Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 1

Văn bản gốc(Tây Tạng)

Trang 13 / 17 (50.000 ký tự/trang)
ྙན་བརྗོད་པ་དང་། །འཁུ་བ་དག་ནི་བདེ་ལེགས་ཀྱིས། །མི་སྙན་སྨྲ་ལ་བདེན་པ་སྟེ། །ཁྱོད་ཀྱིས་སྡང་བ་བྱམས་པས་བཏུལ། །དགྲ་རྣམས་ལ་ནི་འབད་མིན་པས། །ཐུགས་ཀྱིས་
ཀྱང་ནི་རྟག་ཏུ་བཏུལ། །བཟློག་ལ་ཡང་དག་འཇོག་མཛད་པའི། །རྒྱལ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་དུས་གོམས་པ་ཡིས། །མི་ཡི་རང་བཞིན་མང་པོ་ཡང་། །ཁྱོད་ཀྱིས་ངན་སོང་རྣམ་བཟློག་ནས། །སྐད་ཅིག་ཉིད་ལ་ཡོངས་སུ་བསྒྱུར། །ཤིན་ཏུ་བཟང་
མིན་ཁམས་ཙམ་ཡང་། །ཡུན་རིང་གྱིས་ནི་འཕེལ་མཛད་པ། །སྨན་པའི་སྤྱོད་པ་རྗེས་འཇུག་པ། །སྨན་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས་དཀའ་བ་མཛད་པ་ལ་བསྟོད་པ་ཞེས་བྱ་བ་སྟེ་
ལེའུ་བཅུ་གཅིག་པའོ།། །།རྩུབ་པོ་དང་འཇམ་བགྱིད་པ་དང་། །འཇུངས་པ་རྣམས་ནི་གཏོང་ཕོད་དང་། །གཏུམ་པ་དེས་པར་བགྱིས་པ་གང་། །དེ་ནི་ཁྱོད་ཀྱི་ཐབས་མཁས་ལགས། །རང་རིག་རྗེས་སུ་མི་གཅོད་ཅིང་། །དགེ་བ་གོང་དུ་འདྲེན་བྱེད་པ། །སྐྱེ་བ་གཞན་
དུ་མཛད་པའི་ཕྱིར། །དགེ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །དགའ་བོ་དབང་པོ་ཉེར་ཞི་དང་། །ང་རྒྱལ་ཁེངས་པ་འདུད་པ་དང་། །སོར་མོའི་ཕྲེང་བ་འང་ཞི་བགྱིས་ན། །སུ་ཞིག་ངོ་མཚར་སྐྱེ་མི་བགྱིད། །ཤིན་ཏུ་མཆོག་དོན་མཛད་སླད་དུ། །དམུ་རྒོད་རྣམས་ནི་བདེ་བ་ཡིས། །
ཤིན་ཏུ་ངོ་མཚར་གྱུར་པ་ཡིས། །འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཆོས་ཀྱིས་རོས་ཚིམ་པས། །གསེར་ལས་བགྱིས་པའི་མལ་སྤངས་ནས། །རན་མང་གཏིང་བའི་གནས་མལ་དུ། །བརྟན་རྣམས་བསོད་ཉམས་ཉལ་བར་བགྱིད། །གཞན་གྱི་དབང་གིས་ལུས་

ཙམ་ནི། །ཤིན་ཏུ་ཚིམ་དང་རྗེས་མཐུན་མིན། །གང་ཕྱིར་གཞན་གྱིས་ཚིམ་བྱེད་ལས། །ཚིམ་མཛད་མཆོག་ཁྱོད་ལ་ཕྱག་འཚལ། །ཁྱོད་ཀྱིས་དུས་དང་བསམ་མཁྱེན་པས། །རེས་འགའ་ཞུས་ནའང་མི་གསུང་ལ། །སྤྲོས་འགྱུར་གཞན་ལ་བསྟན་པ་དང་། །དྲུང་དུ་གཤེགས་
ནས་བཤད་པའང་མཛད། །རྒྱུ་མིན་མཁས་པ་མ་ཡིན་ཕྱིར། །ཐམས་ཅད་དུ་ནི་ཚིག་མི་འགྲུབ། །དེ་ནི་ཤིན་ཏུ་སྤངས་མཛད་ཕྱིར། །བདེན་གསུང་ཁྱོད་ལ་ཕྱག་འཚལ་ལོ། །དྲི་མེད་གོས་ལ་ཚོན་བཞིན་དུ། །ཐོག་མར་སྦྱིན་སོགས་གཏམ་དག་གིས། །སེམས་ལ་སྤྲོ་བ་བསྐྱེད་ནས་
ནི། །ཕྱི་ནས་ཆོས་ནི་བསྟན་པ་མཛད། །རིག་དང་ཐབས་ལ་མི་མཁས་པའི། །ཚིག་གིས་སེམས་ནི་འགུག་མི་འགྱུར། །གཞན་གྱི་སེམས་ནི་བཀུག་མཛད་ནས། །འཆི་མེད་གསོལ་མཛད་ལ་ཕྱག་འཚལ། །འཁོར་བ་མི་བཟད་གཏིང་ནས་ནི། །འགྲོ་བ་ཉོན་མོངས་དྲང་
སླད་དུ། །ཁྱོད་ཀྱིས་གང་ཞིག་མ་སྩལ་བའི། །ཐབས་དང་སྤྱོད་པ་དེ་མ་མཆིས། །ཁ་ཅིག་ཕ་རོལ་འདོད་སླད་དུ། །བརྩོན་འགྲུས་ལྡན་ལ་ཐབས་མི་མཁས། །ཐབས་མཁས་བརྩོན་འགྲུས་མེད་པ་ལས། །འདྲེན་མཛད་མཆོག་ཁྱོད་ལ་ཕྱག་འཚལ། །སྐུ་ཡི་ཆ་ལུགས་རྣམ་
མང་དང་། །གསུང་གིས་སོ་སོའི་སྐད་བཞིན་དུ། །གདུལ་བའི་བསམ་པ་ཐ་དད་པ། །དེ་དང་དེར་ནི་ཁྱོད་ཀྱིས་མཛད། །གཞན་གྱི་ཆ་ལུགས་སྣ་ཚོགས་ནི། །དོན་མེད་ཡང་ན་གཞན་གསོད་ཕྱིར། །དོན་ལྡན་སྐུ་ནི་སྣ་ཚོགས་པའི། །དོན་ཀུན་མཛད་ལ་ཕྱག་འཚལ་ལོ། །དེ་དག་
ཀུན་ཀྱང་དག་པ་དང་། །མི་འགལ་བ་དང་མཆོད་འོས་དང་། །བརྗིད་དང་ལྷ་མི་རྣམས་ལ་ནི། །སྨན་འདོགས་བཀུར་བ་ཤ་སྟག་ལགས། །ཕྱི་རོལ་རྣམས་ཀྱི་སྤྱོད་པ་ནི། །གཞན་གསོད་པ་དང་སྨོད་པ་སྟེ། །བཀྲ་ཤིས་གཞན་དོན་དུ་ལྡན་པའི། །སྤྱོད་པ་མངའ་ཁྱོད་ལ་ཕྱག་འཚལ། །
སྨྲ་དང་བགྱིད་པ་ཕལ་ཆེར་ནི། །ལེགས་པ་རྔོ་ཐོགས་མ་ལགས་ཀྱི། །བདེན་པར་གསུང་བ་ཁྱེད་ལ་ནི། །དེ་གཉིས་གཞན་དུ་གདའ་བ་ལགས། །གཞན་གྱི་སྤྱོད་པ་མིག་ནི་གཞན། །ཉོན་མོངས་ཕལ་ཆེར་འཁྲུགས་པ་ཡང་། །སྤྱོད་པ་དང་ནི་དོན་མཐུན་པའི། །ལེགས་གསུང་ཁྱོད་

ལ་ཕྱག་འཚལ་ལོ། །བདག་ཉིད་དག་པ་འབའ་ཞིག་གིས། །ཁྱོད་ཀྱིས་འགྲོ་བའི་དཔལ་ཞིང་མཛད། །འདི་ལྟར་རྣམ་པ་འདི་འདྲའི་ཞིང་། །འཇིག་རྟེན་གསུམ་ན་མཆིས་མ་ལགས། །གལ་ཏེ་དབྱེ་བྱེད་རྣམས་ཀྱི་ནི། །འབའ་ཞིག་ཁྱོད་ནི་སྨད་གྱུར་ན། །དེ་
བཞིན་དཔག་མེད་དགེ་ལྡན་པའི། །སྒོར་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །ཐོག་མེད་སྲིད་པ་ཉམ་ང་བར། །སྔ་ནས་གཅིག་ཏུ་ཉམས་པ་ཡི། །སེམས་ཅན་ཀུན་ལ་སྨན་སླད་དུ། །ཁྱོད་ནི་དེ་ལྟར་བརྩོན་པ་ལགས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དད་པ་ལས་སྤོབས་
པ་སྐྱེས་པ་ཞེས་བྱ་བ་ལས་མཁས་པར་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བཅུ་གཉིས་པའོ།། །།གང་ཕྱིར་མྱ་ངན་གྱིས་ཉམས་པས། །སྟོན་པ་རྙེད་པར་དཀའ་བ་ཡང་། །སླར་ཡང་དཀའ་ལ་བརྩོན་ལྡན་པ། །ཁྱོད་ལ་རྟག་ཏུ་ཕྱག་འཚལ་ལོ། །གང་གི་ཁྱོད་དྲིན་ལན་ལོན་པའི། །
སྒྲུབ་དེ་མཆིས་སྙམ་མི་བགྱིད་དེ། །སྐྱེ་བོ་གང་དག་མྱ་ངན་འདས། །དེ་དག་གིས་ཀྱང་ལན་མ་ལོན། །རང་དོན་བྱེད་པར་བདག་མཆོག་ཅིང་། །དེ་ལྟར་གང་གིས་རྨད་བྱུང་གསུངས། །ཐོག་མར་མ་ཐོགས་ཕུན་སུམ་ཚོགས། །སྟོན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཆོས་ལ་
གནས་དེ་དག །རང་དོན་ཁོ་ན་བགྱིད་པར་བས། །དེ་ཡི་སླད་དུ་འོ་བརྒྱལ་གང་། །དེ་ལ་ལན་གོ་ཅི་ཞིག་ལོན། །ཁྱོད་ནི་སེམས་ཅན་གཉིད་ལོག་པས། །རྒྱུད་ལ་གཟིགས་པའི་ཞུགས་ཙེ་བ། །བག་མེད་གྱུར་པ་རྣམས་ཀྱི་ནི། །གྲོགས་བཟང་བག་དང་བཅས་པ་ལགས། །གཏི་མུག་
མནལ་ནི་བཅོམ་པའི་ཕྱིར། །ཤིན་ཏུ་སད་ཁྱོད་ཕྱག་འཚལ་ལོ། །སྣོད་དང་སྣོད་མིན་སོགས་དཔྱོད་ཕྱིར། །འཇིག་རྟེན་མཁྱེན་ལ་སླར་ཕྱག་འཚལ། །ཁྱོད་ཀྱིས་ཉོན་མོངས་གཞོམ་པ་བཤད། །བདུད་ཀྱི་གཡོ་དག་བསྟན་པ་མཛད། །འཁོར་བའི་རང་བཞིན་མི་བཟད་བརྗོད། །
འཇིགས་པ་མེད་པའི་ཕྱོགས་ཀྱང་བསྟན། །གལ་ཏེ་གཞན་གྱིས་རྒྱུད་རྣམས་ཀྱི། །ཉོན་མོངས་བདུད་ལས་རྒྱལ་གྱུར་པ། །བདུད་ཀུན་ལས་རྒྱལ་སྨོས་ཅི་འཚལ། །ཕན་དགོངས་ཐུགས་རྗེ་ཅན་གྱིས་ནི། །སེམས་ཅན་རྣམས་ལ་བགྱི་འཚལ་བ། །གང་ཞིག་ཁྱོད་ཀྱིས་མ་མཛད་པ། །

གཞན་གོ་ཅི་ཞིག་མཆིས་ལགས་ཀྱེ། །མགོན་ཁྱོད་གྲངས་དང་འཕགས་པ་དང་། །བླ་མ་ཡན་ལག་གཉེན་འདུན་གྱིས། །དགོངས་པ་མཛད་པ་གང་ལགས་པ། །དེ་ཕྱིར་ཀུན་བདག་ལ་ཕྱག་འཚལ། །གལ་ཏེ་ཆོས་ནི་འདི་དག་ཀྱང་། །སྤོ་བ་ཞིག་ཏུ་བཏུབ་ན་ནི། །གདོན་མི་འཚལ་
བར་ཁྱོད་ཀྱི་ནི། །ལྷ་སྦྱིན་ལ་བརྟེན་ཀུན་ལའང་སྩོལ། །ཁྱོད་ཀྱི་མཛད་པར་མི་སྤྱོད་གང་། །དེ་ནི་ངེས་པར་བགྱིད་མི་རིགས། །གནས་མ་ཡིན་ལས་ལྡོག་པ་དང་། །གནས་ལ་ཞུགས་ལ་ཕྱག་འཚལ་ལོ། །དེ་སླད་འགྲོ་ལ་བརྡ་སྤྲོད་པ། །འགྲོ་བའི་མགོན་པོ་ཁྱོད་ཀྱིས་ནི། །འདི་ནི་ཕན་ཚུན་བྱེད་པ་པོ། །མེད་པ་
སྐད་དུ་ངེས་པར་གསུངས། །ཁྱོད་ཀྱིས་མི་སྤྱོད་པ་ཡིས་ཀྱང་། །གང་ཕྱིར་ལྡོག་པའི་མི་འཐད་ན། །དེ་ཕྱིར་གནས་སྐབས་ཐམས་ཅད་དུ། །ལྟ་བཅས་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་རྣམས་ལ་ཐུགས་བརྩེ་བས། །ཡུན་རིང་ས་སྟེང་དམ་ཆོས་བཤད། །འཇིག་རྟེན་གསུམ་
ཕན་འདོགས་ནུས་པའི། །སློབ་མ་དམ་པའང་མང་དུ་བསྐྲུན། །བསྐྲུན་ནས་གདུལ་བའི་ཁྱད་པར་གྱིས། །བསྟན་པ་རྒྱས་ནི་བཏབ་ནས་ཀྱང་། །མངོན་དུ་བཏུལ་བའི་ཚོགས་ཀྱང་ནི། །མཛེས་བཟང་ཡན་ཆད་བཏུལ་ལགས་པས། །དེ་ཀོ་ཁྱོད་ལ་སེམས་ཅན་གྱི། །བུ་ལོན་
ལྷག་མ་ཅི་མཆིས་ན། །ཆོས་ཀྱི་སྐུ་ཡིས་མ་ལུས་པའི། །འགྲོ་བ་དག་དང་ལྡན་ཁྱོད་ཀྱིས། །སློབ་དཔོན་ཁུ་ཚུར་བཅིང་མིན་ཕྱིར། །བུ་ལོན་ལྷག་མ་གཞན་ཅི་མཆས། །འདི་ལྟར་རྡོ་རྗེའི་ཏིང་འཛིན་གྱིས། །སྐུ་གདུང་ཏིལ་འབྲུ་བཞིན་བླགས་ནས། །མཇུག་ཏུའང་
ཁྱོད་ཀྱིས་ཤིན་ཏུ་ནི། །དཀའ་སྤྱད་ཡལ་བར་མ་དོར་རོ། །ཡང་ན་གཟུགས་སྐུའི་མཐར་ཡང་ནི། །སེམས་ཅན་དོན་མཛད་ཉིད་གཟིགས་ནས། །ཉིད་ཀྱི་བདེ་ལ་ཆགས་མི་མངའ། །དེ་ལ་ལྟོས་པ་དོར་བར་མཛད། །གཟུགས་ཀྱི་སྐུ་དང་ཆོས་འདི་དག །གཞན་དོན་ཁོ་ནར་མཛད་
དོ་ཞེས། །འཇིག་རྟེན་ཡིད་ཆེས་དཀའ་འདི་ལ། །ཁྱོད་ཀྱིས་མྱ་ངན་འདས་པ་བསྟན། །དེ་ནི་སྤྱོད་བཟང་མཐར་ཐུག་པའི། །སེམས་ཅན་གཞན་དོན་མཛད་པ་ཉིད། །གང་ཞིག་ཐོག་མ་དབུས་མཐར་ཡང་། །ཁྱོད་ཀྱིས་མ་ཉམས་ཉིད་དུ་འཁུམས། །དེ་སླད་ཆོས་སྐུ་མ་ལུས་པ། །

སྲས་ཀྱི་མཆོག་ལ་གཏད་མཛད་དེ། །གཟུགས་སྐུ་ཏིལ་འབྲུ་ལྟར་བཤིག་ནས། །ཁྱོད་ནི་ཡོངས་སུ་མྱ་ངན་འདས། །དེ་ལྟར་ཐོག་མ་དབུས་མཐའ་རུ། །ཆོས་གཟུགས་སྐུ་གཉིས་བདག་ཉིད་ཀྱིས། །སེམས་ཅན་དོན་ལ་ཕན་མཛད་ཕྱིར། །བུ་ལོན་མི་མངའ་
ལ་ཕྱག་འཚལ། །ཨེ་མའོ་གནས་པ་ཨེ་མའོ་ཚུལ། །ཨེ་མའོ་ཡོན་ཏན་ཨེ་མའོ་སྐུ། །སངས་རྒྱས་ཀྱི་ནི་ཆོས་རྣམས་ལ། །ཡ་མཚན་མི་ཆེ་འགའ་མ་མཆིས། །ཚུལ་ཁྲིམས་དང་ནི་བསམ་གཏན་རྒྱུ། །དེའི་འབྲས་གཟུགས་དང་གཟུགས་མེད་པའང་། །གང་ཕྱིར་ཁྱོད་ཀྱིས་
མ་དགོངས་ཏེ། །དེ་ཕྱིར་བས་མིན་ཁྱོད་ཕྱག་འཚལ། །ཕན་འདོགས་མཛད་ཅིང་བལྟ་ན་སྡུག །སྐུ་གསུང་ཕྲིན་ལས་ཞི་གྱུར་པ། །ཁྱོད་ལའང་སྡང་བར་རབ་བགྱིད་པའི། །རྨོངས་པ་མི་བཟད་པ་ལ་གཟིགས། །ཁྱོད་ལ་སྡང་བར་བྱེད་པ་ལ། །སྨན་མཛད་པ་ནི་བསམ་མི་ནུས། །དེ་
སྨན་མཛད་པ་བསམ་མིན་པས། །རྟག་ཏུ་ཁྱོད་ལ་ཕྱག་འཚལ་ལོ། །བསོད་ནམས་རྒྱ་མཚོར་རིན་ཆེན་གཏེར། །ཡོན་ཏན་འབྱུང་གནས་ཆོས་ཀྱི་ཚོགས། །ཁྱོད་ལ་སེམས་ཅན་གང་འདུད་པ། །དེ་དག་ལ་ཡང་ཕྱག་འཚལ་ལགས། །ཁྱོད་ཀྱི་ཞབས་རྡུལ་གྱིས་བརྒྱན་པའི། །ཡུལ་གང་
དེ་ལའང་ཕྱག་འཚལ་ནས། །དགེ་བའི་བསྟན་པ་ལ་མཁས་པའི། །མཚན་གྱིས་བརྒྱན་པ་སྨོས་ཅི་འཚལ། །མགོན་ཁྱོད་ཡོན་ཏན་མི་བས་ཀྱང་། །བདག་གི་ཞོ་ཤ་བས་འཚལ་བས། །དེས་ན་འཇིགས་པ་མཆིས་སླད་དུ། །གློ་བ་ལ་ནི་གཅགས་ཤིང་མཆིས། །ཁྱོད་ནི་རང་སངས་
རྒྱས་ཀྱིས་མིན། །ཉན་ཐོས་མཆོག་གཙོ་བོས་མ་ཡིན། །བྱང་ཆུབ་ཉེ་བའི་བྱང་སེམས་ཀྱིས། །རྟོགས་མི་འགྱུར་ན་གཞན་ཅི་སྨོས། །ཁྱོད་ཀྱི་རང་གི་ངོ་བོ་ཉིད། །ཚད་མ་མཆིས་ལ་བསམ་མི་ཁྱབ། །བསྟན་མིན་གྲངས་ཀྱང་མ་མཆིས་པ། །ཁྱོད་བདག་ཉིད་ཀྱིས་མཁྱེན་ལགས་གྲང་། །
བསམ་མིན་ཚོགས་དེས་ཕུན་སུམ་ཚོགས་ཐོབ་པ། །གཞན་དོན་སྤྱོད་པ་ངོ་མཚར་དགེ་ལས་ཀྱི། །ཡོན་ཏན་ཆ་ཙམ་བརྗོད་པར་བདག་རྨོངས་པས། །རང་དོན་དགོངས་པས་མི་ནུས་པར་ཡང་བྱས། །མཚོ་ཆེན་ཆབ་ནི་བས་པར་མ་གྱུར་ཀྱང་། །སྐྱེ་བོའི་གདུང་བ་རབ་ཏུ་ཞི་བགྱིད་ལྟར། །

ཁྱོད་ཀྱི་ཡོན་ཏན་ཆ་ཙམ་མ་སྒྲོགས་ཀྱང་། །བདག་ནི་མཆོག་ཏུ་གློ་བ་དགའ་ཞིང་མཆིས། །བཙུན་པས་མཛད་པའི་བསྟོད་པའི་དྲུང་དུ་ནི། །རྗོད་ཉུང་མཛེས་པ་མ་ཡིན་ཅི་ཞིག་འགྲན། །འོ་ནའང་བདག་ནི་མི་ཤེས་པ་ཡིས་སྤེལ། །སྐྱེ་བོའི་རྣ་བར་ཇི་ལྟར་འཇུག་པར་འགྱུར། །བདག་
གིས་ཐུབ་ལ་དད་པས་སྤོབས་སྐྱེས་པའི། །དགེ་བའི་ལས་འདིའི་འབྲས་བུ་འཁྲུངས་པས་ནི། །ངན་རྟོག་རླུང་དམར་འཚུབ་མས་དཀྲུགས་པ་ཡི། །འགྲོ་བའི་སེམས་ནི་རྣལ་དུ་གནས་པར་ཤོག །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་
ལས་བུ་ལོན་མེད་པར་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བཅུ་གསུམ་པའོ།། །།སྤེལ་མར་བསྟོད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་མ་ཏི་ཙི་ཊ་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོ་དག་གི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀུ་མ་ར་ཀ་ལ་ཤ་དང་། ཞུ་
ཆེན་གྱི་ལོ་ཙཱ་བ་དགེ་སློང་བསོད་ནམས་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་སྟོ་ཏྲཾ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་
ལོ། །བསྟན་པ་འགྲོ་བ་ཀུན་གྱི་མཆོག་གྱུར་ཅིང་། །གཞན་དོན་རྫོགས་མཛད་པ་ལ་རྣམ་པར་མཁས། །ཉོན་མོངས་སྦྲུལ་ཆེན་ཀུན་དུ་འབྱིན་མཛད་པའི། །དེ་བཞིན་གཤེགས་པ་ཀུན་ལ་ཕྱག་འཚལ་འདུད། །ཟག་བཅས་བག་ཆགས་ཐམས་ཅད་སྤངས་གྱུར་ཅིང་། །དོན་ཀུན་
དེ་ཉིད་ངེས་པར་གཟིགས་མཛད་པ། །སྐྱེ་དགུ་ཐམས་ཅད་དོན་ལ་བརྩོན་གྱུར་པ། །དེ་བཞིན་གཤེགས་པ་ཀུན་ལ་ཕྱག་འཚལ་འདུད། །དམ་ཆོས་རིན་ཆེན་འབྱུང་གནས་སྣོད་གྱུར་ཅིང་། །ལམ་མཆོག་མྱ་ངན་འདས་པ་སྟོན་མཛད་ལ། །ཡིད་ལ་རེ་བ་ཀུན་དུ་རྫོགས་མཛད་པའི། །
དེ་བཞིན་གཤེགས་པ་ཀུན་ལ་ཕྱག་འཚལ་འདུད། །འཇིག་རྟེན་རྣམས་ལ་རྗེས་བརྩེར་མངོན་པར་གུས། །བྱམས་དང་ཐུགས་རྗེ་ཡོངས་སུ་བསྒོས་གྱུར་ཅིང་། །ཀུན་དོན་སྤྱོད་པ་ཡོངས་སུ་རྫོགས་མཛད་པའི། །དེ་བཞིན་གཤེགས་པ་ཀུན་ལ་ཕྱག་འཚལ་འདུད། །ཀུན་དོན་བསམ་

པ་ཡོངས་སུ་རྫོགས་མཛད་པའི། །གདུལ་བྱའི་པདྨ་འབྱེད་པའི་སྤྱན་དང་ལྡན། །རྒྱ་ཆེན་སློབ་མ་དམ་པའི་ཡོན་ཏན་བསྐྱེད། །དེ་བཞིན་གཤེགས་པ་ཀུན་ལ་ཕྱག་འཚལ་འདུད། །བསྐལ་པ་མཐའ་ཡས་ཚོགས་ནི་བསགས་གྱུར་ཅིང་། །ཚངས་དབང་ལྷ་དབང་
རྣམས་ཀྱིས་ཕྱག་བྱས་ལ། །སྐུ་ལ་འདོམ་གང་འོད་ཀྱིས་བརྒྱན་གྱུར་པའི། །དེ་བཞིན་གཤེགས་པ་ཀུན་ལ་ཕྱག་འཚལ་འདུད། །ཉེས་པའི་རྩ་བ་མ་ལུས་བཅོམ་གྱུར་ཅིང་། །ཡེ་ཤེས་མེ་ཡིས་དྲི་མའི་ཤིང་བསྲེགས་ལ། །ཤེས་རབ་དམ་པ་ཡོངས་སུ་རྫོགས་མཛད་པའི། །དེ་
བཞིན་གཤེགས་པ་ཀུན་ལ་ཕྱག་འཚལ་འདུད། །ཉོན་མོངས་བག་ཆགས་བཅས་ཀུན་རྣམ་བཅོམ་ཞིང་། །གྲགས་པ་ཆེན་པོ་ཀུན་དུ་གྲགས་གྱུར་ལ། །མཚན་མཆོག་སུམ་ཅུ་གཉིས་ཀྱིས་རྣམ་པར་བརྒྱན། །པདྨ་ལྟ་བུའི་སྤྱན་ནི་རབ་རྒྱས་ཤིང་། །བཙོ་མའི་གསེར་གྱི་ཕུང་པོ་འདྲ་
བ་ཡི། །དེ་བཞིན་གཤེགས་པ་ཀུན་ལ་ཕྱག་འཚལ་འདུད། །བསོད་ནམས་རྒྱ་ཆེན་རྨད་བྱུང་འདི་ཡིས་ནི། །བདག་ཉིད་ཉོན་མོངས་བག་ཆགས་བཅས་འབྱིན་ཅིང་། །འཁོར་བའི་ཉོན་མོངས་རྒྱ་མཚོ་ཆེན་པོ་འདིར། །ནུབ་པར་གྱུར་པའི་འགྲོ་བ་འདོན་པར་ཤོག །དེ་བཞིན་གཤེགས་པ་
ཐམས་ཅད་ལ་བསྟོད་པ་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། བྷ་ག་ཝཱན་ཤཱཀྱ་མུ་ནི་སྟོ་ཏྲ། བོད་སྐད་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདས་པ་འཇིག་རྟེན་སྒྲོན་མེ་མཛད། །ཁྱོད་
ནི་འཇིག་རྟེན་དོན་མཛད་བློ་གྲོས་བཟང་། །སྣང་བ་བརྙེས་ཤིང་ཉོན་མོངས་དྲི་བསལ་བ། །འཇིག་རྟེན་སྣང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྦྱིན་ལ་དགྱེས་ཤིང་སྟོབས་བཅུའི་མཆོག་མངའ་བ། །གདུལ་བྱ་འདུལ་བཞིན་གདུལ་བྱའི་ཕ་རོལ་བྱོན། །བཅོམ་ལྡན་ལྷ་དང་མི་དང་ཀླུས་
མཆོད་པ། །གདུལ་བྱའི་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་འགྲོ་བ་མང་པོའི་དོན་མཛད་ཅིང་། །འདོམ་གང་འོད་ནི་གསེར་གྱི་ཁ་དོག་འདྲ། །དགེ་བ་མཚན་གྱི་དམ་པའི་གཟུགས་མངའ་བ། །སྲིད་གསུམ་མཚུངས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕ་རོལ་གཤེགས་

པས་གཞན་གྱི་ཚོགས་རྫོགས་ཤིང་། །ཕ་རོལ་ཕས་རྒོལ་ཚོགས་འཇོམས་མི་གཡོ་བ། །སེམས་ཅན་གཞན་གྱི་སེམས་དང་སྤྱོད་ལ་མཁས། །ཕ་རོལ་ཚོགས་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །དགྲ་བཅོམ་རྒྱལ་པོ་ཉོན་བཅིལ་དྲི་བསལ་བ། །འཚོ་བ་དག་ཅིང་བརྟུལ་ཞུགས་ཚུལ་
ཁྲིམས་གནས། །ལྷ་ཡི་ལྷ་མཆོག་དྲི་མེད་དྲི་བྲལ་བ། །ཐུགས་རྗེ་མཆོག་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཆུ་བོ་བཞི་བརྒལ་བདེན་བཞིའི་བཀའ་མཆིད་གསུང་། །མིག་སྦྱིན་བདུད་རྩི་ཆོས་ཀྱི་བཀའ་མཆིད་ཅན། །མཉམ་ཐུགས་འགྲོ་བ་ཀུན་ལ་བྱམས་པའི་ཐུགས། །ཆོས་ལ་མཉམ་
གནས་མི་རྣམས་ཁ་ལོ་སྒྱུར། །ཡོན་ཏན་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ། །སྙན་པའི་སྒྲ་དབྱངས་རྣམ་པར་དག་དང་ལྡན། །ཚངས་པའི་སྒྲ་དབྱངས་ལྟ་བུར་སྙན་པའི་གསུང་། །ཐམས་ཅད་དབྱངས་ཀྱི་ཡན་ལག་གསུང་ཚུལ་རྫོགས། །བདེན་པ་སྙན་གསུང་ཁྱོད་ལ་ཕྱག་
འཚལ་ལོ། །སྟོང་པ་མཚན་མ་མེད་ཅིང་སྨོན་དང་བྲལ། །ཟབ་མོ་བལྟ་དཀའ་ཤིན་ཏུ་རྟོགས་པར་དཀའ། །ཐར་ལ་འཇུག་པར་མཁས་པའི་བློ་གྲོས་ཅན། །ཐར་པའི་ལམ་དགྱེས་ཁྱོད་ལ་ཕྱག་འཚལ་ལོ། །རྒྱུ་ལ་བརྟེན་པའི་མཁས་པ་བློ་གྲོས་ཅན། །མཐའ་གཉིས་ལྟ་བ་རྟག་ཏུ་
མི་མཁས་པ། །ལས་ཀྱི་འབྲས་བུ་རྣམ་སྨིན་ཁོ་ནར་གསུང་། །ལྟ་བའི་མུན་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །གང་ནས་མ་བྱོན་གང་དུའང་གཤེགས་མ་ལགས། །རྟག་ཏུ་དབེན་པའི་ཆོས་རྣམས་རབ་གསུང་བ། །སྨིག་རྒྱུ་སྒྱུ་བཞིན་ང་ཡིར་མི་མངའ་བ། །དགེ་བའི་ཆོས་ཚུལ་
ཁྱོད་ལ་ཕྱག་འཚལ་ལོ། །སྐྱེ་དང་མི་སྐྱེ་གང་དུ་སྐྱེས་མ་ལགས། །སྐྱེ་དང་འཇིག་དང་གང་དུ་མི་གསལ་བ། །ཆོས་ཀྱི་གནས་ཉིད་ཇི་ལྟར་གནས་ལ་གནས། །གནས་དང་མི་གནས་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་ཁོ་ན་བ་བཞིན་ཡང་དག་གསུང་། །རྟག་ཏུ་མི་གཡོ་དེ་བཞིན་
ཉིད་ལ་བཞུགས། །རི་རབ་རྡོ་རྗེ་རྒྱལ་མཚན་འདྲ་བའི་སྐུ། །མི་གཡོ་རི་རབ་མཚུངས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟོད་པ་སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་ཀྱིས་མཛད་པ་རྫོགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། ཤྲཱི་མཱནྨ་ཧཱ་བོ་དྷི་བྷཊྚཱ་ར་ཀ་སྱ་སྟོ་ཏྲཾ། བོད་སྐད་དུ། དཔལ་ལྡན་རྗེ་བཙུན་བྱང་ཆུབ་ཆེན་པོའི་བསྟོད་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །པད་དཀར་སྤྱན་མངའ་རྫོགས་སངས་རྒྱས། །ཐུགས་རྗེའི་གོ་འཕང་ཐམས་ཅད་མཁྱེན། །ཤཱཀྱ་སེང་གེ་
ཀུན་དུ་བཟང་། །སྟོན་པ་ལ་ནི་བདག་ཕྱག་འཚལ། །དཔལ་སྟུག་དཔལ་ལྡན་གཙོ་བོ་སྟེ། །ཞི་མཛད་ཚུལ་ཁྲིམས་ཕུང་པོ་ཅན། །ཞི་བ་དཔལ་ལྡན་དཔལ་མཛད་པ། །ཞི་བའི་སྐུ་མངར་བདག་ཕྱག་འཚལ། །གྲུབ་པ་བདག་མེད་གསུང་མཛད་པ། །ཁ་ན་མ་ཐོའི་གནས་མ་མཆིས། །
ལུགས་མཁྱེན་དྲི་མ་མི་མངའི་བདག །རྙོག་མི་མངའ་ལ་བདག་ཕྱག་འཚལ། །འགྲན་ཟླ་ང་རྒྱལ་མི་མངའ་ཞིང་། །རྣམ་རྟོག་མི་མངའ་དེ་བཞིན་གཤེགས། །ཉོན་མོངས་ཀུན་གྱིས་མི་བསྒུལ་བ། །སྤྲོས་མི་མངའ་ལ་བདག་ཕྱག་འཚལ། །སྣ་ཚོགས་དབང་ཕྱུག་རྣམ་གྲོལ་མཁྱེན། །སྣ་
ཚོགས་གཟུགས་ཅན་རྣམ་པར་འདྲེན། །སྣ་ཚོགས་མཚན་རྣམས་ཡང་དག་རྫོགས། །འདོད་ཆགས་བྲལ་ལ་བདག་ཕྱག་འཚལ། །གདུལ་དཀའ་འདུལ་མཛད་སེམས་ཅན་མཆོག །དག་པ་ཐུབ་པ་ཟས་གཙང་སྲས། །བདེ་གཤེགས་ལེགས་རྟོགས་ཞི་མཛད་པ། །དགེ་བར་
གྲགས་ལ་བདག་ཕྱག་འཚལ། །རྙོག་པ་ལས་གྲོལ་འདོད་པའི་དགྲ །རྙོག་པ་མི་མངའ་པདྨ་འཆང་། །མཛེས་པའི་སྐུ་མངའ་ཐུགས་བརྩེའི་སྣོད། །པདྨའི་འོད་མངར་བདག་ཕྱག་འཚལ། །བློ་གྲོས་ཆེན་པོ་བརྩོན་འགྲུས་ཆེ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །མཆོད་པ་ཆེན་པོ་
བསྟན་པ་ཆེ། །སྒྲ་གཅན་ཆེན་པོར་བདག་ཕྱག་འཚལ། །རིག་དང་ཞབས་ནི་ཕུན་སུམ་ཚོགས། །སྣ་ཚོགས་དབང་པོ་དྲི་མེད་འོད། །རྣམ་དུལ་ཆ་བྱད་ཡངས་པ་ཅན། །སྐྱོན་དང་བྲལ་ལ་བདག་ཕྱག་འཚལ། །འཕགས་པ་གཙང་མཛད་ཀུན་ལ་སྨན། །གཞན་གྱིས་མི་ཐུབ་ཉམས་
མི་མངའ། །བདག་དང་གཞན་ལ་ཕན་པའི་མགོན། །དཔག་མེད་འོད་མངར་བདག་ཕྱག་འཚལ། །ལྷ་ཡི་ལྷ་སྟེ་ལྷ་ཆེན་པོ། །ལྷ་ཡིས་ཕྱག་བྱས་ཟད་མི་མངའ། །ཚད་མར་གྱུར་པ་ལྷ་ཡི་དབང་། །ལྷ་རྫས་གཟུགས་མངར་བདག་ཕྱག་འཚལ། །དོན་དམ་མཆོག་ཏུ་གསལ་མཛད་པ། །

མཆོག་གི་དབང་ཕྱུག་དམ་པ་སྟེ། །མཆོག་ཏུ་གཞན་ལ་ཕན་མཛད་པ། །བཅོམ་ལྡན་དེ་ལ་བདག་ཕྱག་འཚལ། །བདུད་བཞིའི་དགྲ་ལས་རྣམ་པར་རྒྱལ། །ཞི་བ་ཞི་མཛད་དེ་ཉིད་མཁྱེན། །དེ་ཉིད་སྙིང་པོ་རྟག་ཏུ་སྤྱོད། །དེད་དཔོན་ལ་ནི་བདག་ཕྱག་འཚལ། །དབང་པོ་ཐུལ་བ་ཉོན་མོངས་
ཐུལ། །རྒྱལ་བའི་དབང་པོ་སྐྱེས་བུ་མཆོག །ཚངས་པ་དམ་པ་མཆོག་གྱུར་པ། །བསོད་ནམས་ཞིང་ལ་བདག་ཕྱག་འཚལ། །འདོད་ཆགས་བྲལ་བ་བཅོམ་ལྡན་འདས། །ཁྱོད་ཀྱི་སྐུ་ཉིད་ལ་བསྟོད་པས། །དམྱལ་བའི་མེ་ནང་གནས་པ་རྣམས། །བསིལ་བའི་གནས་ནི་ཐོབ་གྱུར་ཅིག །
དཔལ་ལྡན་རྗེ་བཙུན་བྱང་ཆུབ་ཆེན་པོའི་བསྟོད་པ་མཆོག་སྲེད་ཀྱི་ཞལ་སྔ་ནས་མཛད་པའོ། །འདི་ཡང་གངས་ཅན་སྐད་ཉིད་དུ། །རྗེ་བཙུན་སྤྲུལ་པའི་སྐུ་མཆོག་གི། །བཀའ་བཞིན་ཞ་ལུ་ལོ་ཙཱ་བ། །དགེ་སློང་ཆོས་སྐྱོང་བཟང་པོས་བསྒྱུར།། ༄༅༅། །རྒྱ་གར་སྐད་དུ།
བུདྡྷ་སྟ་བ་ད་ཤ །བོད་སྐད་དུ། སངས་རྒྱས་ཀྱི་བསྟོད་པ་བཅུ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །མཆོག་གི་བྱང་ཆུབ་རྒྱུ་ནི་དང་པོར་བསྐྱེད་པ་ལས། །འགྲོ་ལ་རྣམ་པར་ཕན་ཕྱིར་འཆི་མེད་ཐར་མཛད་དེ། །ཡང་དག་འབར་བའི་འོད་འཕྲོ་བདུད་ལས་རྒྱལ་བ་ཅན། །རྒྱལ་བ་ཤཱཀྱ་ཐུབ་
ལ་རབ་ཏུ་ཕྱག་བགྱིའོ། །ཐུབ་པའི་རྒྱལ་པོ་དམ་པ་གཞན་གྱི་མགོན་པོ་མཆོག །གཅིག་ཏུ་བརྩོན་པས་ཚངས་པ་མཆོག་ལ་ངེས་གནས་ཤིང་། །སོ་སོའི་བློ་ཅན་ཕས་རྒོལ་ལག་ལྡན་དབང་པོར་ནི། །རི་དགས་བདག་པོ་ཤཱཀྱ་ཐུབ་ལ་ཕྱག་བགྱིའོ། །ཐུབ་པ་མར་མེ་མཛད་ལ་སོགས་ལ་
མཆོག་ཐོབ་པས། །འབར་བའི་རིན་ཆེན་དམ་པ་ཐོར་ཅོག་ལ་འཆང་བའི། །འཛིན་མའི་བདག་པོ་ཚངས་དང་རྒས་མེད་ཀྱིས་བསྟོད་པ། །སྡིག་སྤངས་ཤཱཀྱ་ཐུབ་ལ་རབ་ཏུ་ཕྱག་བགྱིའོ། །ཐུབ་པ་རྒྱ་ཆེའི་འོད་ཟེར་རྒྱན་གྱིས་ཡོངས་སུ་བསྐོར། །མེ་ཆུའི་ཡངས་པ་དག་དང་རབ་རྒྱས་
གསལ་བའི་འོད། །ཚངས་པའི་འཇིག་རྟེན་ཡུལ་ལ་ཁྱབ་པར་སྤྲོ་བ་ཅན། །ཤཱཀྱ་ཐུབ་ལ་དེང་བདག་རབ་ཏུ་ཕྱག་བགྱིའོ། །ཐུབ་པ་སྐྱེས་མཆོག་བདེན་པ་མཆོག་ཏུ་སྟོན་པ་པོ། །འཇིག་རྟེན་ལྷ་དང་ལྷ་མིན་མྱ་ངན་འདས་བགྱིད་པའི། །ཐབས་མཛད་པ་ལ་ཆོ་ག་བཞིན་དུ་མཁས་

པ་སྟེ། །དགེ་འོས་ཤཱཀྱ་ཐུབ་ལ་རབ་ཏུ་ཕྱག་བགྱིའོ། །ཐུབ་པའི་དབུས་སུ་མངོན་དགྱེས་ཐུགས་རྗེས་གནས་པ་སྟེ། །ཏིང་འཛིན་མཆོག་གིས་འདོད་དང་དྲག་པོ་རྣམ་རྨོངས་ཤིང་། །མཆོག་གི་བིམ་པ་ལྟ་བུའི་ཞལ་སྒྲོས་ཕུལ་དང་ལྡན། །དམ་པ་ཤཱཀྱ་ཐུབ་ལ་རབ་
ཏུ་ཕྱག་བགྱིའོ། །ཐུབ་པའི་ཆོས་འཛིན་པ་ལས་ནད་དང་རིམས་འཕྲོག་ཅིང་། །ཞབས་ཟུང་དག་ལ་འཕྲོག་བྱེད་ཅོད་པན་གྱིས་རབ་མཚན། །ཟུང་འཇུག་ཏིང་ངེ་འཛིན་ལ་རྟག་ཏུ་བཞུགས་པ་ཡི། །མཆོག་སྦྱིན་ཤཱཀྱ་ཐུབ་ལ་རབ་ཏུ་ཕྱག་བགྱིའོ། །ཐུབ་པ་སེང་གེ་དམ་པ་མི་ཡི་སེང་གེ་མཆོག །
ཚངས་པ་མི་མཇེད་བདག་པོས་མཆོག་གྱུར་གདུགས་བསྒྲེང་ཞིང་། །ནོར་འཛིན་གཙོ་མོའི་རེ་བའི་ཕྱག་གིས་མངོན་བཏུད་པ། །ཕྱག་འོས་ཤཱཀྱ་ཐུབ་ལ་རབ་ཏུ་ཕྱག་བགྱིའོ། །ཐུབ་པ་ཞི་བྱེད་རྣམས་ཀྱི་གཙུག་གི་བདེ་གཤེགས་ཏེ། །མ་ལུས་ཉེས་པ་སྤངས་ཤིང་ཡོན་ཏན་ཆུ་ཡི་གཏེར། །
མཐའ་དག་སྐྱེ་བོའི་སྡུག་བསྔལ་སེལ་བ་གཏེར་ལྟ་བུ། །སྡིག་སེལ་ཤཱཀྱ་ཐུབ་ལ་རབ་ཏུ་ཕྱག་བགྱིའོ། །ཐུབ་པ་བརྩོན་པས་འགྲོ་བའི་དོན་སྒྲུབ་མཛད་པ་ལ། །མཁའ་ལྡིང་བདག་པོའི་མགོན་ཏེ་ལྟུང་གྱུར་སེམས་ཅན་རྣམས། །ཡང་དག་འདྲེན་ཞིང་ཕ་རོལ་བདེ་བར་མཛད་པ་ཡི། །སྟོན་
པ་ཤཱཀྱ་ཐུབ་ལ་རབ་ཏུ་ཕྱག་བགྱིའོ། །དཔལ་ཤཱཀྱ་ཐུབ་པའི་བསྟོད་པ་བཅུ་པ་ཞེས་བྱ་བ་རྫོགས་སོ།། །།འདི་ནི་དཔལ་ནགས་ཀྱི་རིན་པོ་ཆེའི་ཞབས་ཀྱིས་མཛད་པ་སྟེ། པཎྜི་ཏ་ཆེན་པོ་དེ་ཉིད་ཀྱི་བཀའ་དྲིན་གྱིས་འཚོ་བའི་དཱ་རི་དྲ་པ་རྒྱ་མཚོའི་སྡེས་བསྒྱུར་བའི་ཡི་གེ་པ་ནི་བློ་
དང་ལྡན་པ་བྱམས་པ་ཀུན་དགའོ།། ༄༅༅། །རྒྱ་གར་སྐད་དུ། གུ་ཎ་ཨ་པརྱནྟ་སྟོ་ཏྲཾ། བོད་སྐད་དུ། ཡོན་ཏན་མཐའ་ཡས་པར་བསྟོད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཡོན་ཏན་མཐའ་མི་འཚལ་བས་གལ་ཏེ་ཁྱོད་བསྔགས་
མི་བརྗོད་ན། །འགའ་ཡང་ཁྱོད་བསྟོད་མི་བགྱིད་ཁྱོད་ཀྱི་འབྱོར་པ་འགྲོ་བས་རྟོགས་མ་མཆིས། །གང་སླད་འགྲོ་འདིས་ཁྱོད་ལ་བསྟོད་པ་བགྱིས་ཀྱང་ནོངས་པ་མ་མཆིས་པ། །དེ་སླད་དོན་འདིར་བདག་ནི་བློ་གྲོས་རབ་ཏུ་ཆུང་ཡང་བརྩོན་པ་ལགས། །སྲིད་གསུམ་དག་ལ་ཕན་བརྩོན་བློ་

མངའ་ངན་སོང་གནས་ནའང་བསྔགས་པར་འོས། །རང་དོན་སྨོན་པའི་བློ་གྲོས་ཅན་ནི་མྱ་ངན་འདས་ཀྱང་མ་ལགས་ཞེས། །དེ་སླད་ཁྱོད་ནི་འཁོར་བའི་འཇིགས་པས་མི་ལྡོག་བརྟན་ཞིང་མི་གཡོ་བས། །འཇིག་རྟེན་སྐྱེ་ཞིང་འཆི་བས་ཉམ་ཐག་ཡོངས་སུ་བསྐྱབ་པར་བརྩོན་པ་ལགས། །
སྲིད་པའི་འགྲོ་བ་དག་ཏུ་སྡུག་བསྔལ་རྣམས་ཀྱིས་སྨས་པའི་སེམས་ཅན་ལ། །བདག་གི་བློ་གྲོས་རྩུབ་པོས་སྡུག་བསྔལ་རྣམ་མང་དེ་དང་དེ་བསྒྲུབས་པས། །དེ་ཕྱིར་བདག་གིས་དེ་དག་རྣམས་ལ་བདེ་བ་བསྐྱེད་ཕྱིར་བཟོད་བྱ་ཞེས། །དེ་སླད་ཁྱོད་ནི་འགྲོ་ལ་ཞི་བའི་བདེ་བ་བསྐྱེད་སླད་བརྩོན་
པ་ལགས། །སེམས་ཅན་གང་དག་མ་རིག་ལྡོངས་པས་བསམ་པ་རྒུད་པའི་བློ་གྲོས་ཅན། །ཕ་དང་བུར་གྱུར་རྣམས་ཀྱིས་བདག་ལ་གཉེན་སྙམ་བྱམས་པས་ཕན་བཏགས་པ། །དེ་དག་བཏང་ནས་གཅིག་པུ་ཐར་པར་བྱེད་པ་བདག་གི་ཚུལ་མིན་ཞེས། །དེ་སླད་ཁྱོད་ཀྱིས་འགྲོ་བ་མགོན་མེད་
ངེས་ཐར་བགྱི་སླད་སྨོན་ལམ་བཏབ། །སྔོན་ཆད་འཁོར་བར་སྡུག་བསྔལ་ཀུན་དུ་མྱོང་གྱུར་ཚེ་ན་བདག་ལ་ནི། །གང་དག་ཡུན་རིང་ངོ་ཤེས་བྱམས་སེམས་ལྡན་པས་ལན་བརྒྱར་གྲོགས་བྱས་པ། །བདེ་བ་ཐོབ་ཚེ་དེ་དག་བཀོལ་ནས་ཇི་ལྟར་ཡོངས་སུ་སྤྱད་བྱ་ཞེས། །དེ་སླད་ཁྱོད་ནི་
བདུད་རྩིའང་སེམས་ཅན་ཀུན་དང་ཐུན་མོང་གསོལ་བར་བརྩོན། །མཆོག་སྦྱིན་འགྲོ་བར་སེམས་ཅན་རྣམས་དང་ལྷན་ཅིག་ལོངས་སྤྱོད་འདས་དགོངས་ནས། །དེ་དག་ངེས་པར་ཡོངས་སུ་མི་གཏོང་བས་ན་ཁྱོད་ཀྱི་བསྟན་པ་ནི། །ཇི་ལྟར་ཁྱོད་ཉིད་ནེ་ཙོར་འཁྲུངས་ཚེ་ལྗོན་ཤིང་གཞོན་
ནུ་ལགས་སྤྱད་པའི། །ལྗོན་ཤིང་རྒས་པར་གྱུར་ཀྱང་ཡོངས་སུ་མི་གཏོང་དེ་ལྟར་བརྩོན་པ་ལགས། །གང་སླད་འགྲོ་བ་མྱ་ངན་མ་འདས་མྱ་ངན་ཁྱོད་འདའ་བློ་མ་བྱུང་། །བདེ་གཤེགས་གོ་འཕང་བརྙེས་པར་ནུས་པ་མ་ལགས་དེ་མི་མཛད། །དེ་སླད་ཁྱོད་ནི་ཀུན་མཁྱེན་ཡོན་ཏན་གཏེར་
དག་བརྙེས་མཛད་སླད་དུ་བརྩོན། །སྟོབས་བཅུའི་ཡོན་ཏན་བདག་གིར་མཛད་པ་ལས་གཞན་ཁྱོད་ལ་ཕྲ་མི་མངའ། །གང་སུ་ལ་ལ་དག་གིས་བདེ་གཤེགས་གོ་འཕང་བརྙེས་པ་དེ་དག་ཀྱང་། །འདི་བས་ཤིན་ཏུ་སྨད་པའི་གནས་སྐབས་དག་ཏུ་ལྷུང་བ་བྱུང་ངོ་ཞེས། །དེ་སླད་ཁྱོད་ཀྱིས་

ཉམ་ངར་ལྷུང་བའི་ཚེ་ཡང་བདག་ཉིད་སྨད་མ་མཛད། །བདག་ལ་སྨོད་པ་མི་རུང་སྐྱེས་བུ་དར་བ་ཞུམ་པར་བགྱིད་མ་ལགས། །གང་སླད་གལ་ཏེ་རང་ལ་རག་ལས་འབད་པས་བྱང་ཆུབ་ཐོབ་གྱུར་ན། །སངས་རྒྱས་གོ་འཕང་རྙེད་དཀའ་མ་ལགས་སྙམ་དུ་ཁྱོད་ཀྱི་བློ་གྲོས་
བྱུང་། །དེ་སླད་ཁྱོད་ཀྱིས་ཉམ་ངའི་དུས་སུའང་ཀུན་མཁྱེན་སྨོན་ལམ་བརྟན་བཟློག་པ། །དམན་ལ་དགའ་བ་རྣམས་ཀྱི་ཚིག་དག་ཁྱོད་ཀྱིས་ཁྱད་དུ་བསད་པར་མཛད། །ཉོན་མོངས་ཆུ་བོ་རབ་འཁྲུག་པ་དང་ངན་འགྲོ་ཁ་དག་རྟག་ཏུ་གདངས་པ་དང་། །སོ་སོའི་སྐྱེ་བོའི་གཡོ་དང་
སྡིག་པའི་གྲོགས་པོ་རྟག་པར་རྒྱུན་དུ་གནས་པ་དང་། །ཐུབ་རྣམས་རྙེད་པར་དཀའ་ཞེས་དེ་ལྟར་སེམས་ཞུམ་འགྲོ་བ་གཏོང་བའི་རྒྱུ། །གང་ལགས་དེ་ཉིད་ཁྱོད་ཀྱི་ཐུགས་རྗེ་རྟག་ཏུ་སྐྱེ་བའི་རྒྱུར་ཡང་གྱུར། །ཇི་ལྟར་འགྲོ་བ་རྣམས་ལ་ཁྱོད་བློ་ཤིན་ཏུ་བྱམས་པ་སྐྱེ་བ་ལྟར། །འཇིག་རྟེན་
འདི་དག་རང་ལའང་བྱམས་པའི་བློ་གྲོས་སྐྱེ་བར་མི་འགྱུར་ལ། །འཇིག་རྟེན་ཕོངས་པའི་གནས་སྐབས་གྱུར་ན་བདག་ཉིད་དག་ཀྱང་གཏོང་བར་བགྱིད། །ཁྱོད་ནི་ཤིན་ཏུ་ཉམ་ངའི་དུས་སུའང་འགྲོ་བ་གཏོང་བ་བཞེད་མ་མཆིས། །གང་ཞིག་སྐྱེ་བོ་དམན་དང་ཕོངས་པ་རེ་བའི་བསམ་ལྡན་
མཐོང་ན་ཡང་། །བརྩེ་མེད་འབྲས་བུ་འདོད་པས་སྨོད་གཞན་ཡོན་ཏན་དག་དང་ལྡན་ཚོལ་བ། །བསམ་བརླག་དེ་ནི་སྦྱིན་པ་བྱེད་ཀྱང་སློང་བ་རྣམས་དང་མཚུངས་སོ་ཞེས། །དེ་སླད་ཁྱོད་ནི་ཐུགས་རྗེས་སློང་བ་རྣམས་ལ་སྦྱིན་པར་བཞེད་ལ་ཞུགས། །འགའ་ཞིག་རང་ཉིད་མ་དུལ་བཞིན་དུ་
རིགས་པར་ལྡན་པའི་ཚིག་སྨྲ་ཡང་། །རང་གི་ཚིག་དང་འགལ་བར་སྤྱོད་པས་གཞན་དག་འདུལ་བར་མི་ནུས་ཞེས། །ཁྱོད་ཀྱིས་དགོངས་ནས་དེ་སླད་འགྲོ་བ་མཐའ་དག་ཐུགས་ལ་བཞག་མཛད་ནས། །རེ་ཞིག་བདག་ཉིད་མ་དུལ་བ་ཉིད་དུལ་བར་མཛད་ཕྱིར་བརྩོན་པ་ལགས། །གང་སླད་
མཁས་པ་རྣམས་ཀྱི་མི་དགེའི་ལས་ཀྱང་ཞི་བའི་བདེ་བར་འགྱུར་མོད་ཀྱི། །འོན་ཀྱང་འཕགས་པས་མི་དགེ་བ་དག་ཀུན་དུ་བསྟེན་འོས་མ་ཡིན་ཞེས། །དེ་སླད་ཁྱོད་ནི་རྟག་ཏུ་རང་བཞིན་ཡོངས་སུ་དག་པས་སྡིག་ལས་ལོག །ངན་སོང་འཇིགས་པས་མ་ལགས་ལྷ་ཡི་བདེ་སྤྱད་བཞེད་

པའི་ཕྱིར་མ་ལགས། །གང་དག་འགྲོ་ལ་མི་ལྟ་བདག་ཉིད་ཞི་བར་འགྲོ་བར་བགྱི་སླད་སྤྱོད་བགྱིད་པ། །དེས་ཀྱང་ཅི་སྟེ་བརྩོན་པ་མ་བསྟེན་སླན་ཆད་བསམ་རྫོགས་མི་འགྱུར་ན། །གང་གིས་འགྲོ་བ་མ་ལུས་བསྒྲལ་ཕྱིར་བརྩོན་པ་བརྩམས་པས་ཅི་སྨོན་ཞེས། །དེ་སླད་ཁྱོད་ཀྱིས་རང་གི་
བདེ་ལ་མ་གཟིགས་བྱང་ཆུབ་སླད་དུ་བརྩོན། །ཁྱོད་ཀྱིས་འབྱོར་པ་ཆུང་བའི་ཚེ་ཡང་སྦྱིན་པར་བཞེད་པ་མ་སྤངས་ལ། །བདོག་པ་ཆུང་ཡང་སློང་བ་རྣམས་ལ་ཞུམ་མི་མངའ་བའི་ཐུགས་ཀྱིས་སྩལ། །དབང་ཕྱུག་ཆེན་པོ་མངའ་ཡང་ཚུལ་དང་འགལ་བའི་ཐ་སྙད་མི་མངའ་ལ། །ན་ཚོད་
ལང་ཚོར་གྱུར་ཀྱང་འདོད་པ་རྣམས་ལ་ཐུགས་ནི་ཆགས་མི་མངའ། །ཁྱོད་ཀྱིས་ཐོས་དང་བློ་གྲོས་ཆེ་བའི་ཚེ་ནའང་བདག་བསྟོད་མ་མཛད་ལ། །འགྲོ་བ་ཡོན་ཏན་ཆུང་བ་གཞན་རྣམས་ཀྱང་ནི་མཐོན་པོར་བཀུར་བར་གྱུར། །ཡོན་ཏན་ཚོགས་ལ་གནས་ཚེ་ཉིད་ཀྱི་སྤྱོད་པ་ཉེས་པ་ཆུང་ངུའང་
བཟུང་། །འགྲོ་བ་དམུ་རྒོད་རྣམས་ལ་རྩོལ་བ་མི་མངའ་བདེ་བར་གནས་པས་བཞུགས། །ཁྱོད་ཀྱི་ཐུགས་ནི་སྲིད་དང་ཉོན་མོངས་སྐྱོ་བས་ཞི་ལ་དགྱེས་གྱུར་ཀྱང་། །ཐུགས་རྗེ་ཉིད་ཀྱིས་མཛད་པའི་ཡོན་ཏན་སྐྱེ་བོ་རྣམས་དང་རྗེས་སུ་མཐུན། །བྱེད་པ་མ་གཏོགས་གཞན་གྱིས་འབྲས་
བུ་མི་མྱོང་བར་ནི་ཁྱོད་མཁྱེན་ཀྱང་། །འོན་ཀྱང་སེམས་ཅན་རྣམས་ཀྱི་འབྱོར་པ་སྐྱེད་སླད་བསོད་ནམས་གཏེར་རྣམས་བདར། །ཁྱོད་ལ་ཤེས་རབ་ལ་སོགས་ཡོན་ཏན་གང་དག་རྟག་ཏུ་མངའ་གྱུར་པ། །དེ་དག་ཁྱོད་ཀྱིས་འགྲོ་བ་དག་གི་དོན་རྣམས་ཉིད་དུ་ཉེ་བར་སྤྱད། །དེ་ལས་
ཁྱོད་ཀྱི་བསོད་ནམས་འབྲས་བུ་གཞན་དུ་མཆིས་པ་མ་ལགས་ལ། །དེ་དག་འགྲོ་བའི་འབྱོར་སླད་ཡོངས་སུ་བསྔོས་ཀྱང་དོན་མ་མཆིས་མ་ལགས། །ཁྱོད་ལ་གཞན་ལ་སྨན་པའི་ཐབས་དང་འབྲལ་བའི་དུས་འགའའང་བྱུང་མ་གྱུར། །ཐབས་ཆུང་མ་གྱུར་འབྲས་བུ་མ་མཆིས་མ་
ལགས་འབྲས་བུ་ཆུང་མ་ལགས། །བསོད་ནམས་ཆུང་ངུ་རྩོམ་པ་དག་ལ་ཁྱོད་ནི་མངོན་དགྱེས་མ་ལགས་ལ། །བསོད་ནམས་ཆུ་བོ་དག་གིས་ངོམས་པར་མ་གྱུར་ཆབ་ཀྱི་རྒྱ་མཚོ་བཞིན། །མཚན་མོ་སྟོན་ཀའི་ཟླ་བ་ཉ་བའི་མདངས་ཀྱིས་ཉམས་དགར་གྱུར་པ་དང་། །རྫིང་བུ་

ཨུཏྤལ་རྒྱས་པ་གཉིད་བྲལ་མིག་ལ་རྔོམ་བརྗིད་བྱེད་རྣམས་དང་། །རི་བོ་ལྗོན་ཤིང་མེ་ཏོག་རྒྱས་པ་བརྒྱ་ཡིས་རྩེ་མོ་དཀྲིགས་རྣམས་ཀྱིས། །གཞན་ལ་གཅིག་ཏུ་སྨན་དགྱེས་ཁྱོད་ཀྱི་བློ་གྲོས་ཕྲོགས་པར་རྔོ་མི་ཐོགས། །འཇིག་རྟེན་སྡུག་བསྔལ་དག་གིས་སྨད་ཚེ་ཁྱོད་ནི་
ཉིད་ལ་བྱམས་པ་ཡིས། །ཡུལ་གྱི་དགའ་བསྟེན་ཉམས་སུ་བླང་བྱ་མིན་ཞེས་ཐུགས་རྗེའི་བློས་མཁྱེན་ནས། །གླིང་བཞིའི་དབང་ཕྱུག་མངའ་ཡང་ཡུལ་རྣམས་ཀྱིས་ནི་ཐུགས་ཀྱང་མི་ཕྲོགས་ལ། །ཁྱོད་ཀྱིས་གཞན་སྨན་ལྷུར་བཞེས་མཛད་པས་དུས་དག་ཤིན་ཏུ་འདས་པར་བགྱིས། །
ཕྱུག་ཅིང་འབྱོར་པ་སློང་བ་རྣམས་ཀྱིས་ལེགས་པར་སྤྱད་པར་མ་བྱས་དང་། །དུར་ཁྲོད་ལྗོན་ཤིང་མེ་ཏོག་རྒྱས་པའི་ལྗིད་ཀྱིས་གཡུར་ཟ་མཚུངས་སོ་ཞེས། །དེ་སླད་བསོད་ནམས་དམན་པའི་འབྱོར་པ་དག་ལ་སློང་རྣམས་མི་སྤྱོད་པས། །ཁྱོད་ཀྱི་དཀོར་ནོར་སློང་བ་མ་མཆིས་པ་
ནི་ཐུགས་ལ་གཅགས་པར་གྱུར། །གང་ཞིག་བརྩེ་མེད་སྲིད་པས་ཚོང་བ་བཞིན་དུ་འབྲས་བུའི་ཕྱིར་བཙལ་ནས། །དེ་ནི་འབྲས་བུ་ཡང་ནི་སློང་བ་རྣམས་ལ་སྦྱིན་པར་སྤྲོ་མ་མཆིས། །གང་གི་སླད་དུ་ཁྱོད་ཀྱི་གཏོང་བ་རྣམས་དུས་གཞན་ལ་སྨན་གྱུར་པ། །དེ་སླད་དེ་ཡི་
འབྲས་བུའང་སློང་བ་རྣམས་ཀྱིས་རང་གི་ལག་པར་བཟུང་། །རི་ངོས་ལྗོན་ཤིང་འབྲས་བུ་སྨིན་པ་དག་ཏུ་བྱ་རྣམས་ལྟ་བུ་དང་། །དགོན་པའི་རྫིང་བུ་བསྐྱེད་ཤིང་བཟང་པོས་བསྐོར་བར་ངལ་རྣམས་ལྟར། །འཛེམ་མེད་སློང་བ་དགྱེས་པ་ཁྱོད་ལ་བག་ཕེབས་འབྱོར་པ་
འཚལ་བ་ཡི། །སློངས་མོ་པ་དག་ཀུན་ནས་མྱུར་བར་མངོན་དུ་ལྷགས་ནས་སྡོད་ཅིང་མཆིས། །དཔལ་འབྱོར་འབངས་དང་བཙུན་མོ་རང་གི་ཤ་དང་སྲོག་ཀྱང་གཏོང་བ་ན། །ཁྱོད་ཀྱིས་སྲས་གཞོན་རབ་སྡུག་སྟོན་ཟླ་ཚེས་པ་དྲི་མེད་གཟུགས་ལྡན་པའང་། །སློང་བ་རྣམས་
ལ་གཏོང་བར་མཛད་ལ་བརྩོན་པར་གྱུར་པ་ཇི་ལྟ་བ། །དེ་ལྟར་གཏོང་ལ་གོམས་པ་ཁྱོད་ཀྱི་ཐུགས་ལ་བརྟན་པ་ཉིད་ཀྱང་བྱུང་། །གང་ཞིག་ཐོས་པར་གྱུར་ནའང་འཇིག་རྟེན་འདི་ལ་གནོད་པ་སྐྱེ་འགྱུར་དང་། །གང་ཡང་ཁྱོད་ཉིད་ཀྱིས་ཀྱང་ཡུན་རིང་སྐུ་ཉམས་བཞེས་པར་མི་

སྤྱོད་པའི། །སྤྱོད་པ་དེ་དག་ཁྱོད་ལ་གོམས་པས་དུས་སུ་རང་གི་ངང་ཉིད་གྱུར། །དེ་སླད་ཡོན་ཏན་དག་ནི་ཡོངས་གོམས་མ་བགྱིས་སྤེལ་བར་དཀའ་བ་ལགས། །ཇི་ལྟར་སྨན་པ་གདོན་གྱིས་ཟིན་ལ་གདོན་རྣམས་བསལ་བར་བགྱིད་སླད་དུ། །རྡེག་ཅིང་ཚིག་རྩུབ་སྨྲ་བ་སྤྱོད་ཀྱང་
ཟིན་པ་ཉིད་ལ་རྡེག་མི་བགྱིད། །དེ་ལྟར་ཁྱོད་ཀྱང་ཉོན་མོངས་ཉིད་ལ་བརྩེ་དང་བྲལ་བས་སྤྱོད་མཛད་ཀྱི། །འགྲོ་བ་ཉོན་མོངས་གྱུར་པ་ལ་ནི་ཁྱོད་ཉིད་ཐུགས་རྗེ་མཛད་པ་ལགས། །ཁྱོད་ཀྱིས་རྟག་ཏུ་ཡོན་ཏན་ནོར་ལྷག་རྣམས་ལ་གུས་པས་བསག་པ་མཛད། །མཉམ་པ་རྣམས་ལ་
ཡོན་ཏན་གོམས་པར་བགྱི་སླད་བྱམས་པའི་ཐུགས་ཀྱིས་སྤྱད། །དམན་ལ་ཐུགས་རྗེས་བརྩོན་པ་མཆོག་གིས་ཡོན་ཏན་རྣམས་བསྐྲུན་ཏེ། །འགྲོ་བ་རྣམས་ལ་ཁྱོད་ཀྱིས་ཇི་ལྟར་རིགས་པར་ལེགས་པར་མཛད་པར་ཞུགས། །ཇི་ལྟར་མ་མ་རང་ལུས་སྣ་ཚོགས་ཐབས་ཚུལ་
མང་པོ་འཛིན་བགྱིད་ཀྱང་། །གཞོན་ནུའི་ནད་བསལ་ཆེད་ལགས་དགའ་བསྐྱེད་མ་ལགས་ལུས་ཕྱིར་མ་ལགས་པ། །དེ་ལྟར་ཁྱོད་ཀྱང་བརྩོན་པ་ཆེན་པོས་ཡོན་ཏན་བདག་ཉིད་བསྐྲུན་མཛད་པ། །འགྲོ་བའི་ལོངས་སྤྱོད་ཆེད་ལགས་གྲགས་དང་གཞན་དག་ཟིལ་མནན་ཆེད་མ་ལགས། །
ཁྱོད་ཀྱི་བློ་གྲོས་གཞན་ལ་སྨན་པའི་ཐབས་མཁྱེན་མཛད་སླད་ཞུགས་གྱུར་པ། །འདི་ལྟར་ཁྱོད་ཉིད་ཐུགས་རྗེས་རྣམ་པ་དེ་དག་ཉིད་ལ་ཞུགས་ལགས་གདའ། །ཁྱོད་ནི་བརྩོན་འགྲུས་འཕགས་པས་བརྩལ་བ་ཆེ་ཡང་མཉེལ་བར་མ་གྱུར་པ། །དེ་གསུམ་དག་གིས་ཁྱོད་ཀྱིས་གཞན་སྨན་མ་
བསྒྲུབས་ཅུང་ཟད་བྱུང་མ་གྱུར། །ཁྱོད་ནི་འབད་རྩོལ་ཆེན་པོ་ཅན་གྱི་ཕྲིན་ལས་མངའ་བར་མི་བཞེད་ལ། །སྤྱོད་པ་ཤིན་ཏུ་རྨད་དུ་བྱུང་བ་གཅིག་ཏུ་བསམ་ཡས་འདི་ཡང་བྱུང་། །གང་སླད་ཁྱོད་ཀྱི་སེམས་ཅན་མ་མཆིས་པ་འདི་ཐུགས་སུ་ཆུད་གྱུར་ཀྱང་། །འདི་ལྟར་སེམས་ཅན་དོན་
གྱི་སླད་དུ་གྲངས་མེད་དུས་སུའང་སྲིད་པར་བཞུགས། །གང་སླད་ཤེས་རབ་དོན་དམ་བསྟན་ཅིང་སྙིང་རྗེ་ཀུན་རྫོབ་སྟོན་མཛད་པ། །དེ་སླད་དོན་བཞིན་དགོངས་མཛད་ཁྱོད་ལ་སེམས་ཅན་མཆིས་པ་མ་ལགས་ཀྱང་། །གང་ཚེ་ཁྱོད་ནི་སྟོབས་བཅུ་བསྐྱེད་པའི་ཐུགས་རྗེ་དག་དང་ལྡན་

གྱུར་པ། །དེ་ཚེ་འགྲོ་བ་ཉམ་ཐག་རྣམས་ལ་ཁྱོད་བྱམས་བུ་ལ་ཕ་བྱམས་བཞིན། །འགྲོ་བ་གཏུགས་དང་ཉོན་མོངས་བས་པས་བྱང་ཆུབ་མཆོག་ཐོབ་མ་མཆིས་ལ། །ཉོན་མོངས་ཕྱོགས་པས་རང་ལས་སྨན་པར་བགྱིད་པའང་ཐོབ་འགྱུར་མ་ལགས་པས། །
དེ་སླད་ཁྱོད་ཀྱིས་བྱང་ཆུབ་བརྙེས་སླད་བརྩོན་འགྲུས་བརྟན་པ་མཛད་པ་ན། །ཉོན་མོངས་ངེས་པར་མ་བསྲེགས་རན་གྱི་དུམ་བུ་བཞིན་དུ་སྤང་བར་མཛད། །ཁྱོད་ཀྱི་ཉོན་མོངས་དྲན་དང་མཁྱེན་པས་བཟུང་བས་ཡོན་ཏན་སྣ་ཚོགས་འགྲུབ། །ཉོན་མོངས་སྤང་བར་གྱུར་པ་བྱང་ཆུབ་རྒྱུར་
ཡང་ཉེ་བར་འགྱུར་ལགས་ཏེ། །འདི་ལྟར་དེ་ཡིས་ཁྱོད་བློ་ཤོལ་གོམ་ཡུལ་ཅན་དུ་ཡང་མ་བགྱིས་ལ། །འགྲོ་བ་རྣམས་སུ་སྐྱེ་བ་བརྒྱུད་པའང་ཡོན་ཏན་རྣམས་ཀྱི་ཞིང་དུ་མཛད། །འགྲོ་བ་ཉོན་མོངས་གྱུར་དང་སྡུག་བསྔལ་བརྒྱ་དག་བྱུང་བས་བཅོམ་པ་ཡིས། །རྩོལ་དང་བྲལ་
ཞིང་མགོན་མ་མཆིས་པས་གྲང་དང་གང་དུ་སྤྱོད་བགྱིད་པ། །འགྲོ་བ་དེ་ནི་ཉོན་མོངས་དགྲ་ཐུལ་ཁྱོད་ཀྱི་ཐུགས་རྗེས་སྤྱོད་པ་ན། །སྲིད་པ་ལེན་དང་སྟོང་དང་གནས་པ་དག་ལ་མངའ་དབང་མཆིས་པ་ལགས། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ནི་ཡུལ་ཅན་ཕྲ་རྒྱས་རྣམས་བཅོམ་
ནས། །དེ་དག་སྤངས་པའི་ཐབས་ཚུལ་གང་ལགས་དམ་པའི་ཚོགས་ལ་ཡུན་རིང་བཤད་པ་མཛད། །ས་གསུམ་སྨན་པའི་ཐབས་མཁས་མངའ་བ་ཁྱོད་ཀྱིས་ཕྱིར་ཡང་དྲངས་ནས་ནི། །དུད་འགྲོ་དག་ཏུའང་སྨོན་པ་མཛད་ནས་སྐྱེ་བ་བརྒྱ་ཕྲག་རྣམས་ཀྱང་མཛད། །སྔོན་
གྱི་མི་དགེའི་ཕྲིན་ལས་རྣམ་པར་སྨིན་པར་མ་ངེས་གང་ལགས་པ། །དེ་དག་དུད་འགྲོའི་འགྲོ་བར་གཤེགས་ལ་གཞོལ་བ་ཁྱོད་ལ་མངའ་མཆིས་པས། །ཁྱོད་ཀྱིས་རྣམ་སྨིན་ཆེད་དུ་དྲངས་ཏེ་ཐུགས་ལ་དགོངས་པའི་དོན་བསྒྲུབས་པ། །དྲང་སྲོང་གིས་བཤད་གསང་སྔགས་ཞི་
བས་དུག་གི་ཤུགས་དག་བཟློག་པ་བཞིན། །ཁྱོད་ཀྱིས་རྟག་ཏུ་མི་དགེའི་ཆོས་དང་གཡུལ་དག་སྤང་བར་གྱུར་པ་ན། །འགྲོ་བ་དར་མཛད་མཁས་པ་ཁྱོད་ཀྱིས་འགྲོ་བ་དེ་དང་དེར་སྤྱོད་པའི། །ཚུལ་ཁྲིམས་མ་འབད་བརྟུལ་ཞུགས་ལྡན་པ་བཞིན་དུ་གྱུར་པ་ཇི་ལྟ་བ། །དེ་

ལྟར་དམ་པའི་སྤྱོད་ལུགས་བྱང་ཆུབ་སྒྲུབ་པ་དག་ལ་གོམས་པར་མཛད། །མ་བཞིན་རེས་འགའ་འང་ཐུགས་རྗེ་དག་དང་མ་བྲལ་མགོན་མ་མཆིས་རྣམས་ཀྱིས། །སྡུག་བསྔལ་དེ་དང་དེ་དག་བསལ་སླད་འགྲོ་བ་སྡུག་བསྔལ་ཅན་དག་ཏུ། །བསྙེངས་དང་བྲལ་བར་སྤྱོད་པ་མཛད་
པ་ཁྱོད་ཀྱི་ཐབས་ལ་མཁས་པ་ནི། །བསྒྲུབ་པར་དཀའ་དང་བརྙེས་པར་དཀའ་བ་འགའ་ཡང་བྱུང་བར་མ་གྱུར་ལགས། །གང་སླད་སྣ་ཚོགས་ཐབས་ཀྱིས་འགྲོ་བ་སྡིག་པ་བྱིང་འདུལ་ཁྱོད་ལ་ནི། །དུད་འགྲོའི་འགྲོ་བ་དག་ཀྱང་བདེ་འགྲོ་བཞིན་དུ་དོན་ཆེན་ཁོ་ནར་གྱུར། །ངན་སོང་དག་ཏུ་
འཁྲུངས་ནའང་ལེགས་པར་སྤྱོད་པ་ཉམས་པ་མི་མངའ་བ། །དེ་སླད་ཁྱོད་ཀྱི་སྡིག་པའང་ཡོན་ཏན་འགྱུར་བར་དགེ་བ་ཉིད་དང་མཚུངས། །ཁྱོད་ལ་ལེགས་བརྟེན་ཁ་ཅིག་བྱང་ཆུབ་གསུམ་ལ་བློ་གྲོས་ཅི་རིགས་ཞུགས། །དེ་བཞིན་གཞན་དག་བསམ་གཏན་གཟུགས་མེད་དག་ལ་གོ་
འཕང་གཞག་པ་མཛད། །ཁ་ཅིག་གཏོང་བར་ཞུགས་ཤིང་ངེས་ཚུལ་མཆིད་ཀྱིས་འཚལ་གྱུར་པས། །ཁྱོད་ཀྱིས་འཇིག་རྟེན་དག་ལ་སྨན་ཡོན་མ་བཏགས་པ་ནི་འགའ་མ་མཆིས། །ཁྱོད་ཀྱིས་འཇིག་རྟེན་དག་ན་འགྲོ་བ་གང་རྣམས་ངེས་པར་ཐར་འཚལ་བ། །བདེ་འགྲོར་ཉེ་བར་དྲངས་ཤིང་
དགེ་བ་ཡོངས་སུ་སྨིན་པ་ཉིད་དུ་མཛད། །ཁྱོད་ཀྱིས་འགྲོ་བ་ཞི་མཛད་སླད་དུ་འགྲོ་བ་རྣམས་སུ་སྤྱོད་པ་ན། །དྲང་སྲོང་ཆེན་པོ་གཞན་དག་དུས་བཞིན་བྱུང་བས་ཞི་བར་མཛད་པ་བཞིན། །གང་སླད་ཁྱོད་ནི་འགྲོ་བའི་སྐྱེ་བ་བཅད་དང་རྫོགས་སངས་རྒྱས་མཛད་མ་གཏོགས་པར། །གཞན་
གྱིས་སྐྱེ་བ་ཞི་བར་མི་འགྱུར་སྙམ་དུ་བློ་གྲོས་ངེས་གྱུར་པ། །དེ་སླད་བྱང་ཆུབ་གཞོལ་བའི་ཐུགས་མངའ་ཁྱོད་ཀྱིས་སྲིད་རྩེ་མན་ཆད་ཀྱི། །ལམ་རྣམས་ཚུལ་བཞིན་སྟོན་པར་མཛད་པས་དུས་དག་འདས་པར་གྱུར་པ་ལགས། །གང་ཞིག་རྟོགས་པར་མ་གྱུར་པ་ཡིས་འཇིག་རྟེན་མ་རིག་
ལྡོངས་གྱུར་ལ། །འགྲོ་བ་སྡུག་བསྔལ་མང་པོར་རྒྱུ་ཞིང་འཆི་བདག་མཚམས་ལས་མི་འདའ་བའི། །འཕགས་ལམ་འཇིགས་མེད་སྔོན་གྱི་དྲང་སྲོང་ཆེ་རྣམས་རྗེས་གཤེགས་གང་ལགས་པ། །དེ་ནི་ཁྱོད་ཀྱིས་འགྲོ་བའི་སྡུག་བསྔལ་མཐར་གཏུགས་སླད་དུ་ཉིད་ཀྱིས་མཁྱེན། །ཇི་ལྟར་དུས་

མཐའི་ཚེ་ན་ཉི་མ་དུ་མས་ཆབ་བསྐམས་འཇིག་རྟེན་འདི། །ཞུགས་ཆེན་མཆེད་པ་ཁྲོས་པ་ལྟ་བུས་ཐལ་བ་དག་ཀྱང་སྲེག་བགྱིད་པ། །དེ་ལྟར་དྲེགས་བྲལ་ཁྱོད་ཀྱིས་ཉོན་མོངས་བསྲབས་པར་གྱུར་པའི་བག་ཆགས་ཀྱང་། །ཡེ་ཤེས་ཞུགས་ཆེན་འབར་བ་དག་གིས་ངེས་པར་
བསྲེགས་པར་གྱུར་པ་ལགས། །གང་དག་ས་གསུམ་བླ་མ་རྣམས་ལ་ངེས་པར་གནས་པར་འཚལ་བ་དག །མུན་པ་ཆུང་ངུ་དང་ཡང་ལྷན་ཅིག་གནས་པར་འགལ་བ་གང་ལགས་པའི། །ཡོན་ཏན་མཐའ་ཡས་དེ་དག་མངོན་པར་སངས་རྒྱས་ཚེ་ན་དུས་གཅིག་ཏུ། །ཤིང་ལ་བྱ་རྣམས་
གནས་འཆའ་བཞིན་དུ་གྱུར་པ་ཁྱོད་ཀྱིས་གང་ལས་བརྙེས། །ཉི་མ་འོད་ཟེར་གསལ་བ་སྟོང་ལྡན་ཟླ་བ་སྤྲིན་དང་བྲལ་གྱུར་པ། །ལྷག་པར་དགའ་བར་བགྱིད་པ་ནམ་མཁའི་དཀྱིལ་ན་ངེས་པར་གནས་གྱུར་ཀྱང་། །གང་གིས་ཁེབས་པའི་འགྲོ་བ་སྲིད་པའི་དགོན་པ་ཐིབས་པོར་འཁྱམ་
བགྱིད་པའི། །མ་རིག་མུན་ནག་དེ་དག་རབ་ཏུ་ཞི་བའི་ཐབས་ཚུལ་ཁྱོད་ཀྱིས་བསྟན། །སྡུག་བསྔལ་ཁྱབ་པ་འདི་ཡིན་དེ་རབ་སྐྱེ་བར་འགྱུར་བའི་ཀུན་འབྱུང་འདི། །དེ་མཐར་གཏུགས་པ་འདི་ཡིན་དེ་རྟོགས་གྱུར་ལ་གཞོལ་བའི་ཐབས་འདི་ཞེས། །དེ་ལྟར་ཚངས་པ་ཁྱོད་ཀྱིས་དག་
པ་ཟླ་འོད་གཙང་མ་དག་ཀྱང་བསྟན། །དེ་དག་རྟོགས་བགྱིས་སྐྱེ་བ་དམན་ཡང་ཚངས་པའི་གོ་འཕང་ཐོབ་པར་འགྱུར། །ཇི་སྲིད་ཉི་མའི་སྣང་བ་གང་ལགས་དེ་ནི་ནུབ་ཀྱི་རི་དབང་གིས། །ཉི་མ་ནུབ་པར་མ་བགྱིས་དེ་སྲིད་རབ་རིབ་རབ་ཏུ་ཞི་བར་བགྱིད། །ཁྱོད་ཀྱིས་སྐྱེ་ཤི་མཐར་
གཏུགས་བགྱི་སླད་ཐབས་ཚུལ་བསྟན་པ་གང་ལགས་པ། །དེ་ནི་ཁྱོད་ཉིད་ཞི་བར་གཤེགས་ཀྱང་སྙིང་གི་མུན་ནག་ཞི་མཛད་ལགས། །དེ་ལྟར་ཚངས་པའི་གཙོ་བོ་ལྷ་ཡི་བླ་མར་གྱུར་པ་ཚངས་གཏེར་གྱིས། །བསྟོད་བགྱིས་བསྟོད་པར་འོས་པ་བདེ་གཤེགས་མངོན་སུམ་བཞུགས་
བཞིན་བསྟོད་བགྱིས་པས། །བདག་གི་བསོད་ནམས་གཏེར་དག་བསགས་པ་གང་ལགས་དེ་ཡིས་འགྲོ་བ་རྣམས། །དྲང་སྲོང་ཆེན་པོ་རྣམས་ཀྱིས་དགོངས་པའི་ལེགས་པ་གང་ལགས་དེར་གྱུར་ཅིག །ཡོན་ཏན་མཐའ་ཡས་པར་བསྟོད་པ་སློབ་དཔོན་དཀོན་མཆོག་འབངས་

ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙ་དེ་བ་དང་། ལོ་ཙཱ་བ་བནྡེ་རིན་ཆེན་མཆོག་གིས་བསྒྱུར། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། གུ་ཎ་ཨ་པརྱནྟ་སྟོ་ཏྲ་
ཊཱི་ཀཱ། བོད་སྐད་དུ། ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཡོན་ཏན་མཐའ་མི་འཚལ་ཞེས་བྱ་བ་གླེང་བསླང་བའི་ཚིགས་སུ་བཅད་པ་འདིས་ནི་བསྡུས་པའི་དོན་བཞི་པོ་འདི་ལྟ་སྟེ། ཡོན་ཏན་ཡོངས་སུ་མི་ཤེས་
པ་དང་། སྒྲོ་འདོགས་པ་མེད་པར་བྱ་བ་དང་། ང་རྒྱལ་མེད་པར་བྱ་བ་དང་། འདོད་པའི་དོན་བསྒྲུབ་པར་བྱ་བ་རྣམས་བསྟན་ཏོ། །དེ་ལ་དང་པོས་ནི་ཡོན་ཏན་ཡོངས་སུ་མི་ཤེས་པ་བསྟན་ཏོ། །གང་སླད་འགྲོ་འདིས་ཁྱོད་ལ་བསྟོད་པ་བགྱིས་ཀྱང་ཞེས་བྱ་བ་འདིས་ནི་སྒྲོ་འདོགས་པ་མེད་པ་
ཉིད་དོ། །རབ་ཏུ་ཆུང་ཡང་ཞེས་བྱ་བ་འདིས་ནི་ང་རྒྱལ་མེད་པ་ཉིད་དོ། །དོན་འདིར་བདག་ནི་བློ་གྲོས་རབ་ཏུ་ཆུང་ཡང་བརྩོན་པ་ལགས། ཞེས་བྱ་བ་འདིས་ནི་འདོད་པའི་དོན་བསྒྲུབ་པར་བྱ་བ་བསྟན་ཏོ། །དེ་ལ་ངན་སོང་གནས་ནའང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་བཅུས་
བསྟོད་པ་རྩོམ་པར་བྱེད་དོ། །དེ་ལ་བསྟོད་པ་ནི་ཐུན་མོང་མ་ཡིན་པའི་ཡོན་ཏན་རྗོད་པར་བྱེད་པའོ། །དེ་ཡང་གནས་སྐབས་གསུམ་པོ་རྒྱུའི་གནས་སྐབས་དང་། འབྲས་བུའི་གནས་སྐབས་དང་། སེམས་ཅན་གྱི་དོན་བྱེད་པའི་གནས་སྐབས་རྣམས་དང་ལྡན་པ་ཡིན་ནོ། །དེ་ལ་རྒྱུའི་
གནས་སྐབས་ནི་སེམས་བསྐྱེད་པ་ལ་སོགས་པ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བར་དག་ཡིན་ནོ། །འབྲས་བུའི་གནས་སྐབས་ནི་ཡང་དག་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་བསྐྱེད་པ་དང་། སྐྱོན་དང་ཡོན་ཏན་ཐམས་ཅད་སྤངས་ཤིང་བརྙེས་པའི་གནས་སྐབས་ཡིན་
ནོ། །སེམས་ཅན་གྱི་དོན་བྱ་བའི་གནས་སྐབས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་བསྟན་པ་ནས་ནུབ་པ་ལ་ཐུག་པའི་བར་དག་ཡིན་ནོ། །དེ་ལ་རྒྱུའི་གནས་སྐབས་ནི་བསམ་པའི་གནས་སྐབས་དང་། སྦྱོར་བའི་གནས་སྐབས་དང་། དབང་མཛད་པའི་གནས་སྐབས་

རྣམས་སོ། །བསམ་པའི་གནས་སྐབས་ནི་གཞན་གྱི་དོན་ལ་འཇུག་པར་འགྱུར་བའི་སྨོན་ལམ་གང་ཡིན་པའོ། །དེའི་ཉེ་བར་བསྟན་པ་ཡང་བཞི་སྟེ། སྡུག་བསྔལ་བསྐྱེད་པ་ལ་སོ་སོར་རྟོག་པ་དང་། ཕན་བཏགས་པ་ལ་སོ་སོར་རྟོག་པ་དང་། གྲོགས་
བྱས་པ་ལ་སོ་སོར་རྟོག་པ་དང་ཡང་དག་པར་ལོངས་སྤྱད་པ་ལ་སོ་སོར་རྟོག་པའོ། །བྱང་ཆུབ་ཀྱི་སྨོན་ལམ་དེའི་རྒྱུ་བཞི་སྟེ། རིགས་དང་དགེ་བཤེས་སྙིང་རྗེ་དང་། །སྡུག་བསྔལ་རྣམས་ཀྱིས་མི་ལྡོག་པ། །རྒྱུ་བཞི་རྐྱེན་ནི་འདི་དག་གིས། །བྱང་ཆུབ་སེམས་ནི་རབ་ཏུ་འཇུག །
ཅེས་གསུངས་པ་དག་སྟེ། དེ་ལྟར་ན་དོན་བཅུས་ནི་བསམ་པ་བསྟན་ཏོ། །དེ་ལ་ངན་སོང་གནས་ནའང་ཞེས་བྱ་བ་འདིས་ནི་གཞན་གྱི་དོན་ལ་འགྱུར་བའི་སྨོན་ལམ་བསྟན་ཏོ། །དེའི་ཉེ་བར་རྟོག་པ་བཞི་སྟེ། རེ་ཞིག་དེ་ལ་སྡུག་བསྔལ་རྣམས་ཀྱིས་སྨས་པའི་སེམས་ཅན་ལ་ཞེས་བྱ་བ་
འདི་དག་ནི་སྡུག་བསྔལ་བསྐྱེད་པ་ལ་སོ་སོར་རྟོག་པའོ། །མ་རིག་ལྡོངས་པས་ཞེས་བྱ་བ་འདི་དག་ནི་ཕན་བཏགས་པ་ལ་སོ་སོར་རྟོག་པའོ། །སྔོན་ཆད་འཁོར་བར་ཞེས་བྱ་བ་འདི་དག་ནི་གྲོགས་བྱས་པ་ལ་སོ་སོར་རྟོག་པའོ། །ལོངས་སྤྱད་འདས་དགོངས་ཞེས་བྱ་བ་འདི་དག་ནི་
ཡང་དག་པར་ལོངས་སྤྱད་པ་ལ་སོ་སོར་རྟོག་པའོ། །གང་སླད་འགྲོ་བ་མྱ་ངན་མ་འདས་ཞེས་བྱ་བ་འདི་དག་ནི་བྱང་ཆུབ་ཀྱི་སྨོན་ལམ་ཡིན་ནོ། །དེའི་རྒྱུ་ཡང་རྣམ་པ་བཞི་སྟེ། དེ་ལ་རེ་ཞིག་སྨད་པའི་གནས་སྐབས་དག་ཏུ་ཞེས་བྱ་བ་འདི་དག་ནི་རིགས་ཡོད་པ་ཉིད་ཡིན་ནོ། །གང་སླད་
གལ་ཏེ་རང་ལ་རག་ལས་ཞེས་བྱ་བ་འདི་དག་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པའོ། །ཉོན་མོངས་ཆུ་བོ་རབ་འཁྲུག་ཅེས་བྱ་བ་འདི་དག་ནི་སྙིང་རྗེ་ཡིན་ནོ། །འཇིག་རྟེན་འདི་དག་རང་ལའང་ཞེས་བྱ་བ་འདི་དག་ནི་སྡུག་བསྔལ་གྱིས་མི་ལྡོག་པ་ཡིན་ཏེ། དེ་ལྟར་ཚིགས་སུ་བཅད་པ་
བཅུས་དོན་བཅུ་བསྟན་པ་ཡིན་ནོ། །བསམ་པའི་གནས་སྐབས་ཀྱི་ལེའུ་སྟེ་དང་པོའོ།། །།སྦྱོར་བའི་གནས་སྐབས་ཞེས་བྱ་བ་ཡང་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ཇི་སྙེད་པ་ཡིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ། མོས་པས་སྤྱོད་པ་རྣམས་ཀྱི་དང་། ས་ཐོབ་པ་རྣམས་

ཀྱིའོ། །དེ་ལ་རེ་ཞིག་མོས་པས་སྤྱོད་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བཅུ་སྟེ། འདི་ལྟར་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གོ། །
དེ་ལ་གང་ཞིག་སྐྱེ་བོ་དམན་དང་ཕོངས་པ་རེ་བའི་བསམ་ལྡན་མཐོང་ན་ཡང་། །ཞེས་བྱ་བ་འདི་དག་གིས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །རིགས་པར་ལྡན་པའི་ཚིག་སྨྲ་ཡང་ཞེས་བྱ་བ་འདི་དག་གིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །གང་སླད་མཁས་པ་རྣམས་ཀྱི་མི་
དགེའི་ལས་ཀྱང་ཞེས་བྱ་བ་འདི་དག་གིས་ནི་མི་མཐུན་པའི་ཕྱོགས་སྤངས་པའི་སྒོ་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །བདག་ཉིད་ཞི་བར་བགྱི་སླད་ཅེས་བྱ་བ་འདི་དག་གིས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །སྦྱིན་པར་བཞེད་པ་མ་སྤངས་ཞེས་བྱ་བ་འདི་དག་གིས་
ནི་མི་མཐུན་པའི་ཕྱོགས་སྤངས་པའི་སྒོ་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །བདག་བསྟོད་མ་མཛད་ལ་ཞེས་བྱ་བ་འདི་དག་གིས་ནི་མི་མཐུན་པའི་ཕྱོགས་སྤངས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །སྲིད་དང་ཉོན་མོངས་སྐྱོ་བས་ཞེས་བྱ་བ་འདི་དག་དང་།
ཤེས་རབ་ལ་སོགས་ཡོན་ཏན་ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་གཉིས་ཀྱིས་བརྒལ་བ་དང་། ལན་དང་བཅས་པར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །དུས་འགའ་འང་བྱུང་མ་གྱུར་ཞེས་བྱ་བ་འདི་དག་གིས་ནི་ཕུན་སུམ་ཚོགས་པ་རྫོགས་པར་འགྱུར་བའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་
བསྟན་ཏོ། །མཚན་མོ་སྟོན་ཀའི་ཟླ་བ་ཞེས་བྱ་བ་འདི་དག་གིས་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །འཇིག་རྟེན་སྡུག་བསྔལ་དག་གིས་སྨས་ཚེ་ཞེས་བྱ་བ་འདི་དག་གིས་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །མོས་པས་སྤྱོད་པ་རྣམས་ཀྱི་སྦྱོར་བའི་གནས་སྐབས་ཏེ་ལེའུ་གཉིས་
པའོ།། །།ས་ཐོབ་པ་རྣམས་ཀྱི་སྦྱིན་པ་ནི་ཕུན་སུམ་ཚོགས་པ་རྫོགས་པ་བཞི་དང་ལྡན་པ་ཡིན་ཏེ། བསམ་པ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་དང་། ལེན་པ་པོ་ཕུན་སུམ་ཚོགས་པ་དང་། སྦྱིན་པར་བྱ་བ་ཕུན་སུམ་ཚོགས་པའོ། །ཕྱུག་ཅིང་འབྱོར་པ་ཞེས་

བྱ་བ་འདི་དག་གིས་ནི་བསམ་པ་ཕུན་སུམ་ཚོགས་པ་ཉིད་དོ། །སྦྱིན་པར་སྤྲོ་མ་མཆིས་ཞེས་བྱ་བ་འདི་དག་གིས་ནི་སྦྱོར་བ་ཕུན་སུམ་ཚོགས་པའོ། །རི་ངོས་ལྗོན་ཤིང་འབྲས་བུ་སྨིན་པ་དག་ཏུ་བྱ་རྣམས་ལྟ་བུ་ཞེས་བྱ་བ་འདི་དག་གིས་ནི་ལེན་པ་པོ་ཕུན་སུམ་ཚོགས་པའོ། །
དཔལ་འབྱོར་འབངས་དང་བཙུན་མོ་ཞེས་བྱ་བ་འདི་དག་གིས་ནི་སྦྱིན་པར་བྱ་བ་ཕུན་སུམ་ཚོགས་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་འདི་ལ་གནོད་པ་སྐྱེ་ཞེས་བྱ་བ་འདི་དག་གིས་ནི་རང་བཞིན་ཡོངས་སུ་དག་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་སྨན་པ་གདོན་
གྱིས་ཟིན་ལ་ཞེས་བྱ་བ་འདི་དག་གིས་ནི་རྣམ་པར་རྟོག་པ་དང་བྲལ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཁྱོད་ཀྱིས་རྟག་ཏུ་ཡོན་ཏན་ནོར་ལྷག་རྣམས་ལ་གུས་པས་ཞེས་བྱ་བ་འདི་དག་གིས་ནི་ཐབས་ཀྱིས་རྒྱས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་མ་མ་རང་ལུས་ཞེས་བྱ་བ་འདི་དག་
གིས་ནི་སྐྱེ་བས་སྟོང་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ཁྱོད་ཀྱི་བློ་གྲོས་ཞེས་བྱ་བ་འདི་དག་གིས་ནི་ཐབས་དང་བཅས་པའི་བརྩོན་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕྲིན་ལས་མངའ་བར་མི་བཞེད་ཅེས་བྱ་བ་འདི་དག་དང་
གང་སླད་ཤེས་རབ་དོན་དམ་ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་བརྒལ་བ་དང་ལན་དང་བཅས་པར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་ཚིགས་སུ་བཅད་པ་བཅུ་གཅིག་གིས་ས་ཐོབ་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བསྟན་པ་ཡིན་ནོ། །ས་ཐོབ་པ་རྣམས་ཀྱི་སྦྱོར་བའི་གནས་
སྐབས་ཏེ་ལེའུ་གསུམ་པའོ།། །།དེ་ལ་མངའ་དབང་མཛད་པ་ནི་ལྔ་སྟེ། ཉོན་མོངས་པ་དང་། སྐྱེ་བ་དང་། ལས་དང་། ཐབས་དང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དག་གོ། །དེ་ལ་ཉོན་མོངས་བས་པས་བྱང་ཆུབ་ཅེས་བྱ་བ་འདི་དག་གིས་ནི་ཉོན་མོངས་པ་
ལ་མངའ་དབང་མཛད་པ་བསྟན་ཏོ། །དྲན་དང་མཁྱེན་པས་གཟུང་བས་ཞེས་བྱ་བ་འདི་དག་གིས་ནི་དེའི་དགོས་པའོ། །འགྲོ་བ་ཉོན་མོངས་གྱུར་ཞེས་བྱ་བ་འདི་དག་གིས་ནི་སྐྱེ་བ་ལ་མངའ་དབང་མཛད་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་ནི་ཡུལ་ཅན་ཕྲ་རྒྱས་རྣམས་བཅོམ་ནས། །

ཞེས་བྱ་བ་དེ་དག་གིས་ནི་དེའི་དགོས་པའོ། །སྔོན་གྱི་མི་དགེའི་ཕྲིན་ལས་ཞེས་བྱ་བ་འདི་དག་གིས་ནི་ལས་ལ་མངའ་དབང་མཛད་པའོ། །དེ་བཞིན་དུ་མི་དགེའི་ཞེས་བྱ་བ་འདི་དག་གིས་ནི་དེའི་དགོས་པའོ། །མ་བཞིན་རེས་འགའ་ཐུགས་རྗེ་དག་དང་མ་བྲལ་ཞེས་བྱ་བ་འདི་དག་གིས་ནི་ཐབས་
ལ་མངའ་དབང་མཛད་པའོ། །གང་སླད་སྣ་ཚོགས་ཐབས་ཀྱིས་ཞེས་བྱ་བ་འདི་དག་གིས་ནི་དེའི་དགོས་པའོ། །ཁ་ཅིག་བྱང་ཆུབ་གསུམ་ལ་བློ་གྲོས་ཅི་རིགས་ཞུགས་ཞེས་བྱ་བ་འདི་དག་གིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མངའ་དབང་མཛད་པའོ། །ངེས་པར་ཐར་འཚལ་
བ་ཞེས་བྱ་བ་འདི་དག་གིས་ནི་དེའི་དགོས་པའོ། །གང་སླད་ཁྱོད་ནི་འགྲོ་བའི་སྐྱེ་བ་བཅད་དང་ཞེས་བྱ་བ་འདི་དག་གིས་ནི་རྒྱུ་ཡོངས་སུ་རྫོགས་པའོ། །མངའ་དབང་མཛད་པ་བསྟན་པའི་རྒྱུའི་གནས་སྐབས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།འཇིག་རྟེན་མ་རིག་ལྡོངས་གྱུར་ལ། །
ཞེས་བྱ་བ་འདི་དག་གིས་ནི་ལམ་གྱི་ཡེ་ཤེས་བསྐྱེད་པ་བསྟན་ཏོ། །ཉི་མ་དུ་མས་ཞེས་བྱ་བ་འདི་དག་གིས་ནི་ཉོན་མོངས་པ་སྤངས་པའོ། །ལྷན་ཅིག་གནས་པར་འགལ་བ་ཞེས་བྱ་བ་འདི་དག་གིས་ནི་ཡོན་ཏན་བརྙེས་པ་བསྟན་ཏོ། །འདི་དག་རྣམས་ཀྱིས་ནི་སྐྱོབ་པའི་འབྲས་བུའི་གནས་སྐབས་
ཀྱི་བསྟོད་པ་བསྟན་ཏོ། །འབྲས་བུའི་གནས་སྐབས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ལ་ནམ་མཁའི་དཀྱིལ་ན་ཞེས་བྱ་བ་འདི་དག་གིས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་དག་པར་བསྟན་ཏོ། །སྡུག་བསྔལ་ཁྱབ་པ་འདི་ཡིན་ཞེས་བྱ་བ་འདི་དག་གིས་ནི་ཆོས་སྟོན་པའི་རང་བཞིན་བསྟན་ཏོ། །
ཇི་སྲིད་ཉི་མའི་སྣང་བ་ཞེས་བྱ་བ་འདི་དག་གིས་ནི་ཡུན་དུ་གནས་པ་ཡང་དག་པར་བསྟན་ཏོ། །དེ་ལྟར་ན་དོན་གསུམ་དང་ལྡན་པས་ནི་སེམས་ཅན་གྱི་དོན་མཛད་པའི་གནས་སྐབས་བསྟན་པ་ཡིན་ནོ། །སེམས་ཅན་གྱི་དོན་མཛད་པའི་གནས་སྐབས་ཀྱི་ལེའུ་སྟེ་དྲུག་པའོ།། །།ཐ་མས་
ནི་ཡོངས་སུ་བསྔོ་བ་བསྟན་ཏོ། །དེ་ལྟར་རྒྱུ་དང་འབྲས་བུ་དང་། སེམས་ཅན་གྱི་དོན་མཛད་པའི་གནས་སྐབས་ཀྱི་སྨོན་ལམ་ཇི་སྲིད་པར་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཡིན་ནོ། །ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་

རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། གུ་ཎ་ཨ་པརྱནྟ་སྟོ་ཏྲ་བ་ཏུ་ཀཱ་རི་ཀཱ། བོད་སྐད་དུ། ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཡོན་ཏན་མི་ཤེས་སྒྲོ་དག་དང་། །
ང་རྒྱལ་མེད་དང་འདོད་དོན་བསྒྲུབ། །ཚིགས་བཅད་དོན་བཞི་ལྡན་པ་ཡིས། །བསྟོད་པའི་གླེང་ནི་བསླང་བ་བསྟན། །རྒྱུ་དང་འབྲས་བུ་གཞན་དོན་གྱིས། །བསྟོད་པའི་དོན་རྣམས་ཐམས་ཅད་བསྡུས། །དེ་ལ་དང་པོ་བྱང་ཆུབ་རྒྱུ། །འབྲས་བུ་སེམས་ཅན་དོན་ཉིད་བསྟན། །བསྟན་པ་སྦྱོར་
བ་དབང་མཛད་པའི། །གནས་སྐབས་གསུམ་གྱིས་རྒྱུ་བསྟན་ཏོ། །གཞན་དོན་བྱང་ཆུབ་སྨོན་ལམ་གྱི། །རང་བཞིན་གྱིས་ནི་བསམ་པ་སྟེ། །ཚིགས་བཅད་ལྔ་དང་ལྔ་རྣམས་ཀྱིས། །དེའི་རྒྱུ་བཞི་དང་བཅས་པ་བསྟན། །མི་འདོད་པ་དང་འདོད་པ་དང་། །གྲོགས་དང་ལོངས་སྤྱོད་བྱས་
པས་བསྟན། །རིགས་དང་དགེ་བཤེས་སྙིང་རྗེ་དང་། །སྐྱོན་མེད་བསམས་པ་གཉིས་ཀྱི་རྒྱུ། །དེ་མིན་དེ་ཉིད་སར་གནས་པས། །འདིར་ནི་སྦྱོར་བ་རྣམ་གཉིས་བྱས། །སྔ་མའི་ཕ་རོལ་ཕྱིན་པ་བཅུ། །གཞན་གྱི་ཕ་རོལ་ཕྱིན་པ་བདུན། །ཚིགས་བཅད་དྲུག་གིས་དྲུག་རྣམས་སྟོན། །
གཉིས་ཀྱིས་གཅིག་ཡིན་གསུམ་གྱིས་གཞན། །དང་པོའི་ཁྱད་པར་བསམ་པ་དང་། །སྦྱོར་བ་ལེན་པ་སྦྱིན་བྱ་བའོ། །དང་པོ་ལྔ་ནི་རེ་རེ་ཡིས། །ཟག་མེད་གཞན་ནི་གཉིས་ཀྱིས་སོ། །ཉོན་མོངས་པ་དང་སྐྱེ་དང་ལས། །ཐབས་དང་རབ་ཏུ་སྨིན་བྱ་བ། །དབང་མཛད་ལྔ་ནི་དགོས་
བཅས་པར། །གཉིས་གཉིས་གཉིས་གཉིས་གསུམ་གྱིས་སོ། །དེ་ལ་ཁ་ཅིག་དངོས་མ་གསུངས། །མི་མཐུན་ཕྱོགས་ཟད་པ་ལ་ཡིན། །འབྲས་བུ་གསུམ་སྟེ་བྱང་ཆུབ་དང་། །ཉེས་དང་ཡོན་ཏན་སྤངས་འབྱོར་པའོ། །གཞན་དོན་གསུམ་སྟེ་ཆོས་བསྟན་དང་། །དེ་མཉམ་པ་དང་
ཡུན་རིང་གནས། །ཐ་མས་ཡོངས་སུ་བསྔོ་བ་སྟེ། །བསྟོད་པའི་དོན་ནི་བསྡུས་པ་བསྟན། །ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙ་དེ་བ་དང་། ལོ་ཙཱ་བ་

བནྡེ་རིན་ཆེན་མཆོག་གིས་བསྒྱུར། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏས་ཞུས་ནས་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བུདྡྷ་སྱ་ནིརྦཱ་ཎ་སྟོ་ཏྲཾ། བོད་སྐད་དུ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་ལ་བསྟོད་པ།
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་སེར་སྐྱའི་གཞིར་ནི་ཤཱཀྱའི་རིགས་སུ་འཁྲུངས། །གང་གིས་མཉམ་དགར་བྱང་ཆུབ་དམ་པ་ཐུགས་སུ་ཆུད། །གང་གིས་ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། །སཱ་ལའི་ཚལ་དུ་མྱ་ངན་འདས་གྱུར་དེ་བསྟོད་པ། །ཀྱི་ཧུད་
སྙིང་རྗེ་ལྡན་མགོན་རྒྱལ་བའི་སྡིག་པ་ཞི། །ཀྱི་ཧུད་སེམས་ཅན་མཉེས་གཤིན་ཁ་ལོས་སྒྱུར་བཟང་མཆོག །ཀྱི་ཧུད་དེད་དཔོན་ཞི་བའི་ལམ་གྱུར་སྟོན་པ་པོ། །ཀྱི་ཧུད་སྡུག་དང་མི་སྡུག་ཐུགས་སྙོམས་འཇིག་རྟེན་གཉེན། །ཀྱི་ཧུད་མུན་ནག་གིས་བསྒྲིབས་མིག་ཅན་འཇིག་རྟེན་
སྤྱན། །ཀྱི་ཧུད་ཐུབ་ཆེན་གྲུ་ཡིས་འཇིག་རྟེན་སྒྲོལ་མཛད་པ། །ཀྱི་ཧུད་སཱ་ལའི་ཚལ་དུ་ཅི་ཕྱིར་མྱ་ངན་འདས། །ཁྱོད་ཞལ་ཟླ་རྒྱས་པདྨ་ཁ་ཕྱེ་འདྲ་བ་དང་། །ཨུཏྤལ་རྒྱས་པ་ལྟ་བུའི་སྤྱན་ལྡན་སྐུ་ཉིད་ཀྱང་། །གསེར་གྱི་རི་འདྲ་མཚན་རྣམས་རྫོགས་པ་སུས་མཐོང་འགྱུར། །ཀྱི་ཧུད་
འོད་འདྲའི་གཟུགས་མཆོག་འདི་མ་མཐོང་བས་སྡུག་བསྔལ་ལོ། །སྔོན་ཚེ་རྒྱ་ཆེན་ལམ་གྱི་རང་བཞིན་གཟིངས་བཅས་ཏེ། །ཉིད་ཀྱི་དོན་དང་འགྲོ་བ་ཆེན་པོའི་གཞན་དོན་མཛད། །སྲོག་ཆགས་བརྒྱ་ཕྲག་མང་པོ་ཐར་དང་མཐོ་རིས་བཀོད། །ཀྱི་ཧུད་མི་རྟག་མེ་ཚོགས་དག་གིས་ཟད་
མཐར་གྱུར། །དག་པའི་རྫིང་ཡངས་ཚུལ་ཁྲིམས་ཆུ་ཡིས་བསིལ་བར་བལྟམས། །རྫོགས་པའི་སངས་རྒྱས་ཆོས་ཀྱི་ཆུ་སྲིན་ངུར་པས་ཁྱབ། །དགེ་སློང་དམ་པ་གཞན་ཚོགས་བརྒྱ་ཡིས་ཉེ་བར་བསྟེན། །ཀྱི་ཧུད་བདེ་འགྲོའི་འབབ་སྟེགས་སྐམ་ལ་བདག་ཕྱག་འཚལ། །སྤྱོད་པའི་
རྩ་བ་བརྟན་ཞིང་དྲན་པའི་སྡོང་པོས་མཛེས། །བྱང་ཆུབ་ཡན་ལག་མེ་ཏོག་ཁ་བྱེ་བཟོད་ཡལ་ག །ངོ་ཚའི་འདབ་རྒྱས་བདུད་རྩི་འབྲས་བུས་མཆོག་གཡུར་ཟ། །ཀྱི་ཧུད་བདེ་གཤེགས་ཤིང་འགྱེལ་གྱུར་ལ་བདག་ཕྱག་འཚལ། །རྡུལ་མེད་མྱ་ངན་འདས་པ་ནམ་མཁའི་ངོས་ལེགས་བཞུགས། །

སློབ་མ་ཚུལ་ཁྲིམས་ལེགས་གནས་དཀྱིལ་འཁོར་སྐར་མ་ཅན། །འཕགས་ལམ་སྐྱེད་བྱེད་བློ་མིག་ཡིད་འོང་ཟླ་ཟེར་ཅན། །ཀྱི་ཧུད་བདེ་གཤེགས་ཟླ་བ་ནུབ་ལ་བདག་ཕྱག་འཚལ། །གཏི་མུག་མུན་ནག་སེལ་མཛད་ཡོན་ཏན་འོད་ཟེར་ལྡན། །གདུལ་བྱའི་ཚོགས་ཀྱི་རྫིང་
གི་པདྨ་ཁ་འབྱེད་ཅིང་། །ལྟ་བ་དྲུག་ཅུ་རྩ་གཉིས་དྲི་མའི་འདམ་སྐེམས་མཛད། །ཀྱི་ཧུད་བདེ་གཤེགས་ཉི་མ་ནུབ་ལ་བདག་ཕྱག་འཚལ། །བྱམས་མཆོག་སྐུ་མངའ་འཕགས་པའི་བདེན་བཞིའི་ཞབས་དང་ལྡན། །ཞི་གནས་ལྷག་མཐོང་ལྷ་ཡི་སྤྱན་གཉིས་དང་ལྡན་ཞིང་། །དད་པ་རབ་
སྐྱེད་རྣམ་དག་གྲོལ་བའི་འགྲོས་ཀྱིས་བཞུད། །ཀྱི་ཧུད་བདེ་གཤེགས་གླང་ཆེན་ཞིར་གཤེགས་བདག་ཕྱག་འཚལ། །སེམས་ཅན་མེད་པ་སྒྲ་སྒྲོགས་མུ་སྟེགས་རི་དགས་འཇོམས། །ངོ་མཚར་རལ་པའི་ཚོགས་མངའ་འཕྱང་བས་སྐུ་ལ་བརྒྱན། །ཤེས་རབ་མཆེ་བ་རབ་རྣོ་ཚུལ་ཁྲིམས་
དགེ་བའི་ཞབས། །ཀྱི་ཧུད་བདེ་གཤེགས་སེང་གེ་ཞིར་གཤེགས་བདག་ཕྱག་འཚལ། །སངས་རྒྱས་མྱ་ངན་ཡོངས་འདས་ཁྱོད་ལ་བདག་བསྟོད་པས། །བསོད་ནམས་རྒྱ་ཆེན་འབྲས་བུ་མཐའ་ཡས་གང་བསགས་པ། །དེས་ནི་བདག་གིས་གནས་མཆོག་དམ་པ་ཐོབ་གྱུར་ནས། །ཁྱེད་
འདྲ་ཁོ་ནར་འགྲོ་ལ་ཕན་པ་བགྱིད་གྱུར་ཅིག །སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་ལ་བསྟོད་པ་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དེ་ཤ་ན་སྟ་བ། བོད་སྐད་དུ། བཤགས་
པའི་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྨན་པའི་རྒྱལ་པོ་མཉམ་མེད་འགྲོ་བའི་བླ། །ཉེས་པ་ཀུན་བྲལ་ཡོན་ཏན་འབྱུང་བའི་གནས། །སྐྱབས་ཁྱེད་ཉེ་བར་དམིགས་ནས་རྟག་ན་བ། །རང་གི་ཉེས་པའི་འགྱུར་བརྗོད་བཤགས་པར་བགྱི། །ཤིན་ཏུ་རྒལ་
དཀའ་ཆུ་བོའི་རྒྱུན་འདྲ་ཞིང་། །ཏོག་དང་དཔྱོད་པ་ངན་པའི་དབའ་རླབས་ཅན། །ཉོན་མོངས་ཆུ་སྲིན་འཛིན་ཁྲིས་དཀྲུགས་པ་ན། །བདག་གི་རང་གི་སེམས་ལའང་ཞི་མ་མཆིས། །འདོད་ཆགས་རྒྱ་མཚོའི་དབའ་རླབས་ཆེར་འཁྲུགས་ཚེ། །གལ་ཏེ་མི་གཙང་གཟིངས་ལ་བསྟེན་གྱུར་ན། །

དེར་ནི་བདག་ཡིད་ཞེ་སྡང་མེ་ཡིས་ནི། །རྩྭ་སྐམས་བཞིན་དུ་ངེས་བསྲེགས་ཉེ་བར་བཅོམ། །ཞེ་སྡང་མེ་ཡི་གདུང་བ་ཞི་བྱའི་ཕྱིར། །གལ་ཏེ་བྱམས་པའི་རྫིང་ནི་བསྒོམས་གྱུར་ཀྱང་། །དེར་ནི་སྐྱེ་བོ་ཐམས་ཅད་བདེར་འདོད་པའི། །ཆགས་པའི་འདམ་གྱིས་ཡིད་ནི་ཟིན་པར་གྱུར། །
ཆགས་པའི་འདམ་གྱི་དྲི་མ་དག་བྱའི་ཕྱིར། །གལ་ཏེ་དེ་ནི་བཏང་སྙོམས་ཆུས་འཁྲུ་ཡང་། །དེར་ནི་འགྲོ་ཀུན་ཉམ་ཐག་སེལ་བ་ཡི། །འཇིག་རྟེན་མགོན་པོ་སྙིང་རྗེའང་རྣམ་པར་ཉམས། །གཙོ་བོ་གལ་ཏེ་སྙིང་རྗེ་སྒོམ་པ་ན། །བདག་ནི་མྱ་ངན་ཆེན་པོ་ཀུན་དུ་སྐྱེ། །འདི་ནི་ཞི་ཕྱིར་གལ་ཏེ་
དགའ་བསྟེན་ན། །གཡོ་བའི་སེམས་ནི་དགོད་པ་ཉིད་དུ་གྱུར། །གལ་ཏེ་དགའ་བ་ཞི་ཕྱིར་སྐྱོ་བསྐྱེད་ན། །དེ་རུ་སེམས་ནི་དབང་མེད་ཞུམ་པར་གྱུར། །གལ་ཏེ་བརྩོན་པས་དམན་ལས་བསྟོད་པ་ན། །ང་རྒྱལ་དགྲ་ཡི་སྤྱོད་ཡུལ་དག་ཏུ་གྱུར། །དེ་ཡི་གཉེན་པོར་ཐམས་ཅད་སྟོང་
ཉིད་སྒོམ། །དེར་ནི་གཞན་གྱི་དོན་ལ་བརྩོན་མེད་གྱུར། །གལ་ཏེ་དེ་ཡི་དོན་དུ་ཀུན་རྫོབ་བསྟེན། །དེར་ཡིད་ནོར་གྱི་བསམ་པ་སྐྱེ་བར་གྱུར། །གལ་ཏེ་ཡིད་ནི་ནོར་སོགས་ལ་སྦྱར་ན། །ཉེས་པ་ཀུན་གྱི་ཆང་ནི་ལྡུད་འགྱུར་ཞིང་། །དྲེགས་དང་རྨོངས་པའི་གཉིད་ཀྱིས་མྱོས་པས་ན། །
མངོན་འདོད་ཐམས་ཅད་བཅོམ་པ་ཉིད་དུ་གྱུར། །གང་ཚེ་བདག་ནི་སྦྱིན་པར་འདོད་ན་ཡང་། །སེར་སྣ་སྟོབས་ཅན་གྱིས་ནི་ངེས་པར་འཛིན། །གལ་ཏེ་དེ་བསལ་ཅི་སྟེ་བྱིན་གྱུར་ནའང་། །དེ་ཚེ་ཡུན་རིང་དུས་སུ་རྗེས་སུ་འགྱོད། །གལ་ཏེ་དད་པས་སླར་ཡང་དད་བྱས་ཀྱང་། །འཇིག་
རྟེན་གཞན་གྱི་འབྲས་བུར་དེ་ལྟུང་གྱུར། །མི་རྟག་ཤེས་པས་རེ་བ་མེད་བྱས་ན། །རྒྱུ་མཚན་མེད་པས་ལེ་ལོས་རྣམ་པར་ཞུམ། །མགོན་པོ་འཇིག་རྟེན་སྡུག་བསྔལ་གྱིས་རབ་གཟིར། །སྔོན་ཚེའང་གཉེན་དུ་གྱུར་པ་ལ་བལྟས་ནས། །གལ་ཏེ་གཞན་དོན་སྤྱོད་པར་འདོད་ན་ཡང་། །
བདག་ཏུ་འདུ་ཤེས་པ་ཡིས་དབང་མེད་འཛིན། །བདག་ཏུ་ལྟ་བའི་རྗེས་སུ་ང་རྒྱལ་འབྲང་། །དེ་ནི་ངའི་ཞེས་ཡོངས་སུ་འཛིན་པར་བྱེད། །དེར་ནི་ང་རྒྱལ་དྲེགས་དང་འདོད་སོགས་ཀྱིས། །ཁྲོས་པའི་དགྲ་བཞིན་དུ་ནི་རྣམ་པར་འཇོམས། །གང་ཚེ་བདུད་ཀྱི་སྡེ་ལྟར་འཇིགས་པ་ཡི། །

ཉོན་མོངས་དྲ་བ་ཀུན་ནས་བདོ་གྱུར་པ། །དེ་ཚེ་དུས་མཚན་མི་བཟད་ལྟ་བུར་ནི། །ནག་པོའི་ཕྱོགས་ཀྱི་མུན་པ་རྣམ་པར་འཕེལ། །སྡིག་པ་བརྗོད་བགྱི་རྗེས་འགྱོད་བརྣག་དཀའ་ཞིང་། །སྐྱེ་བ་སྡུག་བསྔལ་འགྱུར་བ་མི་བཟད་ལགས། །དེ་ལས་ལྷག་པའི་རབ་གནོད་ཅི་
ཞིག་མཆིས། །དེ་ལྟར་ན་ཡང་དེ་ལ་རང་ཉིད་སྤྱོད། །གལ་ཏེ་སྣ་ཚོགས་སྡུག་བསྔལ་རྒྱུར་གྱུར་པའི། །གཞན་ལ་གནོད་བྱེད་པ་ལས་བཟློག་པ་ན། །སྐྱེ་བོ་ངན་པ་ཉེས་མེད་དགྲར་གྱུར་པ། །རལ་གྲིའི་སོ་ལྟར་གདུག་པས་དེ་འཁྲུགས་བྱེད། །གང་ཚེ་བདག་ཡིད་བཟོད་བྱེད་འདོད་ན་ཡང་། །
དེ་ཚེ་དེ་ཡི་ཉེས་སྤྱོད་འཆིང་བས་བསྡམས། །དེ་ནི་བཀག་ཅིང་ཡོངས་བསྡམས་དྲག་པོ་ཡི། །ཞེ་སྡང་མེ་ཡིས་ཡོངས་སྐེམས་བརྩེ་དང་བྲལ། །ཇི་ལྟར་མི་བཟད་ལྟ་བའི་དུག་ཅན་དག །ནང་གནས་ཤིང་ནི་མཁས་རྣམས་སྤོང་བར་བྱེད། །དེ་བཞིན་ཁོང་ཁྲོའི་སྤྱོད་པ་སྦེད་པ་ཡི། །བདག་
གི་བསམ་པ་དགེ་བ་རྣམས་སྤོང་བྱེད། །ཉི་མའི་ཟེར་གྱིས་བསྲེགས་པའི་རྡོ་འདྲ་ཞིང་། །ཡོངས་སུ་བསྐམས་པས་རྡུལ་གྱུར་ཐལ་བ་འདྲ། །བྱེ་མའི་ཚོགས་ཀྱིས་ཁྱབ་པའི་ལམ་ལྟ་བུར། །བདག་གི་བསམ་པར་ཆོས་ཆར་དོན་མ་མཆིས། །རང་གི་སྡུག་བསྔལ་མི་བཟད་མ་དཔྱད་པས། །
གང་ཞིག་བདག་ལ་ཕན་བརྩོན་ལྟ་བུར་ནི། །བཟོད་དང་སྦྱིན་པས་མཆོག་ཏུ་ཕན་འདོགས་པ། །འཇིག་རྟེན་མགོན་དེའང་བདག་གིས་བཟོད་མི་ནུས། །སྡང་བར་བྱེད་དམ་འབྲོས་ཤིང་འབྱོལ་བའམ། །རབ་ཏུ་གཡེང་ངམ་ཟློག་པར་བྱེད་ན་ཡང་། །རྒྱུན་མི་འཆད་པར་བདག་འདྲ་ལ་སློབ་བྱེད། །
དེ་འདྲའང་བླ་མ་ཡིན་སྙམ་བདག་མི་སེམས། །སོང་སྟེ་གསོལ་བ་བཏབ་ཀྱང་རྙེད་དཀའ་ཞིང་། །བཟོད་པའི་དུས་སུ་སྨན་ཆེན་མཆོག་གྱུར་པ། །བཟོད་པའི་ངང་ཚུལ་གལ་ཏེ་མི་བཟོད་ན། །བཟོད་པའི་རྒྱུ་གཞན་བདག་ལ་ཅི་ཞིག་མཆིས། །ཉོན་མོངས་སྲིན་པོས་ཟིན་པས་སེམས་དཀྲུགས་
ཤིང་། །རིམས་བཅས་བདག་ཕན་ལ་ཡང་བརྩོན་མེད་པའི། །འཇིག་རྟེན་བལྟ་བར་འོས་པ་མཐོང་བ་ན། །གཙོ་བོ་བདག་སྡང་ཉིད་སྐྱེའི་སྙིང་རྗེ་མིན། །སྐྱེ་བོ་རང་གི་ལས་འབྲས་ལ་སྤྱོད་ཅིང་། །ཐམས་ཅད་དབང་མེད་འཇིག་པ་ཡིན་པར་ཤེས། །གཞན་དག་ཉེས་མེད་པར་ནི་བརྟགས་གྱུར་

ཀྱང་། །རྨོངས་པའི་རབ་རིབ་དག་གི་རྣམ་འཁྲུལ་གཟིགས། །བདག་ནི་ཉེས་པའི་རྒྱ་མཚོ་ཡིན་ན་ཡང་། །སུ་ཡི་ཉེས་པའི་ཆ་ཡང་བཟོད་མི་བགྱིད། །བཟོད་པ་ཡོན་ཏན་ཕུན་ཚོགས་གཞན་མཆིས་ཀྱང་། །གང་ཕྱིར་མི་བཟོད་དེ་འདིར་ངོ་མཚར་ཆེ། །དབྱར་དུས་མཁའ་ལ་ལྡང་བ་ལྟ་བུར་ནི།
བདག་གི་ཡིད་ལ་ཉོན་མོངས་སྤྲིན་ཚོགས་རྣམས། །ཡང་དང་ཡང་དུ་འགྲོ་ཞིང་འོང་འགྱུར་བ། །ངོ་ཚ་རྣམ་སྤངས་ལེ་ལོ་ཅན་བདག་ངན། །གལ་ཏེ་ཉོན་མོངས་གྲང་ལྷགས་བྱུང་གྱུར་ན། །ཏིང་འཛིན་འབར་བས་རྒྱལ་བར་སྤྲོས་གྱུར་ཀྱང་། །གཉིད་དང་རྨུགས་པའི་རབ་རིབ་བདོ་གྱུར་
པས། །མལ་སྟན་འདོད་པ་དག་ཀྱང་རྣམ་པར་འཕེལ། །བདག་ཡིད་འདོད་ཆགས་ཞགས་པས་དབང་མེད་བགྱིས། །ཞེ་སྡང་མེས་བསྲེགས་ང་རྒྱལ་དག་གིས་བཅོམ། །ཉེས་པ་ཀུན་གྱི་མདའ་མདུང་མཚོན་ཆ་ཡིས། །ཀུན་དུ་གང་བས་དབང་མེད་བརྒྱལ་བར་གྱུར། །དྲན་པ་རྙེད་
ནས་བཅིངས་ཤིང་མྱུར་སྐྲག་པ། །རབ་ཏུ་བཅོམ་པས་རྣམ་པར་ཞུམ་གྱུར་ཅིང་། །གཡོ་དང་སྒྱུ་རྣམས་ཀྱིས་ཀྱང་བསླུས་གྱུར་པས། །དམན་པ་བདུད་ཀྱི་སྤྱོད་ཡུལ་དག་ན་འཁྱམ། །ཇི་ལྟ་ཇི་ལྟར་ཞི་གནས་ལ་དམིགས་ཤིང་། །དེ་དང་དེར་ཡིད་ཡང་ཡང་གཏད་པ་ན། །དེ་དང་དེ་ལས་
ཉོན་མོངས་ཞགས་པ་ནི། །ཡུལ་ལ་ཆགས་པའི་ཐག་པས་དབང་མེད་དྲངས། །བརྩོན་པ་བསྟེན་ན་རྒོད་པའང་འབྱུང་འགྱུར་ཞིང་། །དེ་སྤངས་ན་ནི་ཞུམ་པ་སྐྱེ་བར་འགྱུར། །འདི་ཡི་རིགས་པའང་མཉམ་འཇུག་རྙེད་དཀའ་ན། །བདག་གི་སེམས་དཀྲུགས་པ་ནི་ཇི་ལྟར་བགྱི། །ཤེས་
རབ་ལ་སྤྱོད་ན་ནི་རྒོད་པ་འབྱུང་། །འཛིན་ལ་བསྟེན་ན་ཞུམ་པ་སྐྱེ་བར་འགྱུར། །འདི་ཡི་ཟུང་དུ་འཇུག་པ་རྙེད་དཀའ་ན། །བདག་གི་སེམས་དཀྲུགས་པ་ནི་ཇི་ལྟར་བགྱི། །འབད་པས་འཇུག་ན་རྒོད་པ་འབྱུང་འགྱུར་ཞིང་། །དེ་ཀློད་ན་ནི་ཞུམ་པ་སྐྱེ་བར་འགྱུར། །འདི་ཡི་དབུ་མར་བསྒྲུབ་
པའང་རྙེད་དཀའ་ན། །བདག་གི་སེམས་དཀྲུགས་པ་ནི་ཇི་ལྟར་བགྱི། །བསམ་གཏན་ནགས་མེས་ཡང་དང་ཡང་དུ་ནི། །ཉེས་པའི་ནགས་ཚལ་བསྲེགས་པར་གྱུར་ན་ཡང་། །བདག་ལྟའི་རྩ་བ་བརྟན་པོ་མ་ཟད་པས། །ཆར་གྱིས་བརླན་བཞིན་མདུན་ན་རབ་ཏུ་སྐྱེ། །གང་ཞིག་

ཉོན་མོངས་ལས་འབྲས་ཙམ་གྱི་རྒྱུན། །མཐོང་བ་ཡིས་ཀྱང་དེ་ནི་ལྡོག་འགྱུར་ལ། །སེམས་ཀྱི་རྒྱུན་ཀྱང་སྤོང་བར་བྱེད་མོད་ཀྱི། །འགྲོ་བའི་དོན་བརྩོན་པ་ལས་ཤིན་ཏུ་རིང་། །སྐྱོབ་པ་ཆགས་པ་ཙམ་དང་རྣམ་བྲལ་བས། །འགྲོ་བ་ཀུན་ལ་ལྟོས་པ་མེད་གྱུར་པའི། །
སེམས་ཀྱི་རྒྱུ་ནི་རྒྱུ་ཟད་མར་མེ་བཞིན། །ཕུང་པོ་ལྷག་མ་ཟད་པའི་མྱ་ངན་འདས། །གང་ཡང་འགྲོ་ཀུན་ཉམ་ཐག་སེལ་བྱེད་པ། །བྱང་ཆུབ་སེམས་ནི་བདུད་རྩི་བཅུད་ཀྱིས་ལེན། །བྱང་ཆུབ་རྒྱུ་རུ་མི་རྟོག་སྒོམ་པ་ན། །དེ་ཚེ་བདག་ནི་རྣམ་རྟོག་ཁོ་ནར་རྒྱུག །རྨི་ལམ་ཚུལ་འདྲར་འགྲོ་ཀུན་
གང་གིས་ཀྱང་། །ཅི་ཡང་འཛིན་པ་ཉིད་དུ་མི་བྱེད་པར། །བསྒོམས་ཀྱང་རྟོག་པ་པོ་དང་རྟོག་བྱ་ཡི། །རྣམ་རྟོག་དགྲ་ཡི་སྤྱོད་ཡུལ་ཉིད་ལ་སྤྱོད། །གཙོ་བོ་ཤིན་ཏུ་མི་བཟད་འཚེ་བ་འདི། །གཟིགས་ལ་བདག་ལ་ལྟ་བ་དྲི་མེད་རྩོལ། །བདག་ནི་གཅེས་པ་གང་དང་གང་རྟོག་པ། །དེ་དང་
དེ་ཉིད་དང་པོར་རྣམ་པར་ཉམས། །ཡང་ན་སྔོན་ཚེ་བགྱིས་པའི་བདག་གིས་ཉེས། །འདི་ལ་བཅོམ་ལྡན་འདས་ཀྱིས་ཅི་ཞིག་མཛད། །འཇིག་རྟེན་ཀུན་གྱི་མུན་སེལ་ཉི་མ་ཡང་། །དམུས་ལོང་དག་གིས་མུན་ནག་སེལ་མི་བགྱིད། །ཡུན་རིངས་དུས་སུ་ནད་གཞི་སྟོན་བྱེད་ཅིང་། །འདིར་ཡང་རྒྱུན་
དུ་སེམས་ནི་རྣམ་རྨོངས་པའི། །མཛེ་ཅན་རྐང་པ་ལག་པ་ཆད་པ་ལ། །ཐང་འགའ་སྨན་བསྟེན་པ་ཡིས་ཅི་བགྱིར་མཆིས། །སེམས་ཀྱི་ཤིང་ནི་ཐོག་མ་མེད་དུས་ཅན། །ཉོན་མོངས་ཁ་བའི་ཁུ་བས་བརླན་བསྒོས་པ། །རོ་ཞིམ་དངོས་པོར་བགྱི་བར་མི་ནུས་ལ། །ཡོན་ཏན་ཆུ་ཡི་ཐིགས་པས་
ཅི་རུ་འགྱུར། །བདག་ཡིད་ཉེས་པ་ཀུན་གྱི་རང་བཞིན་ཉིད། །བྱང་ཆུབ་གསེར་བསྒྱུར་རྩིར་འགྱུར་ངོ་མཚར་ཆེ། །ཡོན་ཏན་དེ་དང་དེ་ཉིད་ལ་སྦྱར་ན། །ཉེས་པའི་དངོས་པོ་ཉིད་དུ་གྱུར་ཏེ་གནས། །སྨན་ཆེན་ཉིད་དུ་གང་དང་གང་བཤད་པ། །དེ་དང་དེ་ཉིད་བདག་ལ་དུག་ཏུ་གྱུར། །རིགས་པ་
ཉིད་ནི་བཅུད་ལེན་མཆོག་ཡིན་ན། །གལ་ཏེ་ཡིད་རྟོན་མེད་ན་དེ་ཡོད་མིན། །གང་ཞིག་ཉོན་མོངས་བདོ་བ་རྣམ་སེལ་ཞིང་། །གང་ཡང་ཉེས་གཞན་སྐྱེད་པར་མི་བྱེད་པ། །དེ་ནི་རིགས་པ་ཡིན་ཞེས་བདག་སེམས་ན། །ཅི་འདྲ་ཡིན་ཞེས་སླར་ཡང་དེ་མ་བྱས། །བསམ་པ་བག་ལ་ཉལ་

དང་ཁམས་བག་ཆགས། །ཉེས་པའི་རྒྱུ་ཡི་གཉེན་པོ་ལ་སྦྱར་བ། །བསམ་པའི་མན་ངག་དེ་ནི་སྒོམ་པ་ན། །འདི་ནི་རིང་པོར་མི་ཐོགས་ཞི་བར་འགྱུར། །སྐྱོབ་པ་ཉེས་པ་ཀུན་དང་རྣམ་བྲལ་ཞིང་། །ཆོས་རྣམས་ཀུན་གྱི་དམ་པའི་དོན་གཟིགས་པ། །ཁྱེད་ཀྱིས་སྣ་ཚོགས་ཚུལ་དུའང་དེས་
གསུངས་པས། །ཉོན་མོངས་ས་བོན་མ་ལུས་སེལ་བར་བྱེད། །ཁྱེད་སྐུ་མཛེས་པའི་མཚན་གྱིས་འབར་གྱུར་པ། །དེ་ཡང་མདུན་ན་བཞུགས་པ་མཐོང་བ་དང་། །རྣ་བས་བཏུང་བའི་བདུད་རྩིའང་ཐོས་གྱུར་པ། །ཉོན་མོངས་ས་བོན་མ་ལུས་རྣམ་པར་འཇིག །གཙོ་བོ་ཁྱེད་ལ་དེ་ལས་རབ་
མཆོག་གྱུར། །ཆོས་སྐུའི་ཉི་མ་བླ་ན་མེད་པ་མངའ། །བསམས་ཀྱང་འགྲོ་བའི་སྤྱོད་ཡུལ་མི་འགྱུར་བ། །ཉེས་པའི་རབ་རིབ་འཇོམས་པ་ངོ་མཚར་ཆེ། །ཐུགས་མཆོག་གང་ཡང་རུང་བ་དེ་ཡིས་ནི། །ཞི་གནས་གང་ཡང་རུང་བ་དེར་བཞུགས་ནས། །ཉེས་ཀུན་རྣམ་པ་ཀུན་དུ་ཞི་མཛད་
པའི། །བཅོམ་ལྡན་གང་ཡིན་དེ་ལ་ཕྱག་འཚལ་ལོ། །དེ་ལྟར་ཡོན་ཏན་བླ་མེད་ལ་བཤགས་པའི། །ཡང་དག་བསྟོད་པ་རྣམ་སྦྱར་དགེ་བ་ནི། །ཟླ་མཛེས་ལྟར་དཀར་བདག་གིས་གང་བསགས་དེས། །འགྲོ་ཀུན་བདེ་བ་ཅན་དུ་འགྲོ་བར་ཤོག །བཤགས་པའི་བསྟོད་པ་ཞེས་བྱ་བ་
སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བུདྡྷཱ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། དེ་ཤ་ན་སྟ་བ་པྲྀཏྟི། བོད་སྐད་དུ།
བཤགས་པའི་བསྟོད་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་ན་བསྟོད་པ་བྱེད་པའི་དུས་སུ་བསྟོད་པ་རྩོམ་པ་རྣམས་སངས་རྒྱས་ཀྱི་རྒྱུ་དང་འབྲས་བུ་དང་། དགོས་པ་མཛད་པའི་མཚན་ཉིད་ཀྱི་གནས་སྐབས་རྣམ་པ་གསུམ་ལས་བརྩམས་ཏེ་
སྨྲ་བར་བྱེད་ལ། བསྟོད་པ་བྱེད་པ་དེ་ཡང་དད་པ་དང་། །མང་དུ་ཐོས་པ་དང་། ཉམ་ང་བའི་གནས་སྐབས་ཐོབ་པ་སྟེ། རྣམ་པ་གསུམ་ཡིན་ནོ། །དེ་ལ་འདི་ནི་གཙོ་ཆེར་མང་དུ་ཐོས་པའི་རྒྱུས་དགོས་པ་མཛད་པའི་གནས་སྐབས་ལ་བརྟེན་ཏེ་བཅོམ་ལྡན་འདས་ཀྱི་ཡོན་ཏན་བརྗོད་

པའི་སྒོ་ནས་སྡིག་པ་བཤགས་པའི་ཚུལ་སྨྲ་བར་འདོད་པའི་ཕྱིར། སྨན་པའི་རྒྱལ་པོ་མཉམ་མེད་འགྲོ་བའི་བླ། །ཉེས་པ་ཀུན་བྲལ་ཡོན་ཏན་འབྱུང་བའི་གནས། །སྐྱབས་ཁྱེད་ཉེ་བར་དམིགས་ནས་རྟག་ན་བ། །རང་གི་ཉེས་པའི་འགྱུར་བརྗོད་བཤགས་པར་
བགྱི། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྨན་པའི་རྒྱལ་པོ་ཞེས་བྱ་བ་ནི་སྨན་པའི་གཙོ་བོ་སྟེ། ཉོན་མོངས་པའི་ནད་ཀྱིས་གདུངས་ཤིང་ངན་འགྲོར་འགྲོ་བའི་སེམས་ཅན་རྣམས་གསོ་བའི་རིག་པ་མཁྱེན་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་མཉམ་མེད་ཅེས་བྱ་སྟེ།
ཚངས་པ་དང་དྲག་པོ་ལ་སོགས་པའི་ནང་ན་འདི་དང་ཐབས་མཉམ་པ་ཡོད་པ་མ་ཡིན་ནོ། །གཞན་ཡང་དེ་ཉིད་ནི་ཁམས་གསུམ་པ་རྣམས་ལ་ལམ་གྱི་དམ་པ་སྟོན་པར་མཛད་པ་ཡིན་པས་ན་འགྲོ་བའི་བླ་མའོ། །གལ་ཏེ་དེ་ལྟ་ན་ཉན་ཐོས་དང་རང་སངས་རྒྱས་དག་ཀྱང་འགྲོ་
བའི་བླ་མ་ཡིན་ནོ་ཞེ་ན། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཉེས་པ་ཀུན་བྲལ་ཞེས་བྱ་བ་སྨོས་པ་ཡིན་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ནི་སེམས་ཀྱི་རྒྱུན་ལ་ཡང་དག་པའི་ཡེ་ཤེས་སྐྱེ་བའི་གེགས་བྱེད་པས་ན་ཉེས་ཞེས་བྱ་ལ། དེ་བག་ཆགས་དང་
བཅས་པ་མ་ལུས་པ་དང་བྲལ་ཞིང་ངེས་པར་སྤངས་པའོ། །ཉེས་པ་དང་བྲལ་བ་འབའ་ཞིག་ཙམ་གྱིས་བླ་མར་གྱུར་པ་ཡིན་ནམ་ཞེ་ན། དེའི་ཕྱིར་ཡོན་ཏན་འབྱུང་བའི་གནས་ཞེས་བྱ་བ་སྨོས་ཏེ། བསླབ་ཅིང་བྱང་བར་བྱ་བ་ཡིན་པས་ན། ཡོན་ཏན་ཏེ། སྟོབས་དང་། མི་འཇིགས་
པ་ལ་སོགས་པ་ལ་བྱ་ལ། དེ་རྣམས་ཀྱི་འབྱུང་གནས་ནི་བསྐྱེད་པའི་གཞི་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་དེ་དག་ཉིད་ཀྱིས་ན་སྐྱབས་སུ་འོས་པ་ཡིན་པའི་ཕྱིར་སྐྱབས་ཏེ། གང་ལ་བརྟེན་ནས་སྡིག་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཟད་པར་བྱེད་ཅིང་། ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་
བདག་ཉིད་ཆེ་བ་མངའ་བས་སངས་རྒྱས་བཅོམ་ལྡན་འདས་ནི་སྐྱབས་དམ་པ་ཡིན་པའི་ཕྱིར་སྐྱབས་ཞེས་བྱའོ། །ཁྱེད་ཅེས་བྱ་བ་མངོན་སུམ་གྱི་ཤེས་པས་དམིགས་པའི་ཡུལ་དུ་གྱུར་པའོ། །ཉེས་པར་དམིགས་ནས་ཞེས་བྱ་བ་ནི་མངོན་པར་དད་པའི་སེམས་ཀྱིས་དམིགས་ཤིང་མངོན་སུམ་དུ་

བྱས་ནས་ཉེས་པ་བཤགས་པར་བགྱིའོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་བཤགས་ཤེ་ན། རྟག་ན་བ་ཞེས་བྱ་བ་སྨོས་ཏེ། སེམས་ཀྱི་རྒྱུད་ཉོན་མོངས་