Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 1

Văn bản gốc(Tây Tạng)

Trang 14 / 17 (50.000 ký tự/trang)
པའི་ནད་ཀྱིས་གདུངས་ཤིང་བདག་དང་བདག་གིར་འཛིན་པའི་མཚན་ཉིད་དང་ལྡན་པ་ལ་བྱའི་རླུང་ལ་སོགས་པ་འཁྲུག་པ་ལ་ནི་མི་བྱ་སྟེ།
འདིར་གནས་སྐབས་མ་ཡིན་པའི་ཕྱིར་རོ། །རང་གི་ཉེས་པའི་འགྱུར་བ་ནི་རང་ཉིད་ཀྱི་སེམས་ཉོན་མོངས་པའི་དབང་གི་རང་བཞིན་ཉམས་ཤིང་གནས་སྐབས་གཞན་དུ་འགྱུར་བའི་ཚུལ་གང་དག་ཡིན་པ་ཚིག་གིས་བརྗོད་པའི་ཐལ་མོ་སྦྱར་བ་ལ་སོགས་པ་ལུས་ཀྱི་གུས་པའི་ཚུལ་དང་ཡང་ལྡན་པས་
བཤགས་པར་བགྱི་ཞིང་མི་བཅབ་པར་མངོན་སུམ་དུ་བརྗོད་པར་བགྱིའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་དང་པོ་འདི་ནི་བདག་ཉིད་ཀྱི་བྱ་བར་བརྗོད་པར་བྱ་བ་དང་། འབྲེལ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་སྟོན་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཡོན་
ཏན་བརྗོད་པའི་སྒོ་ནས་རང་གི་ཉེས་པ་བཤགས་པ་ནི་བརྗོད་པར་བྱ་བ་ཡིན་ལ། བསྟོད་པའི་ཚིག་ནི་བརྗོད་པ་ཡིན་ནོ། །དེ་དག་རྒྱུ་འབྲས་བུ་འབྲེལ་པ་ནི་འབྲེལ་པ་ཡིན་ནོ། །ལམ་ཤེས་པའི་སྒོ་ནས་ཉོན་མོངས་པ་ལས་ལྡོག་པ་ནི་དགོས་པ་ཡིན་ནོ། །དེ་ལ་བརྟེན་ཏེ་རིམ་གྱིས་སངས་རྒྱས་ཀྱི་གོ་
འཕང་ཉིད་འཐོབ་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ། །དེའི་ཉེས་པའི་འགྱུར་བ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཤིན་ཏུ་རྒལ་དཀའི་ཆུ་བོའི་རྒྱུན་འདྲ་ཞིང་། །རྟོག་དང་དཔྱོད་པ་ངན་པའི་དབའ་རླབས་ཅན། །ཉོན་མོངས་ཆུ་སྲིན་འཛིན་ཁྲིས་དཀྲུགས་པ་ན། །བདག་གི་རང་གི་སེམས་
ལའང་ཞི་མ་མཆིས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཀྱེ་བཅོམ་ལྡན་འདས་བདག་གི་རང་གི་སེམས་ལ་ཞི་ཞིང་ཉོན་མོངས་པ་དང་བྲལ་བ་མ་མཆིས་སོ། །ཇི་ལྟར་མེད་པར་གྱུར་ཞེ་ན། ཤིན་ཏུ་རྒལ་དཀའི་ཆུ་བོའི་རྒྱུན་འདྲ་ཞེས་སྨོས་ཏེ། འདྲ་བ་ཞེས་བྱ་བ་ནི་དཔེར་བྱ་བ་སྟེ།
ཇི་ལྟར་ཆུ་བོའི་རྒྱུན་དྲག་པོས་བདས་ཤིང་གཡེངས་པར་གྱུར་པ་དག་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་གྱུར་པ་ཡིན་པ་དེ་བཞིན་དུ་འཁོར་བའི་གནས་སུ་ཉོན་མོངས་པའི་ཆུ་བོའི་རྒྱུན་བཟློག་པར་དཀའ་བས་གཡེངས་པར་གྱུར་པས་ན་སེམས་ལ་ཞི་བ་དང་བདེ་བ་མ་མཆིས་སོ་ཞེས་བྱ་

བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། རྟོག་དང་དཔྱོད་པ་ངན་པའི་དབའ་རླབས་ཅན། །ཞེས་བྱ་བ་སྨོས་ཏེ། རྟོག་པས་ན་རྟོག་པ་སྟེ་སེམས་ཀྱི་རྒྱུ་བ་རྩིང་བའོ། །དཔྱོད་པས་ན་དཔྱོད་པ་སྟེ་སེམས་ཞིབ་པའི་རྣམ་པའོ། །རྟོག་པ་དང་དཔྱོད་པ་ཡང་ཡིན་ལ་ངན་པ་ཡང་ཡིན་པས་
རྟོག་དཔྱོད་ངན་པ་སྟེ་ཉོན་མོངས་པ་ཅན་ནོ། །དེ་ཉིད་ནི་དབའ་རླབས་ཏེ་སེམས་གང་ལ་ཉོན་མོངས་པ་ཅན་གྱི་རྟོག་པ་དང་དཔྱོད་པའི་རྣམ་པས་དཀྲུགས་ཤིང་གཡེངས་པའི་གནས་སྐབས་ཡིན་པའི་ཕྱིར་དབའ་རླབས་ཅན་ཏེ། དེ་ཉིད་ཀྱིས་ནི་བརྒལ་བར་དཀའ་བ་ཡིན་ནོ། །གཞན་ཡང་ཇི་
ལྟ་བུ་ཞེ་ན། ཉོན་མོངས་ཆུ་སྲིན་འཛིན་ཁྲིས་དཀྲུགས་པ་ན། །ཞེས་བྱ་བ་སྨོས་ཏེ། རྟོག་དཔྱོད་ངན་པའི་དབང་གིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེད་པར་བྱེད་པ། དེ་ཉིད་ནི་སྡུག་བསྔལ་བསྐྱེད་ཅིང་འཛིན་པ་དམ་པོའི་ཚུལ་གྱིས་ཆོས་མཐུན་པར་ན་ཆུ་སྲིན་ཏེ་རྒྱ་མཚོའི་
སྲོག་ཆགས་སོ། །དེ་རྣམས་ཀྱི་ཚོགས་ནི་མང་པོའོ། །དེས་དཀྲུགས་པ་ནི་ཁྱབ་ཅིང་གཡེངས་པར་གྱུར་པའོ། །རྒྱུ་དེས་ན་ཇི་སྲིད་ཉོན་མོངས་པ་ཅན་གྱི་རྟོག་པ་མ་སངས་པ་དེ་སྲིད་ནི་རང་གི་སེམས་ཞི་ཞིང་དཀར་པོའི་ཆོས་སྐྱེ་བའི་གཞིར་མི་འགྱུར་བའོ། །དེ་ཡང་ལན་ཚྭའི་ཆུ་བོའི་
མདོ་ལས། བདག་ནི་ནོར་ཕྲོགས་རྐུན་པོ་རྣམས་ལ་འཇིགས་པ་ཡོད་མིན་ཏེ། །དེ་དག་གིས་ནི་ནོར་བཟངས་འཕྲོག་པར་བྱེད་ན་དེ་ཡང་ཡོད་མ་ཡིན། །ཡིད་ཀྱི་དགེ་བའི་ནོར་ནི་ལེགས་པར་རབ་ཏུ་བསགས་བསགས་པ། །བདག་གི་ཐ་མལ་རྣམ་རྟོག་དག་གི་མངོན་དུ་འཕྲོག་
པར་བྱེད། །རི་ཁྲོད་དང་ནི་མུན་ཁང་དག་དང་ནགས་ནི་སྟུག་པོ་རུ། །ནོར་ནི་རྐུན་པོ་རྣམས་ལས་འདི་ནི་ལེགས་པར་བསྲུང་ནུས་ཀྱི། །གང་དུ་དགེ་བའི་ནོར་ནི་འཕགས་མིན་རྟོག་པ་འདི་ཡིས་ནི། །བཅོམ་པར་མ་གྱུར་ས་ཕྱོགས་དེ་ནི་འགྲོ་ན་ཡོད་མ་ཡིན། །ཞེས་བཤད་པ་ཡིན་ནོ། །
དེ་ལ་དང་པོ་ཁོ་ནར་བཅོམ་ལྡན་འདས་ཀྱིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་ལྡན་པ་རྣམས་ལ་གོ་རིམས་བཞིན་མི་གཙང་བ་དང་། བྱམས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པར་མཛད་ཅིང་། ཚངས་པའི་གནས་བཞི་གསུངས་པ་དང་མི་མཐུན་པར་གྱུར་

པའི་གནས་སྐབས་སུ་གྱུར་པ་བསྟན་པར་བྱ་བའི་ཕྱིར། འདོད་ཆགས་རྒྱ་མཚོའི་དབའ་རླབས་ཆེ་འཁྲུགས་ཚེ། །གལ་ཏེ་མི་གཙང་རྫིང་ལ་བརྟེན་གྱུར་ན། །དེར་ནི་བདག་ཡིད་ཞེ་སྡང་མེ་ཡིས་ནི། །རྩྭ་སྐམ་བཞིན་དུ་ངེས་བསྲེག་ཉེ་བར་བཅོམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
འདོད་ཆགས་ནི་འདོད་པའི་འདོད་ཆགས་དང་། དངོས་པོའི་འདོད་ཆགས་སོ། །དེ་ཉིད་ནི་མང་བ་དང་སྟོབས་ཆེ་བའི་ཕྱིར་རྒྱ་མཚོའོ། །དབའ་རླབས་ནི་དེ་དང་ལྡན་པའི་རྣམ་པར་རྟོག་པ་དུ་མ་སྟེ། དེས་འཁྲུགས་པ་དང་གཡོ་ཞིང་བསྐྱོད་པར་གྱུར་པའོ། །དེ་ཡང་མདོ་དེ་ཉིད་ལས། ཇི་
ལྟར་དང་བའི་ཆུ་འབབ་རྒྱ་མཚོ་ནི། །མི་གཡོ་དབའ་རླབས་ཀྱིས་ནི་རབ་འཁྲུགས་བྱེད། །དེ་བཞིན་རྩེ་གཅིག་གྱུར་པའི་སེམས་ཀྱི་ཆུ། །རྣམ་པར་རྟོག་པས་རབ་ཏུ་འཁྲུག་པར་བྱེད། །ཅེས་བཤད་པ་ཡིན་ནོ། །དེ་ལྟར་གྱུར་པ་དེའི་ཚེ་ཅི་ཞིག་བྱ་བ་ཡིན་ཞེ་ན། གཉེན་པོ་བསྟེན་པར་བྱ་བ་ཡིན་
པས་དེའི་ཕྱིར། གལ་ཏེ་མི་གཙང་གཟིངས་ལ་བརྟེན་གྱུར་ན། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་བསལ་བའི་ཕྱིར་མི་གཙང་བ་སྟེ་མི་སྡུག་པའི་དངོས་པོ་བསྒོམ་ཞིང་འདོད་ཆགས་ཀྱི་རྒྱ་མཚོ་རྒལ་བའི་ཐབས་ཀྱི་གཟིངས་ལ་རྟེན་ཅིང་གནས་པར་གྱུར་པའོ། །གནས་སྐབས་དེར་སེམས་ཇི་ལྟར་
གནས་ཤེ་ན། དེར་ནི་བདག་ཡིད་ཞེ་སྡང་མེ་ཡིས་ནི། །རྩྭ་སྐམ་བཞིན་དུ་ངེས་བསྲེགས་ཉེ་བར་བཅོམ། །ཞེས་བྱ་བ་སྨོས་ཏེ། བསྒོམ་པའི་གནས་སྐབས་དེར་ཡུལ་ཡིད་དུ་མི་འོང་བ་ལ་བརྟེན་པའི་དབང་གིས་བདག་གི་ཡིད་ཞེ་སྡང་གི་མེས་རྩྭ་སྐམ་པོ་བསྲེགས་པ་བཞིན་དུ་ཡིད་ལ་གནོད་པར་
གྱུར་གྱི་འདོད་ཆགས་དང་བྲལ་བའི་སེམས་ཞི་བ་ནི་རྙེད་པར་མ་གྱུར་ཏོ་ཞེས་རང་གི་ཉེས་པ་བརྗོད་པ་ཡིན་ནོ། །དེ་ལྟར་ཞེ་སྡང་གིས་གནོད་པར་གྱུར་པ་ལ་རང་གི་གཉེན་པོ་བསྟེན་མོད་ཅེ་ན། དེའི་ཕྱིར། ཞེ་སྡང་མེ་ཡི་གདུང་བ་ཞི་བྱའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེ་སྡང་ནི་
གཞན་ལ་གནོད་པའི་སེམས་ཏེ། མནར་སེམས་ཀྱི་རྣམ་པའོ། །དེ་ཉིད་མེ་སྟེ་དེ་ལས་བྱུང་བའི་ཡིད་མི་བདེ་བའི་གདུང་བས་སེམས་ཀྱི་རྒྱུད་ཀུན་ནས་ཡོངས་སུ་སྲེག་པའོ། །ཞི་བ་ནི་གནོད་པ་དེ་ཞི་བ་སྟེ་སེམས་ཀྱི་རྒྱུན་དེ་ལས་བཟློག་པའོ། །ཕྱིར་ཞེས་བྱ་བ་ནི་དེའི་དོན་དུའོ། །ཞི་བའི་

ཕྱིར་ཅི་ཞིག་བྱེད་ཅེ་ན། གལ་ཏེ་བྱམས་པའི་རྫིང་ནི་བསྒོམས་གྱུར་ཀྱང་། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཞེ་སྡང་གི་མེའི་གཉེན་པོར་སེམས་ཅན་ཐམས་ཅད་བདེ་བར་འདོད་པའི་བྱམས་པ་སྟེ། མཛའ་བའི་སེམས་རྫིང་གི་ཆུ་ལྟར་བསིལ་བ་ཞེ་སྡང་གི་མེ་འཇིལ་བར་ནུས་
པ་བསྒོམས་ཤིང་མང་དུ་བྱས་པར་གྱུར་ཀྱང་ངོ་། །དེ་ལས་ཅིར་འགྱུར་ཞེ་ན། དེར་ནི་སྐྱེ་བོ་ཐམས་ཅད་བདེར་འདོད་པའི། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་བསྒོམས་པའི་གནས་སྐབས་དེར་སྐྱེ་བོ་ཐམས་ཅད་ཅེས་བྱ་བ་ཁམས་གསུམ་པར་གཏོགས་པའི་འགྲོ་བ་མ་ལུས་པ་ལ་བྱམས་པའི་
སེམས་ཀྱིས་དམིགས་པའི་བདེ་བར་འདོད་ཅིང་གནོད་པ་དང་བྲལ་བར་དགའ་བའི་སེམས་སོ། །གལ་ཏེ་ཡིད་འདི་དེ་ལྟར་གཏོད་པ་ན་ཅིར་འགྱུར་ཞེ་ན། ཆགས་པའི་འདམ་གྱིས་ཡིད་ནི་ཟིན་པར་གྱུར། །ཞེས་བྱ་བ་སྨོས་ཏེ། བྱམས་པའི་སེམས་ཀྱིས་བདེ་བར་འདོད་པ་ན་རྗེས་སུ་དགའ་
བའི་སེམས་དང་འབྲེལ་བའི་སྲེད་པའི་འདོད་ཆགས་སྐྱེ་བར་འགྱུར་ལ། དེ་ཉིད་ནི་སེམས་ཞེན་ཅིང་བྱིང་བའི་གནས་སུ་གྱུར་པས་ན་འདམ་སྟེ། དེ་ལྟ་བུས་ཡིད་ནི་ཀུན་ནས་ཟིན་པར་གྱུར་ཏོ། །འདི་སྐད་སྟོན་ཏེ། མངོན་པར་དགའ་བ་དང་བཅས་པའི་བྱམས་པའི་སེམས་ཀྱིས་འགྲོ་བ་
རྣམས་ལ་ཆགས་པའི་ཀུན་ཏུ་འཛིན་པ་སྐྱེ་བར་འགྱུར་བས་ན་དེ་ཉིད་ནི་ཉེས་པ་ཡིན་ནོ། །དེ་ལྟར་ཡང་ཇི་ལྟར་སྒྲུབ་པར་བྱེད་ཅེ་ན། དེའི་ཕྱིར། ཆགས་པའི་འདམ་གྱི་དྲི་མ་རྣམ་དག་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཆགས་པ་ནི་དངོས་པོ་རྣམས་ལ་མངོན་པར་ཞེན་པའོ། །དེ་ཉིད་ནི་འཁོར་བའི་
རྒྱུར་གྱུར་པས་ན་འདམ་ལྟ་བུའོ། །དེ་ཉིད་ནི་དྲི་མ་སྟེ་རང་གི་ཡིད་བདག་དང་བདག་གིར་ཞེན་པའི་སྐྱོན་ཆགས་པའོ། །དེ་ལྟ་བུའི་དྲི་མ་རྣམ་པར་དག་ཅིང་སྦྱང་བའི་ཕྱིར་ཅི་ཞིག་བྱ་ཞེ་ན། གལ་ཏེ་དེ་ནི་བཏང་སྙོམས་ཆུས་འཁྲུ་ཡང་། །ཞེས་བྱ་བ་སྨོས་ཏེ། འདམ་གྱི་དྲི་མ་ལྟ་བུར་ཆགས་
པ་དེ་ཤེས་རབ་ཀྱི་བློས་ཉེས་པ་ཡིན་པར་ཤེས་པར་བྱ་ལ། འགྲོ་བ་ཐམས་ཅད་ལ་ཀུན་དུ་ལྟོས་པ་མེད་ཅིང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བའི་བཏང་སྙོམས་ཆུ་ལྟ་བུས་འཁྲུ་ཞིང་དྲི་མ་སེལ་བར་བྱེད་པ་ན་ཉེས་པ་ཅིར་འགྱུར་ཞེ་ན། དེར་ནི་འགྲོ་ཀུན་ཉམ་ཐག་སེལ་བ་ཡི། །འཇིག་

རྟེན་མགོན་པོ་སྙིང་རྗེའང་རྣམ་པར་ཉམས། །ཞེས་བྱ་བ་སྨོས་ཏེ། ཀྱེ་འཇིག་རྟེན་གྱི་མགོན་པོ་དེ་ལྟར་བཏང་སྙོམས་ལ་བཞག་བའི་གནས་སྐབས་དེར་ནི་སེམས་ཅན་ཐམས་ཅད་འདོན་པར་བྱེད་པས་རབ་ཏུ་འཇུག་པས་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བར་བྱེད་པའི་སྙིང་རྗེ་ཆེན་པོ་
འཇིག་རྟེན་གྱི་མགོན་དང་སྐྱབས་སུ་གྱུར་པ་དེ་ཡང་རྣམ་པར་ཉམས་ཤིང་མེད་པར་གྱུར་པ་དེས་ན་བདག་བྱང་ཆུབ་སེམས་དཔའ་ཉིད་དུ་མི་འགྱུར་རོ། །འོན་ཏེ་སྙིང་རྗེ་དེ་ཉིད་ཀྱང་བསམ་མོད་ཅེ་ན། གཙོ་བོ་གལ་ཏེ་སྙིང་རྗེ་བསྒོམ་པ་ན། །བདག་ནི་མྱ་ངན་ཆེན་པོ་ཀུན་དུ་སྐྱེ། །ཞེས་བྱ་བ་སྨོས་
ཏེ། གཙོ་བོ་ཞེས་བྱ་བ་ནི་བོད་པའོ། །གལ་ཏེ་སྐྱོན་དེ་མཐོང་ནས་སྙིང་རྗེ་ཉིད་བསྒོམ་ཞིང་མངོན་དུ་བྱེད་པ་ན་བདག་གི་ཡིད་ལ་སྙིང་རྗེའི་ཚུལ་ལས་བྱུང་བའི་མྱ་ངན་ཞེས་བྱ་བ་ཡིད་ཀྱི་གདུང་བ་ཆེན་པོ་ཀུན་དུ་སྐྱེ་བར་འགྱུར་ཏེ། ཀྱེ་མའོ་སེམས་ཅན་འདི་རྣམས་སྡུག་བསྔལ་གྱི་ཀུན་དུ་ཉོན་
མོངས་པར་འགྱུར་རོ་ཞེས་བྱ་བའི་མྱ་ངན་གྱི་སེམས་ཤིན་ཏུ་གདུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞིག་བྱ་ཞེ་ན། འདི་ནི་ཞི་ཕྱིར་གལ་ཏེ་དགའ་བསྟེན་ན། །ཞེས་བྱ་བ་སྨོས་ཏེ། སྙིང་རྗེ་ལས་བྱུང་བའི་གདུང་བ་ཞི་ཞིང་མཉམ་པར་གནས་པའི་ཕྱིར་དགའ་བ་ཞེས་བྱ་བའི་ཚངས་
པའི་གནས་ལ་བརྟེན་ཅིང་གནས་པར་གྱུར་ན། དེ་ལས་ཅིར་འགྱུར་ཞེ་ན། གཡོ་བའི་སེམས་ནི་རྒོད་པ་ཉིད་དུ་གྱུར། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་དགའ་བའི་དངོས་པོ་ལ་ཡིད་གཏང་བ་ན་ཡུལ་ལ་གཡོ་ཞིང་རྣམ་པར་འགྱུར་བའི་ཡིད་གཟེངས་བསྟོད་པའི་དབང་གིས་རྒོད་ཅིང་ཁེངས་པ་ཉིད་
དུ་འགྱུར་གྱི་རང་བཞིན་ཞི་བར་མི་གནས་སོ། །འོན་ཏེ་དེ་ཉིད་ཞི་བར་བྱ་བའི་ཕྱིར་ཐབས་གཞན་ཞིག་ལ་བསྟེན་མོད་ཅེ་ན། གལ་ཏེ་དགའ་བ་ཞི་ཕྱིར་སྐྱོ་སྐྱེད་ན། །དེ་རུ་སེམས་ནི་དབང་མེད་ཞུམ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། དགའ་བས་དྲེགས་པའི་སེམས་ཞི་བར་བྱ་བའི་ཕྱིར་
སྐྱོ་བ་སྐྱེད་པར་བྱེད་པའི་དངོས་པོ་སྡུག་བསྔལ་གྱི་རྣམ་པ་ལ་སོགས་པ་ལ་དམིགས་ནས་སྐྱོ་བ་སྐྱེད་པར་བྱེད་པ་ན། གནས་སྐབས་དེ་རུ་ནི་སྐྱོ་བར་བྱེད་པ་ཉིད་ཀྱི་རྒྱུ་སེམས་རང་དབང་མེད་པར་ཞུམ་ཞིང་དམིགས་པ་ལ་གཏོད་མི་ནུས་པར་རྩོལ་བ་ཞན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་

ཏོ། །དེ་ལྟར་གྱུར་པ་ན་སྤྲོ་བས་གཟེངས་བསྟོད་ན་ཉེས་པ་ཅིར་འགྱུར་ཞེ་ན། གལ་ཏེ་བརྩོན་པས་དམན་ལས་བསྟོད་པ་ན། ང་རྒྱལ་དགྲ་ཡི་སྤྱོད་ཡུལ་དག་ཏུ་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྩོན་ཞིང་འབད་པ་དང་ལྡན་པས་སེམས་ཞུམ་ཞིང་
དམན་པ་ལས་དྲེགས་པ་སྐྱེ་བར་བྱེད་པའི་ཚུལ་གང་ཡང་རུང་བས་གཟེངས་བསྟོད་པར་བྱས་ན་ཡང་ཉེས་པར་འགྱུར་ཏེ། ཅི་ཞིག་ཅེ་ན། ང་རྒྱལ་གྱི་དབང་དུ་གྱུར་ཏེ། ང་རྒྱལ་དང་ལྷག་པའི་ང་རྒྱལ་ལ་སོགས་དགྲ་ལྟར་དགེ་བའི་ནོར་འཇོམས་པའི་སྤྱོད་ཡུལ་དུ་འགྱུར་ཞིང་དེའི་དབང་
དུ་འགྱུར་བ་སྟེ། ང་རྒྱལ་ཞེས་བྱ་བའི་དགྲ་བོ་དེའི་བྲན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཚངས་པའི་གནས་པ་བཞི་ལ་དམིགས་པ་ན་སེམས་ཀྱི་སྐྱོན་དུ་གྱུར་པ་བསྟན་ནས། ད་ནི་ང་རྒྱལ་གྱི་གཉེན་པོ་བསྟེན་པ་ན་སྐྱོན་དུ་འགྱུར་བ་བསྟན་པའི་ཕྱིར། དེའི་གཉེན་པོར་ཐམས་ཅད་
སྟོང་ཉིད་སྒོམ། །ཞེས་བྱ་བ་སྨོས་ཏེ། ང་རྒྱལ་ཞེས་བྱ་བའི་དགྲ་བོ་དེ་བསལ་བའི་ཕྱིར་དེའི་གཉེན་པོར་གྱུར་པའི་སེམས་ཀྱི་འཇུག་པ་ཐམས་ཅད་སེལ་བ་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ། རྒྱུ་བ་དང་མི་རྒྱུ་བ་དངོས་པོ་ཐམས་ཅད་རྣམ་པར་འཇིག་པའི་སྟོང་པ་ཉིད་བསྒོམས་པས་ང་
རྒྱལ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ལྡོག་པར་འགྱུར་བ་ནི་གཅིག་གི་གཅིག་སྤངས་པའི་མཚན་ཉིད་མུན་པ་དང་སྣང་བ་ལྟ་བུའམ། ལྷན་ཅིག་མི་གནས་པའི་མཚན་ཉིད་གཟུགས་ཅན་གྱི་རྫས་ཡུལ་བུམ་པ་དང་སྣམ་བུ་ལྟ་བུ་དང་འདྲ་བ་ཡིན་པ་ལས། འདིར་གཟུགས་
ཅན་གྱི་ལྷན་ཅིག་མི་གནས་པ་བསལ་ཏེ་སྟོང་པ་ཉིད་ཀྱི་དོན་སྒོམ་པ་ལ་བྱའོ། །དེ་ལྟར་སྟོང་ཉིད་ཀྱི་དོན་སྒོམ་པ་ན་ཡང་ཅིར་འགྱུར་ཞེ་ན། དེར་ནི་གཞན་གྱི་དོན་ལ་བརྩོན་མེད་གྱུར། །ཞེས་བྱ་བ་སྨོས་ཏེ། ཐམས་ཅད་སྟོང་པར་སྒོམ་པའི་གནས་སྐབས་དེར་རང་དང་སེམས་ཅན་མ་
དམིགས་པའི་ཕྱིར་འགྲོ་བ་གཞན་དག་སྨིན་ཅིང་འགྲོ་བའི་དོན་བྱ་བ་ལ་བརྩོན་ཞིང་འབད་པ་མེད་དེ། དེ་ལས་ལྡོག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྐྱོན་དེ་ལྟར་གྱུར་པས་ཅི་ཞིག་དམིགས་ཤེ་ན། ཅིའི་ཕྱིར། གལ་ཏེ་དེ་ཡི་དོན་དུ་ཀུན་རྫོབ་བསྟེན། །ཞེས་བྱ་བ་སྨོས་ཏེ། སྟོང་

པ་ཉིད་དུ་བལྟ་བའི་སྐྱོན་དེ་བསལ་བའི་དོན་དུ་ཀུན་རྫོབ་ཅེས་བྱ་བ་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པ་དངོས་པོའི་ཆོས་ལ་རྟེན་ཅིང་གནས་པར་བྱེད་པ་ནའོ། །དེ་ལས་ཀྱང་སྐྱོན་ཅི་ཞིག་འབྱུང་ཞེ་ན། དེར་ཡིད་ནོར་གྱི་བསམ་པ་སྐྱེ་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་དངོས་པོ་
ལ་སེམས་སྦྱར་བ་ཉོ་ཚོང་ལ་སོགས་པ་ཅི་ནས་ཀྱང་ནོར་སྤེལ་ཞིང་སྒྲུབ་པའི་བསམ་པ་སྐྱེ་བས་ཡིད་གདུང་ཞིང་ཉོན་མོངས་པར་འགྱུར་ཏེ། ཀུན་རྫོབ་ལ་རྟེན་ཅིང་སྦྱིན་པ་ལ་སོགས་གཏོང་བར་འདོད་པ་ན་གསེར་དང་ནོར་བུ་ལ་སོགས་པ་ནོར་གྱི་དངོས་པོ་དུ་མ་དག་ཉེ་བར་སོག་པའི་བློ་
སྐྱེ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་ནོར་སོག་པའི་བསམ་པ་བསྐྱེད་ཀྱང་ཉེས་པ་ཅི་ཞིག་ཡོད་ཅེ་ན། གལ་ཏེ་ཡིད་ནི་ནོར་སོག་ལ་སྦྱར་ན། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་ནོར་ལ་སྲེད་པ་བསྐྱེད་ནས་བསམ་གཏན་ལ་སོགས་པའི་ཁྱད་པར་ཅན་གྱི་སྦྱོར་བ་སྤངས་ནས་རང་གི་ཡིད་
གསེར་ལ་སོགས་པ་ནོར་སོག་ཅིང་སྡུད་པ་ལ་ཉེ་བར་སྦྱར་ཞིང་སྲེད་པ་སྐྱེད་ན་དེའི་ཚེ་ཡིད་ཕྱིན་ཅི་ལོག་གི་དབང་དུ་གྱུར་པ་ཉིད་ཡིན་པས། ཉེས་པ་ཀུན་གྱི་ཆང་ནི་ལྡུད་འགྱུར་ཞིང་། །ཞེས་བྱ་བ་གཞན་གྱིས་བརྙས་པ་ན་བག་མེད་པར་གྱུར་པ་དང་། ལུས་ཉོན་མོངས་ལ་སོགས་པའི་ཉེས་པ་
འབྱུང་ལ། ཉེས་པ་དེ་ཉིད་ཀྱིས་ནི་དེ་ནི་ནོར་གྱིས་སྐྱོབ་པའི་སྐྱེས་བུ་ལ་ཉེས་པའི་རྒྱུར་གྱུར་པ་ཆང་ལྟ་བུ་དེ་ལྡུད་ཅིང་སྐྱེ་བ་ཡིན་ནོ། །གཞན་ཡང་ཉེས་པ་ཅི་ཞིག་ཏུ་འགྱུར་ཞེ་ན། དྲེགས་དང་རྨོངས་པའི་གཉིད་ཀྱིས་མྱོས་པས་ན། །ཞེས་བྱ་བ་སྨོས་ཏེ། རྒྱུ་དེ་དག་ཉིད་ཀྱིས་སེམས་བྱ་བ་དང་བྱ་བ་
མ་ཡིན་པའི་དབྱེ་བ་མི་ཤེས་པས་མྱོས་པར་བྱས་པ་ཡིན་ནོ། །གང་གིས་མྱོས་པར་བྱས་ཤེ་ན། དྲེགས་དང་རྨོངས་པའི་གཉིད་ཀྱིས་ཞེས་བྱ་བ་སྟེ། ར་རོ་བའི་སྐྱེས་བུ་དང་འདྲ་བར་དྲེགས་ཤིང་ཁེངས་པ་དང་རྨོངས་པས་བློ་གྲོས་ཉམས་པ་དང་། གཉིད་དང་རྨུགས་པའི་དབང་དུ་གྱུར་པ་སྟེ་དྲེགས་
པས་ནི་རྨོངས་པ་ཡིན་ལ། རྨོངས་པས་ནི་གཉིད་ཀྱིས་མྱོས་པར་འགྱུར་བའོ། །དེ་དག་ལས་ཀྱང་ཉེས་པ་ཅི་ཞིག་འབྱུང་ཞེ་ན། མངོན་འདོད་ཐམས་ཅད་བཅོམ་པ་ཉིད་དུ་གྱུར། །ཞེས་བྱ་བ་སྨོས་ཏེ། མཐོང་བའི་ཆོས་དང་སྐྱེ་བ་གཞན་དུ་དམ་པས་བསྒྲུབ་པར་བྱ་བ་གང་དག་ཡིན་པའམ། མངོན་

པར་མཐོ་བ་དང་། ངེས་པར་ལེགས་པའི་རྒྱུར་གྱུར་པའི་མངོན་པར་འདོད་པའི་དོན་ཐམས་ཅད་བཅོམ་ཞིང་བརླག་པར་འགྱུར་རོ། །ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བའོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། ནོར་སོག་པ་སྲེད་པ་ཡིན་ལ་དེ་ནི་ཡོངས་སུ་བརྙེས་པར་
འགྱུར་བ་ལ་སོགས་པའི་ཉེས་པ་རྣམས་ཀྱི་རྒྱུ་ཡིན་ནོ། །དེ་ཡང་ལན་ཚྭའི་ཆུ་བོའི་མདོ་ལས། འདི་དེ་གུས་པ་ཐམས་ཅད་དང་། །ཡོན་ཏན་རྣམས་ནི་འཇིག་བྱེད་དེ། །གང་གིས་རི་རབ་ལྟར་ལྕི་བའང་། །ཤིང་བལ་ལྟ་བུར་ཡང་བར་བྱེད། །སྲེད་པས་དགུན་གྱི་དུས་སུ་ནི། །ཁ་བ་ཅན་
ཡང་གྲང་བའང་། །མྱ་ངམ་དག་ཏུ་ཉི་མའི་ཟེར། །འབར་བ་དག་ཀྱང་ཚར་མི་ཚོར། །སྲེད་པས་གཏིང་མཐའ་མེད་པ་དང་། །གནོད་པ་དུ་མས་ཉམ་ང་བའི། །རྒྱ་མཚོའང་གླང་རྗེས་ཙམ་ཉིད་དུ། །ཤིན་ཏུ་ཆུང་བ་ཉིད་དུ་སེམས། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་སེམས་མི་
མཉམ་པའི་ཚུལ་བསྟན་ནས། ནོར་བསགས་པ་ལས་སྙིང་པོར་བྱ་བའི་སྦྱིན་པ་ཉིད་དུ་ཡང་རྗེས་སུ་མི་མཐུན་པའི་སེམས་བསྟན་པའི་ཕྱིར། གང་ཚེ་བདག་ནི་སྦྱིན་པར་འདོད་ན་ཡང་། །སེར་སྣ་སྟོབས་ཅན་གྱིས་ནི་ངེས་པར་འཛིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གང་
གི་ཚེ་དཀའ་བས་བསགས་པའི་ནོར་སློང་བ་རྣམས་ལ་བདག་སྦྱིན་པར་བྱ་བར་འདོད་ཅིང་འགྱེད་པར་སྤྲོ་བ་ན་ཡང་སེར་སྣ་སྟོབས་ཅན་ཞེས་བྱ་བ་དངོས་པོ་ལ་མངོན་པར་ཞེན་ཅིང་ཆགས་པར་བྱེད་པའི་སེར་སྣའི་ཀུན་ཏུ་འཆིང་བར་ཐོག་མ་མེད་པའི་དུས་ཅན་སྟོབས་དང་ལྡན་པ་དག་གིས་ངེས་
པར་འཛིན་ཅིང་བློ་ལ་དམ་པོར་ཆགས་པས་གཏོང་བའི་མཐུ་མེད་པར་བྱེད་དོ། །དེའི་ཚེ་ཅི་ཞིག་བྱ་ཞེ་ན། གལ་ཏེ་དེ་བསལ་ཅི་སྟེ་བྱིན་གྱུར་ནའང་། །དེ་ཚེ་ཡུན་རིང་དུས་སུ་རྗེས་སུ་འགྱོད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉེན་པོའི་ཕྱོགས་སྒོམ་པའི་སྟོབས་ཀྱིས་སེར་སྣ་དེ་བསལ་ཞིང་སྤངས་
ནས་ཞིང་དུ་གྱུར་པ་འགའ་ཞིག་ལ་དངོས་པོ་འགའ་ཞིག་བྱིན་པར་གྱུར་ན་ཡང་། དེའི་ཚེ་སླར་ཡང་སེར་སྣའི་སྲེད་པ་ལས་བྱུང་བའི་སེམས་ཀྱི་གདུང་བས་ཡུན་རིང་པོའི་དུས་སུ་རྫས་བཏང་བ་རྗེས་སུ་འགྱོད་པར་འགྱུར་རོ། །གལ་ཏེ་མོས་པ་བརྟན་པས་སེམས་དེ་སླར་བཟློག་པ་ན་ཡང་ཅིར་འགྱུར་ཞེ་ན།

གལ་ཏེ་དད་པས་སླར་ཡང་དད་བྱས་ཀྱང་། །ཞེས་བྱ་བ་སྨོས་ཏེ། དད་པ་ནི་སེམས་ཀྱི་དང་བ་སྟེ། ཡིད་ཆེས་པ་དང་ཡོན་ཏན་མངོན་པར་འདོད་པའི་དད་པས་སེམས་ཀྱི་དྲི་མ་བསལ་ཏེ་དང་ཞིང་རྙོག་པ་མེད་པར་བྱས་ཀྱང་འཇིག་རྟེན་གཞན་གྱི་འབྲས་བུར་དེ་ལྟུང་འགྱུར་ཞེས་བྱ་བ་རྫས་
བཏང་བའི་འབྲས་བུ་ཡང་མངོན་པར་ཞེན་ཅིང་ལན་ལ་རེ་བའི་ཚུལ་གྱིས་སེམས་དེ་སྐྱོན་ཆགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྐྱོན་ཆགས་པ་ན། མི་རྟག་ཤེས་པས་རེ་བ་མེད་བྱས་ན། །ཞེས་བྱ་བ་འདུ་བྱེད་ཐམས་ཅད་མི་རྟག་པ་ཞེས་སྨོས་པའི་སྟོན་པའི་བཀའ་དྲན་ཞིང་། མི་
རྟག་པའི་ཚུལ་དུ་མ་དག་པ་ལ་བརྟགས་ནས་རྫས་ལ་སོགས་པ་རྟག་པ་མེད་དེ་སྐད་ཅིག་མའི་ཚུལ་ཡིན་པར་ཤེས་པར་བྱ་བའི་གཉེན་པོ་དེས་ལན་ལ་རེ་བའམ་སྦྱིན་པའི་རྣམ་པར་སྨིན་པ་ལས་བྱུང་བའི་ལོངས་སྤྱོད་ལ་སོགས་པ་ལ་མ་ཆགས་པར་བྱས་ནས་སེམས་ཀྱི་རྙོག་པ་དེ་བསལ་བ་ན་
ཡང་རྗེས་སུ་མཐུན་པར་གནས་ཏེ། ཅི་ཞིག་གི་ཞེ་ན། རྒྱུ་མཚན་མེད་པས་ལེ་ལོས་རྣམ་པར་ཞུམ། །ཞེས་བྱ་བ་རྒྱུ་སྦྱིན་པ་བཏང་བ་འདིས་ལོངས་སྤྱོད་ཆེན་པོ་འདི་ལྟ་བུ་ཞིག་ཐོབ་པས་ན་དེ་ལྟ་བུའི་འབྲས་བུ་བསྒྲུབ་པའི་ཕྱིར་སྦྱིན་པ་ལ་སོགས་པ་རྒྱུར་གྱུར་པ་རྣམས་ལ་འབད་པར་བྱེད་པ་
ཡིན་ན། འབྲས་བུ་ལ་རེ་བ་མེད་པར་བྱས་པའི་ཕྱིར། སྦྱིན་པ་ལ་སོགས་པའི་ཆོས་ལ་རྩོལ་མི་འདོད་ཅིང་ལེ་ལོའི་དབང་གིས་སེམས་རྣམ་པར་ཞུམ་ཞིང་སྒྱིད་ཞན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་དོན་ལ་ཉམས་པར་བརྗོད་དེ་བཤགས་པ་བསྟན་ནས། གཞན་གྱི་
དོན་ལས་ཀྱང་ཉམས་པར་གྱུར་པ་བསྟན་པའི་ཕྱིར། །མགོན་པོ་འཇིག་རྟེན་སྡུག་བསྔལ་གྱིས་རབ་གཟིར། །ཞེས་བྱ་བ་སྨོས་ཏེ། ཀྱེ་མགོན་པོ་སེམས་ཅན་གྱི་འཇིག་རྟེན་འདི་དག་འདུ་བྱེད་ལ་སོགས་པའམ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གསུམ་མམ། བརྒྱད་དུ་གྲགས་པ་
དག་གིས་རབ་ཏུ་གཟིར་ཅིང་ཤིན་ཏུ་ཉམ་ཐག་པར་བྱས་པ་དེ་དག་ཀྱང་། སྔོན་ཚེའང་གཉེན་དུ་གྱུར་པ་ལ་བལྟས་ནས་ཞེས་བྱ་བ་འཁོར་བའི་གནས་འདིར་སྐྱེ་བ་བརྒྱུད་པའི་ཚེ་གཞན་དག་ཏུ་ཡང་ཕ་མ་ལ་སོགས་པ་གཉེན་དུ་གྱུར་ཅིང་བདག་དང་རྗེས་སུ་འབྲེལ་བར་གྱུར་པ་ཡིན་པར་

བློས་བལྟས་ཤིང་ཡིད་ཀྱིས་བསམས་ནས་སོ། །ཡང་ཞེས་བྱ་བ་ནི་ད་ལྟར་འབའ་ཞིག་ཏུ་མ་ཟད་པའོ། །རྒྱུ་དེ་ལས་བརྟེན་ནས་ཅི་ཞིག་བྱེད་ཅེ་ན། གལ་ཏེ་གཞན་དོན་སྤྱོད་པར་འདོད་ན་ཡང་། །ཞེས་བྱ་བ་སེམས་ཅན་སྡུག་བསྔལ་གྱིས་ཉེན་པ་དག་གཉེན་དུ་མ་
གྱུར་པ་མེད་པས་དེ་རྣམས་ཀྱི་གནོད་པ་བསལ་བའི་ཕྱིར་སྦྱིན་པ་ལ་སོགས་པས་གཞན་གྱི་དོན་བྱའི། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འདོད་ཅིང་བྱ་བ་དེ་རྫོགས་པར་རྩོམ་པ་ན་ཡང་དེའི་ཅི་ཞིག་ཏུ་འགྱུར་ཞེ་ན། བདག་ཏུ་འདུ་ཤེས་པ་ཡི་དབང་མེད་འཛིན། །ཞེས་བྱ་བ་
སྨོས་ཏེ། ཉེ་དུ་ལ་སོགས་པ་ལ་ཞེན་པ་ལས་བག་ཆགས་ལས་བྱུང་བའི་བདག་དང་བདག་གི་འདུ་ཤེས་ཀྱིས་རང་དབང་མེད་པར་འཛིན་ཅིང་དབང་དུ་བྱེད་པས་བདག་མེད་པ་ལ་བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བདག་ཏུ་ལྟ་བ་ལ་ཉེས་པ་ཅི་ཞིག་ཡོད་
ཅེ་ན། བདག་ཏུ་ལྟ་བའི་རྗེས་སུ་ང་རྒྱལ་འབྲང་། །ཞེས་བྱ་བ་སྨོས་ཏེ། བདག་ཅེས་བྱ་བ་ནི་ཡོད་དོ་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་སྟེ། བདག་མེད་པ་ལ་བདག་ཏུ་རློམ་པ་གང་ཡིན་པ་དེ་ནི་ང་རྒྱལ་ཡིན་ལ་ང་རྒྱལ་དེ་ནི་བདག་ཏུ་ལྟ་བའི་རྗེས་སུ་འབྲང་སྟེ། རྟག་པ་དང་བརྟན་པ་དང་བདག་
ཡོད་པ་ལ་སོགས་པ་མུ་སྟེགས་པའི་ལྟ་བ་ལ་ཞེན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ཀྱང་ཉེས་པ་ཅི་ཞིག་སྐྱེད་ཅེ་ན། དེ་ནི་ངའི་ཞེས་ཡོངས་སུ་འཛིན་པར་བྱེད། །ཅེས་བྱ་བ་སྨོས་ཏེ། ང་རྒྱལ་ལས་བྱུང་བའི་ལྟུང་བ་དེ་ཡང་ངའི་ཞེས་བྱ་བའམ། བདག་གི་སྙམ་པའི་ཡོངས་སུ་
འཛིན་པ་དམ་པོ་སྐྱེ་བར་བྱེད་པ་དེས་འཆིང་བར་བྱེད་དོ། །དེ་ལྟར་གྱུར་པ་དེས་ཀྱང་ཉེས་པའི་ཚོགས་ཅི་ཞིག་བསྐྱེད་ཅེ་ན། དེར་ནི་ང་རྒྱལ་དྲེགས་དང་འདོད་སོགས་ཀྱིས། །ཞེས་བྱ་བ་སྨོས་ཏེ། དེར་ནི་ཞེས་བྱ་བ་ངའི་ཞེས་ཡོངས་སུ་འཛིན་པ་སྐྱེ་བའི་གནས་སྐབས་དེའི་ཚེ་ན་ང་རྒྱལ་ལ་སོགས་
པའི་ཉེས་པ་འབྱུང་སྟེ། ང་རྒྱལ་ནི་ང་རྒྱལ་དང་ལྷག་པའི་ང་རྒྱལ་ལ་སོགས་པའི་ཉེས་པའོ། །དྲེགས་པ་ནི་སེམས་རྒྱས་ཤིང་གཟེངས་མཐོ་བའོ། །འདོད་པ་ནི་འདོད་པ་སྟེ་དེས་ཆགས་པའི་ཡུལ་ལ་སྲེད་པ་སྐྱེད་པའོ། །སོགས་པ་སྨོས་པས་ནི་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཉོན་མོངས་

པ་གཞན་རྣམས་བསྡུས་ལ་དེ་དག་གིས་ཀྱང་ཅི་ཞིག་བྱེད་ཅེ་ན། ཁྲོས་པའི་དགྲ་བཞིན་དུ་ནི་རྣམ་པར་འཇོམས། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཞེ་འགྲས་པར་གྱུར་པའི་དགྲ་བོ་དག་ཤིན་ཏུ་ཁྲོས་པ་ན་སྲོག་དང་བྲལ་བར་བྱེད་པ་ལ་སོགས་པའི་གནོད་པ་དུ་མ་སྐྱེད་པར་བྱེད་པ་དེ་བཞིན་དུ། ཉོན་མོངས་
པའི་ཚོགས་དེ་དག་གིས་ཀྱང་དགེ་བའི་སྲོག་འཕྲོག་ཅིང་འགྱུར་བའི་སྡུག་བསྔལ་སྣ་ཚོགས་སྐྱེད་པར་བྱེད་དོ། །བདག་ཏུ་ལྟ་བ་ནི་ཉེས་པ་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། །དེ་ཡང་། བདག་ཡོད་ན་ནི་གཞན་དུ་འདུ་ཤེས་ཤིང་། །བདག་གཞན་ཆ་ལས་ཡོངས་སུ་འཛིན་དང་སྡང་། །འདི་
གཉིས་དང་ནི་ཀུན་ཏུ་འབྲེལ་པ་ལས། །ཉེས་པ་ཐམས་ཅད་རབ་ཏུ་སྐྱེ་བར་འགྱུར། །ཞེས་སློབ་དཔོན་ཆོས་ཀྱི་གྲགས་པས་བཤད་པ་ཡིན་ནོ། །ང་རྒྱལ་ལ་སོགས་པའི་ཉེས་པ་དེ་དག་ཉིད་ཀྱི་མི་མཐུན་པའི་ཕྱོགས་བསྐྱེད་པའི་དཔེ་བསྟན་པའི་ཕྱིར། གང་ཚེ་བདུད་ཀྱི་སྡེ་ལྟར་འཇིགས་པ་ཡི། །ཉོན་
མོངས་དྲ་བ་ཀུན་ནས་བདོ་གྱུར་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གང་གི་ཚེ་ན་བདུད་ཀྱི་སྡེ་ཞེས་བྱ་བ་བདུད་ནི་འདོད་པའི་ཁམས་ཀྱི་དབང་ཕྱུག་སྟེ། དེའི་སྡེ་ནི་དཔུང་ཚོགས་ཡིན་ལ། དེ་དག་ཀྱང་མཚོན་ཆ་སྣ་ཚོགས་ཐོགས་ཤིང་རྒོལ་བ་དང་གཡུལ་དུ་འཇུག་པའི་ཚུལ་དུ་མ་སྟོན་
པས་ཤིན་ཏུ་འཇིགས་སུ་རུང་བ་ཡིན་ནོ། །ལྟར་ཞེས་བྱ་བ་ནི་འདྲ་བ་སྟེ། ཉོན་མོངས་པའི་ཚོགས་རྣམས་ཀྱང་གནོད་པ་སྣ་ཚོགས་སྐྱེད་པས་འཇིགས་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་ཡིན་ལ། དྲ་བ་ནི་དེ་དག་གི་ཚོགས་མང་པོ་ལ་བྱ་བའམ། དེ་དག་གིས་
ཀུན་ནས་དཀྲིས་པས་བསྡམས་ཤིང་འཆིང་བར་བྱེད་པ་ཡིན་ལ། དེ་ལྟ་བུའི་ཉོན་མོངས་པ་དེ་ཀུན་ནས་བདོ་བར་གྱུར་ཅིང་ཡུལ་གྱི་བག་ལ་ཉལ་སད་པར་བྱས་ཏེ། ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པ་ཐམས་ཅད་དུ་འབར་བར་གྱུར་པ་ན་ཉོན་མོངས་པའི་ཚོགས་ཉིད་བདུད་ཀྱི་སྡེ་ཡིན་
ལ། དེ་ལྟ་བུ་མི་བཟད་པའི་ཉོན་མོངས་པའི་ཤུགས་འབར་བར་གྱུར་པ། དེ་ཚེ་དུས་མཚན་མི་བཟད་ལྟ་བུར་ནི། །ཞེས་བྱ་བ་ལ། དུས་ཞེས་བྱ་བ་ནི་གཤིན་རྗེའི་ཕོ་ཉ་ཡོད་དེ། དེས་དེ་གང་གི་མཚན་མོ་སྐྱེས་བུའི་མགུལ་དུ་ཞགས་པས་བཏགས་ཏེ་ཁྱེར་བར་འདོད་པའི་མཚན་

མ་དེ་ནི་དུས་མཚན་ཞེས་བྱའོ། །ལྟ་བུར་ཞེས་བྱ་བ་ནི་འདྲ་བ་སྟེ། ཉོན་མོངས་པའི་དྲ་བ་དེ་ནི་དེ་དང་ཚུལ་འདྲ་སྟེ། གང་གིས་ན་ཤིན་ཏུ་མི་བཟད་པའི་འཇིགས་པ་སྐྱེད་པར་ཆོས་མཐུན་པ་ཡིན་ནོ། །དེ་ལྟ་བུར་ཞེས་བྱ་བ་ནི། ནག་པོའི་ཕྱོགས་ཀྱི་མུན་པ་རྣམ་པར་
འཕེལ། །ཞེས་བྱ་བ་བདུད་ཀྱི་ཕྱོགས་དཀར་པོའི་ཆོས་དང་མི་མཐུན་པར་གྱུར་པའི་རྨོངས་པའི་མུན་པ་དེ་རྣམ་པར་འཕེལ་ཞིང་རྒྱས་པར་འགྱུར་བའམ། ཡང་ན་ནག་པོའི་ཕྱོགས་ཞེས་བྱ་བ་ནི་ཟླ་བ་མར་ངོ་ལ་བྱ་ལ་དེའི་མུན་པ་སྨག་ཏུ་གྱུར་པའི་ནང་ན་དགྲ་བོ་འགའ་ཞིག་གི་མཚོན་ཆ་སྣ་
ཚོགས་ཀྱི་ཆར་ཕབ་ན་ཤིན་ཏུ་འཇིགས་པ་ཡིན་པ་དང་འདྲ་བར་ཉོན་མོངས་པའི་ཕྱོགས་ཀྱི་མུན་པས་བསྒྲིབས་ཤིང་དཀར་པོའི་ཆོས་ཀྱི་སྣང་བ་དང་བྲལ་བ་ན། གནོད་པ་དང་སྡུག་བསྔལ་སྣ་ཚོགས་རྣམ་པར་འཕེལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དཔེའི་ཚུལ་དུ་མ་བསྟན་པས་
བདག་ཏུ་ལྟ་བ་ལས་བྱུང་བའི་ཉོན་མོངས་པའི་ཚོགས་རྣམས་ཤིན་ཏུ་འཇིགས་སུ་རུང་བར་བསྟན་པ་ཡིན་ལ་དེ་ཉིད་ཀྱིས་ན་ཞི་བར་བྱ་བའི་ཕྱིར་སྡིག་པ་སྨོད་པའི་སྒོ་ནས་འཆགས་པར་འདོད་པའི་ཕྱིར། སྡིག་པ་བརྗོད་བགྱི་རྗེས་འགྱོད་བརྣག་དཀའ་ཞིང་། །ཞེས་བྱ་བ་སྨོས་ཏེ། ཀྱེ་བཅོམ་ལྡན་
འདས་ཁྱེད་ཀྱི་སྤྱན་སྔར་སྡུག་པ་དང་མི་སྡུག་པ་དག་གི་ཕྱིར་སྡིག་པ་དུ་མ་བགྱིས་ཤིང་བསགས་པའི་སྡིག་པ་གང་ཡིན་པ་དེ་བརྗོད་པར་བགྱི་ཞིང་རྗེས་སུ་བསྒྲག་པར་བགྱིའོ། །ཇི་ལྟ་བུ་ཞེ་ན། རྗེས་འགྱོད་བརྣག་དཀའ་ཞིང་ཞེས་བྱ་བ་སྟེ། གང་ཞིག་བྱས་ན་རྗེས་སུ་འགྱོད་པའི་སེམས་ཀྱི་
རྒྱུད་སྲེད་པར་ནུས་པ་བརྣག་དཀའ་ཞིང་བཟོད་པར་དཀའ་བ་སྐྱེ་བ་དེ་ནི་སྡིག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། སྐྱེ་བ་སྡུག་བསྔལ་འགྱུར་བ་མི་བཟད་ལགས། །ཞེས་བྱ་བ་སྨོས་ཏེ། སྐྱེ་བ་ནི་འགྲོ་བ་ལྔར་ལུས་ལེན་པའོ། །སྡུག་བསྔལ་ནི་ཕུང་པོ་ལྔའི་བདག་
ཉིད་ཅན་ནོ། །སྐྱེ་བ་སྡུག་བསྔལ་ནི་སྐྱེ་བ་སྡུག་བསྔལ་ཏེ་དེ་ཡང་དང་ཡང་དུ་ལེན་ཅིང་འཛིན་པར་གྱུར་པ་ན་ལས་དང་ཉོན་མོངས་པ་ལས་བྱུང་བའི་འགྱུར་བའི་སྡུག་བསྔལ་བསྐྱེད་ཅིང་ཉམས་སུ་མྱོང་བར་བྱེད་པ་དེ་ནི་མི་བཟད་པ་ཡིན་ཏེ། ཤིན་ཏུ་བརྣག་པར་དཀའ་བའི་ལུས་དང་སེམས་ཀྱི་

སྡུག་བསྔལ་དུ་མ་བསྐྱེད་པ་ལགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན། དེ་ལས་ལྷག་པའི་རབ་གནོད་ཅི་ཞིག་མཆིས། །ཞེས་བྱ་བ་ཉོན་མོངས་པ་ལས་བྱུང་བའི་སྡུག་བསྔལ་དེ་ལས་ལྷག་པར་ཆེས་རབ་ཏུ་གནོད་པར་བྱེད་པའི་དངོས་པོ་ཅི་ཞིག་མཆིས་ཞེས་དྲི་བའི་སྒོ་ནས། དེ་ལས་ལྷག་པའི་
རབ་ཏུ་གནོད་པ་ནི་ཅིའང་མ་མཆིས་སོ་ཞེས་ངེས་པར་གཟུང་བའོ། །དེ་ལྟར་སྡུག་བསྔལ་མི་བཟད་པའི་རྒྱུ་ཡིན་པར་ཤེས་ནས་ནི་དོར་བའི་རིགས་པ་ལས་དེ་ལྟར་མི་བྱེད་ཀྱི། དེ་ལྟར་ན་ཡང་དེ་ལ་རང་ཉིད་སྤྱོད། །ཅེས་བྱ་བ་སྡུག་བསྔལ་གྱི་རྒྱུ་ཡིན་དུ་ཟིན་ན་ཡང་དེའི་རྒྱུར་གྱུར་པའི་སྡིག་པ་དེ་ལ་བདག་
རང་ཉིད་མངོན་སུམ་དུ་སྤྱོད་པར་བྱེད་ཀྱི་དེ་ལས་ལྡོག་པར་མི་བགྱིད་པ་དེ་ཉོན་མོངས་པའི་དབང་དུ་གྱུར་པ་ཡིན་ནོ་ཞེས་རང་གི་ཉེས་པ་བརྗོད་པའི་སྒོ་ནས་འཆགས་པའོ། །གལ་ཏེ་དེ་ལྟར་ཡིན་ན་དེ་ལས། སེམས་བཟློག་ཅིང་སྤང་བར་རིགས་པ་ཡིན་པ་ལས་དེ་ལྟར་ཡང་བཟོད་པར་མི་ནུས་པར་བསྟན་པའི་
ཕྱིར། གལ་ཏེ་སྣ་ཚོགས་སྡུག་བསྔལ་རྒྱུར་གྱུར་པའི། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་བཟོད་པ་ནི་བདེ་བ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ལ། ཁྲོ་བ་ནི་སྡུག་བསྔལ་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་པས། གལ་ཏེ་སྣ་ཚོགས་སྡུག་བསྔལ་རྒྱུར་གྱུར་པའི། །ཞེས་བྱ་བ་འཇིག་རྟེན་འདི་
དང་གཞན་གྱི་སྡུག་བསྔལ་ལུས་དང་སེམས་ཀྱི་ཆ་ལས་བྱུང་བ་རྣམ་པ་སྣ་ཚོགས་པའི་གཞི་དང་རྒྱུར་གྱུར་པ་ནི་ཞེ་སྡང་ཡིན་ཏེ། དེ་ལས་ནི་སེམས་ཅན་ལ་འཚེ་བར་བྱེད་པ་འབྱུང་བ་ཡིན་པའི་ཕྱིར། གཞན་ལ་གནོད་པ་བྱེད་པ་ལས་བཟློག་ན། །ཞེས་བྱ་བ་ཁོང་ཁྲོ་བ་ལས་བྱུང་བའི་རྒྱུས་གཞན་
ལ་གནོད་ཅིང་སྡུག་བསྔལ་བར་བྱེད་པ་ལས། ཁྲོ་བའི་ཉེས་པ་རྣམས་དྲན་པའི་སྒོ་ནས་དེ་ལས་སེམས་རྗེས་སུ་བཟློག་ཅིང་གཉེན་པོ་དྲན་པས་བཟོད་པ་སྟེན་པར་བྱེད་པ་ནའོ། །དེ་ལྟར་གནས་པའི་ཚེ་ཅིར་འགྱུར་ཞེ་ན། སྐྱེ་བོ་ངན་པ་ཉེས་མེད་དགྲར་གྱུར་པ། །རལ་གྲིའི་སོ་ལྟར་གདུག་པས་དེ་
འཁྲུག་བྱེད། །ཅེས་བྱ་བ་སྨོས་ཏེ། བཟོད་པར་མི་ནུས་ཀྱི་བློ་འཁྲུགས་ཤིང་སེམས་ཀྱི་རྒྱུན་རྙོག་པ་ཅན་དུ་བྱེད་དོ། །གང་གིས་ཤེ་ན། སྐྱེ་བོ་ངན་པ་ཉེས་མེད་དགྲར་གྱུར་པ། །རལ་གྲིའི་སོ་ལྟར་གདུག་པས་དེ་འཁྲུག་བྱེད། །ཞེས་བྱ་བ་སྐྱེ་བོའི་ཚོགས་ཚུལ་ཁྲིམས་དང་བཟོད་པ་ལ་སོགས་པ་དམ་

པའི་སྤྱོད་པ་དང་བྲལ་བ་རང་བཞིན་ངན་པར་གྱུར་པ་རྣམས་ནི་བདག་གིས་གནོད་པར་བྱས་པའི་ཉེས་པ་གཞི་མེད་པར་ཡང་རྒྱུ་མེད་པའི་དགྲ་བོར་གྱུར་ཅིང་རྗེས་སུ་སྡང་བར་གྱུར་པ་རྣམས་ཀྱི་སྤྱོད་པ་རལ་གྲིའི་སོ་ལྟར་གདུག་ཅིང་ཞེ་གཅོད་པར་བྱེད་པས་བདག་གི་སེམས་
འཁྲུག་པར་བྱེད་དོ། །འོན་ཏེ་རང་བཞིན་ངན་པ་དེ་དག་ལ་ཡང་བཟོད་པ་བསྟེན་ཅིང་དེ་ལ་བརྩེ་བར་བྱ་མོད་ཅེ་ན། གང་ཚེ་བདག་ཡིད་བཟོད་བྱེད་འདོད་ན་ཡང་། །དེ་ཚེ་དེ་ཡི་ཉེས་སྤྱོད་འཆིང་བས་བསྡམས། །ཞེས་བྱ་བ་སྨོས་ཏེ། དུས་སམ་སྐད་ཅིག་གང་གི་ཚེ་བདག་གི་ཡིད་འཁྲུག་
པར་བྱེད་པ་དེ་ལས་བཟློག་ཅིང་གཉེན་པོས་སེམས་དང་བར་བྱས་ཏེ། བཟོད་པའི་ཚུལ་ལ་གནས་པར་བྱེད་འདོད་ན་ཡང་དེའི་ཚེ་རང་བཞིན་ངན་པའི་དགྲ་བོ་དེའི་རང་བཞིན་ངན་ཞིང་གནོད་པ་སྣ་ཚོགས་བྱེད་པའི་ཉེ་བར་སྤྱོད་པ་སྣ་ཚོགས་པ་སེམས་ཀྱི་འཆིང་བར་གྱུར་པ་རྣམས་ཀྱི་སེམས་སླར་
ཡང་བསྡམས་ཤིང་དམ་དུ་འཆིང་བར་བྱེད་པས་ཞེ་སྡང་གི་དབང་དུ་འགྲོའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཡང་དེའི་ཉེར་སྤྱོད་བཏང་སྙོམས་སུ་གཞག་ཅིང་སེམས་གླན་མོད་ཅེ་ན། དེ་ནི་བཀག་ཅིང་ཡོངས་བསྡམས་དྲག་པོ་ཡི། །ཞེ་སྡང་མེ་ཡིས་ཡོངས་སྐེམས་བརྩེ་དང་བྲལ། །ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཉེ་བར་སྤྱོད་པ་ངན་པ་དེ་ལས་བྱུང་བའི་ཞེ་སྡང་གི་འཆིང་བ་དེ་ནན་གྱིས་བཀག་ཅིང་ཡོངས་སུ་བསྡམས་པ་ན་བརྣགས་དྲགས་པ་ཉིད་ཀྱིས་སེམས་ཀྱི་རྒྱུན་སོ་ན་མི་གནས་ཤིང་ཁོང་ཁྲོ་བའི་དབང་དུ་གྱུར་ལ། དེས་ན་དེ་ལས་བྱུང་བའི་ཞེ་སྡང་དྲག་པོ་དེ་ནི་
བདག་དང་གཞན་གདུང་བར་བྱེད་པས་མེ་ལྟ་བུ་ཡིན་ལ། མེ་དེ་ཡིས་འཕགས་པ་ཆོས་ཀྱི་རླན་དང་སེམས་བྲལ་བར་བྱེད་པས་སེམས་ཀྱི་རྒྱུད་སྐེམས་པར་བྱེད་པ་ཡིན་ལ། དེ་ལྟ་བུ་དེས་ན་སེམས་བརྩེ་བ་དང་བྲལ་ཞིང་སྙིང་རྗེ་མེད་དེ་དམ་པའི་སྤྱོད་པ་བཟོད་ཅིང་དང་བ་དང་བྲལ་བར་གྱུར་ཏོ་ཞེས་
བྱ་བའི་དོན་ཏོ། །དེ་ལྟར་བརྩེ་བ་དང་བྲལ་བའི་སེམས་ནི་ཇི་ལྟར་གནས་ཤེ་ན། ཇི་ལྟར་མི་བཟད་ལྟ་བའི་དུག་ཅན་དག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཞེས་བྱ་བ་དཔེར་བྱ་བ་ནི། མི་བཟད་ལྟ་བའི་དུག་ཅན་དག །ཅེས་པ་སྦྲུལ་གང་བལྟས་པ་ཙམ་གྱིས་གསོད་པར་མི་ནུས་

ཤིང་། དུག་ཅན་གྱི་དབུགས་ཀྱིས་བརྒྱལ་བར་བྱེད་ནུས་པའོ། །ནང་གནས་ཤིང་ནི་མཁས་རྣམས་སྤོང་བར་བྱེད། །ཅེས་བྱ་བ་ནི་ཤིང་གང་གི་ཁོང་སྟོང་གི་ཆ་ན་དེ་ལྟ་བུའི་སྦྲུལ་གདུག་པས་གནས་བཅས་པའི་ཤིང་དེ་ནི་མཁས་པ་བློ་དང་ལྡན་པ་རྣམས་རྒྱང་རིང་པོར་མོད་ཁོ་ན་ལ་སྤོང་བར་བྱེད་
དོ། །དེ་བཞིན་ཁོང་ཁྲོའི་སྤྱོད་པ་སྦེད་པ་ཡི། །བདག་གི་བསམ་པ་དགེ་བ་རྣམ་སྤོང་བྱེད། །ཅེས་བྱ་བ་ནི་དཔེ་བཤད་པའི་དོན་བསྟན་པ་སྟེ། ཚུལ་དེ་བཞིན་དུ་ཁོང་ཁྲོ་བ་ཞེས་བྱ་བ་སྦྲུལ་གདུག་པ་ལྟ་བུའི་ཞེ་སྡང་གི་ཆ་ལས་བྱུང་བའི་སྤྱོད་པ་གཞན་ལ་གནོད་པར་བྱེད་པ་དུག་ལྟ་བུ་ནང་ན་གནས་
པའི་ཚུལ་སྦེད་པར་བྱེད་ཅིང་འཆབ་པར་བྱེད་པའི་བདག་གི་བསམ་པ་སྟེ། སེམས་ཀྱི་རྣམ་པ་ཤིང་ལྟ་བུ་སྟེ། དེ་དགེ་བ་རྣམས་ཞེས་བྱ་བ་བསླབ་པ་གསུམ་ལ་སོགས་པ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུར་གྱུར་པའི་ལས་ཀྱི་ཚོགས་རྣམས་ཀྱིས་སྤོང་བར་བྱེད་ཅིང་འདོར་བར་བྱེད་པ་འདི་
སྐད་སྟོན་ཏེ། གལ་ཏེ་བདག་གི་སེམས་ལ་མནར་སེམས་དང་ལྡན་པའི་ཞེ་སྡང་གི་སྤྱོད་པ་སྦྲུལ་ལྟ་བུ་གནས་ན་དེ་ནི་སྣོད་དུག་ཅན་ལྟ་བུ་ཡིན་པས་དགེ་བའི་ཆོས་རྣམས་མི་གནས་ཤིང་སྤོང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སེམས་ལ་སྐྱོན་ཆགས་པས་ཆོས་ཀྱི་སྣོད་དུ་མི་འགྱུར་བའི་ཚུལ་
གཞན་ཡང་བསྟན་པའི་ཕྱིར། ཉི་མའི་ཟེར་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གི་བསམ་པ་ལ་དམ་པའི་ཆོས་ཀྱི་ཆར་འབབ་པ་དོན་མ་མཆིས་སོ་ཞེས་བྱ་བར་སྦྱར་རོ། །ཚུལ་ཇི་ལྟར་ཞེ་ན། ཉི་མའི་ཟེར་གྱིས་བསྲེགས་པའི་རྡོ་འདྲ་ཞིང་། །ཞེས་བྱ་བ་སྨོས་ཏེ། སོ་
གའི་ཉི་མའི་འོད་ཟེར་ཤིན་ཏུ་ཚ་ཞིང་རྣོ་བས་བསྲེགས་ཤིང་གདུངས་པའི་རྡོ་ལེབ་ལ་ཆར་འབབ་པ་དང་འདྲ་བ་ཡིན་ཏེ། འདྲ་ཞིང་ཞེས་བྱ་བ་ནི་ཆོས་མཐུན་པ་སྟེ། ཇི་ལྟར་རྡོ་བའི་ངོས་ལ་ཆར་གྱི་རྒྱུན་འབབ་ཏུ་ཟིན་ཀྱང་འཕེལ་བའམ་མྱུ་གུ་སྐྱེ་བ་ལ་སོགས་པ་མི་སྣང་ཞིང་ནང་དུ་ཡང་བངས་པར་
མི་འགྱུར་གྱི་ཕྱི་རོལ་བརླན་པ་ཙམ་ཁོ་ནར་འགྱུར་ལ། དེ་ཡང་སྐད་ཅིག་ཙམ་ན་མི་སྣང་བར་འགྱུར་རོ། །དེ་བཞིན་དུ་ཉོན་མོངས་པའི་ཚོགས་ཉི་མའི་ཟེར་ལྟར་དྲག་པ་བརྒྱ་ཕྲག་གིས་གདུངས་པར་གྱུར་པའི་སེམས་ལ་ནི་ཆོས་ཀྱི་ཆར་པའི་དོན་མེད་དོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། ཡོངས་

སུ་བསྐམས་པས་རྡུལ་གྱུར་ཐལ་བ་འདྲ། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཐལ་བའི་ཚོགས་ཉི་མའི་འོད་ཟེར་གྱིས་ཡོངས་སུ་གདུངས་ཤིང་ཀུན་ནས་བསྐམས་པར་བྱས་པ་ནི་རྡུལ་དུ་གྱུར་ཅིང་ཤིན་ཏུ་རྩུབ་པར་གནས་པར་ཐལ་བ་དང་འདྲ་བ་སྟེ། ཇི་ལྟར་ཐལ་བའི་ཕུང་པོ་
བསྐམས་ཤིང་རྩུབ་པར་གྱུར་པ་ལ་ཆར་འབབ་ཏུ་ཟིན་ཀྱང་ཁྱད་པར་དུ་གྱུར་བའི་དངོས་པོ་མི་སྐྱེ་བས་དོན་མེད་པ་ཡིན་ལ། འོན་ཏེ་མང་དུ་འབབ་པས་བརླན་པ་ཙམ་དུ་གྱུར་པས་དུས་གཞན་ན་དེ་བཞིན་དུ་གནས་སོ། །ཚུལ་དེ་འདྲ་བར་བདག་གི་སེམས་ཐོག་མ་མེད་པའི་དུས་ཅན་གྱི་
རྣམ་པར་རྟོག་པ་ངན་པའི་ཚོགས་ཀྱིས་བསྡམས་ཤིང་རྡུལ་ཅན་དུ་གྱུར་པ་ལ་ཆོས་ཀྱི་ཆར་འབབ་པ་དོན་མེད་དོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། བྱེ་མའི་ཚོགས་ཀྱིས་ཁྱབ་པའི་ལམ་ལྟ་བུ། །ཞེས་བྱ་བ་སྨོས་ཏེ། བྱེ་མའི་ཚོགས་ནི་བྱེ་མའི་ཕུང་པོ་སྟེ་མང་པོ་ཞེས་བྱ་བའི་དོན་ལ། དེས་ཁྱབ་
པ་ནི་ཀུན་ནས་གཡོགས་ཤིང་ཁེབས་པ་སྟེ། དེ་ལྟ་བུའི་ཕྱོགས་ཀྱི་རྒྱུན་ལམ་དུ་ནི་ཆར་འབབ་པ་དོན་མེད་དོ། །ལྟ་བུར་ཞེས་བྱ་བ་ནི་དཔེར་བྱ་བ་སྟེ་ཇི་ལྟར་བྱེ་མའི་ཚོགས་ཀྱིས་ཁྱབ་པའི་ལམ་དུ་ཆར་གྱི་རྒྱུན་མང་དུ་བབ་ཀྱང་དགོས་པ་བྱེད་པར་མི་འགྱུར་གྱི་རིང་པོ་མི་ཐོགས་པར་
སྔ་མ་ཁོ་བཞིན་དུ་གནས་སོ། །ཚུལ་དེ་བཞིན་དུ། བདག་གི་བསམ་པར་ཆོས་ཆར་དོན་མ་མཆིས། །ཞེས་བྱ་བ་བདག་གི་སེམས་མ་རིག་པ་དང་སྲེད་པ་ལ་སོགས་པ་བྱེ་མ་ལྟ་བུས་ཁྱབ་པའི་གཞི་ལ་ཡང་དག་པའི་ཆོས་ཀྱི་ཆར་འབབ་པ་དོན་མེད་དོ། །དཔེ་འདི་དག་གིས་ནི་འདི་སྐད་
དུ་སྟོན་ཏེ། ཇི་ལྟར་ཞིང་ས་བཟང་པོ་དག་ཏུ་ཆར་འབབ་པ་ནི་འབྲས་བུ་ལ་སོགས་པ་འབྲུའི་ཚོགས་དང་འབྲས་བུའི་ཚོགས་རྣམས་འཕེལ་ཞིང་རྒྱས་པར་བྱེད་པས་དོན་ཡོད་པ་བཞིན་དུ། རྡོ་བའི་རྒྱབ་དང་ཐལ་བའི་ཚོགས་དང་བྱེ་མའི་ལམ་དུ་ནི་དེ་ལྟ་མ་ཡིན་ནོ་ཞེས་ཆོས་མི་མཐུན་པའི་དཔེས་
བསྟན་པ་ཡིན་ནོ། །དཔེ་གསུམ་སྨོས་པ་ནི་ལུང་དང་། རྟོགས་པ་དང་། དོན་དམ་པ་སྟེ་ཆོས་རྣམ་པ་གསུམ་ཡོད་པས་དེ་དག་བརྟེན་པ་དོན་མེད་པ་དང་གོ་རིམས་བཞིན་དུ་སྦྱར་བའམ། ཐེག་པ་གསུམ་གྱི་ཆོས་བསྟན་པའི་སྣོད་དུ་མ་གྱུར་པ་དང་གོ་རིམས་བཞིན་དུ་སྦྱར་རོ། །འདི་

སློབ་དཔོན་གྱི་དགོངས་པ་ནི་འདི་ཡིན་ཏེ། ཡོན་ཏན་གྱི་ཚོགས་མང་པོས་བརྒྱན་ཅིང་དམ་པའི་སྤྱོད་པ་དང་ལྡན་པ་དག་གིས་ཀྱང་རེ་ཞིག་བདག་ལ་སྨད་པ་ནི་བྱ་བའི་ཆ་ཡིན་ཏེ། གལ་ཏེ་ཉེ་བར་མ་བརྟགས་པའམ། མི་དགེ་བའི་བཤེས་གཉེན་གྱི་དབང་གིས་སྡིག་པ་མི་དགེ་བ་བྱས་པ་ན་དེ་སྦྱང་
བའི་ཐབས་ནི་བདག་ལ་སྨོད་པ་ཡིན་པའམ། གཞན་དག་ཚུལ་དེ་ལྟར་བསྟན་པའི་སྒོ་ནས་ཉེས་པ་འཚགས་སུ་འཇུག་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས་ཀྱིས་སྡིག་པ་དང་བྲལ་བར་གྱུར་ཏེ། སྡིག་པ་ཤིན་ཏུ་མི་བཟད་བྱས་པ་ཡང་། །བདག་ལ་རྣམ་པར་སྨོད་པས་བས་པར་འགྱུར། །
ཞེས་བཤད་པ་ཡིན་ནོ། །ཚུལ་འདི་ནི་སྐབས་འདི་དང་གཞན་དག་ཏུ་ཡང་སྦྱར་བར་བྱའོ། །བདག་ལ་སྨོད་པའི་ཚུལ་གཞན་དག་ཀྱང་བསྟན་པ་ནི། རང་གི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེའི་དོན་ཀྱང་ཀྱེ་འཇིག་རྟེན་གྱི་མགོན་པོ་ཞེས་བཅོམ་ལྡན་འདས་ལ་བོས་ཏེ། དེ་
ཡང་བདག་གིས་བཟོད་པར་མི་ནུས་ཏེ། ཁྱེད་ཀྱིས་བསྟན་པར་མཛད་པའི་ལམ་ལ་གུས་པ་མེད་ཅིང་དོན་མེད་པར་མ་ཟད་ཀྱི་ཁྱེད་ཀྱང་བདག་གིས་ཤེས་ཤིང་རྟེན་པར་མ་ནུས་སོ་ཞེས་བྱ་བ་ནིའང་ཞེས་བྱ་བའི་དོན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་སྡུག་བསྔལ་མི་བཟད་མ་དཔྱད་པས། །
ཞེས་བྱ་བ་སྨོས་ཏེ། བདག་རང་ཉིད་ཀྱིས་ཉམས་སུ་མྱོང་བའི་སྡུག་བསྔལ་གྱི་ཚོགས་དྲག་ཅིང་རྩུབ་པ་མི་བཟད་ཅིང་བརྣག་པར་དཀའ་བ་དེ་སྡིག་པའི་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་པས་བློས་མ་དཔྱད་ཅིང་རྟོག་པར་མ་གྱུར་པས་རྒྱུ་དེས་ན། གང་ཞིག་བདག་ལ་ཕན་བརྩོན་ལྟ་
བུར་ནི། །ཞེས་པ་ཁྱེད་ལྟ་བུ་གང་ཞིག་བདག་ལ་ཕན་པར་བརྩོན་ཞིང་གནོད་པ་ལས་བཟློག་པའི་མཛའ་བཤེས་ལྟ་བུར་གྱུར་པའམ། ལྟ་བུ་ཞེས་བྱ་བ་དཔེར་མི་དྲང་བར། གང་ཞིག་བདག་ལ་ཕན་པར་བརྩོན་པ་ཉིད། །ཅེས་ངེས་པར་གཟུང་བར་དྲང་དུ་ཡང་རུང་སྟེ་བདག་ལ་ཕན་པར་བརྩོན་པ་
ཉིད་དུ་གྱུར་པའོ། །གང་གིས་ཤེ་ན། བཟོད་དང་སྦྱིན་པས་བདག་ལ་ཕན་འདོགས་པ། །འཇིག་རྟེན་མགོན་དེའང་བདག་གིས་བཟོད་མི་ནུས། །ཞེས་བྱ་བ་སྨོས་ཏེ། བཟོད་པ་དང་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་གཉིས་ནི་གཞན་

ལ་ཕན་གདགས་པའི་ཐབས་ཀྱི་དམ་པ་ཡིན་པས་གཙོར་སྨོས་པ་ཡིན་ཏེ། དེ་དག་གིས་མཆོག་ཏུ་ཕན་འདོགས་ཤིང་དགོས་པ་སྒྲུབ་པར་བྱེད་པའི་ངང་ཚུལ་ཅན་ཡིན་པ་ལས་དེ་དག་རྗེས་སུ་སྟོན་པར་མཛད་པ་ན། བདག་གིས་བཟོད་ཅིང་བསྟེན་པར་མི་ནུས་སོ། །ཞེས་
བྱ་བའི་དོན་ཏོ། །བདག་ཅི་ཞིག་བྱེད་ཅིང་བཟོད་མི་ནུས་ཤེ་ན། སྡང་བར་བྱེད་དམ་འབྲོས་ཤིང་འབྱོལ་བའམ། །ཞེས་བྱ་བ་སྨོས་ཏེ། སྡང་བར་བྱེད་པ་ནི་དགྲ་བོར་འདུ་ཤེས་པའོ། །གཞན་ཡང་ཅི་ཞིག་བྱེད་ཅེ་ན། འབྲོས་ཤིང་འབྱོལ་བ་སྟེ། ཕན་པའི་གདམས་ངག་བསྟན་པ་ན་དེ་མི་བཟོད་
པར་གཞན་དུ་འགྲོ་བའོ། །རབ་ཏུ་གཡེང་ངམ་ཟློག་པར་བྱེད་ན་ཡང་། །ཞེས་བྱ་བ་ནི་གདམས་ངག་མི་ལེན་པར་ཕན་ཚུན་རྒྱུ་ཞིང་གནས་སུ་སེམས་ཕྱོགས་པར་བྱེད་པའམ། ཟློག་པར་བྱེད་དམ་ཞེས་བྱ་བ་ནི་གནས་ན་གནས་པ་ཉིད་ན་ཡང་སླར་ཚིག་གིས་བཟློག་ཅིང་གཤེ་བར་བྱེད་
པའོ། །ཡང་ཞེས་བྱ་བ་ནི་ཤིན་ཏུ་དཀའ་བའི་ཚུལ་ཏེ། འདི་ལྟར་གདུལ་དཀའ་བ་མི་སྲུན་པ་སེམས་ཀྱི་རྒྱུན་ལོག་པར་མོས་པས་སྐལ་བ་མེད་པར་གྱུར་པ་དེ་ལྟ་བུ་ལ་ཡང་སྟོན་པར་མཛད་ཅིང་། དམ་པའི་ཆོས་ཀྱི་ཆར་གྱིས་སྦྱིན་པར་མཛད་པས་བདག་འདྲ་བ་སྐལ་བ་མེད་ཅིང་རང་བཞིན་
ངན་པ་ལ་ཡང་། རྒྱུན་མི་འཆད་པར་བདག་འདྲ་ལ་སློབ་བྱེད། །དེ་འདྲའང་བླ་མ་ཡིན་སྙམ་བདག་མི་སེམས། །ཞེས་བྱ་བ་རྒྱུན་མི་འཆད་པར་སློབ་པར་མཛད་ཅིང་རིག་པ་ལ་འཛུད་པར་མཛད་ཅིང་སྐལ་བ་ཅན་དུ་བྱེད་པའོ། །དེ་འདྲ་ཞེས་བྱ་བ་དེ་ལྟ་བུ་ལ་ཡང་ཕན་པའི་གདམས་ངག་བསྟན་
པའི་བླ་མ་ཡིན་པ་སྙམ་དུ་བདག་མི་སེམས་ཏེ། མ་རིག་པས་བློའི་མིག་ལྡོངས་པའི་ཕྱིར་ལོག་པར་འཛིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། ཇི་ལྟར་དམུས་ལོང་དག་གིས་ཉི་མ་དང་ཟླ་བའི་རྣམ་པ་མི་ཤེས་པ་བཞིན་དུ་ལུས་དང་སེམས་ཀྱི་རྒྱུད་མ་བསྒོམ་པའི་
སེམས་ཅན་དག་གིས་ཀྱང་ཆོས་ཟབ་མོའི་དོན་རྟོགས་ཤིང་ཕན་པའི་གདམས་ངག་ལེན་པར་མི་ནུས་སོ། །དེ་ལྟར་སེམས་ཀྱི་སྐྱོན་གྱི་འགྱུར་བ་རྣམ་པ་སྣ་ཚོགས་སྨྲས་ནས། ད་ནི་རྣལ་མའི་སེམས་ཀྱིས་ཡང་བཅོམ་ལྡན་འདས་ལ་གསོལ་བ་འདེབས་པའི་ཚུལ་བསྟན་པའི་

ཕྱིར། སོང་སྟེ་གསོལ་བ་བཏབ་ཀྱང་རྙེད་དཀའ་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོང་སྟེ་ཞེས་བྱ་བ་ནི་ཕན་འདོགས་པའི་རྒྱུ་འགའ་ཞིག་ཡོད་ན་དོན་དུ་གཉེར་བ་དེ་དེའི་ཐད་དུ་སོང་ནས་བསྙེན་བཀུར་ལ་སོགས་པས་མཉེས་པར་བྱས་ཏེ། གསོལ་བ་བཏབ་པར་གྱུར་ཀྱང་རྙེད་པར་
དཀའ་ཞིང་ཐོབ་པར་དཀའ་བ་ལྟ་བུ་ཡིན་པ་དང་། བཟོད་པའི་དུས་སུ་སྨན་ཆེན་མཆོག་གྱུར་པ། །བཟོད་པའི་ངང་ཚུལ་གལ་ཏེ་མི་བཟོད་ན། །ཞེས་བྱ་བ་གང་གི་ཚེ་ཁྲོ་བའི་དགྲ་བོས་གཙེས་པའི་སེམས་རྨ་བྱུང་བ་ན། སྡུག་བསྔལ་དང་དུ་ལེན་པ་ལ་སོགས་པའི་ཐབས་ཀྱིས་གསོ་དགོས་པ་
ཡིན་ལ། དེས་ན་དེའི་ཚེ་བསྟེན་པའི་སྨན་སེམས་ཀྱི་ནད་གསོ་བས་ཆེན་པོར་གྱུར་པ་ཐབས་གཞན་ལས་ཁྱད་པར་འཕགས་པ་མཆོག་ཏུ་གྱུར་པ་ནི་བཟོད་པ་ཡིན་པས་བཟོད་པ་བསྟེན་དགོས་ན་བཟོད་པའི་ངང་ཚུལ་ལམ་རང་བཞིན་ཏེ། གལ་ཏེ་མ་བཟོད་ཅིང་བསྟེན་པར་མ་བྱས་ན་ཞེ་སྡང་གི་ནད་
གསོ་བའི། བཟོད་པའི་རྒྱུ་གཞན་བདག་ལ་ཅི་ཞིག་མཆིས། །ཞེས་པ་བཟོད་པའི་རྒྱུའི་ཐབས་གཞན་བདག་ལ་ཅི་ཞིག་མཆིས་ཏེ་མ་མཆིས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཉོན་མོངས་པ་རང་དབང་མེད་པ་ཉིད་དུ་གྱུར་པ་བསྟན་པའི་ཕྱིར། ཉོན་མོངས་སྲིན་པོས་ཟིན་པས་སེམས་དཀྲུགས་ཤིང་། །
རིམ་བཅས་བདག་ཕན་ལ་ཡང་བརྩོན་མེད་པའི། །འཇིག་རྟེན་བལྟ་བར་འོས་པ་མཐོང་བ་ན། །གཙོ་བོ་བདག་སྡང་ཉིད་སྐྱེའི་སྙིང་རྗེའི་མིན། །ཞེས་བྱ་བ་སྨོས་ཏེ། །གཙོ་བོ་ཞེས་བོས་ནས་བདག་གི་སེམས་ལ་ནི་ཞེ་སྡང་སྐྱེའི་སྙིང་རྗེ་ནམ་ཡང་སྐྱེ་བར་མ་གྱུར་ཏོ་ཞེས་སྟོན་ཏོ། །སུ་ཞིག་ལ་
སྙིང་རྗེ་མི་སྐྱེ་ཞེ་ན། འཇིག་རྟེན་ལའོ། །ཇི་ལྟ་བུ་ཞེ་ན། ཉོན་མོངས་སྲིན་པོས་ཟིན་པས་སེམས་དཀྲུགས་ཤིང་། །ཞེས་བྱ་བ་སྨོས་ཏེ། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་ནི་འཇིགས་ཤིང་གནོད་པ་སྐྱེད་པས་སྲིན་པོ་ལྟ་བུ་ཡིན་ལ། དེས་ཟིན་ཅིང་དབང་དུ་
བྱས་པས་སེམས་ཀྱི་རྒྱུད་དཀྲུགས་ཤིང་རང་དབང་མེད་པར་བྱས་པ་ཡིན་ལ། དེ་ཉིད་ཀྱིས་ན་རིམས་དང་བཅས་པ་ཡིན་ཏེ། སེམས་སྐྱོན་དང་བཅས་ཤིང་མི་མཐུན་པའི་ཕྱོགས་ཀྱིས་མྱོས་པར་གྱུར་པ་ཡིན་ལ། རྒྱུ་དེས་ནི་བདག་ལ་ཕན་པར་བྱས་པའི་ཐབས་འཇིག་རྟེན་འདི་འམ་གཞན་དུ་སྡུག་

བསྔལ་མེད་པར་བྱ་བའི་ལས་ཀྱི་རྩོམ་པ་ལ་འཇུག་པ་ལ་ཡང་བརྩོན་པ་མེད་ཅིང་ཡོངས་སུ་དོར་བར་བྱེད་པའམ། ཡང་ན་ཉོན་མོངས་པས་དཀྲུགས་པའི་ཕྱིར་བདག་ཉིད་གཡང་སར་མཆོང་བ་དང་། དུག་ཟ་བའི་སྦྱོར་བས་རང་ཉིད་ལ་གནོད་པ་བྱེད་པའི་འཇིག་རྟེན་པ་དག་ནི་བལྟ་
བར་འོས་པ་ཞེས་བྱ་སྟེ། གང་ཞིག་མཐོང་ན་རྗེས་སུ་བརྩེ་བའི་སེམས་སྐྱེ་ཞིང་སྙིང་རྗེའི་ཡུལ་དུ་གྱུར་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་རྗེས་སུ་མཐུན་པར་འགྱུར་བའི་རྒྱུ་ཡིན་པས་བལྟ་བར་རིགས་པ་ཡིན་ན། དེ་ལྟ་བུ་མཐོང་བ་ན་ཡང་ཉོན་མོངས་པའི་སྟོབས་ཆེ་བ་ཉིད་ཀྱིས་ཞེ་སྡང་ཉིད་
སྐྱེ་བར་བྱེད་ཀྱི་སྙིང་རྗེ་སྐྱེ་བ་ནི་མ་ཡིན་ནོ། །ད་ནི་རང་ཉིད་རིགས་པའི་ཚུལ་ལ་གནས་ཀྱང་ཉོན་མོངས་པའི་དབང་དུ་གྱུར་པའི་ཚུལ་བསྟན་པའི་ཕྱིར། སྐྱེ་བོ་རང་གི་ལས་འབྲས་ལ་སྤྱོད་ཅིང་། །ཐམས་ཅད་དབང་མེད་འཇིགས་པ་ཡིན་པར་ཤེས། །གཞན་དག་ཉེས་མེད་པར་ནི་བརྟགས་གྱུར་
ཀྱང་། །ཞེས་བྱ་བ་སྨོས་ཏེ། སྐྱེ་བོ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པས་བསྐྱེད་པའི་འགྲོ་བ་རྣམས་ཏེ། དེ་ནི་རང་གི་ལས་འབྲས་ལ་སྤྱོད་ཅིང་། །ཞེས་བྱ་བ་གང་རང་གི་ལུས་དང་ངག་དང་ཡིད་ཀྱིས་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་
ལ་སྤྱོད་པ་ཡིན་པའི་ཕྱིར་གཞན་གྱི་རྐྱེན་ལས་གྱུར་པའི་སྡུག་བསྔལ་ཉམས་སུ་མྱོང་ཡང་དེ་ཉིད་རང་ཉིད་ཀྱིས་སྤྱད་པའི་ལས་ཀྱི་འབྲས་བུ་ཡིན་པས་གཞན་དག་གིས་ཉེས་པ་མ་ཡིན་པ་དང་། སེམས་ཅན་ཐམས་ཅད་ཀྱང་རང་དབང་མེད་པར་འཇིག་པ་ཡིན་ཞིང་སྐད་ཅིག་མའི་ཆོས་
ཅན་ཡིན་པའི་ཕྱིར་ཐམས་ཅད་མི་རྟག་པར་ཡང་ཤེས་ལ། དེས་ན་རང་གི་བདེ་སྡུག་ལ་མྱོང་བ་ནི་རང་གི་ལས་བྱུང་བར་གཞན་དག་གིས་ཉེས་པར་གྱུར་པ་མེད་དོ། །རང་གི་སྐྱོན་ཡིན་པར་བློས་བརྟགས་ཤིང་ཤེས་པར་གྱུར་ཀྱང་བཟོད་པར་མ་ནུས་པ་ནི་རང་གི་སེམས་གཏི་མུག་ཅིང་
མ་རིག་པའི་མུན་པས་བསྒྲིབས་པ་ཡིན་པས་ན་མི་ཤེས་པའི་རབ་རིབ་དག་གིས་རྣམ་པར་བསླུས་པར་གྱུར་པའི་རྣམ་པར་འཁྲུལ་པའམ་ནུས་པ་ནི་ངོ་མཚར་ཆེ་བ་ཡིན་པས། རྨོངས་པ་རབ་རིབ་དག་གི་རྣམ་འཁྲུལ་གཟིགས། །ཞེས་བྱ་བ་སྨོས་པ་ཡིན་ནོ། །རྣམ་པར་འཁྲུལ་པ་དེ་ཉིད་

ཡང་བསྟན་པའི་ཕྱིར། བདག་ནི་ཉེས་པའི་རྒྱ་མཚོ་ཡིན་ན་ཡང་། །སུ་ཡི་ཉེས་པའི་ཆ་ཡང་བཟོད་མི་བགྱིད། །ཅེས་བྱ་བ་སྨོས་ཏེ། དེ་ལ་རེ་ཞིག་བདག་ཉིད་ནི་ལུས་དང་སེམས་ཀྱི་རྒྱུད་ངན་པར་བྱེད་པའི་ཉེས་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། དེ་ལས་བྱུང་བའི་
ལས་མི་དགེ་བ་རྒྱ་མཚོ་སྙེད་དུ་མང་ཞིང་རྒྱ་ཆེ་བ་ཡོད་པ་ཡིན་ན་ཡང་། གཞན་སུ་ཡང་རུང་བའི་ཉེས་པའི་རྣམ་པ་ཤིན་ཏུ་ཕྲ་བའི་ཆ་ཙམ་མམ་ཐིགས་པ་ཙམ་ཡང་བཟོད་པར་མི་བགྱིད་ཅིང་བརྣག་མི་ནུས་པ་དེ་ནི་བདག་གི་སེམས་ངོ་མཚར་ཆེའོ། །གཞན་ཡང་། བཟོད་པ་ཡོན་ཏན་ཕུན་
ཚོགས་གཞན་མཆིས་ཀྱང་། །ཞེས་བྱ་བ་ལ། བཟོད་པ་ནི་ཁྲོ་བའི་གཉེན་པོར་གྱུར་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཟུགས་བཟང་བ་ལ་སོགས་པར་འགྱུར་བའི་ཡོན་ཏན་ཕུན་སུམ་ཚོགས་པ་མཐའ་ཡས་པ་དག་ཡོད་པའམ། ཡང་གཞན་གྱི་བཟོད་པ་ཡོན་ཏན་ཕུན་སུམ་ཚོགས་ཀྱང་ཞེས་བཤད་
དུ་ཡང་རུང་སྟེ། ཡོན་ཏན་དང་ལྡན་པ་གཞན་རྣམས་ཀྱིས་བཟོད་པ་དང་ཚུལ་ཁྲིམས་ལ་བཟོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོད་པ་དག་ཀྱང་ངོ་། །གང་ཕྱིར་མི་བཟོད་དེ་འདིར་ངོ་མཚར་ཆེ། །ཞེས་བྱ་བ་ནི་རྒྱུ་གང་གིས་བཟོད་པའི་ཡོན་ཏན་མཐའ་ཡས་ཀྱང་དེའི་ཆ་ཙམ་ཡང་བརྟེན་ཅིང་བཟོད་
པར་མི་ནུས་པ་དེ་ནི་རྨོངས་པའི་རང་བཞིན་ཅན་གྱི་བདག་གི་སེམས་འདི་ངོ་མཚར་ཏེ། རྨད་དུ་བྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཀྱང་ཞེས་བྱ་བ་ནི་འགལ་བར་སྣང་བའི་ཚུལ་སྟོན་པ་ཡིན་ཏེ། ཉེས་པའི་རྒྱ་མཚོ་ཡིན་ཡང་ཉེས་པ་མི་བཟོད་ལ། ཡོན་ཏན་མཐའ་ཡས་ཀྱང་ཡོན་ཏན་མི་
བརྟེན་པ་ནི་འགལ་བ་ཡིན་པའི་ཕྱིར་རོ། །ཉེས་པ་དེ་ཉིད་འབྱུང་བའི་ཚུལ་བསྟན་པའི་ཕྱིར། དབྱར་དུས་མཁའ་ལ་ལྡང་བ་ལྟ་བུར་ནི། །བདག་གི་ཡིད་ལ་ཉོན་མོངས་སྤྲིན་ཚོགས་རྣམས། །ཡང་དང་ཡང་དུ་འགྲོ་ཞིང་འོང་གྱུར་པ། །ངོ་ཚ་རྣམ་སྤངས་ལེ་ལོ་ཅན་བདག་ངན། །ཞེས་བྱ་བ་
སྨོས་པ་ཡིན་ཏེ། དབྱར་གྱི་དུས་སུ་ནམ་མཁའ་ལ་ཆར་སྤྲིན་གྱི་ཚོགས་འདུས་ཤིང་ལྡང་བར་གྱུར་ནས་ཆར་འབེབས་པ་ལྟ་བུར་བདག་གི་ཡིད་ཀྱི་མཁའ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་གློ་བུར་དུ་འབྱུང་ཞིང་སྤྲིན་དང་ཆོས་མཐུན་པས་སྤྲིན་ལྟ་བུའི་ཚོགས་ཏེ་མང་པོ་རྣམས་

འབྱུང་བ་ཡིན་ལ། ཇི་ལྟར་འབྱུང་ཞེ་ན། ཡང་དང་ཡང་དུ་འགྲོ་ཞིང་འོང་གྱུར་པ། །ཞེས་བྱ་བའི་དོན་ཏོ། །རྒྱུན་དུ་ཡང་དང་ཡང་དུ་ཕན་ཚུན་དུ་འགྲོ་ཞིང་སླར་འོང་བ་ཡིན་ཏེ། ཇི་ལྟར་སྤྲིན་དག་མཁའ་ལ་ལྡང་ཞིང་རྒྱུ་བ་དང་ཆུའི་རྒྱུན་འབེབས་པར་བྱེད་པ་དེ་བཞིན་དུ་བདག་གི་
སེམས་ལ་ཉོན་མོངས་པ་རྣམས་རྟག་ཏུ་འབྱུང་ཞིང་ལྡང་ལ་སྡིག་པའི་ཆར་བསྐྱེད་ནས་འབེབས་པར་བྱེད་དོ། །དེ་བས་ན་ཉོན་མོངས་པ་དེ་ལྟ་བུ་དང་ལྡན་ཞིང་འབྱུང་བར་བདག་ཉིད་ཤེས་བཞིན་དུ་ངོ་ཚ་བའི་ཆོས་རྣམ་པར་སྤངས་ནས་ཉོན་མོངས་པ་སྤང་བའི་ཕྱིར་བརྩོན་འགྲུས་ལ་མི་བརྟེན་ཅིང་ལེ་
ལོའི་དབང་དུ་གྱུར་པ་ནི་བདག་ཉིད་ཤིན་ཏུ་ངན་ཏེ་སྨད་པར་བྱ་བ་ཉིད་ཡིན་ནོ། །ད་ནི་ཉོན་མོངས་པ་བསལ་བའི་ཐབས་ཀྱི་ཏིང་ངེ་འཛིན་དང་མི་མཐུན་པར་གྱུར་པ་བསྟན་པའི་ཕྱིར། གལ་ཏེ་ཉོན་མོངས་གྲང་ལྷགས་བྱུང་གྱུར་ན། །ཏིང་འཛིན་འབར་བས་རྒྱལ་བར་སྤྲོ་གྱུར་ཀྱང་། །ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །དེ་ཉིད་ནི་ཚུལ་ཁྲིམས་འཆལ་བ་ལ་སོགས་པའི་གནོད་པའི་རྒྱུར་འགྱུར་བ་ལ་ལུས་དང་སེམས་ཉོན་མོངས་པར་བྱེད་པའི་ཚུལ་གྱིས་གྲང་ལྷགས་དྲག་པོ་ལྟ་བུ་ཡིན་ཏེ། ཇི་ལྟར་གྲང་ལྷགས་ཀྱིས་ལུས་རེངས་པ་ན་རྩོལ་
མི་ནུས་པ་དང་འདྲ་བར་ཉོན་མོངས་པའི་གྲང་བས་ཉེན་པ་ན་འཕགས་པའི་ལམ་ལ་འཇུག་མི་ནུས་པས་གྲང་བ་དང་འདྲ་ལ། དེ་ནི་མ་རིག་པའི་རྒྱུ་ལས་བྱུང་བར་གྱུར་པ་ན་སེམས་ཀྱི་རྒྱུད་ལས་བསལ་དགོས་ན་གང་གིས་བསལ་ཞེ་ན། ཏིང་ངེ་འཛིན་ཏེ་གཉེན་པོ་བསྒོམས་པ་ལས་སེམས་རྩེ་
གཅིག་ཏུ་བྱ་བས་སོ། །ཁྱད་པར་ཇི་ལྟ་བུས་ཤེ་ན། འབར་བས་རྒྱལ་བར་ཞེས་བྱ་བ་སྟེ། བསམ་གཏན་གྱི་གཙུབ་ཤིང་ལས་བྱུང་བའི་ཡེ་ཤེས་ཀྱི་མེ་འབར་བས་ཉོན་མོངས་པའི་གྲང་ལྷགས་ཟིལ་གྱིས་གནོན་ཅིང་བརྒྱལ་བར་བྱ་བ་སྟེ། གང་གི་ཕྱིར་གྲང་བའི་གཉེན་པོ་མེ་ཡིན་པ་
དང་འདྲ་བར་ཆོས་མཐུན་པའི་ཕྱིར་རོ། །དེ་ལྟ་བུ་བྱ་བར་མངོན་པར་སྤྲོ་ཞིང་རྩོལ་བར་གྱུར་ཀྱང་ངོ་། །དེ་ལྟར་རྩོལ་བ་ན་ཉེས་པ་ཅི་ཞིག་འབྱུང་ཞེ་ན། གཉིད་དང་རྨུགས་པའི་རབ་རིབ་བདོ་གྱུར་པས། །མལ་སྟན་འདོད་པ་དག་ཀྱང་རྣམ་པར་འཕེལ། །ཞེས་བྱ་བ་སྨོས་ཏེ། གཉིད་ནི་

གང་གིས་འཇུག་པ་རང་དབང་མེད་པར་སེམས་སྡུད་པའོ། །རྨུགས་པ་ནི་གང་གིས་སེམས་བློང་ཞིང་ཡུལ་ལེགས་པར་འཛིན་མི་ནུས་པ་སྟེ་དེ་གཉིས་ནི་མི་ཤེས་པའི་རྒྱུ་ཡིན་པས་ན་རབ་རིབ་པོ། །དེ་བདོ་བ་ནི་ཤུགས་དྲག་པར་འབྱུང་བས་སེམས་གསལ་བ་ཟིལ་གྱིས་གནོན་པར་ནུས་པའོ། །
རྒྱུ་དེས་ན། མལ་སྟན་འདོད་པ་དག་ཀྱང་རྣམ་པར་འཕེལ། །ཞེས་བྱ་བ་གཉིད་དང་རྨུགས་པའི་ཤུགས་ཀྱིས་ཏིང་ངེ་འཛིན་གྱི་ཡུལ་ལ་གཏོད་པར་མི་ནུས་ཀྱི། ཅི་ནས་ཀྱང་མལ་སྟན་བདེ་མོ་དག་ལ་ཉལ་བར་འདོད་པའི་སེམས་འབྱུང་ཞིང་ལེ་ལོ་རྣམ་པར་འཕེལ་བར་འགྱུར་རོ། །དེ་ལྟར་ཉོན་
མོངས་པའི་གཉེན་པོ་ལ་བསྟེན་མི་ནུས་པས་ཅིར་འགྱུར་ཞེ་ན། བདག་ཡིད་འདོད་ཆགས་ཞགས་པས་དབང་མེད་བགྱིས། །ཞེས་བྱ་བ་སྨོས་ཏེ། བདག་གི་ཡིད་ཏིང་ངེ་འཛིན་དང་བྲལ་བས་ཉོན་མོངས་པའི་དབང་དུ་གྱུར་པ་ཡིན་པས། འདོད་ཆགས་ཞགས་པས་དབང་མེད་བགྱིས། །
ཞེས་བྱ་བ་ལ། འདོད་ཆགས་ནི་ཡུལ་ལ་མངོན་པར་ཞེན་ཅིང་ཆགས་པ་ཡིན་ལ། དེ་ཉིད་ནི་འཆིང་བ་དམ་པོ་ཡིན་པས་ཞགས་པ་དང་འདྲ་ལ་དེས་སེམས་ཀྱི་རྒྱུད་རང་དབང་མེད་པར་བསྡམས་ཤིང་གྲོལ་བའི་དབང་མེད་པར་བྱས་པས་ན་དབང་མེད་བགྱིས་ཞེས་བྱ་སྟེ། སྟོབས་མེད་པར་བྱས་སོ་ཞེས་
བྱ་བའི་དོན་ཏོ། །ཞེ་སྡང་མེས་བསྲེགས་ང་རྒྱལ་དག་གིས་བཅོམ། །ཞེས་བྱ་བ་ནི་སེམས་ཀྱི་ཀུན་ནས་མནར་སེམས་པའི་མེས་རང་གི་རྒྱུད་ལ་གནས་པའི་འཕགས་པའི་ལམ་དང་རྗེས་སུ་མཐུན་པའི་དགེ་བ་རྣམས་བསྲེགས་ཤིང་ཟད་པར་བྱས་པའོ། །ང་རྒྱལ་དག་གིས་བཅོམ་ཞེས་བྱ་བ་ནི་ང་རྒྱལ་
དང་ཆེ་བའི་ང་རྒྱལ་ལ་སོགས་པས་སེམས་ཀྱི་རྒྱུད་ཁེངས་ཤིང་འཕགས་པའི་ནོར་དང་བྲལ་བར་བྱས་པའོ། །དེ་དག་འབའ་ཞིག་ཏུ་ཟད་དམ་ཞེ་ན། མ་ཡིན་ཏེ། ཉེས་པ་ཀུན་གྱི་མདའ་མདུང་མཚོན་ཆ་ཡིས། །ཀུན་ཏུ་གང་བས་དབང་མེད་བརྒྱལ་བར་གྱུར། །ཞེས་བྱ་བ་ཉེས་པ་ཡང་ཡིན་ལ་ཀུན་
ཡང་ཡིན་པས་ན་ཉེས་པ་ཀུན་གྱི་སྟེ། ཇི་སྐད་སྨོས་པའི་ཉོན་མོངས་པ་དེ་ལས་གཞན་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ཚོགས་རྣམས་སོ། །ཉོན་མོངས་པ་དེ་དག་ཉིད་རྣོ་བའི་ཕྱིར་དང་སེམས་ཀྱི་རྒྱུད་ཕྲ་རབ་འབིགས་པའི་ཕྱིར་མདའ་ལྟ་བུ་ཡིན་ལ། རགས་པའི་ཚུལ་གྱིས་འབིགས་ཤིང་

གནོད་པ་ཚབས་ཆེ་བར་བསྐྱེད་པའི་ཕྱིར་ནི་མདུང་ལྟ་བུ་ཡིན་ཏེ། དེ་ལྟ་བུའི་མཚོན་ཆ་གང་ཡིན་པ་དེ་ཡིས་སེམས་ཀྱི་རྒྱུད་ཀུན་དུ་གང་བ་སྟེ་ལུས་ལ་ཕོག་པའི་མཚོན་ཆ་ཟུག་རྔུར་ལུས་པ་དང་། ཕྱི་རོལ་མཆོད་པ་དང་འདྲ་བར་བག་ལ་ཉལ་བ་དང་། ཀུན་ནས་དཀྲིས་པའི་ཉོན་
མོངས་པའི་ཚོགས་ཀྱིས་སེམས་ལ་ཁྱབ་པའི་རྒྱུ་དེས་ན་གཉེན་པོའི་ཆོས་ལ་རྩོལ་བའི་དབང་མེད་པར་ཤིན་ཏུ་ཞུམ་པར་གྱུར་ཅིང་འཕགས་པའི་ལམ་ལ་རྩོལ་མི་ནུས་པར་གྱུར་པའམ། ང་རྒྱལ་ཞིང་མྱོས་པ་ལྟ་བུར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པས་སེམས་དབང་དུ་བྱས་པའི་ཉེས་
པ་གཞན་དག་ཀྱང་བསྟན་པའི་ཕྱིར། དྲན་པ་རྙེད་ནས་བཅིངས་ཤིང་མྱུར་སྐྲག་ལ། །རབ་ཏུ་བཅོམ་པས་རྣམ་པར་ཞུམ་གྱུར་ཅིང་། །གཡོ་དང་སྒྱུ་རྣམས་ཀྱིས་ཀྱང་བསླུས་གྱུར་པས། །དམན་པ་བདུད་ཀྱི་སྤྱོད་ཡུལ་དག་ན་འཁྱམ། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཉོན་མོངས་པས་ཟིལ་གྱིས་
མནན་ཏེ་བརྒྱལ་བ་ལྟ་བུར་གནས་པ་ལས་སླར་སེམས་ཀྱི་གནས་སྐབས་རྣལ་དུ་འདུག་པའི་དྲན་པ་རྙེད་པ་ན་ཡང་སླར་ཉོན་མོངས་པ་རྣམས་ཀྱིས་བཅིངས་ཤིང་དེའི་དབང་དུ་འགྱུར་ལ། དེ་ཉིད་ཀྱིས་ན་མྱུར་དུ་སྐྲག་པར་འགྱུར་ཏེ། སེམས་རྣལ་དུ་འདུག་པའི་ཚུལ་ལ་རིང་པོར་མི་གནས་པར་ཉོན་
མོངས་པའི་ཚོགས་ཀྱི་མཚོན་ཆ་རྣམས་ཀྱིས་དཀྲུགས་ཤིང་སྐྲག་པར་བྱས་ལ་རབ་ཏུ་བཅོམ་ཞིང་ཟིལ་གྱིས་མནན་པར་བྱས་པས་སེམས་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ལ་རྩོལ་མི་ནུས་པར་རྣམ་པར་ཞུམ་པར་འགྱུར་ཞིང་ནུས་པ་དང་བྲལ་བར་འགྱུར་ལ། དེ་ཉིད་ཀྱིས་ན་སེམས་མི་མཐུན་པའི་དབང་དུ་གྱུར་པས་
གཡོ་སྒྱུ་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱང་འབྱུང་བས་དེས་སེམས་བསླུས་ཤིང་འཕགས་པའི་ལམ་སྟོར་བར་འགྱུར་ལ། དེས་ན་སེམས་གཉེན་པོའི་སྟོབས་དང་བྲལ་ཏེ་ནུས་པ་ཞན་ཅིང་དམན་པས་མི་ཤེས་པའི་དབང་གིས་བདུད་ཀྱི་སྤྱོད་ཡུལ་ཉོན་མོངས་པའི་ཚོགས་ཀྱི་ནང་ན་གནས་
ཤིང་ཡུན་རིང་པོར་དོན་མེད་པར་འཁྱམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ཉོན་མོངས་པ་དེ་བསལ་བའི་ཕྱིར་ཞི་གནས་དང་ལྷག་མཐོང་བསྒོམ་པ་ཡིན་ན་ཡིད་གཏོད་མི་ནུས་པར་བསྟན་པའི་ཕྱིར། ཇི་ལྟར་ཇི་ལྟར་ཞི་གནས་ལ་དམིགས་ཤིང་། །དེ་དག་དེར་ཡིད་ཡང་ཡང་གཏད་པ་ན། །

དེ་དང་དེ་ལས་ཉོན་མོངས་ཞགས་པ་ནི། །ཡུལ་ལ་ཆགས་པའི་ཐག་པས་དབང་མེད་དྲངས། །ཞེས་བྱ་བ་སྨོས་ཏེ། ཚུལ་ཇི་ལྟ་ཇི་ལྟར་ཞི་གནས་ཞེས་བྱ་བ་དམིགས་པའི་ཡུལ་ལ་རྩེ་གཅིག་པ་བསམ་གཏན་གྱི་ཚུལ་ལ་གནས་ཤིང་སེམས་ཀྱིས་དམིགས་པར་བྱེད་ལ། རྩེ་གཅིག་པ་དེ་ཐོབ་པར་བྱ་
བའི་ཕྱིར་ཏིང་ངེ་འཛིན་གྱི་ཡུལ་གང་ཡང་རུང་བ་དེ་དང་དེར་ཡིད་ཡང་དང་ཡང་དུ་གཏོད་ཅིང་རྩེ་གཅིག་པ་ལ་སློབ་པར་བྱེད་པ་ན་ཡང་དེ་ལྟར་གནས་པར་མི་འགྱུར་ཏེ། དམིགས་པའི་ཡུལ་དེ་དང་དེ་ལས་ནི་གནས་སུ་གྱུར་པའི་ཉོན་མོངས་པའི་ཞགས་པ་དམ་པོ་ལྟ་བུ་འདོད་པའི་ཡུལ་ལྔ་ལ་མངོན་པར་
ཆགས་ཤིང་ཞེན་པས་སེམས་ཕྱི་རོལ་ཏུ་བལྟས་པར་གྱུར་པའི་ཐག་པ་ལྟ་བུས་སེམས་ཀྱི་རྒྱུད་དམིགས་པའི་ཡུལ་ལ་ནང་དུ་གཏོད་པ་ལས་རང་དབང་མེད་པར་ཕྱིར་དྲངས་ཤིང་གཡེང་བར་འགྱུར་རོ། །འདི་སྐད་སྟོན་ཏེ། རྣམ་པར་རྟོག་པའི་ཚོགས་བསལ་བའི་ཕྱིར་གང་གི་ཚེ་ཞི་གནས་ཀྱི་སྟོབས་
ཀྱིས་སེམས་ནང་དུ་བསྡུས་ཏེ། ཤེས་རབ་ཀྱིས་ཆོས་རྣམས་རང་བཞིན་གྱིས་དབེན་ཞིང་རྟོག་པ་དང་བྲལ་བའི་ཡུལ་ལ་གཏད་པ་ན་ཡང་ཉོན་མོངས་པའི་ཚོགས་ཀྱིས་བསྐྱོད་པས་སྔོན་ཉམས་སུ་མྱོང་བའི་ཡུལ་གྱི་དབང་དུ་འགྱུར་ཞིང་གཡེངས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གྱུར་
ཀྱང་ཡུལ་ལ་བླན་པའི་རྩོལ་བ་བསྟན་ཏེ་སེམས་མཉམ་པར་གཞག་མོད་ཅེ་ན། དེ་ལྟར་གནས་པར་དཀའ་བར་བསྟན་པའི་ཕྱིར། བརྩོན་པ་བསྟེན་ན་རྒོད་པ་འབྱུང་འགྱུར་ཞིང་། །ཞེས་བྱ་བ་སྨོས་ཏེ། བརྩོན་པ་ནི་འདིར་དགེ་བའི་ཕྱོགས་ལ་མངོན་པར་སྤྲོ་བས་བསྒྲིམས་ཏེ་འཇུག་པ་ལ་བྱའི།
ར་མ་ཎ་དང་། བ་ར་ཏའི་སྒྲུང་ལས་བྱུང་བའི་སི་ཏཱ་དང་། གྲོ་བི་ཏ་སླར་དགུག་པའི་ཕྱིར་རྩོལ་བ་ལ་སོགས་པ་ལྟ་བུ་འདོད་ཆགས་དང་ཞེ་སྡང་གིས་ཀུན་ནས་བསླང་བ་ལས་བྱུང་བའི་རྩོལ་བ་ལ་ནི་མི་བྱའོ། །དེས་ན་འདིར་ལེ་ལོའི་གཉེན་པོ་བརྩོན་འགྲུས་ཀྱི་སྦྱོར་བ་བསྟེན་ཅིང་གནས་པ་ན་
རྩོལ་བས་སེམས་ཞི་བ་ལས་ཉམས་པའི་ཕྱིར་སེམས་ཕྱི་རོལ་དུ་རྒོད་ཅིང་འཕྱར་བ་འབྱུང་བར་འགྱུར་རོ། །དེ་ལྟར་གྱུར་ན་བརྩོན་པ་ཡང་སྤོང་མོད་ཅེ་ན། དེ་སྤངས་ན་ནི་ཞུམ་པ་སྐྱེ་བར་འགྱུར། །འདི་ཡི་རིགས་པར་མཉམ་འཇུག་རྙེད་དཀའ་ན། །བདག་གི་སེམས་དཀྲུགས་པ་ནི་ཇི་

ལྟར་བགྱི། །ཞེས་བྱ་བ་སྨོས་ཏེ། རྒོད་པར་འགྱུར་བའི་ཉེས་པ་མཐོང་ནས་བརྩོན་པ་དེ་སྤངས་ཏེ་རྩོལ་བ་བཏང་བར་གྱུར་ན། སེམས་ནང་དུ་ཞུམ་ཞིང་དམིགས་པ་ལ་གཏོད་པ་མི་སྐྱེ་བར་འགྱུར་རོ། །དེ་བས་ན་ཉོན་མོངས་པ་དང་ལྡན་པའི་སེམས་འདིའི་ཚུལ་ལས།
རྒོད་པ་དང་ཞུམ་པའི་ཚུལ་གཉིས་ཀ་དང་བྲལ་ཞིང་ཆ་མཉམ་པར་གནས་པ་ནི་སེམས་རིགས་པར་མཉམ་དུ་འཇུག་པ་ཡིན་པ་ལས་དེ་ནི་ཤིན་ཏུ་རྙེད་ཅིང་ཐོབ་པར་དཀའ་བ་ཉིད་ཀྱིས་ན། བདག་གི་སེམས་མི་བརྟན་ཞིང་ཉོན་མོངས་པའི་ཚོགས་ཀྱིས་དཀྲུགས་པ་ཇི་ལྟར་བགྱི་ཞེས་པ་སྟེ་
གཉིས་ཀ་ལྟར་ཡང་སྐྱོན་དུ་འགྱུར་ཞིང་བརྟན་པ་དང་བྲལ་བས་དེ་ཅི་ཞིག་ལ་སྤྱོད་པར་བགྱི་ཞེས་བྱ་བའི་དོན་ཏོ། །སྤང་བ་དང་བླང་བའི་ཆ་ནི་ཤེས་རབ་ཀྱིས་འགྲུབ་པར་འགྱུར་བས་དེ་བསྟེན་པར་བྱའོ་ཞེ་ན། དེའི་ཕྱིར། ཤེས་རབ་ལ་སྤྱོད་ན་ནི་རྒོད་པ་འབྱུང་། །འཛིན་ལ་བརྟེན་ན་ཞུམ་པ་སྐྱེ་བར་
འགྱུར། །འདི་ནི་ཟུང་དུ་འཇུག་པ་རྙེད་དཀའ་ན། །ཞེས་བྱ་བ་སྨོས་ཏེ། ཤེས་རབ་ནི་ཆོས་རྣམས་ཀྱི་སྤྱི་དང་རང་གི་མཚན་ཉིད་ལ་ཁྱབ་པར་ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱད་པ་ཡིན་ལ། དེ་ལྟ་བུ་དེ་ལ་གཞན་ཞིག་སྤྱོད་པར་འགྱུར་ན་ནི་རྒོད་པ་འབྱུང་བར་འགྱུར་ཏེ། འདི་ལྟར་སེམས་ཞེས་བྱ་བའི་
ཡུལ་སྣ་ཚོགས་ལ་རྣམ་པར་འཕྱོས་པས་ཞི་བར་མི་ནུས་སོ། །གལ་ཏེ་དེ་སྤངས་ནས་སེམས་ཞི་གནས་ཀྱི་ཡུལ་གང་ཡང་རུང་བ་ལ་གཏད་པའི་ཚུལ་གྱིས་འཛིན་ཅིང་ནང་དུ་སྡུད་པ་ཁོ་ན་ལ་བརྟེན་པར་འགྱུར་ན་ནི། ཤེས་རབ་དང་བྲལ་ཞིང་ཡུལ་རྣམས་ལས་བླན་པའི་ཕྱིར་ཤེས་རབ་ཀྱི་ཆ་གསལ་
བ་དང་བྲལ་བས་སེམས་ནང་དུ་ཞུམ་པ་སྐྱེ་བར་འགྱུར་རོ། །དེ་ལྟར་ན་སྐྱོན་ཆགས་པ་འདིའི་ཟུང་དུ་འཇུག་པ་ཞེས་བྱ་བ་ཞི་གནས་དང་ལྷག་མཐོང་ཆ་མཉམ་པར་གནས་པ་ནི་ཟུང་དུ་འཇུག་པ་ཞེས་བྱ་སྟེ། འདི་ལྟར་གླང་གཉིས་ཀྱི་གཉའ་ཤིང་ཆ་མཉམ་པར་གནས་པས་ཞིང་ས་ཤིན་ཏུ་སྲ་བ་དག་ཀྱང་
ལེགས་པར་འབྱེད་པར་ནུས་པ་དང་འདྲ་བར་གང་གི་ཚེ་སེམས་ཞི་གནས་དང་ལྷག་མཐོང་ཆ་མཉམ་པར་གནས་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གནས་པའི་ཚེ་ཉོན་མོངས་པའི་ཚོགས་སྤངས་པའི་ཡེ་ཤེས་སྐྱེ་བ་ཡིན་ལ་ལས་དང་པོ་པའི་སེམས་ལ་ཟུང་དུ་འཇུག་པ་དེ་ཤིན་ཏུ་རྙེད་དཀའ་ཞིང་དེ་ལྟར་

གནས་པར་མི་ནུས་ལ། དེ་ཉིད་ཀྱིས་ན་སེམས་ཉོན་མོངས་པའི་དབང་དུ་གྱུར་པའི་ཕྱིར། བདག་གི་སེམས་དཀྲུགས་པ་ནི་ཇི་ལྟར་བགྱི། །ཞེས་བྱ་བ་སྨོས་སོ། །བདག་གི་སེམས་ཞི་གནས་དང་ལྷག་མཐོང་དང་བྲལ་བས་རྣམ་པར་འཇུག་པ་ལ་གནས་མི་ནུས་པས། དཀྲུགས་ཤིང་གཡེངས་
པར་གྱུར་པ་འདི་ལྟར་སྤྱད་པར་བགྱི་ཞིང་ཅི་ཞིག་བསྒྲུབ་པར་བགྱི་ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་ལ་རྩོལ་བ་ཁོ་ནས་འཇུག་མོད་ཅེ་ན། འབད་པས་འཇུག་ན་རྒོད་པ་འབྱུང་འགྱུར་ཞིང་། །དེ་གློད་ན་ནི་ཞུམ་པ་སྐྱེ་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། ཟུང་དུ་འཇུག་པ་ལ་སོགས་པའི་ཚུལ་དུ་སེམས་
དེ་གནས་པའི་ཕྱིར། ཤིན་ཏུ་འབད་པར་བསྒྲིམས་ཏེ་འཇུག་ཅིང་རྩོལ་བ་ན་ནི་སེམས་དེ་རྒོད་ཅིང་གཡེང་བ་འབྱུང་བར་འགྱུར་བས་བཅོམ་པས་རྩོལ་བ་ལས་ཀྱང་སེམས་གནས་པ་མི་རྙེད་ལ། དེ་ལྟར་དེ་ཉེས་པ་ཉིད་ཡིན་པས་དེ་བཟློག་པའི་ཕྱིར་འབད་པས་འཇུག་པའི་སེམས་དེ་གློད་ཅིང་
རྩོལ་བ་བཏང་བར་གྱུར་ན་ནི་དམིགས་པའི་ཡུལ་བརྗོད་པ་ལ་སོགས་པའི་སྐྱོན་གྱིས་སེམས་ནང་དུ་ཞུམ་ཞིང་བྱིང་བ་སྐྱེ་བ་འབྱུང་བར་འགྱུར་བས། ཚུལ་འདི་ལྟར་གནས་པ་ལས་ཀྱང་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་པའི་སེམས་སྐྱེ་བར་མི་འགྱུར་རོ། །དེ་བས་ན། འདི་ཡི་དབུ་མར་སྒྲུབ་པའང་
རྙེད་དཀའ་ན། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་རྒོད་པ་དང་ཞུམ་པའི་ཉེས་པ་དང་ལྡན་པའི་སེམས་འདི་དབུ་མར་བསྒྲུབ་པ་ཞེས་བྱ་བ་ཞུམ་རྒོད་ཀྱི་མཐའ་གཉི་ག་དང་བྲལ་བས་དབུ་མར་བསྒྲུབ་ཅིང་མཉམ་པར་གནས་པ་གང་ཡིན་པ་དེའང་ཤིན་ཏུ་རྙེད་པར་དཀའ་སྟེ། སེམས་ནི་རང་བཞིན་
གྱིས་གདུལ་དཀའ་བ་ཡིན་པའི་ཕྱིར་མི་མཐུན་པའི་དབང་དུ་གྱུར་པ་ཁོ་ན་ཡིན་ནོ། །དེའི་ཕྱིར། བདག་གི་སེམས་ནི་དཀྲུགས་པ་ཇི་ལྟར་བགྱི། །ཞེས་བྱ་བ་སྨོས་ཏེ། སེམས་རང་བཞིན་གྱིས་དག་ཅིང་འོད་གསལ་བ་ཡིན་ན་ཡང་གློ་བུར་བའི་ཉོན་མོངས་པའི་ཚོགས་ཀྱིས་དཀྲུགས་ཤིང་རྙོག་
པ་ཅན་དུ་གྱུར་པས་ཡང་དག་པའི་དོན་གྱི་གཟུགས་བརྙན་འཆར་ཞིང་མཐོང་བར་མི་ནུས་ན། ཇི་ལྟར་གནས་ཤིང་བསྒྲུབ་པར་བགྱི། །ཞེས་སེམས་ཉིད་ཀྱི་ཉེས་པ་བརྗོད་པའི་སྒོ་ནས་བཤགས་པའོ། །ད་ནི་ཉེས་པའི་རྩ་བ་མ་རིག་པ་ལས་བྱུང་བའི་བདག་ཏུ་འཛིན་པ་ཡིན་པར་བསྟན་པའི་

ཕྱིར། བསམ་གཏན་ནགས་མེས་ཡང་དང་ཡང་དུ་ནི། །ཞེས་བྱ་བ་སྨོས་ཏེ། བསམ་གཏན་ཞེས་བྱ་བ་སེམས་མཉམ་པར་གཞག་པ་སྟེ་བསམ་གཏན་བཞི་ལ་སོགས་པའོ། །དེས་ནི་ཉོན་མོངས་པའི་ཚང་ཚིང་རྣམས་སྲེག་ཅིང་ཟད་པར་བྱེད་པས་ན་ནགས་ལ་མཆེད་པར་
བྱེད་པའི་མེ་ཆེན་པོ་དང་འདྲ་ལ། དེ་ལྟ་བུའི་མེ་དེས་ཡང་དང་ཡང་ཞེས་བྱ་བ་སྐད་ཅིག་མ་རེ་རེའི་དུས་དག་ཏུའོ། །ཅི་ཞིག་བྱེད་ཅེ་ན། ཉེས་པའི་ནགས་ཚལ་བསྲེགས་པར་གྱུར་ན་ཡང་། །ཞེས་བྱ་བ་སྨོས་ཏེ། འདོད་ཆགས་ལ་སོགས་པའི་ཉེས་པ་སྟེ། དེ་ཉིད་མང་ཞིང་བསྲེག་པར་བྱ་བའི་
གཞིར་གྱུར་པས་ནགས་ཚལ་དང་འདྲ་བ་དེ་བསམ་གཏན་གྱི་མེས་བསྲེགས་པར་གྱུར་ཅིང་བསལ་བར་གྱུར་ཀྱང་། བདག་ལྟའི་རྩ་བ་བརྟན་པོ་མ་ཟད་པས། །ཞེས་བྱ་བ་བདག་དང་བདག་གིར་འཛིན་པ་ཉོན་མོངས་པ་སྐྱེ་བའི་གཞིར་གྱུར་པས་རྩ་བ་ལྟ་བུའི་ཐོག་མ་མེད་པའི་དུས་ནས་
བྱུང་བས་ཤིན་ཏུ་བརྟན་པ་གང་ཡིན་པ་དེ་ཡང་དག་པའི་ཤེས་རབ་ཀྱིས་ཟད་པར་མ་བྱས་ཤིང་དྲུངས་ནས་དབྱུང་བར་མ་བྱས་པར་སླར་ཡང་རབ་ཏུ་སྐྱེ་བ་ཡིན་ནོ། །ཚུལ་ཇི་ལྟར་ཞེ་ན། ཆར་གྱིས་བརླན་བཞིན་མདུན་ན་རབ་ཏུ་སྐྱེ། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་དབྱར་གྱི་ཚེ་རྩྭ་དང་ཤིང་དག་
བསྲེག་པར་གྱུར་ཀྱང་གང་ཞིག་རྩ་བ་ཚིག་ཅིང་བཏོན་པར་མ་གྱུར་པ་དེ་བརླན་དང་ཕྲད་པ་ན་སླར་སྐྱེ་བ་དང་འདྲ་བར་བདག་ཏུ་ལྟ་བ་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་པས་དེ་མ་སྤངས་ན་ཡུལ་གྱི་རྐྱེན་དང་ལྡན་པ་ན་ཉོན་མོངས་པའི་ཀུན་དུ་རྒྱུ་བ་མདུན་ན་གནས་པའི་ཚུལ་དུ་མངོན་དུ་སྐྱེ་བར་འགྱུར་
རོ། །ཉོན་མོངས་པའི་རྩ་བ་ནི་གང་ཟག་ལ་བདག་མེད་པར་མཐོང་བས་ཀྱང་སེལ་བར་འགྱུར་བས་ཤེས་རབ་ཀྱི་ཆ་དེ་ཙམ་གྱིས་ཆོག་གོ་ཞེ་ན། གང་ཞིག་ཉོན་མོངས་ལས་འབྲས་ཙམ་གྱི་རྒྱུན། །མཐོང་བ་ཡིས་ཀྱང་དེ་ནི་ལྡོག་འགྱུར་ལ། །ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་ནི་འདོད་
ཆགས་དང་ཞེ་སྡང་ལ་སོགས་པའོ། །ལས་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་བདག་ཉིད་ཅན་ནོ། །འབྲས་བུ་ནི་རྣམ་པར་སྨིན་པའོ། །ཙམ་ཞེས་བྱ་བ་དབང་ཕྱུག་ལ་སོགས་པ་ལ་དགའ་བ་སྟེ། ཉོན་མོངས་པ་དང་ལས་ཀྱི་འབྲས་བུ་ཉི་ཚེ་ཙམ་ཡིན་གྱི་དེ་ལས་ལོགས་

ཤིག་ན་བྱེད་པ་པོ་མེད་དོ། །དེའི་རྒྱུ་ནི་སྐད་ཅིག་མའི་རྒྱུན་ཆགས་སུ་འབྱུང་བ་སྟེ། དེ་མཐོང་ཞིང་རྣམ་པར་དཔྱོད་པའི་རྣལ་འབྱོར་པ་དྲན་པ་དང་ཤེས་བཞིན་དང་ལྡན་པའི་ཤེས་རབ་ཀྱིས་མཐོང་བ་ན་ཡང་བདག་ཏུ་ལྟ་བ་དེ་ལྡོག་པར་འགྱུར་ཏེ། རྣམ་པར་བརྟག་ན་འཁོར་བའི་རྒྱུན་ནི་ལས་དང་
ཉོན་མོངས་པ་འབའ་ཞིག་ཙམ་ལས་འབྱུང་གི་དེ་ལས་ལོགས་ཤིག་ན་བདག་ཅེས་བྱ་བ་མ་གྲུབ་པའི་ཕྱིར་རོ། །དེ་ལོག་པ་འབའ་ཞིག་ཏུ་མ་ཟད་ཀྱི། སེམས་ཀྱི་རྒྱུན་ཀྱང་སྤོང་བར་བྱེད་མོད་ཀྱིས། །ཞེས་བྱ་བ་འཕགས་པ་ཉན་ཐོས་སྐད་ཅིག་མའི་ཚུལ་དུ་གནས་པའི་སེམས་ཀྱི་རྒྱུན་སྡུག་བསྔལ་
གྱི་བདེན་པའི་ངོ་བོ་རྣམ་པར་ཤེས་པའི་ཕུང་པོ་རྫས་སུ་བརྟགས་པ་དེ་དེའི་གཉེན་པོར་རྣམ་པར་ཤེས་པའི་སྟོང་པ་ཉིད་ཅེས་བྱ་བ་འགོག་པའི་བདེན་པ་ལ་དམིགས་པའི་ལམ་གྱི་བདེན་པ་སྐྱེས་པས་མི་མཐུན་པ་དང་གཉེན་པོའི་ཚུལ་དུ་སྤོང་བར་བྱེད་ཅེ་ན། སྟོང་པ་ཉིད་ཀྱི་ངོ་བོར་གྱུར་ཏེ་བདག་དང་
གཞན་དམིགས་པ་མེད་པས་འགྲོ་བའི་དོན་བརྩོན་པ་ལས་ཤིན་ཏུ་རིང་ཞེས་བྱ་བ་སྟེ། གཅིག་ཏུ་སྟོང་པའང་མ་ཡིན་གཅིག་ཏུ་མི་སྟོང་པའང་མ་ཡིན་པར་ལྟ་བའི་ཤེས་རབ་ཁྱད་པར་ཅན་དང་བྲལ་བའི་ཕྱིར་འཁོར་བར་གནས་ཤིང་སྡུག་བསྔལ་གྱིས་ཞུམ་པས་གཞན་གྱི་དོན་ཡོངས་སུ་རྫོགས་པར་
བྱེད་མི་ནུས་པ་ཞེས་བྱ་བའི་དོན་ཏོ། །འགྲོ་བའི་དོན་ལས་ཇི་ལྟར་ན་རིང་བ་ཡིན་ཞེ་ན། སྐྱོབ་པ་ཆགས་པ་ཙམ་དང་རྣམ་བྲལ་བས། །ཞེས་བྱ་བ་སྨོས་ཏེ། སྐྱོབ་པ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་དང་ལྡན་པའི་ཆོས་ཀྱིས་རང་གི་རྒྱུད་སྐྱོབ་པར་བྱེད་པའམ་མཆོད་པར་འོས་པ་ལ་བྱ་སྟེ་
འཕགས་པ་དགྲ་བཅོམ་པ་དག་གོ། །དེ་ནི་ཆགས་པ་ཙམ་ཞེས་བྱ་བ་འཁོར་བར་འགྲོ་བ་ལ་རྗེས་སུ་ཆགས་པའི་སྲེད་པ་ཙམ་དང་བྲལ་ཞིང་དེ་སྤངས་པར་གྱུར་པས་དེ་དང་རྣམ་པར་བྲལ་བ་ཡིན་ལ། གཞན་ཡང་། འགྲོ་བ་ཀུན་ལ་ལྟོས་པ་མེད་གྱུར་པའི། །ཞེས་བྱ་བ་འགྲོ་བ་ཡང་ཡིན་ལ་ཀུན་ཀྱང་
ཡིན་པས་འགྲོ་བ་ཀུན་ཏེ་ཁམས་གསུམ་པར་གཏོགས་པ་ཐམས་ཅད་དོ། །དེ་ལ་ལྟོས་པ་མེད་པར་གྱུར་པ་ནི་དེ་རྣམས་འཁོར་བ་ལས་གདོན་ཅིང་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་འཇུག་པའི་ལྟོས་པའི་རྩོལ་བ་སྤངས་པར་གྱུར་པ་སྟེ་རང་གི་དོན་ལྷུར་ལེན་པ་དག་གོ། །དེའི་སེམས་ཀྱི་རྒྱུན་ནི་མྱ་

ངན་ལས་འདས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་ཀྱི་རྒྱུན་ནི་རྒྱུ་ཟད་མར་མེ་བཞིན། །ཕུང་པོ་ལྷག་མ་ཟད་པའི་མྱ་ངན་འདས། །ཞེས་བྱ་བ་སྨོས་ཏེ། དེ་ལ་སེམས་ནི་རྣམ་པར་ཤེས་པའི་རང་བཞིན་ནོ། །དེའི་རྒྱུན་ནི་སྐད་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་
ཚོགས་ཏེ། རྒྱུན་དེ་ཡེ་ཤེས་ཀྱིས་དག་ཅིང་གནས་གྱུར་པ་ན་རྒྱུ་ཟད་པའི་མར་མེ་བཞིན་ཞེས་བྱ་བ་ཇི་ལྟར་མར་མེའི་རྒྱུ་སྣུམ་ཟད་པར་གྱུར་པ་ན་མར་མེ་འབར་བ་མེད་པར་འགྱུར་བ་དེ་བཞིན་དུ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་བྱུང་བའི་ཡེ་ཤེས་ཀྱིས་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་
པས་མྱ་ངན་ལས་འདས་པར་གྱུར་པ་ཡིན་ལ། དེ་ཡང་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྟེ། སྔོན་གྱི་ལས་དང་ཉོན་མོངས་པས་བསྐྱེད་པའི་ཕུང་པོ་ལྷག་མ་ཙམ་གནས་པ་དེ་ཡང་ཡེ་ཤེས་ཀྱི་མེས་བསྲེགས་ཏེ་ཟད་ཅིང་མེད་པར་བྱས་ནས་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་
པར་འགྱུར་བས་ན་འགྲོ་བའི་དོན་བྱ་བ་དང་ཤིན་ཏུ་རིང་ངོ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ལྟ་བུའི་འགྲོ་བའི་དོན་ནི་བྱང་ཆུབ་ཀྱི་སེམས་ལས་བྱུང་ན་དེ་དང་རང་གི་རྒྱུད་མི་མཐུན་པར་བསྟན་པའི་ཕྱིར། གང་ཡང་འགྲོ་ཀུན་ཉམ་ཐག་སེལ་བྱེད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་
ཡང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །ཡོན་ཏན་ཇི་ལྟ་བུ་དང་ལྡན་ཞེ་ན། འགྲོ་བ་ཉམ་ཐག་མ་ལུས་སེལ་བྱེད་པ། །ཞེས་བྱ་བ་སྨོས་ཏེ། སྐྱེ་བ་བཞིས་བསྡུས་པའི་སེམས་ཅན་སྲིད་པའི་རྩེ་མོའི་བར་དུ་གནས་པ་ཐམས་ཅད་ཀྱི་སྡུག་བསྔལ་གསུམ་གྱིས་གཟིར་ཅིང་ཉམ་ཐག་པ་
མ་ལུས་པར་སེལ་ཞིང་མེད་པར་བྱེད་པ་ཡིན་ནོ། །དེ་ལྟ་བུ་སུ་ཞིག་ཡིན་ཞེ་ན། བྱང་ཆུབ་སེམས་ནི་བདུད་རྩི་བཅུད་ཀྱིས་ལེན། །ཞེས་བྱ་བ་སྨོས་པ་ཡིན་ཏེ། བྱང་ཆུབ་ཏུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་སོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། བདུད་རྩི་བཅུད་ཀྱིས་
ལེན་ཞེས་བྱ་བ་སྨོས་ཏེ། བདུད་རྩི་ཟ་བ་ནི་འཆི་བས་མི་ཚུགས་པ་དང་འདྲ་བར་བྱང་ཆུབ་ཀྱི་སེམས་ཀྱིས་འཕགས་པའི་ལམ་གྱི་སྲོག་འཛིན་ཅིང་གོ་འཕང་ཐམས་ཅད་ཐོབ་པར་བྱེད་པས་བདུད་རྩི་ལྟ་བུ་ཡིན་ལ། སྨན་བཅུད་ཀྱིས་ལེན་བསྟེན་པས་ནི་སྐྲ་དཀར་དང་གཉེར་མ་སེལ་ཞིང་ནད་མེད་པར་

བྱེད་པ་དང་འདྲ་བར་བྱང་ཆུབ་ཀྱི་སེམས་ཀྱིས་བདག་དང་གཞན་གྱི་རྒྱུད་དུ་གཏོགས་པའི་སྡུག་བསྔལ་དང་ཉོན་མོངས་པ་འཇོམས་པར་བྱེད་པ་ཡིན་ནོ། །དེ་ལྟར་ཡོན་ཏན་དང་ལྡན་པ་ཉིད་ཀྱིས་ན་ཉམས་སུ་བླངས་དགོས་པ་ཉིད་ཀྱི་ཕྱིར། བྱང་ཆུབ་རྒྱུ་རུ་མི་རྟོག་བསྒོམ་པ་ན། །ཞེས་བྱ་བ་
སྨོས་ཏེ། བྱང་ཆུབ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། དེ་ཐོབ་པར་བྱ་བའི་རྒྱུ་དང་གཞིར་མི་རྟོག་པ་བསྒོམ་པ་ན་ཞེས་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པའི་ཚུལ་གྱིས་སྤྲོས་པ་མེད་པའི་དོན་ཡིད་ལ་བྱ་བ་ལ་སློབ་ནའོ། །གནས་སྐབས་དེར་སེམས་དེ་ལྟར་གནས་
སམ་ཞེ་ན། མ་ཡིན་ཏེ། དེ་ཚེ་བདག་ནི་རྣམ་རྟོག་ཁོ་ནར་རྒྱུག །ཅེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་ཡེ་ཤེས་ཆེན་པོ་བསྒྲུབ་པར་བྱ་བའི་ཕྱིར་སློབ་པར་བྱེད་པ་དེའི་ཚེ། དེ་ཚེ་བདག་ནི་རྣམ་རྟོག་ཁོ་ནར་རྒྱུག །ཅེས་སྨོས་ཏེ། ལས་དང་པོ་པ་ཡིན་པའི་ཕྱིར། བདག་གི་སེམས་
ནི་རྣམ་པར་རྟོག་པ་ཁོ་ནར་རྒྱུག་སྟེ། རྣམ་པར་རྟོག་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་བསྐྱེད་པའི་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་དུ་མ་ལ་རྒྱུག་ཅིང་ཕྱོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁོ་ན་ཞེས་བྱ་བའི་སྒྲས་ནི་ཚུལ་གཞན་ལས་རང་དགའ་བ་སྟེ། དེས་ན་
གཞན་གྱི་ཡུལ་མ་ཡིན་པའི་ཕྱིར་སེམས་ཀྱི་གཞི་ལ་ནི་རྣམ་པར་རྟོག་པ་ཁོ་ན་རྟེན་གྱིས་གཞན་དག་མ་ཡིན་ཏེ། དཔེར་ན་སྲིད་སྒྲུབ་ཁོ་ན་གཞུ་ཐོགས་པ་ཡིན་གྱི་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །འདིར་དྲིས་པ་དེ་ནི་མི་རིགས་ཏེ། ཆུ་བོ་རྒྱ་མཚོ་རི་བོ་རྣམས། །འདི་དག་སེམས་
ཀྱི་རྣམ་འཕྲུལ་ཡིན། །ཞེས་བཤད་པས་སེམས་ལས་ལོགས་ཤིག་ན་གཞན་མེད་པའི་ཕྱིར་རྟེན་དང་བརྟེན་པར་གདགས་སུ་མི་རུང་ཞེ་ན། དེ་ལྟ་ཡིན་མོད་ཀྱིས་མདོ་སྡེ་པའི་ཚུལ་གྱིས་ཡུལ་སེམས་གཉི་ག་གྲུབ་པར་འདོད་པས་འགལ་བ་མེད་དོ། །བསྒོམས་པ་ལ་གནས་ཀྱང་རྣམ་པར་
རྟོག་པ་བསལ་བར་མ་ནུས་པའི་ཚུལ་གཞན་དག་བསྟན་པར་བྱ་བའི་ཕྱིར། རྨི་ལམ་ཚུལ་འདྲར་འགྲོ་ཀུན་གང་གིས་ཀྱང་། །ཞེས་བྱ་བ་སྨོས་ཏེ། རྨི་ལམ་ཞེས་བྱ་བ་ནི་སྔོན་ཉམས་སུ་མྱོང་བའི་རྒྱུས་མེད་ཀྱང་སྣང་དུ་རུང་བ་སྟེ་སླུ་བ་ཉིད་དོ། །ཇི་ལྟར་རྨི་ལམ་ན་ཡུལ་གྱི་བཟང་མོ་ལ་སོགས་པ་

ཆགས་པའི་ཡུལ་ལམ། དགྲ་བོ་དང་སྡང་བའི་ཡུལ་མེད་ཀྱང་སྣང་བའོ། །ཚུལ་འདྲ་ཞེས་བྱ་བ་ནི་དེ་དང་ཚུལ་མཐུན་པའོ། །ཅི་ཞིག་མཐུན་ཞེ་ན། འགྲོ་བ་སྟེ་སྙིང་པོ་མེད་པའི་འཁོར་བའ