལ་ལ་ནི། །བརྟེན་བརྩམས་སྲིད་པ་སྦྱང་ཕྱིར་ཡིན། །དེ་ཡི་འགྲེལ་པ་ཟླ་ཟེར་ལྟར། །ཡིད་འོང་བདག་གིས་བྱས་པ་འདིས། །འགྲོ་བའི་ཉོན་མོངས་རྣམ་སྦྱངས་ནས། །སྐྱོན་བྲལ་སངས་རྒྱས་ཉིད་ཐོབ་ཤོག །
བཤགས་བསྟོད་ཀྱི་འགྲེལ་པ་སློབ་དཔོན་སངས་རྒྱས་ཞི་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བུདྡྷ་ཤྲཱི་ཤཱནྟི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། བུདྡྷ་ཨ་བྷི་ཥེ་ཀ་ནཱ་མ་སྟོ་ཏྲཿ། བོད་སྐད་དུ། སངས་རྒྱས་དབང་བསྐུར་བ་ཞེས་བྱ་བའི་བསྟོད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ནས་བསྐལ་པ་གྲངས་མེད་གསུམ། །ཕ་རོལ་ཕྱིན་རྣམས་རྫོགས་པ་ཡི། །ཐུབ་
པ་ལྷ་རྣམས་ཀྱི་སྟོན་པ། །མཐོ་རིས་ནས་ནི་མི་ནང་གཤེགས། །ཉི་མའི་རིགས་ཏེ་ཟླ་བ་ཡི། །ས་ཡི་བདག་པོ་ཟས་གཙང་དང་། །གཙོ་མོ་སྒྱུ་འཕྲུལ་ལྷ་མོ་ཡི། །མངལ་དུ་ཉིང་མཚམས་སྦྱོར་བར་མཛད། །དེར་ནི་རིན་ཆེན་ཁང་གནས་ཤིང་། །ལྷ་ཡི་མཆོག་རྣམས་བསྟོད་
བྱེད་ལ། །དེ་ལ་གསུང་ནི་མཐོན་པོ་ཡིས། །དམ་པའི་ཆོས་ནི་སྟོན་པར་མཛད། །ལྷ་རྣམས་ཐལ་མོ་སྦྱར་བྱས་ཏེ། །དུས་གསུམ་དུ་ནི་དེར་བལྟ་བ། །རྡུལ་མེད་མུ་ཏིག་ཕྲེང་བ་ནི། །བཻ་ཌཱུརྱ་ཡི་སྣོད་གནས་འདྲ། །བདུད་རྩི་རབ་སྦྱིན་གཟུགས་ཅན་ཏེ། །དེ་འོས་ལྷ་མོ་མཛེས་པར་གྱུར། །
ཟླ་བ་ཤིན་ཏུ་གསལ་བའམ། །མུ་ཏིག་འོ་མའི་རྒྱ་མཚོ་འདྲ། །འབྱུང་བ་རྣམས་ཀྱང་དབུགས་འབྱིན་ཅིང་། །ཡིད་ལ་རེ་བའི་དོན་རྫོགས་མཛད། །དེ་ནི་འདོད་ལ་སྩོལ་བ་སྟེ། །འདོད་པ་ཐམས་ཅད་ཕུན་ཚོགས་མཛད། །སྐྱེད་མོས་ཚལ་ནི་ལུམྦི་ནཱིར། །འཇིག་རྟེན་གཙོ་མོ་སོང་གྱུར་
ཏེ། །ས་བདག་དང་ནི་སླས་རྣམས་དང་། །མདུན་ན་འདོན་དང་ལྷན་ཅིག་གནས། །དེར་ནི་མྱ་ངན་མེད་པ་ཡི། །ཡལ་ག་ལ་འཇུས་བརྟུལ་ཞུགས་གནས། །མཁའ་ལ་ལྷ་ཡི་བུ་མོ་རྣམས། །ཟླ་བ་དང་ནི་སྐར་ཚོགས་འདྲ། །སྐར་མ་རྒྱལ་ལ་བབ་པ་ན། །དེའི་སྲས་རྩིབ་མའི་ལོགས་
ནས་ནི། །འགྲོ་ལ་ཕན་པ་མཁྱེན་པ་ཡི། །ཉི་མ་ཤར་བ་བཞིན་དུ་བྱུང་། །མཚན་མཆོག་ཡང་དག་རྫོགས་པ་ཡི། །གཙོ་བོ་ཉིད་ཀྱི་སྐུ་ཡི་འོད། །འཛམ་བུ་ཆུ་བོའི་གསེར་འདྲ་ཡིས། །ཕྱོགས་རྣམས་རབ་ཏུ་སྣང་བར་གྱུར། །བརྒྱ་བྱིན་མ་མའི་ཆ་བྱད་ཅན། །སྨིན་མ་བསྐྱོད་
པས་ཟློག་པ་མཛད། །ས་ལ་གོམ་བདུན་བོར་བ་ན། །གཏེར་དང་པདྨས་བརྒྱན་པར་གྱུར། །བདག་གི་སྐྱེ་བ་ཐ་མ་ནི། །འདི་ཡིན་ཡང་སྲིད་ཡོད་མིན་ཞེས། །སྙན་པའི་གསུང་ནི་བསྒྲགས་ནས་ཀྱང་། །ཕྱོགས་རྣམས་ཀུན་དུ་གཟིགས་པར་གྱུར། །ཉི་ཟླ་རིན་ཆེན་བུམ་པ་ལས། །

དྲོ་གྲང་ཆུ་ཡི་རྒྱུན་གཉིས་ནི། །དྲི་མ་མེད་པའི་ནམ་མཁའ་ལས། །དེ་ཡི་དབུ་ལ་བབ་པར་གྱུར། །བདེ་གཤེགས་འགྲོ་བའི་བླ་མ་ནི། །རིན་ཆེན་སྣ་ཚོགས་བཀྲམ་པ་ཡི། །སེང་གེའི་གདན་ནི་མཐོན་པོ་ལ། །དགྱེས་པས་དེར་ནི་བཞུགས་པར་འགྱུར། །བརྒྱ་བྱིན་གནས་ཀྱི་ཆུ་བོ་དང་། །
འཇུག་ངོགས་ལས་བླངས་ལྷ་ཡི་ཆུ། །གསེར་ལས་བྱས་པའི་བུམ་པ་ཡིས། །ལྷ་རྣམས་ཀྱིས་ནི་དབང་བསྐུར་བསྟབས། །ལྷ་ཡི་གོས་དང་ཕྲེང་བ་དང་། །བསྟོད་པ་ལ་ནི་བརྩོན་པ་ཡི། །ཚོགས་རྣམས་དུ་མ་འདུས་པ་ཡིས། །ལྷ་ཡི་ཚལ་ནི་གང་བར་གྱུར། །རྔ་སྒྲ་རྣམས་དང་
ཅ་ཅོ་ཡིས། །མཁའ་དབྱིངས་མ་ལུས་ཁྱབ་པར་གྱུར། །ནམ་མཁའ་ལས་ནི་མེ་ཏོག་ཆར། །རྒྱུན་མི་འཆད་པར་བབ་པར་གྱུར། །མནྡཱར་མེ་ཏོག་གཅལ་བཀྲམ་པས། །གནས་གཙང་མ་ཡི་གནས་ལྟར་གྱུར། །ག་བུར་ཙནྡན་ཕྱེ་མ་ཡིས། །འཇིག་རྟེན་མགོན་ལ་གཏོར་བར་གྱུར། །
རི་བོ་རྒྱ་མཚོར་བཅས་པ་དག །གར་མཁན་གྱི་ནི་གོས་ལྟར་གཡོ། །བཅུད་རྣམས་སྣ་ཚོགས་འཛིན་པ་ཡི། །ས་དག་རྣམ་དྲུག་གཡོས་པར་གྱུར། །བུང་བ་རྣམས་ནི་སྒྲ་སྒྲོགས་ཤིང་། །དུས་རྣམས་ཀུན་དུ་བྱུང་བ་ཡི། །ཤིང་རྣམས་རང་ཉིད་འདུད་པ་དང་། །མེ་ཏོག་རྣམས་ནི་འབོར་
བར་གྱུར། །བློན་པོ་རྒན་དང་མདུན་ན་འདོན། །བཀྲ་ཤིས་དག་ནི་འདོན་པར་བྱེད། །ས་དང་མཁའ་དང་གྲུབ་པ་དང་། །མི་འམ་ཅི་དང་ལྷན་ཅིག་སྤྱོད། །ནགས་ན་གནས་པའི་ལྷ་རྣམས་དང་། །ལྷ་དང་གྲུབ་པ་རིག་འཛིན་མི། །ནང་གི་སླས་ཀྱི་བུད་མེད་ཀྱང་། །རབ་ཏུ་དགའ་བས་
གར་ཡང་བྱེད། །ལོང་བས་མིག་དང་འོན་པས་ཐོས། །ལྐུགས་པ་རྣམས་ནི་སྒྲ་གསལ་དང་། །ནད་པ་ནད་ལས་ཐར་བ་དག །སྐད་ཅིག་དེར་ནི་ཐོབ་པར་གྱུར། །རི་དགས་བྱ་དང་སྡིག་སྦྲུལ་དག །ཕན་ཚུན་འཚེ་བར་འདོད་པ་ཡི། །སེམས་ཅན་ཐམས་ཅད་དེ་ཡི་ཚེ། །རྩོད་མེད་འཚེ་
བ་མེད་པར་གྱུར། །དེ་ཚེ་གང་ཡང་སྡུག་བསྔལ་དང་། །ཉེས་སྤྱོད་བྱུང་བར་མ་གྱུར་ཏོ། །འགྲོ་བ་འདི་དག་ནད་མེད་ཅིང་། །བདེ་ཞིང་ལོ་ཡང་ལེགས་པར་གྱུར། །དེ་ཚེ་ཀུན་དུའང་མདུན་དུ་ནི། །གཏེར་རྣམས་དེར་ནི་བྱུང་བར་གྱུར། །དེ་ཚེ་སྲིད་གསུམ་རྒྱས་པར་ནི། །དགའ་ཞིང་

བདེ་བ་དག་ཏུ་གྱུར། །རྒྱལ་བ་དབང་བསྐུར་བསོད་ནམས་གང་། །བསོད་ནམས་ལྡན་པའི་སེམས་ཀྱིས་ནི། །ཉན་པར་བྱེད་པ་དེ་དག་ལ། །ཕུན་སུམ་ཚོགས་ཀུན་ལག་མཐིལ་གནས། །ཚེ་དང་ནད་མེད་དབང་ཕྱུག་དང་། །དགྲ་ཞི་རྒྱས་དང་རྒྱལ་དང་གྲགས། །
རྫོགས་སངས་ཡོན་ཏན་སྒྲོགས་པ་ཡི། །དད་པའི་མི་ཡིས་ཐོབ་པར་འགྱུར། །སངས་རྒྱས་དབང་བསྐུར་བ་ཞེས་བྱ་བའི་བསྟོད་པ་རྫོགས་སོ།། །།ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ།
ཤྲཱི་བཛྲ་དྷ་ར་སཾ་གཱི་ཏི་བྷ་ག་བཱན་སྟོ་ཏྲཿ། བོད་སྐད་དུ། བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མཉམ་མེད་མི་གཡོ་མཉམ་ཉིད་མཆོག་ཆོས་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ། །
ཡོན་ཏན་ཀུན་མཉམ་མཐའ་མེད་དངོས་གྲུབ་སྩོལ། །དྲི་མེད་མི་གཡོ་མཉམ་མེད་མཆོག་རབ་ཆོས། །སེམས་ཅན་ཁམས་ལ་རྟག་མཆོག་གྲུབ་སྩོལ་བ། །དངོས་གྲུབ་མཉམ་དང་མཐའ་མེད་དཔེ་བྲལ་བ། །མཉམ་པའི་དཔེ་ཉིད་ནམ་མཁའ་ལ་མེད་དེ། །ཡོན་ཏན་ཤས་ཕྲའི་ཆས་
ཀྱང་མཚུངས་མ་ཡིན། །རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགག་མེད་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་ལྷུར་མཛད་མཐའ་ཡས་པ། །ཐུགས་རྗེའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །དཔག་མེད་མི་དཔོགས་གནས་ཉིད་ལེགས་རྫོགས་པ། །
བདེ་གནས་གཤེགས་ཀྱང་ཐུགས་རྗེའི་སྤྱོད་མི་གཡོ། །འཇིག་རྟེན་གསུམ་ལ་མཆོག་གི་གྲུབ་སྩོལ་བ། །འགག་ཉིད་མི་འགྱུར་ཨེ་མའོ་ཆོས་ཉིད་བཟང་། །མཆོག་སྩོལ་སྦྱིན་མཆོག་ཉིད་གནས་ཆོས་ཉིད་བརྙེས། །འཇིག་རྟེན་གསུམ་རྟག་དམ་པ་སྩོལ་མཆོག་སྒྲུབ། །བདེ་གཤེགས་
དུས་གསུམ་མཁྱེན་སྒྲིབ་མི་མངའ་བ། །ཀུན་གྱི་དམ་ཚིག་གསུམ་མཆོག་གྲུབ་བདག་སྩོལ། །བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་

ཞུས་ཏེ་གཏན་ལ་ཕབ་པ།།  ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་དྷ་ར་སཾ་གཱི་ཏ་བྷ་ག་བ་ཏི་སྟོ་ཏྲ་ཊཱི་ཀཱ། བོད་སྐད་དུ། བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་ཀྱི་རྒྱ་ཆེར་བཤད་པ། འཇམ་པའི་མགོན་ལ་ཕྱག་འཚལ་ལོ། །གང་
ཞིག་བསྟོད་དུ་བློ་བཟང་རྣམས་ཀྱི་བློ་གྲོས་དང་། །ཚིག་གིས་འདོད་པའི་འབྲས་ལྡན་འཇུག་པ་མི་རྙེད་ལ། །འཕགས་པ་གསུང་འཇམ་ཡོན་ཏན་ནམ་མཁའ་མཐའ་ཡས་ཤིང་། །དག་པ་ལྟ་བུ་དེ་ལ་རྟག་ཏུ་བདག་ཕྱག་འཚལ། །མཉམ་མེད་མི་གཡོ་མཉམ་ཉིད་ཆོས་མཆོག་
ཅན། ཞེས་བྱ་བ་ལ་སོགས་པའི་བསྟོད་པ་ནི་གཙོར་གསོལ་བ་གདབ་པ་ཡང་ཡིན་ཏེ། འདི་ལྟར་མཇུག་ཏུ། །ཀུན་གྱི་དམ་ཚིག་གསུམ་མཆོག་གྲུབ་བདག་སྩོལ། །ཞེས་བསྟོད་དོ། །མཆོག་གི་དངོས་གྲུབ་གསོལ་བ་གདབ་པར་འོས་པ་དེ་དག་ཀྱང་གང་ཞེ་ན། གང་དག་རང་ཡོངས་
སུ་དག་པའི་བདག་ཉིད་ཅན་བརྩེ་བ་ཆེན་པོའི་དབང་དུ་གྱུར་པ། བརྩེ་བའི་འབྲས་བུ་གཉིས་བྱེད་པ། དེའི་རྗེས་སུ་མཐུན་པའི་ཡོན་ཏན་དང་ལྡན་པ་རྣམས་ཡིན་ཏེ། རྣམ་པར་མ་དག་པའི་བདག་ཉིད་ཅན་རྣམས་ནི་རང་ལ་ཕན་པའང་བྱ་བར་མི་ནུས་སོ། །ཡོངས་སུ་དག་པའི་བདག་ཉིད་
ཅན་ཡིན་ཡང་སྙིང་རྗེ་ཆེན་པོ་དང་བྲལ་ན་གཞན་གྱི་དོན་ཆེན་པོ་མཚར་ཅིག་མི་བྱེད་དེ། རང་རྒྱལ་བ་དག་བཞིན་ནོ། །སྙིང་རྗེ་ཆེན་པོ་དང་ལྡན་དུ་ཟིན་ཀྱང་གལ་ཏེ་དེའི་འབྲས་བུ་དང་མཐུན་པའི་ཡོན་ཏན་དང་བྲལ་བ་ཉིད་ཀྱིས་ནུས་པ་མེད་པའི་ཕྱིར་བརྩེ་བའི་འབྲས་བུ་གནོད་པ་སེལ་བ་དང་། ཕན་
པ་བསྒྲུབ་པ་མི་བྱེད་ན་དེའི་ཚེ་གསོལ་བ་གདབ་པའི་ཡུལ་མ་ཡིན་པར་གྱུར་ཏེ། སེམས་དང་བཅས་པ་རྣམས་ནི་བདག་ཉིད་རྡོས་ནོན་པ་དབྱུང་བའི་ཕྱིར། འཕྱེ་བོ་དང་ལོང་བ་ལ་སོགས་པ་ལ་གསོལ་བ་འདེབས་པར་མི་བྱེད་དོ། །དེ་བས་ན་ཡོངས་སུ་དག་པའི་བདག་ཉིད་ཅན་ཉིད་ཤེས་པར་བྱ་
བའི་ཕྱིར། མཉམ་མེད་མི་གཡོ་མཉམ་ཉིད་ཆོས་མཆོག་ཅན། །ཞེས་བྱ་བ་འདི་གསུངས་སོ། །བརྩེ་བའི་ངང་དུ་གྱུར་པ་ཉིད་བསྟན་པའི་ཕྱིར། ཐུགས་རྗེའི་བདག་ཉིད་ཅེས་བྱ་བ་འདི་གསུངས་སོ། །ཐུགས་རྗེའི་འབྲས་བུ་གཉིས་མཛད་པ་ཉིད་བརྗོད་པའི་ཕྱིར། འགྲོ་བའི་སྡུག་བསྔལ་

སེལ་ཞེས་བྱ་བ་དང་། ཡོན་ཏན་ཀུན་མཉམ་མཐའ་མེད་དངོས་གྲུབ་སྩོལ། །ཞེས་བྱ་བ་འདི་གསུངས་སོ། །བརྩེ་བའི་འབྲས་བུ་གཉིས་དང་མཐུན་པའི་ཡོན་ཏན་དང་ལྡན་པ་ཉིད་རབ་ཏུ་བསྟན་པའི་ཕྱིར། །དྲི་མེད་མི་གཡོ་མཉམ་མེད་མཆོག་རབ་ཆོས། །ཞེས་བྱ་བ་འདི་གསུངས་
ཏེ། འདི་ནི་བསྡུས་པའི་དོན་ཡིན་ནོ། །ཚིག་རྣམ་པར་དབྱེ་བ་ནི། དེ་ནི་མཉམ་པ་མེད་པའང་ཡིན་ལ་མི་གཡོ་བའང་ཡིན་པས་མཉམ་མེད་མི་གཡོ་བའོ། །དེ་ནི་མཉམ་པ་མེད་པ་དང་མི་གཡོ་བའང་ཡིན་ལ་མཉམ་པ་ཉིད་ཀྱང་ཡིན་པས་དེ་སྐད་ཅེས་བྱ་སྟེ། མཉམ་པ་ཉིད་དེ་ལྟ་བུ་དེ་ཉིད་མཆོག་
ཆོས་ཡིན་ནོ། །དེ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། འདིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་ཉིད་བསྟན་ཏོ། །དེ་ལ་མཉམ་པ་མེད་པ་ནི་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་ཏེ་རྣམ་པར་དག་པའི་མཐར་ཕྱིན་པས་དཔེ་མེད་པའི་ཕྱིར་ཏེ། སུ་དང་ཡང་མཉམ་
ཞིང་མཚུངས་པ་མེད་པའམ། འདི་དང་མཉམ་ཞིང་འདྲ་བ་འགའ་ཡང་མེད་པས་ན་མཉམ་མེད་དོ། །འདིས་ནི་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པར་ཡོངས་སུ་དག་པ་བཤད་དོ། །གཡོ་བ་ནི་གཞན་དུ་འགྱུར་བའོ། །གཡོ་བ་མེད་པས་ནི་མི་གཡོ་བ་སྟེ། དུས་ཐམས་ཅད་དུ་གཉིས་སུ་མེད་པའི་ཆོས་
ཉིད་ཤིན་ཏུ་རྣམ་པར་དག་པ་ལས་མི་འདའ་བ་ཞེས་བྱ་བའི་དོན་ཏོ། །འདིས་ནི་མི་འགྱུར་བས་ཡོངས་སུ་གྲུབ་པར་བཤད་དོ། །མཉམ་པ་རྣམས་ཀྱི་ངོ་བོ་ནི་མཉམ་ཉིད་དེ། དངོས་པོ་འགའ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་ལས་མི་འདའོ། །དེའི་ཕྱིར་རང་བཞིན་འདིས་ཆོས་ཐམས་ཅད་
སྟོང་ཉིད་དུ་རོ་གཅིག་ཅིང་མཉམ་མོ། །འདི་ནི་མཆོག་ཀྱང་ཡིན་ལ་ཆོས་ཀྱང་ཡིན་པས་མཆོག་ཆོས་ཏེ། རྟོག་གེ་དང་ལུང་གསལ་བས་ཤེས་པར་བྱ་བ་ཡིན་པའི་ཕྱིར། དེ་བཞིན་ཉིད་རིགས་པ་དང་མ་བྲལ་བ་ཡིན་ནོ། །དེ་ཇི་ལྟ་ཞེ་ན། རིག་པར་བྱ་བ་དང་རིག་པར་བྱེད་པའི་མཚན་ཉིད་དང་བྲལ་
བ་ཉིད་འཛིན་པའི་ཕྱིར་ཏེ། དེ་འཛིན་པ་ཉིད་ཀྱི་ཕྱིར་ཆོས་ཀྱང་ཡིན་ནོ། །རྣམ་པ་གཅིག་ཏུ་ན་མཆོག་ཆོས་ཀྱི་མཆོག་སྟེ། དེ་ནི་རྣམ་པར་བསྒོམས་ན་སྒྲིབ་པ་ཐམས་ཅད་སྤོང་བའི་ཕུན་སུམ་ཚོགས་པའང་འདྲེན་ལ་ཡོན་ཏན་མ་ལུས་པའི་འབྱོར་པའང་ཐོབ་པར་བྱེད་དོ། །ཡང་སྟོང་པ་ཉིད་

ནི་སེམས་ཅན་གྱི་ཚོགས་ཐམས་ཅད་ལའང་ཁྱབ་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཁོ་ནའི་ཆོས་ཀྱི་སྐུ་ཞེས་བྱ་ཞེ་ན། ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱིས་དེ་དག་གི་རྒྱུད་ཁོ་ན་ལ་གསལ་བའི་ཕྱིར་ཏེ། གཞན་དག་ལ་ནི་སྒྲིབ་པས་བསྒྲིབས་ཏེ་མི་གསལ་བས་མེད་པ་དང་འདྲའོ། །གང་
དག་ལ་ཐུགས་རྗེའི་བདག་ཉིད་ངོ་བོ་ཉིད་ཡོད་པ་དེ་དག་ནི་ཐུགས་རྗེའི་བདག་ཉིད་ཅན་ཏེ། དེ་དག་གི་དེ་ནི་བསྐལ་པ་གྲངས་མེད་པ་མི་ཉུང་བར་རབ་ཏུ་གུས་པར་གོམས་པ་བརྒྱུད་པས་ཤིན་ཏུ་ངང་དུ་གྱུར་པ་ཡིན་ནོ། །འགྲོ་བའི་ཞེས་བྱ་བ་ནི་འཇིག་རྟེན་གྱིའོ། །སྡུག་བསྔལ་ནི་ཅི་ཡང་
རུང་སྟེ་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་བཞིན་ནོ། །གང་དག་ལ་དེ་སེལ་ཅིང་འདོར་བའི་ངང་ཚུལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། དེ་དག་གིས་བསྟན་པའི་བསྒོམས་པས་སྡུག་བསྔལ་མ་ལུས་པར་ལྡོག་པའི་ཕྱིར་རོ། །མཉམ་པ་ནི་འདྲ་བའི་དངོས་པོའོ། །མཐའ་
ནི་མཐར་ཐུག་པའོ། །སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་ཡོན་ཏན་གང་དག་ཡིན་པ་ཀུན་ལ་མཉམ་པ་དང་མཐའ་མེད་པ་དེ་དག་ནི་མཉམ་མཐའ་མེད་པའོ། །དངོས་གྲུབ་ནི་ཡོངས་སུ་གྲུབ་པའོ། །གང་དག་དེ་སྩོལ་བའི་ངང་ཚུལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་ཏེ་འགྲོ་
བ་ལ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པའི་ཡོན་ཏན་དཔེ་མེད་ཅིང་སོ་སོར་ཚད་མེད་པ་གང་དག་ཡིན་པ་དེ་དག་སྩོལ་བ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་དག་གིས་བསྟན་པ་ལ་ནན་ཏན་བྱས་པས་འགྲོ་བ་མཐའ་དག་ལ་ཕན་པ་བདེ་བར་གཤེགས་པའི་གོ་འཕང་ཐོབ་པའི་ཕྱིར་རོ། །དེ་ཉིད་
ཀྱི་ཕྱིར་ཁ་ཅིག་ནི། ཡོན་ཏན་ཀུན་རྫོགས་མེད་པའི་དངོས་གྲུབ་སྩོལ། །ཞེས་འདོན་ཏོ། །ཁ་ཅིག་ནི། ཡོན་ཏན་ཀུན་མཉམ་མཉམ་མེད་དངོས་གྲུབ་སྩོལ། །ཞེས་འདོན་ཏོ། །འདི་ནི་གཞན་བསྒྲིམ་མི་དགོས་པར་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར་ཕན་པ་བསྒྲུབ་པའི་མཆོག་བསྟན་པར་ཟད་དེ།
མངོན་པར་མཐོ་བའི་ངོ་བོ་འཁོར་ལོས་སྒྱུར་བ་ཉིད་ལ་སོགས་པ་ཕན་པ་གཞན་ཡང་སྩོལ་བར་མཛད་པ་ཉིད་དོ། །དྲི་མེད་མི་གཡོ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ནི་ཁྱད་པར་གྱི་ཚིག་བསྡུ་བ་ཡིན་ཏེ། གང་དག་ལ་གཞན་ལ་ཕན་པའི་རྒྱུ་ཕུན་སུམ་ཚོགས་པ་སོ་སོ་ཡང་དག་པར་རིག་པ་

ལ་སོགས་པའི་ཆོས་དེ་ལྟ་བུ་མངའ་བ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་ལ་དྲི་མ་མེད་པ་ནི་རྣམ་པ་ཐམས་ཅད་རྣམ་པར་དག་པ་དང་ལྡན་པའི་ཕྱིར་རོ། །མི་གཡོ་བ་ནི་ཡོངས་སུ་མི་ཉམས་པའི་ཆོས་ཉིད་ཀྱིས་སམ། འཁོར་བ་ཇི་སྲིད་པར་གནས་པའི་ཕྱིར་རོ། །མཉམ་པ་
ནི་སྔ་མ་བཞིན་དུ་དཔེ་མེད་པ་ཉིད་ཀྱི་ཕྱིར་རོ། །མཆོག་གཙོ་བོ། །འཇིག་རྟེན་ལས་འདས་པ། སངས་རྒྱས་ལ་སོགས་པའི་ཆོས་རྣམས་ཀྱི་རབ་ནི་མཆོག་རབ་སྟེ། མ་འདྲེས་པ་ཡིན་པའི་ཕྱིར་གཙོ་བོ་རྣམས་ཀྱི་ཡང་གཙོ་བོ་ཞེས་བཤད་པ་ཡིན་ནོ། །ཡང་ན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་
དག་པ་ལ་དམིགས་པའི་ཕྱིར་གང་དག་ལ་ཡུལ་མཆོག་རབ་ཡོད་པ་སྟེ། དེ་དག་ནི་དེ་རང་རིག་པའི་ངོ་བོ་ཡིན་ནོ། །གཞན་དག་ན་རེ་མཆོག་ནི་དོན་དུ་གཉེར་བར་བྱ་བའོ། །རབ་ནི་ཐམས་ཅད་པས་ཕུལ་དུ་གྱུར་པའི་ཕྱིར་རོ་ཞེས་ཟེར་ཏེ། འདིར་ཚིག་གི་མདོ་ནི་དེ་ལྟ་བུའི་བདེ་བར་གཤེགས་
པ་རྣམས་ཀྱིས་མཆོག་གི་གྲུབ་པ་བདག་ལ་སྩོལ་ཅིག་ཅེས་བྱ་བ་ཡིན་ཏེ། ཚིགས་སུ་བཅད་པ་དང་པོ་དང་ཐ་མ་འདི་གཉིས་ཁོ་ནར་མངོན་པར་འདོད་པའི་དོན་གྱི་དེ་ཁོ་ན་ཉིད་ཐམས་ཅད་རྫོགས་པ་ཉིད་དུ་བསྟན་ཏོ། །འདི་ལས་གཞན་ཚིགས་སུ་བཅད་པ་གསུམ་ནི་ཀླན་ཀ་ངན་པ་ཡོངས་སུ་སྤང་བའི་
ཆེད་ཡིན་ནོ། །དེ་ལ་ཀླན་ཀ་ངན་པ་ནི་འདི་ཡིན་ཏེ། ཇི་ལྟར་ན་མཉམ་པ་ཉིད་དང་། སོ་སོ་ཡང་དག་པར་རིག་པ་ལ་སོགས་པའི་ཆོས་རྣམས་མཉམ་པ་མེད་པ་ཡིན། འདི་ལྟར་འདི་དག་དང་མཉམ་པ་ནམ་མཁའ་རང་བཞིན་གྱིས་ཡོངས་སུ་དག་པ་ཚད་མེད་པ་ཡོད་པས་དེ་ཉིད་ཀྱིས་འདི་
དག་གི་དཔེར་བྱས་ཏེ། ཇི་སྐད་དུ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། སུ་དག་སངས་རྒྱས་ཆོས་རྣམས་ལ། །དཔེར་བྱེད་པ་ནི་ཇི་སྙེད་པ། །དེ་དག་སངས་རྒྱས་འཚམ་མིན་པས། །འདྲེན་ལ་སྐུར་པ་འདེབས་པར་ཟད། །དེ་ལ་གཅིག་པུ་དཔེར་གྱུར་པ། །སངས་རྒྱས་
ཆོས་དང་མཉམ་པ་གང་། །ནམ་མཁའི་ཁམས་སུ་བསྟན་པ་སྟེ། །དེ་ལ་ཚད་ནི་གང་ནའང་མེད། །ནམ་མཁའ་ཇི་ཙམ་ཐུབ་པ་ཡི། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །ཡེ་ཤེས་རྣམ་གྲོལ་ཡེ་ཤེས་གཟིགས། །འདི་ཡང་དེ་ཙམ་ཁོ་ནར་བཤད། །ཅེས་གསུངས་པ་ལྟ་བུ་ཡིན་

ནོ། །དེ་བས་ན་དཔེ་མེད་པ་ཉིད་མི་འགྲུབ་པོ་ཞེ་ན། དེའི་ཕྱིར། མཉམ་པའི་དཔེ་ཉིད་ནམ་མཁའ་ལ་མེད་དེ། །ཞེས་བྱ་བ་ལ་སོགས་པ་འདི་གསུངས་སོ། །ནམ་མཁའ་ནི་ནམ་མཁའ་སྟེ་དེ་དཔེ་ཉིད་དུ་བརྗོད་པར་འདོད་ན་ཡང་བཅོམ་ལྡན་འདས་རྣམས་ལ་མཉམ་པའི་དཔེ་ཉིད་དོ། །
གང་དག་མཉམ་པས་དཔེ་ཡིན་པ་དེ་དག་ནི་མཉམ་པའི་དཔེའོ། །དེ་དག་གི་ངོ་བོ་ནི་མཉམ་པའི་དཔེ་ཉིད་དོ། །རེ་ཞིག་དེ་ཡང་མེད་ན་ལྷག་པའི་དཔེ་ཉིད་ལྟ་ཞིག་ག་ལ་ཡོད། དམན་པའི་དཔེ་ཉིད་ནི་མི་དགག་གོ། །ནམ་མཁའ་ཇི་ལྟ་བུ་ཞིག་ཅེ་ན། ཡོན་ཏན་ཤས་ཕྲའི་ཆས་ཀྱང་
མཚུངས་མ་ཡིན། ཡོན་ཏན་གྱི་ཤས་ནི་ཤས་ཆུང་ངོ་། །དེའི་ཕྲ་མོ་ནི་ཤིན་ཏུ་ཕྲ་བའི་ཆའོ། །དེའི་ཡང་ཆ་ནི་གང་ཕན་ཆད་བློས་ཀྱང་དབྲི་བར་བྱ་མི་ནུས་པའོ། །སངས་རྒྱས་ཉིད་ཀྱི་གནས་སྐབས་ན་ཡོད་པའི་ཡོན་ཏན་ཐམས་ཅད་ཀྱི་ཤས་ནི་ཆེ་བ་དང་། མི་ཟད་པ་ལ་སོགས་པའི་ཡོན་
ཏན་གང་ཡང་རུང་བ་འགའ་ཞིག་གོ། །དེའི་ཕྲ་མོ་ནི་དེ་རྩོམ་པར་བྱེད་པའི་རྒྱུའི་གནས་སྐབས་ན་ཡོད་པ་ས་བཅུས་བསྡུས་པའི་ཡོན་ཏན་ནོ། །དེའི་ཆ་ནི་མོས་པས་སྤྱོད་པས་བསྡུས་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཐམས་ཅད་དོ། །ཆ་དེ་དང་ཡང་མཚུངས་པ་མ་ཡིན་ཞིང་འདྲ་བ་མ་ཡིན་
ཏེ། འདི་ནི་མཉམ་པའི་དཔེ་ཉིད་མེད་པའི་རྒྱུ་ཡིན་ནོ། །ཇི་ལྟར་དེ་དང་ཡང་ནམ་མཁའ་མཚུངས་པ་མ་ཡིན་ཞེ་ན། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ཁམས་ལ་རྟག་མཆོག་གྲུབ་སྩོལ་བ་སྟེ། སེམས་ཅན་གྱི་ཁམས་ནི་ཚོགས་སོ། །དེ་ལ་མཆོག་གི་
གྲུབ་པ་སྩོལ་བ་སྟེ། མཆོག་ནི་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་ཡོན་ཏན་ནོ། །དེ་དག་གི་གྲུབ་པ་ནི་ཡོངས་སུ་གྲུབ་པ་སྟེ། གང་དག་ལ་དེ་སྐལ་བ་ཇི་ལྟ་བ་བཞིན་དུ་སྩོལ་བའི་ངང་ཚུལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཐམས་ཅད་འདུ་བའི་རྒྱུད་ལས་ནི། །
སེམས་ཅན་ཁམས་ལ་མཆོག་གྲུབ་གསལ་སྒྲུབ་པ། །ཞེས་འབྱུང་སྟེ། དེ་ལ་དོན་ནི་གང་དག་ལ་སེམས་ཅན་གྱི་ཁམས་ལ་སྐལ་བ་ཇི་ལྟ་བ་བཞིན་མཆོག་གྲུབ་པས་གསལ་ཞིང་ཁྱབ་པ་དེ་སྒྲུབ་པའི་ངང་ཚུལ་ཡོད་པ་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་དེ་དག་དེ་ལྟ་བུ་ཡིན་ཞེ་ན། འདི་ལྟར་

དེ་དག་ནི་དངོས་གྲུབ་མཉམ་དང་མཐའ་མེད་པ་ཅན་ཡིན་ནོ། །དེ་དག་ལ་རང་གི་ཡོན་ཏན་ཡོངས་སུ་གྲུབ་པ་མཉམ་པ་མེད་པའི་མཐའ་མེད་པ་ཡོད་པས་གཞན་ལའང་རང་དང་མཐུན་པ་ཁོ་ནའི་འབྲས་བུ་མངོན་པར་སྒྲུབ་པར་མཛད་དོ། །དེའི་ཕྱིར་དེ་དག་ནི་དཔེ་བྲལ་ཡིན་ནོ། །
དེ་ནི་དཔེས་མཚོན་པར་བྱ་བ་ལ་དེ་ལ་ཡོད་པའི་ཡོན་ཏན་བརྗོད་པར་འདོད་པ་དང་ཆ་མཐུན་པས་རབ་ཏུ་སྦྱོར་བ་ཡིན་ཏེ། ཇི་སྐད་དུ། ཡུལ་དང་དུས་དང་བྱ་བ་ལ། །སོགས་པས་འགལ་བའི་དཔེ་ཡིན་ན། །མཚོན་པས་བྱ་བ་དཔེ་དང་ནི། །འདྲ་བ་གང་ཡིན་དེ་དཔེ་ཡིན། །ཞེས་བཤད་པ་ལྟ་
བུའོ། །འདི་ནི་བཅོམ་ལྡན་འདས་རྣམས་ཡོན་ཏན་ཐམས་ཅད་མཉམ་པ་དང་མཐའ་མེད་པའི་དངོས་གྲུབ་སྩོལ་བ་ཉིད་ཀྱིས་དཔེ་མེད་པ་ཉིད་དུ་བརྗོད་པར་བཞེད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་ཡོན་ཏན་ནི་གལ་ཏེ་ཆ་ཤས་དང་བཅས་པ་ཞིག་ཏུ་གྱུར་ན་དེ་དག་གི་ཆ་ཤས་དང་ཆ་ཤས་ཀྱིས་
ཀྱང་རྟག་ཏུ་སེམས་ཅན་གྱི་ཁམས་ལ་མཆོག་གི་དངོས་གྲུབ་སྩོལ་བར་འགྱུར་བ་ཉིད་ན། རྒྱུ་དང་འབྲས་བུའི་གནས་སྐབས་ན་ཡོད་པའི་ཡོན་ཏན་རངས་པའང་། ཚོགས་པས་ལྟ་སྨོས་ཀྱང་ཅི་དགོས། ནམ་མཁའ་འམ་གཞན་ཡང་རུང་སྟེ། ཚད་མེད་པ་ཡིན་ཡང་གང་གིས་ན་བཅོམ་ལྡན་འདས་
ཀྱི་དཔེར་འགྱུར་བ་དེ་ལྟ་བུའི་ཆོས་ཅན་མ་ཡིན་གྱི། །ཚད་མེད་པ་ཙམ་ཞིག་ཏུ་མཚུངས་པ་ལ་དགོངས་ནས་མདོ་ལས། དེ་ལ་གཅིག་པུ་དཔེར་གྱུར་པ། །སངས་རྒྱས་ཆོས་དང་མཉམ་པ་གང་། །ནམ་མཁའི་ཁམས་སུ་བསྟན་པ་སྟེ། །དེ་ལ་ཚད་ནི་གང་ནའང་མེད། །ཅེས་ནམ་མཁའ་དང་
འདྲ་བ་འདི་མན་ཆད་དེ་སྐད་དུ་གསུངས་པར་ཟད་དོ། །ཀླན་ཀ་ངན་པ་གཞན་ཡང་གལ་ཏེ་ས་གསུམ་གྱི་བླ་མ་རྣམས་ཐུགས་རྗེའི་བདག་ཉིད་ཅན་ཡིན་ན། དེས་ན་ཇི་ལྟར་དྲི་མ་མེད་པའི་ཆོས་ཅན་ཡིན། སྙིང་རྗེ་ནི་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་བར་འདོད་པ་རྣམ་པར་རྟོག་པའི་བདག་ཉིད་
ཡིན་པས་དེ་དང་ལྡན་ན་སྐབས་མེད་དོ། །དེ་ཉིད་ཀྱི་ཕྱིར་འདི་ནི་བདེ་བ་འགོག་པས་ན་སྙིང་རྗེ་ཞེས་བྱའོ། །རྣམ་པར་རྟོག་པ་ཡང་ཐམས་ཅད་རང་གི་རྣམ་པ་ལ་ཕྱི་རོལ་གྱི་ངོ་བོར་ཞེན་ནས་ཞུགས་པ་ཡིན་པའི་ཕྱིར་རང་བཞིན་ཁོ་ནས་ཕྱིན་ཅི་ལོག་པ་སྟེ། མ་རིག་པ་ཡིན་ནོ་ཞེ་ན། དེའི་ཕྱིར་འདིར།

རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟག་ཏུ་དྲི་མེད་ནི་རྟག་ཏུ་དྲི་མ་མེད་པ་སྟེ། སྨོན་ལམ་གྲུབ་པ་ཞེས་བྱ་བར་སྦྱར་རོ། །ཐུགས་རྗེའི་ཤུགས་ནི་བྲེང་ཆགས་པ་སྟེ། བར་མ་ཆད་པར་འབྱུང་བ་ཉིད་དོ། །དེ་ལས་བྱུང་བ་ནི་ཡང་དག་པར་བྱུང་
བའོ། །སྨོན་ལམ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ན་ཡོད་པའི། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ཡིད་ལ་སྨོན་པའོ། །དེ་གྲུབ་པ་ནི་འབྲས་བུ་སྟེ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ལྟ་བུ་ཞིག་ཅི་ཞེ་ན། མི་འགག་ཆོས་ཉིད་དེ། ཆོས་ཉིད་ཀྱི་རང་བཞིན་གང་
ལ་འགག་པ་སྟེ་རྒྱུན་ཆད་པ་མེད་པར་ཡོད་པ་དེ་ནི་མི་འགག་པ་ཆོས་ཉིད་དོ། །སྨོན་ལམ་གྲུབ་པ་གང་ལ་མི་འགག་པའི་ཆོས་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྨོན་ལམ་གྲུབ་པ་དེའི་འབྲས་བུ་ཅི་ཞེ་ན། འགྲོ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འགྲོ་བའི་དོན་ནི་ཕན་པ་སྟེ།
བདེ་འགྲོ་གཉིས་འཐོབ་པ་དང་། འགྲོ་བའི་སྡུག་བསྔལ་ཐམས་ཅད་ལྡོག་པའོ། །དེ་བསྒྲུབ་པ་ནི་འགྲུབ་པའོ། །དེ་ལྷུར་མཛད་པ་ནི་དེར་གཞོལ་བའོ། །ཅི་དེ་ཡུལ་དང་། དུས་ཀྱིས་མཚམས་སོ་སོར་ངེས་པ་ཞིག་ཡིན་ནམ་ཞེ་ན། མ་ཡིན་ཏེ། མཐའ་ཡས་པའོ། །འགྲོ་བའི་
དོན་མཛད་པའི་ཡུལ་དང་དུས་མཐའ་ཡས་ཤིང་མ་ལུས་པ་ཡིན་ཏེ། གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་དག་ལ་ཐུགས་རྗེ་ཆེན་པོའི་བདག་ངོ་བོ་ཉིད་དམ་རྒྱུ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུ་དེ་ནི་རྟག་ཏུ་སྤྲུལ་པ་སྣ་ཚོགས་ཀྱི་འོད་ཟེར་གྱི་དྲ་བ་འགྱེད་པ་ལ་
སོགས་པས་རྣམ་པ་སྣ་ཚོགས་སུ་སྣང་ཞིང་མཛེས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་ཕྱོགས་ཐམས་ཅད་དུ་ཡང་ཞེས་བྱ་བར་ཡང་ཁོང་དུ་ཆུད་པར་བྱའོ། །སངས་རྒྱས་ཐམས་ཅད་འདུ་བ་ལས་ནི་བདག་ཉིད་ཆེན་པོའི་ཐུགས་རྗེ་རྟག་རྣམ་སྣང་ཞེས་འབྱུང་ངོ་། །དེར་ནི་ཚིག་འདི་ཐུགས་
རྗེའི་ཤུགས་ལས་བྱུང་ཞེས་བྱ་བ་འདི་ཉིད་ནི་མཇུག་སྡུད་པ་ཡིན་ཏེ། གང་དག་ལ་རྣམ་པར་མི་རྟོག་ཀྱང་གཞན་ལ་ཕན་པ་མཛད་པ་རྒྱུན་མི་གཅོད་པ་ཉིད་ཀྱིས་བདག་ཉིད་ཆེ་བ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདིར་བསྡུས་པའི་དོན་གྱི་དེ་ཁོ་ན་ཉིད་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་

དཔའི་གནས་སྐབས་ན་ཡོད་པའི་སྙིང་རྗེ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པར་འདོད་པའི་ངོ་བོ་རྣམ་པར་རྟོག་པ་དང་བཅས་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པའི་དྲ་བ་མ་ལུས་པ་དང་བྲལ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕན་པར་བྱེད་པ་
ཡིན་ནོ། །དེ་བས་ན་རྒྱུ་དང་འབྲས་བུ་མི་དབྱེ་བར་ཉེ་བར་བཏགས་པའམ། བདག་ཅེས་བྱ་བའི་སྒྲ་རྒྱུའི་རྣམ་གྲངས་ཡིན་པའི་ཕྱིར་ཐུགས་རྗེའི་བདག་ཉིད་ཅེས་བྱའོ། །རྣམ་པ་གཅིག་ཏུ་ནི་རྣམ་པར་རྟོག་པ་དང་བཅས་པའི་སྙིང་རྗེ་དེ་ཉིད་བསྒོམ་པ་མཆོག་གིས་གོམས་པ་དང་ལྡན་པས་འབྲས་བུ་
སེམས་ཅན་གྱི་རྣམ་པར་རྟོག་པ་མེད་པར་འབྱུང་བར་འགྱུར་ཏེ། འདོད་པ་དང་མྱ་ངན་ལ་སོགས་པ་གོམས་པ་བཞིན་ནོ། །དེ་དག་གི་སྙིང་རྗེ་དེ་ནི་དམིགས་པ་མེད་པ། ཕྱིན་ཅི་མ་ལོག་པས་དོན་དམ་པ་བ། རང་གི་ངང་གིས་འབྱུང་བ། ངང་དུ་འགྱུར་བ་ཡིན་པས། རྗེའི་བདག་ཉིད་ཅེས་ཀྱང་བྱ་བ་ལ།
དེ་ནི་དེ་འཕེན་པར་བྱེད་པ་སྔོན་འབྱུང་བའི་ཆོས་ཀྱི་མིང་དང་མཐུན་པར་སྙིང་རྗེ་ཞེས་ཀྱང་བྱའོ། །གནས་སྐབས་དེས་ན་ནི་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་ཚིག་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། མི་བརྗོད་དུ་མི་རུང་བའང་འདིར་འདི་སྐད་ཅེས་གང་ཞིག་རྣམ་པར་མི་རྟོག་ཀྱང་ཡུལ་དང་དུས་
ཐམས་ཅད་དུ་མེད་པ་ཐམས་ཅད་དུ་འགྲོ་བ་མཐའ་དག་གི་དོན་མཛད་ཅིང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་བས་ཀྱང་ལྷག་པའི་ཆོས་དེ་འགའ་ཞིག་ཡོད་དོ་ཞེས་བསྟན་པར་བྱ་བར་ཟད་དོ། །འདི་ཉིད་ལ་གླན་ཀ་ངན་པ་ཇི་ལྟར་ན་འདི་སྨོན་ལམ་གྲུབ་པ་མི་འགག་ཆོས་ཉིད་
ཅན་ཡིན། ཇི་ལྟར་ན་མཐའ་ཡས་པའི་བདག་ཉིད་ཆེན་པོའི་ཐུགས་རྗེ་རྟག་རྣམ་སྣང་བ་ཡིན་ཏེ། འདི་ལྟར་སྐྱོབ་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་ན་འདི་ཐམས་ཅད་ཀྱང་རྗེས་སུ་འགྲོ་བ་མེད་པར་རྒྱུན་འཆད་དོ་ཞེ་ན། དེའི་འགག་ཉིད་མི་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འགག་པ་ནི་རྒྱུན་
འཆད་པའོ། །འགག་པ་ཉིད་འགག་ཉིད་དོ། །འགྱུར་བ་ནི་འགྲོ་བ་སྟེ་འགྱུར་བ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཅེ་ན། ཐུགས་རྗེའི་སྤྱོད་པ་སྟེ་ཐུགས་རྗེ་རྣམ་པ་གཉིས་ཀའིའོ། །སྤྱོད་པ་ནི་སྤྱོད་པ་སྟེ་དེ་ཉིད་ཐམས་ཅད་མཁྱེན་པ་ཉིད་དོ། །ཅིའི་ཕྱིར་མི་འགག་ཅེ་ན། འདི་ལྟར་དེ་ནི་མི་གཡོ་བ་སྟེ།

བཅོམ་ལྡན་འདས་རྣམས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་འཁོར་བ་ཇི་སྲིད་པར་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་པས་དེ་དག་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་མྱ་ངན་ལས་འདས་པ་ཉེ་བར་བསྟན་ནས་གཞན་དུ་སྐྱེ་བ་ལ་སོགས་པ་ཉེ་བར་སྟོན་པ་ཉིད་དོ། །ཇི་ལྟ་བུ་ཞིག་ཅེ་ན།
འཇིག་རྟེན་གསུམ་ལ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་ལའོ། །མཆོག་ནི་སངས་རྒྱས་ཀྱི་ཆོས་ལ་སོགས་པའོ། །གྲུབ་པ་ནི་ཡོངས་སུ་གྲུབ་པ་སྟེ་དེ་སྩོལ་བའོ། །གང་དག་ཏུ་འགག་པར་མི་འགྱུར་ཞེ་ན། དཔག་མེད་མི་དཔོག་པར་ཏེ། གང་དག་ལ་ཡོན་ཏན་གྱི་ཚོགས་ཡོངས་སུ་
དཔག་ཏུ་མེད་ཅིང་འདི་ཙམ་ཞེས་ཡོངས་སུ་ཆད་པ་མེད་པ་ཡོད་པ་དེ་དག་ནི་དཔག་མེད་དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །དེ་དག་གིས་ཀྱང་མི་དཔོག་པ་སྟེ། དཔག་ཏུ་མེད་པ་དེ་དག་ཁོ་ན་ཕན་ཚུན་འདི་དག་ནི་ཡོན་ཏན་ཕུན་སུམ་ཚོགས་པ་འདི་ཙམ་དང་ལྡན་ནོ་ཞེས་བྱ་བ་མི་དཔོགས་
པ་དེ་དག་ཏུ་ནམ་ཡང་རྒྱུན་འཆད་པར་མི་འགྱུར་རོ། །གནས་ཉིད་ལེགས་རྫོགས་པ། བདེ་གནས་གཤེགས་ཀྱང་ཞེས་བྱ་བ་ནི་གནས་གང་ལ་ལེགས་པར་རྫོགས་ཤིང་མཐར་ཕྱིན་པ་ཡོད་པ་དེ་ནི་ལེགས་རྫོགས་པ་སྟེ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཉེ་བར་སྟོན་པའི་གནས་སྐབས་
སོ། །འདིར་ཡང་རང་གི་དོན་ཉིད་ཀྱི་རྐྱེན་ཡིན་ནོ། །དེ་ཉིད་བདེ་གནས་ཡིན་ཏེ་འདི་ལ་གཞན་ལ་ཕན་པ་མཛད་པའི་སྤྱོད་པ་ཡོད་པས་སོ། །འདི་ལྟར་མྱ་ངན་ལས་འདས་པ་ཉེ་བར་བསྟན་པས་ནི་ལུས་དང་དེའི་ལོངས་སྤྱོད་དག་བསྟན་པར་ང་རྒྱལ་བྱེད་པ་རྣམས་ཀུན་དུ་སྐྱོ་བ་བསྐྱེད་པས་བཏུལ་ལོ། །
འདི་ནི་འདི་ལྟར་མྱ་ངན་ལས་འདས་པ་རྣམས་ཀྱང་མཛད་པའི་རྒྱུན་མི་ཆད་དོ་ཞེས་ཐེག་པ་ཆེན་པོའི་ཚུལ་ལ་མ་གོམས་པ་རྣམས་ལ་མཆོག་ཏུ་ཡ་མཚན་བསྐྱེད་པས་དེ་དག་གི་བསམ་པའི་ངོར་ཨེ་མའོ་ཆོས་ཉིད་བཟང་ཞེས་བྱ་བ་གསུངས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཉིད་རང་བཞིན་
ནི་ཤིན་ཏུ་རྨད་དུ་བྱུང་བའི་ཕྱིར་བཟང་པོ་ཡིན་ནོ། །ཐེག་པ་ཆེན་པོའི་ངང་ཚུལ་དུ་གྱུར་པ་རྣམས་ལ་ནི་ཡ་མཚན་མི་ཆེ་སྟེ། མྱ་ངན་ལས་འདས་པ་མེད་པའི་ཕྱིར་རོ། །ལ་ལ་ལས་ནི་བདེ་གནས་ཞེས་བྱ་བ་མི་འབྱུང་སྟེ། དེར་ནི་སྡེབ་སྦྱོར་མི་ཚང་བར་འགྱུར་རོ། །ཡང་ན་ངེས་པ་མེད་པའི་ཕྱིར་

བརྡར་བཏགས་པའི་དོན་ལ་མངོན་པར་ཞེན་པར་མི་བྱ་སྟེ། ཇི་སྐད་དུ། གདགས་པ་བརྡ་རྒྱུས་བྱུང་བ་སྟེ། །དེ་ཡང་སྨྲ་པོའི་འདོད་རྒྱུའི་བྱུང་། །ཐ་སྙད་དོན་དུ་བྱེད་པ་སྟེ། །སྡེབ་སྦྱོར་སྒྲ་ཡི་ཆ་མིང་བཞིན། །ཞེས་བཤད་པ་ལྟ་བུའོ། །དེ་ནི་གསོལ་བ་གདབ་པ་མཆོག་
སྩོལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འདོད་པའི་འབྲས་བུ་མཆོག་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་སྩོལ་བས་ན་མཆོག་སྩོལ་ལོ། །འདི་ཡང་གསོལ་བ་གདབ་པའི་རྒྱུ་ཡིན་ཏེ། རྟོག་པ་དང་ལྡན་པ་རྣམས་ནི་སྦྱིན་པ་པོ་དག་ཁོ་ན་ལ་སློང་གི། འབྱོར་པ་བདོག་
ཀྱང་འཇུངས་པ་རྣམས་ལ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་རྣམས་ཇི་ལྟར་འབྱོར་པ་དང་ལྡན་པ་ཡིན་ཞེ་ན། སྦྱིན་མཆོག་ཉིད་གནས་མཆོག་ཉིད་བརྙེས། །ཞེས་བྱ་བ་གསུངས་སོ། །སྦྱིན་པ་ནི་ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་སྦྱིན་པའི་ངོ་བོ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཐམས་
ཅད་དོ། །གང་དག་ལ་འཁོར་གསུམ་ཡོངས་སུ་དག་པས་སྦྱིན་པ་མཆོག་ཤིན་ཏུ་ཡོངས་སུ་དག་པ་དེ་དག་ནི་སྦྱིན་མཆོག་ཅན་ནོ། །དེ་དག་གི་ངོ་བོ་ཉིད་ནི་སྦྱིན་མཆོག་ཉིད་དོ། །གང་དག་ལ་གནས་མཆོག་སྟེ་དབང་ཕྱུག་གམ། གོ་འཕང་ངམ། རྟོགས་པ་ཡོད་པ་དེ་དག་ནི་གནས་མཆོག་ཅན་
ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །དེ་དག་གི་ངོ་བོ་ནི་གནས་མཆོག་ཉིད་དོ། །དེ་ཉིད་ཐམས་ཅད་མཁྱེན་པ་ཉིད་དེ་སངས་རྒྱས་ཀྱི་ས་ཀུན་དུ་འོད་ཡིན་ནོ། །སྦྱིན་པ་མཆོག་ཉིད་ཀྱིས་གནས་ཀྱི་མཆོག་ཉིད་ཀྱི་ནི་སྦྱིན་མཆོག་ཉིད་གནས་མཆོག་ཉིད་དོ། །དེ་བརྙེས་པ་ནི་དེའི་
བདག་ཉིད་དུ་བསྒྲུབས་པས་ཐོབ་པ་སྟེ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་དག་པའི་རྒྱུས་སངས་རྒྱས་ཉིད་བསྒྲུབས་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་མཆོག་གི་སྦྱིན་པ་སེམས་ཅན་རྣམས་ལ་སྦྱིན་པས་ན་སྦྱིན་པ་མཆོག་གོ། །དེས་ན་རང་གི་དོན་གྱི་རྐྱེན་ཡིན་ནོ། །དེས་གནས་
མཆོག་ཉིད་སྐྱེས་པ་སྟེ་གནས་ལ་ཕན་པ་བྱས་པ་ཁོ་ནས་གོ་འཕང་དེ་བསྒྲུབས་པ་དང་ལྡན་པའོ། །མཆོག་སྦྱིན་ཞེས་སྤྱིར་སྨོས་པས་མཆོག་ངན་ངོན་ཙམ་སྦྱིན་པ་ཚངས་པ་ལ་སོགས་པ་དང་ཡང་མཚུངས་པར་ཤེས་པར་འགྱུར་བས་ཡང་། འཇིག་རྟེན་གསུམ་རྟག་དམ་པ་སྩོལ་མཆོག་སྒྲུབ། །ཅེས་

བྱ་བས་ཁྱད་པར་དུ་མཛད་དེ་འཇིག་རྟེན་གསུམ་པ་ལའོ། །འབྲས་བུ་མཆོག་སྒྲུབ་ཅིང་འགྲུབ་པར་མཛད་པས་ན་མཆོག་སྒྲུབ་པའོ། །དམ་པ་སྩོལ་བ་ས་བཅུ་པའི་དབང་ཕྱུག་རྣམས་ཀྱི་ནང་ན་མཆོག་སྒྲུབ་པ་གང་ཡིན་པ་དག་ནི་དམ་པ་སྩོལ་མཆོག་སྒྲུབ་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་
འདུ་བ་ལས་ནི་མཆོག་གི་དངོས་གྲུབ་སྩོལ་ཞེས་འབྱུང་སྟེ། དེར་ནི་མཆོག་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དངོས་གྲུབ་ཡོངས་སུ་གྲུབ་པ་དེ་སྩོལ་བ་ཞེས་རྣམ་པར་བཤད་པར་བྱའོ། །བདེ་གཤེགས་ནི་རབ་ཏུ་ཞི་བར་ཕྱིར་མི་ལྡོག་པར་མ་ལུས་པར་གཤེགས་པའི་ཕྱིར་རོ། །གང་དག་ལ་དུས་
གསུམ་ལ་ཐོགས་པ་མི་མངའ་བའི་མཁྱེན་པའི་བློ་མངའ་བ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་དག་ལ་ཐོགས་པ་མེད་པའི་ཡེ་ཤེས་གཟིགས་པ་ཞེས་བྱ་བའི་དོན་ཏོ། །དེ་འང་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་སྒྲིབ་པ་མི་མངའ་བའོ། །སྒྲིབ་པ་ནི་ཆོད་ཅིང་སྒྲིབ་
པར་བྱེད་པ་སྟེ། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཞེས་བྱ་བ་གང་ཡིན་པའོ། །གང་དག་ལ་དེ་དག་སྤངས་པའི་ཕྱིར་མེད་པ་དེ་དག་ནི་སྒྲིབ་པ་མི་མངའ་བ་སྟེ། འདི་ནི་བདེ་བར་གཤེགས་པའི་འབྲས་བུ་ཡིན་ནོ། །ལ་ལ་ལས་ནི་མགོན་པོ་ཞེས་འབྱུང་གི་བདེ་བར་
གཤེགས་ཞེས་མི་འབྱུང་ངོ་། །དེར་ནི་སྡེབ་སྦྱོར་ཉམས་ཏེ་ལན་ཡང་སྔ་མ་ཡིན་ནོ། །མགོན་པོ་ནི་ས་གསུམ་གྱི་རྗེའོ། །ཀུན་གྱི་ཞེས་བྱ་བ་ནི་ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་རྣམས་སོ། །དམ་ཚིག་གསུམ་མཆོག་ཅེས་བྱ་བ་ལ་སོགས་པ་ལ། །དམ་
ཚིག་གསུམ་ཞེས་བྱ་བ་ནི། དམ་ཚིག་གསུམ་པའི་རྒྱུད་ལ་བརྩོན་པ་བདག་ལའམ། དེ་ལས་གསུངས་པའི་མཆོག་གི་དངོས་གྲུབ་བམ། དེ་རྟོགས་པའི་རྒྱུ་མཚན་བདག་ལ་སྩོལ་ཅིག་པའོ། །རྒྱུད་གང་ལས་དམ་ཚིག་སྟེ་ངེས་པ་གསུམ་པོ་སངས་རྒྱས་དང་། ཆོས་དང་། ཕྱིར་མི་
ལྡོག་པའི་དགེ་འདུན་ལ་དང་བའི་བདག་ཉིད་འབྱུང་བ་དེ་ནི་དམ་ཚིག་གསུམ་པའོ། །ཡང་ན་དམ་ཚིག་གསུམ་ནི། དོན་ཀུན་གྲུབ་པར་བྱ་བའི་ཕྱིར། །བྱང་ཆུབ་སེམས་ཡོངས་མི་གཏོང་དང་། །ཐུབ་པའི་བརྟུལ་ཞུགས་བརྟན་པ་དང་། །དེ་ཉིད་ཤེས་པ་བཙལ་བ་སྤྱད། །ཅེས་བྱ་བ་འདི་དག་

ཡིན་ཏེ། རྒྱུད་འདི་ཉིད་ལས་བྱར་རུང་བ་ཉིད་དུ། །གང་གི་བྱང་ཆུབ་སེམས་བརྟན་ཞིང་། །བློ་གྲོས་ཆགས་པ་མེད་གྱུར་པ། །དེ་ལ་འདི་ནི་ངེས་འགྲུབ་སྟེ། །ཐེ་ཚོམ་ཉིད་ནི་མི་བྱའོ། །ཞེས་གསུངས་པ་ལྟ་བུའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་
སུམ་ཚོགས་པ་ཐམས་ཅད་ཀྱི་མཆོག་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཕུན་སུམ་ཚོགས་པའོ། །ཡང་ན་རིག་སྔགས་འཆང་དང་། འཁོར་ལོས་སྒྱུར་བ་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ནང་ན་མཆོག་གི་དངོས་གྲུབ་སྟེ། དེ་ཉིད་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་
གྲུབ་པ་ནི་ཡོངས་སུ་གྲུབ་པ་སྟེ་མངོན་སུམ་དུ་བྱར་རུང་བ་ཉིད་དུ་སྒྲུབ་པ་དེ་བདག་ལ་མྱུར་དུ་སྩོལ་ཅིག་པའོ། །གསང་སྔགས་བདག་པོས་གསུངས་པ་བསྟོད་པའི་རྒྱལ་པོ་ཉིད། །རྣམ་པར་ཕྱེ་ལས་བསོད་ནམས་རྒྱ་ཆེན་གང་ཐོབ་དེས། །སེམས་ཅན་རྣམས་མྱུར་འཇམ་པའི་མཆོག་ལ་
བརྟེན་ནས་ནི། །བསྟོད་པ་འདི་ལྟ་བུ་ཡིས་སྣོད་དུ་རབ་གྱུར་ཅིག །བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་ཀྱི་རྒྱ་ཆེར་བཤད་པ་མང་དུ་ཐོས་པའི་སློབ་དཔོན་ཞི་བ་འཚོ་འཕགས་པ་འཇམ་པའི་མཆོག་གི་ཞབས་ཀྱི་པདྨའི་རྡུལ་ལ་བརྟེན་པས་མཛད་པ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། པཉྩ་ཏ་ཐཱ་ག་ཏ་སྟ་བཿ། བོད་སྐད་དུ། དེ་བཞིན་གཤེགས་པ་ལྔ་ལ་བསྟོད་པ། གསུང་གི་མངའ་བདག་
ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་མགོན་ཡོན་ཏན་མཐའ་མེད་ཕ་རོལ་ཕྱིན། །འོ་མའི་མཚོ་ལྟར་དཀར་ཡངས་མཛེས་པའི་སྐུ་དང་ལྡན། །མཉམ་མེད་དེ་བཞིན་ཉིད་དངོས་སེང་གེའི་ཁྲི་ལ་བཞུགས། །ཐུབ་མཆོག་རྣམ་པར་སྣང་བ་དེ་ལ་ཕྱག་འཚལ་ལོ། །མདངས་ལྡན་ནོར་བུ་
མཐོན་ཀ་ཆེན་པོ་ལྟར་འཕྲོ་བའི། །འོད་ཀྱིས་ཕྱོགས་རྣམས་མ་ལུས་སྣང་བར་མཛད་པ་པོ། །འཇིག་རྟེན་གསུམ་ན་རྨད་བྱུང་གླང་པོའི་ཁྲི་ལ་བཞུགས། །བསྙེངས་བྲལ་སངས་རྒྱས་མི་བསྐྱོད་དེ་ལ་རྟག་ཕྱག་འཚལ། །རིན་ཆེན་དབང་བསྐུར་འབྱོར་པས་འགྲོ་དོན་མཛད་ལ་མཁས། །

བསོད་ནམས་ཚོགས་མངའ་རི་རྒྱལ་མངོན་སུམ་རྒྱུ་འདྲ་ཞིང་། །གསེར་གྱི་རྒྱ་མཚོ་ལྟ་བུས་རྟ་ཡི་གདན་ལ་བཞུགས། །ཐུབ་པ་རིན་ཆེན་འབྱུང་ལྡན་དེ་ལ་རྟག་ཕྱག་འཚལ། །རྨ་བྱའི་རིགས་གསལ་བརྒྱ་ཡིས་མཛེས་བྱས་སྣང་བ་ཡི། །འོད་ཀྱིས་ཕྱོགས་ཀུན་ཁེབས་པས་མངོན་དགའ་
པདྨ་ནི། །རཱ་གའི་རི་བོ་ལྟར་མཛེས་རྨ་བྱའི་གདན་བཞུགས་པ། །ཐུབ་པ་དཔག་མེད་འོད་མངའ་དེ་ལ་ཕྱག་འཚལ་ལོ། །དམ་ཆོས་འོད་ཟེར་ཚོགས་ཀྱིས་མུན་པ་སེལ་མཛད་པའི། །འོད་ཀྱི་སྣང་བས་ནམ་མཁའི་ཆ་ཀུན་རྣམ་པར་འགེངས། །བཻ་ཌཱུཪྻ་ཡི་མཚོ་ལྟར་མཁའ་ལྡིང་གདན་ལ་
བཞུགས། །སངས་རྒྱས་དོན་ཡོད་གྲུབ་པ་དེ་ལ་ཕྱག་འཚལ་ལོ། །སེང་གེ་གླང་པོ་རྟ་དང་རྨ་བྱ་མཁའ་ལྡིང་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །སྐུ་མདོག་རིམ་བཞིན་དཀར་དང་སྔོ་དང་སེར་དང་དྲི་མེད་དམར་དང་ལྗང་གྱུར་ཅིང་། །བྱང་ཆུབ་མཆོག་དང་ས་རེག་མཆོག་སྦྱིན་ཏིང་འཛིན་མི་
འཇིགས་སྦྱིན་པའི་ཕྱག་རྒྱས་མཚན། །རང་རིགས་རིན་ཆེན་ཅོད་པན་ལྡན་པའི་ཡེ་ཤེས་ལྔ་ཡི་བདག་ཉིད་དེ་ལ་འདུད། །དེ་བཞིན་གཤེགས་པ་ལྔའི་བསྟོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་
ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། སཔྟ་ཏ་ཐཱ་ག་ཏ་སྟོ་ཏྲཿ། བོད་སྐད་དུ། དེ་བཞིན་གཤེགས་པ་བདུན་གྱི་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འགྲོ་བའི་བླ་མ་ལྷ་མི་འཇིག་རྟེན་ཕྱིར་མཆོད་ཅིང་། །
ཐུགས་རྗེས་གསལ་ཞིང་གཞན་ལ་ཕན་པའི་ཐར་པ་སྟོན། །སྲིད་གསུམ་ཆུ་ཆེན་མཐར་ཕྱིན་བདེ་འགྲོར་སོན་པ་པོ། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །སྲིད་པའི་རྒྱ་མཚོ་མཐའ་དང་ཕ་རོལ་མེད་པ་འདི། །འཇིག་རྟེན་ནུབ་ཅིང་འདུག་པ་རབ་ཏུ་གཟིགས་
ནས་ཀྱང་། །ཕན་གདགས་ཕྱིར་ནི་ཆོས་རྣམས་སྟོན་པ་གང་ཡིན་པ། །རྒྱལ་བ་གཙུག་ཏོར་མངའ་བ་དེ་ལ་ཕྱག་འཚལ་ལོ། །ཉི་ཟླ་དག་ལས་འདས་པའི་གཟི་བརྗིད་མངའ་བ་དེས། །ཡེ་ཤེས་དང་ནི་སྤྱོད་པའི་ངང་ཚུལ་རྣམས་ལས་ཀྱང་། །རྒྱ་མཚོའི་འཇིང་ལྟར་གཏིང་དཔག་ནུས་པར་

མི་འགྱུར་བའི། །སངས་རྒྱས་ཐམས་ཅད་སྐྱོབ་པ་དེ་ལ་ཕྱག་འཚལ་ལོ། །གང་གི་གྲགས་པ་ཟླ་བའི་འོད་ཟེར་འདྲ་བ་ཡིས། །ས་སྟེངས་མཐའ་དག་རབ་ཏུ་བརྒྱན་པར་སྣང་བ་དང་། །ཨུ་དུམྺཱ་རའི་མེ་ཏོག་བཞིན་དུ་རྨད་བྱུང་བ། །ཐུབ་དབང་ཆེན་པོ་ལོག་དད་
སེལ་ལ་ཕྱག་འཚལ་ལོ། །དྲི་མ་མེད་ཅིང་རྟག་ཏུ་ཕན་པར་མཛད་པ་དང་། །ཆགས་པ་མེད་པ་གང་གི་དྲི་མ་མེད་པའི་ཐུགས། །རྣམ་པར་འཕྲོ་བས་མུན་པའི་ཐིབས་པོ་རབ་བཅོམ་ཞིང་། །ལྷ་ཡིས་མཆོད་པའི་གསེར་ཐུབ་དེ་ལ་ཕྱག་འཚལ་ལོ། །བཙོ་མའི་གསེར་གྱི་ཕུང་པོའི་ཁ་དོག་འདྲ་
བ་ཡི། །གཟི་བརྗིད་འབར་བ་ཉི་མ་སྟོང་བས་ལྷག་པ་མངའ། །སྐྱེ་བོ་ཀུན་གྱིས་ཕྱག་བྱས་འཇིག་རྟེན་མཆོག་གྱུར་པ། །འོད་སྲུངས་མཚན་གསོལ་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ཉི་མའི་འོད་ཟེར་མང་པོས་པདྨའི་ཚལ་ཕྱེ་ལྟར། །གསུང་གི་འོད་ཟེར་མང་པོས་འཇིག་རྟེན་སད་པར་མཛད། །
སྟོན་པ་ཤཱཀྱ་ཐུབ་པ་ཐུགས་རྗེ་སྒྲོན་མ་ཅན། །མྱ་ངན་འདས་སྟོན་གང་ཡིན་དེ་ལ་ཕྱག་འཚལ་ལོ། །གང་གི་བྱང་ཆུབ་སྐྱེ་བ་གཅིག་གིས་ཐོགས་གྱུར་ཅིང་། །བྱམས་པ་ཞེས་བྱ་དགའ་ལྡན་གནམ་གྱི་གནས་ན་བཞུགས། །ས་སྟེངས་བདེ་བར་གཤེགས་པར་འགྱུར་བ་གང་ཡིན་པ། །དེ་ལ་
བདག་ནི་རྟག་ཏུ་དད་པས་ཕྱག་འཚལ་ལོ། །འདས་པའི་རྒྱལ་བ་བདུན་པོ་དང་ནི་ཕྱིས་གཤེགས་པ། །བརྒྱད་པ་བྱང་ཆུབ་སེམས་དཔའ་བདག་གིས་བསྟོད་པ་ཡིས། །བསོད་ནམས་མཐའ་ཡས་དཔག་མེད་བདག་གིས་གང་ཐོབ་པ། །དེས་ནི་སེམས་ཅན་རྣམས་ཀྱང་སྐྱོན་དང་བྲལ་
གྱུར་ཅིག །དེ་བཞིན་གཤེགས་པ་བདུན་གྱི་བསྟོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།༄༅༅། །རྒྱ་གར་སྐད་དུ། ཨཥྚ་ཏ་ཐཱ་ག་ཏ་སྟོ་ཏྲཿ།
བོད་སྐད་དུ། དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་ཡང་དཔལ་གྱུར་པ། །མཚན་གྱི་རྒྱལ་པོ་དེ་ལ་ཕྱག་

འཚལ་ལོ། །རིན་ཆེན་ཟླ་བ་པདྨས་རབ་བརྒྱན་ཞིང་། །ཤེས་བྱ་ཀུན་ལ་མཁས་པས་མཁྱེན་པ་འཕགས། །རྒྱ་མཚོ་ལྟ་བུར་ཟབ་པའི་ཐུགས་མངའ་བ། །སྒྲ་དབྱངས་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །འཛམ་བུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་འབར། །དྲི་
མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཤིང་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་གདུང་བ་ཞི་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་པོ། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཆོས་སྒྲ་ཆེན་
པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་སྐུ་མངའ་ཞིང་། །འགྲོ་བའི་དུག་གསུམ་མ་ལུས་སེལ་མཛད་པ། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཚུལ། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང་། །ཤེས་
བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །ཆོས་བློ་མངོན་པར་མཁྱེན་ལ་ཕྱག་འཚལ་ལོ། །འགྲོ་བའི་ནད་གསོ་མཛད་པ་སྨན་པའི་མཆོག །བཻ་ཌཱུཪྻ་ལྟར་དང་པའི་སྐུ་མངའ་ཞིང་། །སྐུ་ཡི་འོད་ཀྱིས་འགྲོ་བ་སྒྲོལ་མཛད་པ། །སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཀུན་ལ་
སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཉི་མ་ལྟ་བུར་མ་རིག་མུན་པ་སེལ། །ཟླ་བ་ལྟ་བུར་ཉོན་མོངས་གདུང་བ་སེལ། །དུག་གསུམ་ནད་སེལ་
སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །ལྷ་མིའི་སྟོན་པ་སྨན་པའི་རྒྱལ་པོ་སྟེ། །བཅོམ་ལྡན་འཇིག་རྟེན་གསུམ་ན་སྐྱབས་མཛད་པ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཁྱོད་ནི་འཇིག