Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 1

Văn bản gốc(Tây Tạng)

Trang 12 / 17 (50.000 ký tự/trang)
ཤད་དོ། །གཟུགས་སྐུའི་དབྱེ་བས་བུ་ལོན་མེད་པར་བཤད་པར་བྱ་སྟེ།
འདི་ལྟར་རྡོ་རྗེའི་ཏིང་འཛིན་གྱིས། །ཞེས་བྱ་བ་ལ་སོགས་པས་ནི། ཁྱོད་ཀྱིས་ཡལ་བར་མ་བོར་རོ། །ཞེས་བྱ་བ་དང་སྦྱར་རོ། །སྐུ་མ་ལུས་པ་ཕྱེ་མར་བླགས་པའི་ཕྱིར་ཏིང་ངེ་འཛིན་ཁོ་ན་རྡོ་རྗེ་སྟེ་རྡོ་རྗེ་དེ་ཡིས་སོ། །ཏིལ་འབྲུ་བཞིན་ཞེས་བྱ་བ་ནི་ཏིལ་འབྲུའི་ཆ་དང་ལྡན་པའི་དབྱེ་བས་སོ། །སྐུ་
གདུང་ནི་ཉིད་ཀྱི་སྐུ་ལས་བྱུང་བའོ། །བླགས་པ་ནི་མཚན་དང་རྒྱུའི་བྱ་བ་ལ་ཤ་དྲེ་ཞེས་བྱ་བར་འགྱུར་རོ། །སྐུ་གདུང་བླགས་པས་ནི་དཀའ་སྤྱད་ཡལ་བར་མ་བོར་བ་མཚོན་པར་བྱ་སྟེ། ཇི་ལྟར་རྩིས་མཁན་གནས་ཀྱི་རྗེས་སུ་སྟོན་པ་ཞེས་བྱའོ། །མཇུག་ཏུའང་ཁྱོད་ཀྱིས་ཤིན་ཏུ་ནི། །དཀའ་སྤྱད་
ཡལ་བར་མ་བོར་རོ། །གཟུགས་ཀྱི་སྐུ་དང་ཆོས་འདི་དག །གཞན་དོན་ཁོ་ནར་མཛད་དོ་ཞེས། །དཀའ་སྤྱད་ཡལ་བར་མ་བོར་བ་ནི་ཤིན་ཏུ་གཞན་ལ་ཕན་པ་མཛད་པའི་བྱ་བའོ། །མཇུག་ཏུའང་ཞེས་བྱ་བ་ནི་སྨོན་ལམ་འབའ་ཞིག་ལ་བརྟེན་པར་མ་ཟད་ཀྱི་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་
སྔ་རོལ་དུའོ། །ཡལ་བར་མ་བོར་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་དུས་སུ་ཡང་ཡལ་བར་མ་བོར་བའོ། །དེ་ལྟ་བས་ན་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་འཇིག་རྟེན་པས་སྐུ་གདུང་ལས་གཟུགས་བརྙན་བྱས་ནས་ང་ཡོངས་སུ་མྱ་ངན་ལས་འདས་ན་ཡང་མཐོ་རིས་དང་ཐར་པར་
འགྱུར་རོ་ཞེས་བྱ་བས་ན་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གདུང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བླགས་སོ་ཞེས་བྱ་བ་ནི་ལུང་ངོ་། །ཡང་ན་དམ་པའི་ཆོས་བཞག་པ་དང་། སྐུ་གདུང་བླགས་པས་བུ་ལོན་མེད་པ་བླགས་པར་མི་འགྱུར་ཏེ། གཟུགས་ཀྱི་སྐུ་དང་ཆོས་འདི་དག །གཞན་དོན་ཁོ་ནར་མཛད་
དོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གཞན་དོན་ནི་གཞན་གྱི་དགོས་པ་དག་གོ། །ཁོ་ན་ཞེས་བྱ་བ་ནི་ངེས་པར་འཛིན་པའོ། །ཆོས་ནི་གསུང་རབ་བོ། །གཟུགས་ཀྱི་སྐུ་ནི་སྐུ་ཞེས་བྱ་བའོ། །དེ་ལྟར་ན། འཇིག་རྟེན་ཡིད་ཆེས་དཀའ་འདི་ལ། །ཁྱོད་ཀྱིས་མྱ་ངན་འདས་པ་བསྟན། །དེ་སླད་

ཆོས་སྐུ་མ་ལུས་པ། །སྲས་ཀྱི་མཆོག་ལ་གཏད་མཛད་དེ། །ཡིད་ཆེས་དཀའ་བ་ཞེས་བྱ་བ་ནི་དད་པ་མེད་པའོ། །འདི་ལ་ཞེས་བྱ་བ་ནི་འཛམ་བུའི་གླིང་པའི་སྐྱེ་བོ་ལའོ། །མྱ་ངན་ལས་འདས་ཞེས་བྱ་བ་ནི་གནས་སྐབས་གཞན་འབའ་ཞིག་ཏུ་མ་ཟད་ཀྱི་ཕུང་པོའི་ལྷག་མ་མེད་
པར་ཡོངས་སུ་མྱ་ངན་ལས་འདའ་བ་ན་ཡང་ངོ་། །བསྟན་པ་ནི་བསྟན་པ་སྟེ། ཁྱོད་ཀྱིས་ཞེས་བྱ་བ་དང་སྦྱར་རོ། །གཟུགས་ཀྱི་སྐུ་དང་ཆོས་འདི་དག །གཞན་དོན་ཁོ་ནར་མཛད་དོ་ཞེས་བྱ་བ་དེ་ཉིད་བཤད་པར་བྱ་སྟེ། དེ་སླད་སྲས་ཀྱི་མཆོག་ལ་གཏད་མཛད་དེ། །ཞེས་བྱ་བ་ནི་རྒྱས་པའོ། །
དེ་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །སླད་ནི་གང་གི་ཕྱིར་གྱི་དོན་ཏོ། །སྲས་ནི་འཕགས་པ་ཀུན་དགའ་བོ་དང་། འོད་སྲུངས་ལ་སོགས་པ་རྣམས་ལའོ། །གཏད་མཛད་ནི་གཏད་པར་མཛད་པ་སྟེ། ང་ཡོངས་སུ་མྱ་ངན་ལས་འདས་པ་ན་འོད་སྲུངས་ཁྱོད་ཀྱིས་བསྟན་པའི་བྱ་བ་གྱིས་ཤིག་པའོ། །
ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་དགེ་སློང་ཀུན་དགའ་བོ་ལ་ཁྱོད་ཀྱིས་བསྟན་པ་ཟུངས་ཤིག་ཅེས་བསྒོ་ནས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་གསུངས་སོ། །ཁྱོད་ཀྱི་ཆོས་ཀྱི་སྐུ་ནི་གསུང་རབ་སྟེ། ཡན་ལག་བཅུ་གཉིས་ཀྱི་དབྱེ་བ་མ་ལུས་པའོ། །གཟུགས་སྐུ་ཏིལ་འབྲུ་
ལྟར་བཤིག་ནས། །ཁྱོད་ནི་ཡོངས་སུ་མྱ་ངན་འདས། །ཏིལ་འབྲུ་ལྟ་བུ་ནི་ཏིལ་འབྲུ་ཙམ་གྱི་ཆ་ཤས་ཀྱི་དབྱེ་བས་གཟུགས་སྐུ་བཤིག་ནས་བཅོམ་ལྡན་འདས་ཁྱོད་ཡོངས་སུ་མྱ་ངན་ལས་འདས་པ་ནི་ཕུང་པོའི་ལྷག་མ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་བརྙེས་པས་སོ། །གང་
གཟུགས་ཀྱི་སྐུ་དང་ཆོས་འདི་དག །ཅེས་སྔར་བཤད་པ་དེ་བཤད་དོ། །བུ་ལོན་མེད་པར་བསྟོད་པ་བཤད་པ་དང་། དེ་བཞིན་དུ་དབྱེ་བ་བརྒྱད་ཀྱིས་ཕན་པ་མཛད་པ་ཡང་སྟེ། བུ་ལོན་མེད་པར་བསྟོད་པ་ཞེས་བྱ་བའི་བཤད་པ་སྟེ་ལེའུ་བཅུ་གསུམ་པའོ།། །།ད་ནི་
བསྟོད་པ་ཉེ་བར་སྡུད་པར་འདོད་པའི་རྒྱུ་དང་འབྲས་བུ་ཕན་འདོགས་པ་ཕུན་སུམ་ཚོགས་པ་སླར་ཡང་བཤད་པར་བྱ་སྟེ། ཨེ་མའོ་གནས་པ་ཨེ་མའོ་ཚུལ། །ཨེ་མའོ་ཡོན་ཏན་ཨེ་མའོ་སྐུ། །སངས་རྒྱས་ཀྱི་ནི་ཆོས་རྣམས་ལ། །ཡ་མཚན་མི་ཆེ་འགའ་མ་མཆིས། །ཡོངས་སུ་མྱ་ངན་

ལས་འདས་པ་ལ་དབང་ཐོབ་པས་ཀྱང་གཞན་ལ་ཕན་འདོགས་པའི་རྒྱུར་གནས་པ་ནི་གནས་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བ་ཞེས་བྱ་བའི་དོན་ཏོ། །དེས་ནི་ཕན་འདོགས་པ་ཕུན་སུམ་ཚོགས་པ་བཤད་དོ། །ཕན་འདོགས་པ་ལ་གནས་པ་དེ་ཡང་ཐུགས་རྗེ་ཆེན་པོའི་དགོངས་པ་དང་
ལྡན་པས་ཡིན་ནོ་ཞེས་བྱ་བ་བཤད་པ། ཨེ་མའོ་ཚུལ་ལ། ཚུལ་ནི་སྤྱོད་པ་སྟེ་དགོངས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ནི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཡིན་པའི་ཕྱིར་ན་ཨེ་མའོ་སྐུའོ། །ཐོགས་པ་མེད་པར་འཇུག་པའི་ཕྱིར་ཨེ་མའོ། །
ཡོན་ཏན་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །དེས་ནི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡང་ན་བསྐལ་པ་གྲངས་མེད་པ་གསུམ་དུ་འཕེལ་བར་གྱུར་པ་དང་། ཚད་མེད་པའི་ཕྱིར་ཨེ་མའོ། །ཡོན་ཏན་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དེས་ནི་རྒྱུ་ཕུན་སུམ་
ཚོགས་པ་བསྟན་ཏོ། །དེའི་ཕྱིར་ཐམས་ཅད་ཀྱང་ངོ་མཚར་བ་ཞེས་བྱ་བ་བཤད་པར་བྱ་སྟེ། སངས་རྒྱས་ཀྱི་ནི་ཆོས་རྣམས་ལ། །ཞེས་བྱ་བ་སྨོས་པ་ལ། ནིའི་སྒྲ་ནི་ཁས་བླངས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་མི་འཇིགས་པ་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པ་རྣམས་ཏེ་མ་
མཆིས་པ་ཞེས་བྱ་བ་དང་སྦྱར་རོ། །འགའ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་གྱི་ནང་ན་ཆོས་གཞན་ནོ། །དེ་ལྟ་བས་ན་ངོ་མཚར་བ་ཐམས་ཅད་ཀྱི་ཡོན་ཏན་དང་ལྡན་པ་ལ། ཕན་འདོགས་མཛད་ཅིང་བལྟ་ན་སྡུག །སྐུ་གསུང་ཕྲིན་ལས་ཞི་གྱུར་པ། །ཁྱོད་ལའོང་སྡང་བར་བགྱིད་
པ་ཡི། །རྨོངས་པ་མི་བཟད་པ་ལ་གཟིགས། །ཕན་འདོགས་མཛད་ཅིང་བལྟ་ན་སྡུག །ཅེས་བྱ་བ་ནི་རྒྱས་པའོ། །སྨོན་ལམ་ཡན་ཆད་ནས་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་ཕན་འདོགས་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་ཕན་འདོགས་པ་སྟེ། དེ་ལ་ཕན་འདོགས་པ་ནི་
ཁྱོད་ཅེས་བྱ་བ་དང་སྦྱར་རོ། །མཚན་གྱིས་བརྒྱན་པ་ཡིན་པའི་ཕྱིར་བལྟ་ན་སྡུག་པ་ནི་བལྟ་ན་སྡུག་པའོ། །ཞེ་སྡང་གི་རྒྱུ་ལུས་དང་ངག་གི་ལས་སྐྱེད་པ་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ནི་སྐུ་གསུང་ཕྲིན་ལས་ཞི་གྱུར་པའོ། །དེ་ལ་ཞེ་སྡང་གི་རྒྱུ་དང་བྲལ་བ་ཁྱོད་ལ་སྡང་

བར་བགྱིད་པ་ནི་གདུག་པ་ཅན་སྡང་བར་བགྱིད་པ་གང་ཡིན་པ་དེ་རྣམས་གཏི་མུག་མང་པོ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པས་བཤད་པར་བྱ་སྟེ། རྨོངས་པ་མི་བཟད་པ་ལ་གཟིགས། །ཞེས་བྱ་བ་ལ། གཟིགས་ཞེས་བྱ་བ་ནི་འཇིག་རྟེན་པས་བསྐྱེད་པ་དང་འདྲ་བའི་
ཚིག་ཕྲད་དེ། བྱ་བ་མངོན་དུ་གྱུར་པ་དང་རྩེ་གཅིག་པ་ལ་འཇུག་པའོ། །རྨོངས་པ་ཞེས་བྱ་བ་ནི་མ་རིག་པའོ། །མི་བཟད་པ་ཞེས་བྱ་བ་ནི་མ་རུངས་པའོ། །དེ་ལྟ་བས་ན་རེ་ཞིག་ཤེས་རབ་འཆལ་བ་སྡང་བར་བགྱིད་པ་ཡིན་ཏེ། ཤེས་རབ་དང་ལྡན་པའི་བདག་ཉིད་ལ་ཕན་པ་ནི། བསོད་
ནམས་རྒྱ་མཚོ་རིན་ཆེན་གཏེར། །ཡོན་ཏན་འབྱུང་གནས་ཆོས་ཀྱི་ཚོགས། །ཁྱོད་ལ་སེམས་ཅན་གང་འདུད་པ། །དེ་དག་ལ་ཡང་ཕྱག་འཚལ་ལེགས། །ཡོན་ཏན་འབྱུང་གནས་ཆོས་ཀྱི་ཚོགས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། བསོད་ནམས་ནི་དགེ་བའི་ལས་ཏེ། དེ་
ཉིད་རྒྱ་མཚོ་དང་འདྲ་བས་ན་ཚད་མེད་པའི་ཕྱིར་རོ། །རིན་ཆེན་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ཏེ། གཏེར་ནི་རིན་པོ་ཆེའི་གཏེར་ཏེ་མི་ཟད་པའི་ཕྱིར་རོ། །ཆོས་ནི་བྱམས་པ་དང་སྙིང་རྗེ་ལ་སོགས་པ་རྣམས་ཏེ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དང་ཐུན་
མོང་མ་ཡིན་པའི་ཆོས་ཏེ། ཆོས་ཀྱི་ཚོགས་ནི་ཆོས་ཀྱི་ཚོགས་སོ། །དེ་ལྟར་བྱམས་པ་ཉིད་ཀྱིས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དེ་ཞིང་དུ་གྱུར་པའོ། །སེམས་ཅན་གང་ཞེས་བྱ་བ་ནི་སྲོག་ཆགས་སོ། །ཁྱོད་ལ་ཞེས་བྱ་བ་ནི་ཁྱོད་དང་སྦྱར་རོ། །འདུད་པ་ནི་འདུད་པར་བྱེད་
པའོ། །དེ་དག་ལ་ཡང་ཞེས་བྱ་བ་ནི་སེམས་ཅན་རྣམས་ལའོ། །ལེགས་ཞེས་བྱ་བ་ནི་ལེགས་པར་བྱ་བའོ། །དེ་གང་ཡིན་ཞེ་ན། སྨྲས་པ། ཕྱག་འཚལ་བ་ནི་སྲོག་ཆགས་དེ་རྣམས་ལ་ཕྱག་འཚལ་བར་བྱ་བ་གང་ཡིན་པ་དེ་ནི་ཤིན་ཏུ་ལེགས་ཞེས་བྱ་བས་ནི་སྟོན་པ་ལ་གུས་པ་
བསྟན་ཏོ། །ད་ནི་བསྟོད་པ་རྔོ་མི་ཐོགས་པ་བཤད་པར་བྱ་སྟེ། མགོན་ཁྱོད་ཡོན་ཏན་མི་བས་ཀྱང་། །བདག་གི་ཞོ་ཤ་བས་འཚལ་བས། །དེས་ན་འཇིགས་པ་མཆིས་སླད་དུ། །གློ་བ་ལ་ནི་གཅགས་བཞིན་མཆིས། །མགོན་ཁྱོད་ཡོན་ཏན་མི་བས་ཀྱང་། །ཞེས་བྱ་བ་ལ་སོགས་པ་

སྨོས་པ་ལ་མི་བས་པ་གང་ཡིན་པ་དེ་ནི་མི་བས་པའོ། །ཁྱོད་ནི་ཁྱོད་ཀྱིའོ། །ཡོན་ཏན་སྔར་བཤད་ཟིན་ཏོ། །མགོན་པོ་ཞེས་བྱ་བ་ནི་བོད་པའོ། །ཞོ་ཤ་ནི་ནུས་པ་སྟེ་ཡེ་ཤེས་ཀྱི་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཀྱང་གི་སྒྲ་ནི་དོན་གཞན་འཆད་པར་འགྱུར་བའོ། །བས་འཚལ་བ་ནི་
གང་ལ་བས་པ་མཆིས་པ་ཞེས་བྱ་བའོ། །བདག་གི་ཞེས་བྱ་བ་ནི་བསྟོད་པར་བྱེད་པ་ཡིའོ། །དེས་ན་ཞེས་བྱ་བ་ནི་རྒྱུ་དེ་ལས་སོ། །འཇིགས་པ་མཆིས་སླད་དུ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་བཞིན་གཤེགས་པའི་ཡོན་ཏན་མི་བས་པ་དང་བདག་གི་ཞོ་ཤ་བས་འཚལ་བའི་སླད་དུ་དང་
སྦྱར་རོ། །དེ་བཞིན་གཤེགས་པའི་ཡོན་ཏན་དང་འགལ་བའི་སྐྱོན་ཐོབ་ཅིང་གནོད་པའི་ལྷུང་བ་ཡིན་ཏེ། དེའི་ཕྱིར་འཇིགས་པ་ནི་འཇིགས་པའི་སླད་དུའོ། །གློ་བ་ལ་ནི་གཅགས་བཞིན་མཆིས། །ཞེས་བྱ་བ་ནི་བསྟོད་པར་བྱ་བའི་ཕྱིར་བདག་བསྟོད་པར་མི་བྱེད་པ་ཞེས་བྱ་བ་དྲང་
པར་བྱའོ། །གཅགས་བཞིན་ཞེས་བྱ་བ་ནི་མཆིས་པ་དང་སྦྱར་རོ། །དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ཀྱིས་ཚིམ་པའི་ཕྱིར་བསྟོད་པ་མི་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་འཇིགས་པ་མ་མཆིས་པའི་སླད་དུ་ཞེས་བྱ་བ་སྟེ་མདོར་བསྡུས་པའོ། །གལ་ཏེ་དེ་བཞིན་གཤེགས་
པའི་ཡོན་ཏན་མི་བས་པ་ཡིན་ན་གང་གིས་བསྟོད་པར་བྱེད་ནུས་པ་ཡིན་ཞེས་སྨྲས་པ། ཁྱོད་ཀྱི་རང་གི་ངོ་བོ་ཉིད། །ཚད་མ་མཆིས་ལ་བསམ་མི་ཁྱབ། །བསྟན་མིན་གྲངས་ཀྱང་མ་མཆིས་པ། །ཁྱོད་བདག་ཉིད་ཀྱིས་མཁྱེན་ལགས་གྲང་། །བསྟན་མིན་གྲངས་ཀྱང་མ་མཆིས་
པ། །ཞེས་བྱ་བ་ནི་རྒྱས་པའོ། །ཚད་མ་མཆིས་པ་ཞེས་བྱ་བ་ནི་ཡོངས་སུ་གཅོད་མི་ནུས་པ་སྟེ། ཡོན་ཏན་གྱི་ནུས་པ་གཅིག་ཀྱང་རྟོགས་པར་མི་ནུས་པའི་ཕྱིར་རོ། །གཅིག་ལ་སོགས་པའི་གྲངས་ཀྱིས་བགྲང་མི་ནུས་པས་ན་གྲངས་ཀྱང་མ་མཆིས་པ་སྟེ། ཡོན་ཏན་མཐའ་
ཡས་པའི་ཕྱིར་རོ། །སངས་རྒྱས་ལས་སེམས་ཅན་གཞན་གྱི་ཡུལ་མ་ཡིན་པས་ན་བསམ་གྱིས་མི་ཁྱབ་པའོ། །བསྟན་པ་ནི་དཔེའོ། །བསྟན་མིན་ནི་དཔེ་མེད་པ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ནི་བདག་ཉིད་ཀྱིས་སོ། །ཉིད་ཅེས་བྱ་བ་ནི་ངེས་པར་འཛིན་པའོ། །བདག་

ཉིད་ཀྱིས་ནི་ཉན་ཐོས་ཀྱི་མཆོག་དང་རང་རྒྱལ་བ་རྣམས་ཀྱིས་ནི་མ་ཡིན་ནོ། །བདག་ཅེས་བྱ་བ་ནི་རང་གི་སྒྲའི་རྣམ་གྲངས་སོ། །དཔེར་ན་འཇིག་རྟེན་པ་ཁ་ཅིག་སྨྲ་བ་ནི་རང་གི་བདག་ཉིད་ཀྱིས་བདག་གྲོང་དུ་འགྲོ་བར་བྱ་ཞེས་བྱ་བའོ། །རང་གི་ཞེས་བྱ་བ་ནི་ཆོས་ཀྱི་
སྐུའི་ངོ་བོ་ཉིད་དང་གཟུགས་ཀྱི་སྐུའི་ངོ་བོ་ཉིད་དོ། །ཁྱོད་ཅེས་བྱ་བ་ནི་ངེས་པར་འཛིན་པའོ། །ཅི་ཞིག་ངེས་པར་འཛིན་ཞེ་ན། ཁ་ཅིག་འདི་སྐད་སྨྲ་བར་བྱེད་དེ། འཇིག་རྟེན་གྱི་ཁམས་གཞན་དུ་ཡང་ཤཱཀྱའི་སྲས་དང་དུས་མཉམ་དུ་སངས་རྒྱས་བཅོམ་ལྡན་འདས་བྱུང་བ་དེ་དག་
ཕན་ཚུན་ཡོན་ཏན་རྒྱས་པར་མཁྱེན་པ་ཞེས་བྱ་བས་ན་དེ་དག་དགག་པར་བྱ་བའི་ཕྱིར། ངེས་པར་འཛིན་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཁྱོད་ཉིད་ཀྱིས་བདག་ཉིད་མཁྱེན་གྱི། གཞན་གྱིས་ནི་རྔོ་མི་ཐོགས་སོ་ཞེས་བྱ་བའོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་སྔ་མ་དང་
ཕྱི་མའི་དེ་བཞིན་གཤེགས་པ་གཉིས་འཇིག་རྟེན་དུ་དུས་མཉམ་དུ་འབྱུང་བ་དེ་ནི་གནས་དང་གོ་སྐབས་མེད་དོ་ཞེས་བྱ་བ་མདོའི་ཚིག་གོ། །དེ་བས་ན་ཁྱོད་ཁོ་ནས་བདག་ཉིད་མཁྱེན་པའི་མཆོད་འོས་ཡིན་གྱི། ཉན་ཐོས་ལ་སོགས་པའི་ནི་མ་ཡིན་ཏེ། ཁོ་བོ་ཅག་མི་གཙང་བའི་སྲིན་
བུ་དང་འདྲ་བས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ། །དེའི་ཕྱིར་ན་ཁྱོད་ཀྱི། མཚོ་ཆེན་ཆབ་ནི་བས་པར་མ་གྱུར་ཀྱང་། །སྐྱེ་བོའི་གདུང་བ་རབ་ཏུ་ཞི་བགྱིད་ལྟར། །ཁྱོད་ཀྱི་ཡོན་ཏན་ཆ་ཙམ་མ་བསྒྲགས་ཀྱང་། །བདག་ནི་མཆོག་ཏུ་གློ་བ་དགའ་ཞིང་མཆིས། །ཁྱོད་ཀྱི་ཡོན་ཏན་
ཆ་ཙམ་ཞེས་བྱ་བ་ལ། ཡོན་ཏན་རྣམས་ཀྱི་ཆ་ནི་ཆ་སྟེ། དེའི་སྐྲ་ཙམ་གྱི་རྩེ་མོ་སྟེ་ཉུང་ངུ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བཅོམ་ལྡན་འདས་ཁྱོད་ཀྱི་མ་བསྒྲགས་པ་ནི་མ་བསྟོད་པ་སྟེ། ཡོན་ཏན་ཐམས་ཅད་ལྟ་ག་ལས་སོ། །དེ་བཞིན་དུ་ཡང་མཆོག་ནི་ཁྱད་པར་དུའོ། །བདག་ནི་
བདག་གིའོ། །དགའ་བ་ནི་རངས་པའོ། །གློ་བ་ནི་གློ་བ་ལ་མཆིས་པའོ། །ཡོན་ཏན་གྱི་ཆ་ཙམ་མ་བསྒྲགས་པས་དགའ་བར་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བའི་བརྒལ་བའི་ལན་བཤད་པ་ནི་བྱས་པར་མ་གྱུར་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། བས་པར་མ་གྱུར་ཞེས་བྱ་བ་

ནི་བས་པར་མ་གྱུར་པའོ། །མཚོ་ཆེན་ཆབ་ནི་ཆབ་བོ། །སྐྱེ་བོའི་གདུང་བ་རབ་ཏུ་ཞི་བགྱིད་ལྟར་ནི་ཞི་བར་འགྱུར་བའོ། །ལྟར་ནི་གང་གི་ཕྱིར་རོ། །དེ་བས་ན་ཚད་མེད་པའི་ཡོན་ཏན་གྱི་མཚོ་ཆེན་པོ་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་ཆ་ཙམ་ལ་བསྟོད་པས། བདག་ནི་མཆོག་ཏུ་གློ་བ་དགའ་
ཞིང་མཆིས། །ཞེས་པ་སྟེ་མདོར་བསྡུས་པའོ། །ད་ནི་བསྟོད་པའི་འབྲས་བུ་ཡོངས་སུ་བསྔོ་བ་བཤད་པར་བྱ་སྟེ། བདག་གིས་ཐུབ་ལ་དད་པས་སྤོབས་སྐྱེས་པའི། །དགེ་བའི་ལས་འདིའི་འབྲས་བུ་འཁྲུངས་པ་ཡིས། །ངན་རྟོག་རླུང་དམར་འཚུབས་པས་དཀྲུགས་པ་ཡི། །འགྲོ་
བའི་སེམས་ནི་རྣལ་དུ་གནས་པར་ཤོག །དགེ་བའི་ལས་འདིའི་འབྲས་བུ་འཁྲུངས་པ་ཡིས། །ཞེས་བྱ་བ་ནི་རྒྱས་པའོ། །འབྲས་བུ་འཁྲུངས་པ་ནི་འབྲས་བུ་བྱུང་བ་ཡིས་སོ། །འདིའི་ནི་བརྒྱ་ལྔ་བཅུ་པའི་བསྟོད་པ་ལས་བྱུང་བ་སྟེ། དགེ་བ་ནི་ངག་གི་ངོ་བོ་ཉིད་ཀྱི་དགེ་བའི་ལས་ཀྱིའོ། །
ཅི་འདྲ་བ་ཞིག་ཅེ་ན། སྨྲས་པ། ཐུབ་ལ་དད་པ་ཞེས་བྱ་བ་ལ་སོགས་པ་ནི་ཐུབ་པ་ལ་དད་པ་ལས་བྱུང་བའི་སྤོབས་པ་ནི་ཤེས་རབ་སྟེ། དེ་ལས་སྐྱེས་པ་སྟེ་བྱུང་བ་གང་ཡིན་པ་དེ་ནི་ཐུབ་ལ་དད་པས་སྤོབས་སྐྱེས་པ་སྟེ། དགེ་བའི་ལས་དེའི་འབྲས་བུ་འཁྲུངས་པ་ཡིས་སོ། །འདོད་
ཆགས་དང་གནོད་སེམས་ལ་སོགས་པ་ནི་ངན་རྟོག་གོ། །དེ་ཉིད་ཡུལ་རྣམས་ལ་སེམས་རྣམ་པར་གཡེང་བའི་ཕྱིར་རླུང་དམར་འཚུབས་པའོ། །དེ་ཡིས་འཚུབས་པ་ནི་ངན་རྟོག་རླུང་དམར་འཚུབས་པས་དཀྲུགས་པའོ། །འགྲོ་བའི་སེམས་ནི་རྣལ་དུ་གནས་པར་ཤོག །ཅེས་བྱ་བ་ནི་
སྐྱེ་བོ་ཐམས་ཅད་ཀྱི་སེམས་དབང་དུ་གྱུར་ནས་དགྲ་བཅོམ་པར་གྱུར་ཅིག་ཅེས་བྱ་བ་ནི་དགོངས་པའོ། །དེ་ལྟར་རྒྱུ་དང་འབྲས་བུའི་དབྱེ་བ་བརྒྱ་ལྔ་བཅུ་པའི་བསྟོད་པའི་འགྲེལ་པའོ། །བདེ་གཤེགས་ལ་བསྟོད་བཤད་པ་ཡིས། །བདག་གིས་དགེ་བ་གང་ཐོབ་པ། །འགྲོ་བའི་སྡུག་
བསྔལ་ཞི་བའི་ཕྱིར། །དེ་ལས་བདེ་གཤེགས་འགྱུར་བར་ཤོག །བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པའི་འགྲེལ་པ་དགེ་སློང་དགའ་བྱེད་སྙན་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ཤྲདྡྷཱ་ཀ་ར་ཝརྨྨ་དང་། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་

ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། གཎྜཱི་སྟོ་ཏྲ་གཱ་ཐཱ། བོད་སྐད་དུ། གཎྜཱིའི་བསྟོད་པ་ཚིགས་སུ་བཅད་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །གང་ཞིག་སྔོན་དུ་བྱང་ཆུབ་ཤིང་དྲུང་ཉི་མའི་ལམ་ནས་སོང་ཅིག་གཱ་གྲེད་གཱ་གྲེད། །
གཱ་གཱ་གྲེད་གཱ་ག་གཱ་གྲེད་གྷ་ན་གྷ་གྷ་ན་གྷ་གྲེད་ལུས་ལ་གོ་ཆས་བཅིང་རྣམས་ལ། །གང་ཞིག་གཟུགས་མཛེས་བུད་མེད་རྣམས་ཀྱི་ཌྷུ་ཌུ་པ་ཏི་ཌྷུ་ཌུ་ཌུ་བྷིཿཌྷུ་ཌུ་བྷིཿརྣམས་ཀྱིས། །འདི་ལྟར་རྗེས་སུ་མི་འཁྲུགས་ལྷ་དང་མི་ཡིས་ཕྱག་བྱས་གང་དེ་ཤཱཀྱ་སེང་གེ་ཉིད་ཀྱིས་སྲུངས། །གང་
ཞིག་འདོད་ལྷའི་ལུས་ཅན་མ་རྣམས་ཀ་ཧ་ཀ་ཧ་ཀ་ཀ་ཧཱ་ཧཱ་ཧཱི་ཏི་ཞེས་དགོད་རྣམས། །གང་ཚེ་དྲེགས་ཅན་རྣམས་ཀྱིས་ཏ་ཊི་ཏ་ཏ་ཊི་ཏ་ཏཱི་ཏཱ་ཊ་ཊཱ་ཏི་ཞེས་རབ་ཏུ་སྨྲས་པ་རྣམས་དང་ནི། །ཀུད་ཀུད་བུད་བུད་ཀུ་ཀཱུ་ཙི་ཏ་ཀུ་ཧ་ར་ཙི་ཏ་བྲན་པོ་རྣམས་ཀྱིས་ངག་རྣམས་ཀྱི། །མི་སྐྲག་ཐོས་པས་དྲི་མ་
ཀུན་ཞི་གང་ཡིན་ཐུབ་པའི་དབང་པོ་དེ་ཡིས་ཞི་གྱུར་ཅིག །སྨིན་མ་འཁྱོག་པོ་བསྐྱོད་དང་འདོད་དྲན་མདའ་ཡི་རོལ་པས་རྫི་མ་མིག་འབྲས་འབེབས་རྣམས་དང་། །རྩོལ་བའི་ལུས་ཅན་མ་རྣམས་ཡལ་ག་རོལ་པས་རྩེ་བའི་ཡན་ལག་ཅན་མ་རྣམས་དང་ནི། །ངོ་ཚ་དང་བཅས་ཟུར་
གྱིས་སྨྲ་དང་ཡིད་འོང་སྙན་འཇམ་རབ་ཏུ་དགའ་བྱེད་སྣ་ཚོགས་པའི། །ཚིག་རྣམས་ཀྱིས་ནི་ཐུགས་མི་འཁྲུལ་པ་འདོད་དྲན་ལས་རྒྱལ་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ས་གཞི་ཀུན་དུ་གཡོ་དང་རྣོ་བའི་མདའ་ཡི་ཚོགས་ཀྱིས་བར་སྣང་ལ་ནི་གཏིབས་པ་ཡི། །འབར་བ་རྣམས་
དང་ཁྲོ་བོའི་མེ་རྣམས་ཕྱོགས་དང་ཕྱོགས་སུ་འབར་བས་ཆུ་ཚོགས་རྣམས་འཁྲུག་དང་། །འཕང་མདུང་རལ་གྲི་འཁོར་ལོ་སོག་ལེ་རྣོན་པོ་ཅན་གྱི་བདུད་ཀྱི་དཔའ་བོ་སྒྲ་འབྱིན་པ། །བྱམས་པའི་མཚོན་ཆ་གང་གིས་རབ་ཏུ་ཞི་ཞིང་མངོན་རྒྱལ་དེ་ཡི་ཐུབ་དབང་ཁྱོད་ཀྱིས་སྲུངས། །
རྣམ་པར་འཕྲོ་བ་ལས་སྐྱེས་ཁྲོ་བ་རབ་གསལ་རྣམ་གཙིགས་དགེ་བ་ངེས་པར་སྒྲོགས་འཇིགས་པའི། །འབྲུག་སྒྲོགས་ཆར་སྤྲིན་དྲ་བ་རབ་གསལ་གླང་པོའི་བུམ་འགྱིང་བཅིངས་པའི་མུན་ནག་འཐིབས་པ་དང་། །འདོད་ལྷའི་དཔུང་ཚོགས་འཇོམས་པའི་མེ་འཕྲོ་བ་དང་རལ་གྲིའི་

འོད་ཀྱིས་སྣ་ཚོགས་མ་ལུས་གསལ། །མེ་ཏོག་མདའ་ཅན་སྡེ་རྣམས་གང་གི་སྐད་ཅིག་གིས་འཇོམས་སངས་རྒྱས་ཁྱོད་ཀྱིས་སྲུང་བར་མཛོད། །མཛེས་པའི་རྣ་བའི་དྲུང་གང་པདྨའི་འདབ་མ་ལྟ་བུའི་རྫི་མ་མིག་གི་འབྲས་བུ་གཡོ། །ཤིན་ཏུ་ཆགས་པས་རྣམ་པར་སྒྲིན་མ་རབ་ཏུ་རྣམ་
རྒྱས་མཐུན་པ་དང་བཅས་སྨིན་རོལ་པའི། །མིག་ཅན་བདུད་ཀྱི་ལུས་ཅན་མ་རྣམས་ཡོངས་ཆགས་གྱུར་དང་མཐའ་དམར་ཞི་བ་མིན་རྣམས་ཀྱིས། །ཀུན་དུ་དྲང་བར་མ་བཏུབ་སྐྱོན་བསལ་གྱུར་པའི་དྲང་སྲོང་མཆོག་དེ་ལ་ནི་བདག་ཕྱག་འཚལ། །གང་གི་ཐུགས་ནི་འཁྲུག་པར་མ་
གྱུར་བདུད་རྣམས་བསལ་བ་རྣམ་གཙིགས་དོག་པར་གཅེར་དང་ལྕེ་བསྐྱོད་དང་། །དཔལ་གྱི་རྩེ་མོ་ལག་ཅན་རྣམས་དང་གླང་པོ་རྟ་ཡི་གདོང་ཅན་དང་ནི་སེང་གེ་སྟག་གི་གདོང་རྣམས་དང་། །རབ་ཏུ་མཛེས་པའི་འདོད་པའི་ལྷ་ནི་རྩ་བཞིན་རྩི་བ་མེད་པ་འཁོར་བས་འཇིགས་གང་གིས། །
སྡིག་པ་བསལ་བ་འཇིག་རྟེན་མགོན་པོ་ཐུབ་པའི་དབང་པོ་སངས་རྒྱས་གང་ཡིན་ཁྱོད་ཀྱིས་སྲུངས། །གང་གི་བློ་ནི་འཁྲུག་པ་མེད་དེ་ས་གཞི་ཆུ་བོའི་ཀླུང་དང་རྒྱ་མཚོ་ཆུ་འཛིན་རྣམས་དང་ནི། །འབྲུག་སྒྲོགས་རྣམས་དང་བདུད་ཀྱི་དཔའ་བོ་སྣ་ཚོགས་བརྒྱ་ཕྲག་གདོང་དང་དྲག་པོའི་
གཟུགས་ཅན་མཐའ་ཡས་དང་། །གང་ཞིག་མེ་ཏོག་ཏོག་ཅན་དེ་ནི་རྩ་བཞིན་མ་རྩིས་ཐམས་ཅད་མཁྱེན་པ་དང་ནི་འདོད་ཆགས་དང་བྲལ་བ། །དཔལ་ལྡན་སངས་རྒྱས་དཔའ་བོ་སྡིག་པའི་འཇིགས་པ་འཕྲོག་པ་རྣམ་འགྱུར་མེད་པ་དེ་ཡིས་སྲུང་བར་མཛོད། །བདུད་རྣམས་དཔུང་
ཆེན་ལག་ན་རལ་གྲི་དགྲ་སྟ་གཞུ་དང་མདུང་ཐུང་ལྷག་པར་རྩེ་མོ་རྣོ་རྣམས་དང་། །སྐར་མདའ་འབེབས་དང་སྲེག་བྱེད་དུ་མ་སྒྲ་གསལ་སྒྲོགས་པ་འཇིག་པར་བྱེད་པ་འཇིགས་པའི་སྒྲ་རྣམས་ཀྱིས། །གང་གི་ཐུགས་ནི་མི་འཁྲུགས་རི་བོ་བཞིན་དུ་གཡོ་བ་མེད་པ་དམ་པ་སྐྱིལ་མོ་ཀྲུང་
བཅིངས་པ། །སྲིད་གསུམ་འཇིགས་པ་འཕྲོག་བྱེད་སངས་རྒྱས་དཔའ་བོ་ཤིན་ཏུ་དཔའ་བ་དེ་ལ་འདུད་ཅིང་ཕྱག་འཚལ་ལོ། །མཐོན་པོར་ཨཊྚ་ཊར་དགོད་རབ་གསལ་རྣོན་པོར་མྱུར་བར་བཅིངས་པའི་དྲིལ་བུ་སྒྲོགས་པ་དང་། །བསྒྱིངས་པ་དང་བཅས་འགྱེད་པ་གཙིགས་པ་

རལ་པ་བསྒྲིལ་བའི་སྐྲ་ཅན་མིག་ཡོན་བྲན་རྣམས་ཀྱིས། །འཇོམས་པར་བྱ་བར་མ་ནུས་རྣོན་པོའི་པ་ཊ་ཧ་གསལ་བརྡུངས་པས་གང་གིས་བྱང་ཆུབ་ཏུ། །ང་རྒྱལ་ཅན་རྣམས་ལ་ནི་བྱ་རྒོད་ཕུང་པོར་གསལ་བའི་པ་ཊ་ཧ་གསལ་སངས་རྒྱས་དཔའ་བོ་བདེར་
གྱུར་ཅིག །ཀོ་ཀཎྜི་རཱ་མ་ར་ཎ་ཧི་པྲ་ཏི་བྷ་ཡ་ཀུ་ཧ་རཾ་དརྤ་ཎ་ཎེ་ཌཾ་རཎྞ་ཌཾ། ཌོ་མྦ་ཎྜ་མྦ་ཎ་ཌུ་ཌིམྦ་ཎ་ཌ་ཧ་ཌྷུ་ཧ་ཀ་ཌྷུ་ཧཾ་སྟྲཻང་ཁ་ལ་སྟྲཻང་ཁ་ལ་སྟྲཻང་མ། ཛམ་བྲ་ཉ་ཛིམ་བྲ་ཉ་ཇ་ཛིམ་བྲང་ཁ་མུ་ཁ་མུ་ཁུ་ཁུ་མཱང་ཁུཿཁུ་མང་ཁུཿཁུ་མང་ཁུཿཁུ་མང་ཁུ་སོགས་རྣམས་ཀྱིས་མི་འཇིགས་ལྷ་དང་མི་
ཡིས་ཕྱག་བྱས་ཤཱཀྱ་སེང་གེ་ཁྱོད་ཀྱིས་སྲུངས། །གང་གིས་བདུད་ཀྱི་ཆུ་འཛིན་ཐོགས་པའི་ལུས་ཀྱིས་ཡོངས་སུ་བསྒྱིངས་པའི་ང་རྒྱལ་མཚན་མོ་གྲོལ། །བདུད་ཀྱི་ལུས་ཅན་མ་རྣམས་ཀྱི་ནི་གདོང་གི་པདྨོའི་ནགས་དཔལ་མི་མཐུན་ཕྱོགས་གཅིག་པ། །ཡང་དག་རྫོགས་
པའི་བྱང་ཆུབ་ཟླ་བ་དང་ནི་སྟོན་ཀའི་ཀུ་མུ་ད་བཞིན་ཡོངས་ཐོབ་པ། །དེ་འདིར་ཆོས་ཀྱི་ཕོ་ཉ་སྒྲོགས་པ་ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ཀྱི་གཎྜཱིའོ། །བསོད་པ་མ་ཐོབ་ཚིམ་མེད་སྐད་ཅིག་ཀྱང་ནི་རྣམ་པར་དཔྱོད་པའི་མཐར་བྱེད་འདི་ལ་རིང་པོ་ནས། །དེར་ནི་སེམས་རྣམས་
ཆུད་པས་དུས་ཀུན་དུ་ནི་རྒྱུན་མི་འཆད་པར་ལེགས་པར་སྤྱོད་པར་བྱེད་པ་ཡི། །འདིར་ནི་དཀོན་མཆོག་གསུམ་གྱི་བཀའ་བསྒོར་ཞུགས་པ་ཡང་ཡང་སྲོག་ཆགས་རྣམས་ལ་སློབ་པ་གང་ཡིན་པ། འདི་ནི་ཕྱོགས་ཀྱི་དཀྱིལ་འཁོར་དུ་ནི་མི་དམན་རབ་ཏུ་གྲགས་པ་རྩུབ་པ་ཆོས་
ཀྱི་གཎྜཱིའོ། །ཉི་མའི་དཀྱིལ་འཁོར་བཞིན་དུ་སྐར་མའི་ཚོགས་ལས་རྣམ་རྒྱལ་བས། །འབར་ཏེ་མུ་སྟེགས་སྐྱེ་བོ་དང་ནི་རྒྱལ་བའི་བསྟན་ལ་འདིར། །ས་གཞིའི་དཀྱིལ་འཁོར་གྱི་ནི་རྒྱན་གྱི་སྙིང་པོ་གཎྜཱི་འདི། །གཡུལ་ལས་རྒྱལ་བའི་ཅང་ཏེའུ་གཏུམ་པོ་བཞིན་དུ་གྲགས་པའོ། །
གང་ཡང་ཁྱོད་ནི་སྐྲག་པ་མ་ཡིན་ཛ་མི་ཛ་མི་ཌྷུ་ཌྷུ་མ་ར་ཉི་ཛ་ར་ཉི་ཛ་ཌེ་ན་ནཱ་ཌི་ནཱ་ཌེ། ཌོཾ་བན་ཌིམ་བཎ་ཌུ་དིམ་པ་ན་ཌ་བྷ་ཌ་བྷུ་ཌྷུ་ཌྷུ་བྷཾ་ནཱ་ཌི་བྷན་ནཱ་ཌི་བྷན་ཌ་མ། ར་ཎ་ཌི་རུ་ཎ་དཾ་རུ་རུ་ཎ་ཌི་ཡ་ར་ལ་བ་ཁ་ཁ་མཾ་ཁཿཁ་མཾ་ཁཿཁ་མཾ་ཁཿ། །སྟོབས་བཅུ་མངའ་བའི་སྟོབས་ཀྱིས་བདུད་ཀྱི་དཔུང་རྣམས་བཅིར་

ལ་འཚོ་བའི་འཇིག་རྟེན་པ་ཡིས་ལྟོས། །ས་གཞི་རབ་ཏུ་གཡོ་བའི་གཡོ་བ་ལས་བྱུང་རི་བོ་རབ་ཏུ་བསྐྱོད་ཅིང་རི་རབ་རྒྱལ་པོ་གཡོ། །ལྷ་ཡི་ཚོགས་དང་གདོན་གྱི་འོད་ཟེར་དང་ནི་ཀླུ་ཡི་རྒྱལ་པོ་མ་ལུས་པ་རྣམས་སྐྲག་པ་དང་། །མུ་སྟེགས་རྣམས་ཀྱི་གཎྜཱི་གཏུམ་པོ་སྣ་ཚོགས་འཇིགས་པར་
བྱེད་པ་ཐོས་པས་སྐྲག་པ་དང་། །སངས་རྒྱས་པ་རྣམས་ཀྱི་ནི་ཞི་བ་ཞི་བའི་རྒྱུར་གྱུར་པ་བཞིར་སྒྲ་སྒྲོགས་དགེ་འདུན་ལ་འདིར་སྒྲོགས། །འདི་ནི་གཙུག་ལག་ཁང་གི་རྩེ་མོར་རབ་ཏུ་སྒྲོགས་པའི་གཎྜཱི་སྟེ། །སྤྲིན་གྱི་སྒྲ་བཞིན་བྱེད་པ་སྒྲ་རྣམས་དེ་རིང་ཡིད་དུ་འོང་བ་ནི། །མ་ལྟར་ཤིན་ཏུ་མཉེས་
གཤིན་པ་ཡིས་ལེགས་པར་ཕྱི་རོལ་སོང་རྣམས་ཀྱི། །བུ་རྣམས་ཟས་དུས་ལ་ནི་ཡོངས་སུ་འབོད་པར་བྱེད་པའི་གཎྜཱིའོ། །འཁོར་བའི་འཁོར་ལོ་ཡོངས་སུ་འཇོམས་པ་མཆོག་ཏུ་གྱུར་པ་སྟེ། སངས་རྒྱས་ཡོན་ཏན་རིན་ཆེན་ཐམས་ཅད་ཀྱིས་ནི་མ་ཀླུབས་པའི། །སྒྲ་སྒྲོགས་བྱེད་པའི་ལྷ་ཡི་རྔ་
ཆེན་དང་མཉམ་སྒྲ་ཆེན་གྱི། །གཎྜཱིས་སྡིག་པ་མ་ལུས་རྣམ་པར་འཇོམས་པར་བྱེད་པའོ། །འདིས་ནི་ལྷ་དང་ལྷ་མིན་ལྟོ་འཕྱེ་ཆེན་པོས་མཆོད་བྱས་པ། །ཞི་བ་མཆོག་ཏུ་ཉེ་བར་བཞུད་པའི་དེ་བཞིན་གཤེགས་པ་ཡི། །གཎྜཱི་སྒྲ་སྒྲོགས་འཆི་བ་མེད་པའི་རྔ་ཆེན་དང་མཉམ་སྒྲས། །མུ་སྟེགས་
ཅན་གཞན་གྱི་ནི་སྙིང་ནི་རྣམ་པར་འཇོམས་པའོ། །འདིར་ནི་གཎྜཱི་འདི་སྒྲོགས་པ་ཡིས་མི་རྣམས་དང་། །ལྷ་དང་མི་དང་ལྷ་མ་ཡིན་རྣམས་འབོད་པ་སྟེ། །བཟང་པོ་རྣམས་ཀྱི་བདེ་གཤེགས་གཎྜཱི་འདི་ཉོན་ཅིག །ལུས་པ་མེད་པའི་དགེ་སློང་ཚོགས་ཀྱིས་ཡོངས་སུ་བསྐོར། །གླང་ཆེན་རྣམས་
ཀྱིས་འཇིགས་པའི་དུས་ཚིགས་འཁྲུགས་པའི་དུས་ཀྱི་ནམ་མཁའི་ཆུ་འཛིན་ཁྱབ་བཞིན་གྱིས། །འགྲོ་བ་རྣམས་ནི་འཇོམས་དང་ཡ་ང་བ་དང་འཇིགས་པས་འདར་བ་ཟློག་པར་བྱེད་པའི་རྒྱུ། །ཉེ་བར་ཞི་བར་མུ་སྟེགས་མ་ལུས་པ་ཡི་ང་རྒྱལ་དེ་ཡིས་ཤིན་ཏུ་མེད་བྱེད་པ། །ཐུབ་པ་
ཚོགས་རྣམས་ཀུན་གྱིས་ཆོས་རྣམས་འཕེལ་བའི་དོན་བཞག་པ་དེའི་གཎྜཱི་ཁྱོད་ཀྱིས་སྲུངས། །བསོད་ནམས་མཆོག་གྱུར་དེ་གྲུབ་གྱུར་ཅིག་འཚོ་བ་གཡོ་བའི་འཇིག་རྟེན་པ་རྣམས་ཀྱི། །མཐོ་རིས་དང་ནི་བྱང་གྲོལ་རབ་སྟེར་ངན་འགྲོ་སྟེར་བྱེད་སྡིག་པར་མ་གྱུར་ཅིག །འདིར་ནི་

དབུས་ན་འདུག་པའི་སྦྲང་མ་སྒྲ་འབྱིན་ལྟ་བུར་བདག་གིས་སྨྲས་པ་ཡི། །བདུད་དགྲའི་ཞབས་ཀྱི་ཆུ་སྐྱེས་དག་ལ་མེ་ཏོག་སྙིམ་པས་གཏོར་རོ་ཁྱོད་ཀྱིས་སྲུངས། །བརྒྱ་བྱིན་ལ་སོགས་ལྷ་ཚོགས་རྣམས་ཀྱིས་ཤིན་ཏུ་གུས་པས་མེ་ཏོག་གཏོར་རྣམས་དང་། །མཁའ་
ལ་སིལ་སྙན་སྒྲོགས་པ་རྣམས་ཀྱིས་ཡོངས་གང་གུས་པས་མེ་ཏོག་གཏོར་རྣམས་དང་། །མཐོ་རིས་ནས་ནི་ས་ལ་བབས་པར་གྲགས་པ་ཡུན་རིངས་བསྐྱལ་བྱས་གང་ཡིན་པ། །སྙིང་རྗེའི་གཏེར་ཆེན་བཅོམ་ལྡན་འདས་ཀྱི་གཎྜཱི་རབ་གཏུམ་དེ་ཡིས་འགྲོ་བ་སྲུངས། །ཡུམ་གྱི་ལྷུམས་
ནས་འཐོན་པ་ཙམ་གྱིས་རང་གི་གོམ་པ་བདུན་དུ་བཞུད་པ་པོ། །འཁོར་བ་མཐར་ཕྱུང་རང་གི་ཚིག་ནི་རབ་ཏུ་བརྗོད་པ་བློ་གྲོས་མི་ཆུང་བ། །གོང་དུ་སྐྱེ་བའི་དངོས་པོར་སྲིད་པ་བསལ་བར་བརྗོད་པ་རྣམས་སུ་གྱུར་པ་ཡིས། །བདེ་བར་གཤེགས་པའི་མུན་པ་དུམ་བུར་བྱེད་པའི་གཎྜཱི་
དེ་ཡིས་རྒྱལ་གྱུར་ཅིག །ལྷུན་པོ་མཆོག་གི་སྟོང་དང་རིན་ཆེན་རི་བོ་ནོར་བུའི་འོད་ཅན་ཀུན་གྱི་ངོས་དང་ནི། །རི་དབང་རྒྱལ་པོ་གངས་རིའི་སྟེང་དང་མི་ཡི་ཡུལ་དང་ཀླུ་ཡི་འཇིག་རྟེན་དག་ན་གནས་པ་ཡི། །འཆི་མེད་འདོད་ཁམས་དབང་པོ་དང་ནི་གླིང་བཞིའི་མི་བདག་ཉི་
ཟླ་ལྷ་མིན་དབང་པོ་རྣམས། །བདེ་གཤེགས་ཆོས་ཀྱི་གཎྜཱི་ཐོས་པས་ཐམས་ཅད་བདེ་གཤེགས་དགོངས་པ་བཟང་ལ་འབོད་པའོ། །ས་གསུམ་ཀུན་ན་ཡོད་པའི་མི་སྡུག་རིགས་མང་གླང་ཆེན་དྲེགས་པ་མང་པོ་རྣམས་བཟུང་ཞོན། །ཐམས་ཅད་མཆེ་བ་རིང་པོ་ཕྱིར་བཏོན་
རྡོ་རྗེ་འབར་བའི་ཕྲེང་བའི་རྟགས་ནི་བཟུང་བྱས་ནས། །སྡིག་པའི་རིགས་ཀུན་འོངས་པ་རྡོ་རྗེ་ཧཱུཾ་མཛད་བླ་མ་མཁས་པའི་ཧཱུཾ་སྒྲས་འཇིགས་མཛད་པས། །འཇིག་རྟེན་ཀུན་ལས་རྒྱལ་བ་བྱུང་ཞེས་སྒྲ་སྒྲོགས་ཞབས་དྲུང་འདུད་ཅིང་སངས་རྒྱས་ཅོད་པན་བརྒྱན། །བདུད་ཀྱི་བུ་
མོ་ཁྲི་སྙན་ས་ལ་དང་འདྲ་མིག་ལྡན་ནུ་མ་མཁྲང་ཞིང་རྒྱས་ལྡན་པ། །དད་པའི་འགྲོས་འདྲ་བྲན་མོའི་སྟེང་དུ་ཞོན་ཞིང་གླུ་ལེན་རྔ་ཡི་ཚོགས་བརྡུང་མགྱོགས་འགྲོ་བ། །རྒྱ་མཚོ་ཆེན་པོ་འཕྱུར་བའི་ཆུ་བོ་བཞི་ལྟར་རྒྱུན་མི་འཆད་པར་མང་པོ་འོངས་རྣམས་ལ། །ཊུཾ་ཊུཾ་བྷྲཾ་བྷྲཾ་ཁྱད་འཕགས་

སྒྲ་རྣམས་རྒྱུན་མི་འཆད་པར་སྒྲོགས་བྱེད་གཎྜཱི་ཉིད་ཡིན་ནོ། །བདུད་ཀྱི་སྟོབས་ལས་རྒྱལ་བྱས་འཇིགས་པ་ཆེན་པོ་བསྟན་པ་བྱས་ནས་སྐྱོན་ཟད་པའི། །འདིར་ནི་དེ་བཞིན་ཤིན་ཏུ་མཛེས་པའི་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་གང་། །མ་ལུས་ཡོན་ཏན་བཟང་པོ་དང་ལྡན་
སངས་རྒྱས་དག་པའི་ཐུགས་རྗེ་ཅན་དེ་ཡི། །གཎྜཱི་གཏུམ་པོ་སྡིག་འཕྲོག་བྱེད་པས་མི་རྣམས་ཀྱི་ནི་དུམ་བུར་བྱེད་གྱུར་ཅིག །ཚངས་པ་ལྐུགས་པ་ལྟར་གྱུར་ལྷ་ཡི་བླ་མའི་སྙེམས་པ་མེད་གྱུར་ཐམས་ཅད་དུ། །འཚོ་བྱེད་བློ་ཆུང་གྱུར་ཏོ་སྐལ་བ་དང་ལྡན་ཁྱབ་འཇུག་ཅི་ཡང་མི་སྨྲར་
སོང་། །འདིར་ནི་གང་གི་ཡོན་ཏན་གྲགས་པས་ལྷ་རྣམས་གང་དེ་ངོ་ཚས་ཡན་ལག་འཁུམས། །ཐུབ་པའི་གཎྜཱི་འགྲོ་བའི་འཇིགས་པ་མེད་པས་འགྲོ་རྣམས་ངན་འགྲོ་ལས་ནི་སྲུང་། །ཚངས་པ་མིག་སྟོང་དབང་པོ་ཁྱབ་འཇུག་ཉི་ཟླ་སྲིན་པོ་གནོད་སྦྱིན་རྣམས་དང་ནི། །དྲི་ཟ་ལྟོ་
འཕྱེ་མི་འམ་ཅི་དང་ལྷ་མིན་མི་དང་བདུད་རིས་ཡི་དགས་དང་། །གང་ཞིག་ལངས་པས་ས་ཡི་གཞི་རྣམས་གསེར་འོད་འབར་འགྱུར་གོས་སེར་ཅན་དེ་ཀུན། །ཐམས་ཅད་མ་ལུས་དེ་བཞིན་གཤེགས་པ་བླ་མས་ཆོས་ནི་ཉན་དུ་འབོད་པའོ། །གང་གིས་སྐྱེ་བར་ཆུང་ཞིང་དམན་པའི་
དགོངས་ཅན་མུ་སྟེགས་པ་རྣམས་སྐྲག་པ་འཐོབ། །ཁྱད་འཕགས་འཕེལ་བའི་བློ་ཅན་སངས་རྒྱས་པ་རྣམས་སྤྲོ་བ་རབ་ཏུ་འཕེལ་འཐོབ་པ། །གང་འདིའི་ཡོན་ཏན་རྣམས་འཐོབ་རྒྱ་ཆེན་པོ་ཡི་སྐྱོན་ནི་ཟད་པར་འགྲོ་བ་ཡི། །གཎྜཱི་དེ་ཡིས་རྟག་ཏུ་རྩོད་དུས་སྲིད་པ་རྣམས་ཀྱི་
སྡིག་པ་ཟད་གྱུར་ཅིག །རྣམ་དག་དགོངས་ཅན་གང་ལ་ཆོ་ག་བཞིན་དུ་ཕྱག་བྱས་མཐོན་པོའི་འགྲོ་བགྲོད་དང་། །གང་གིས་མི་མཐུན་ཕྱོགས་ནི་ཐམས་ཅད་མྱུར་དུ་ཟད་པ་སྟེར་བར་བྱེད་པ་དང་། །འཁྲུག་ལོང་གཏི་མུག་རབ་རིབ་ཐུབ་པའི་ཆོས་ཀྱི་གཎྜཱི་དེ་ཡིས་འཇོམས་གྱུར་ཅིག །
ཚེ་དང་ལྡན་པ་རྣམས་ཀྱིས་སྲིད་པ་ལས་བྱུང་འཇིགས་པ་དེ་ནི་ཁྱོད་ཀྱིས་ཆོམ། །འདི་ཐོས་དགེ་བས་ས་འཛིན་པ་ཡི་ཚངས་སོགས་ས་གཞིའི་མཐིལ་དུ་མྱུར་དུ་ལྟུང་། །ས་འཛིན་རྣམས་ནི་འདར་ཞིང་ས་གཞི་མྱུར་དུ་ས་ཡི་འོག་ཏུ་འགྲོ་བ་དང་། །མུ་སྟེགས་པ་རྣམས་འཇིགས་པར་

བྱེད་པ་གཞན་ལ་ཕན་བརྩོན་དག་པའི་བདག་ཉིད་ཅན། །སངས་རྒྱས་པ་རྣམས་མྱུར་དུ་ཉེ་བར་ཞི་འགྱུར་གཎྜི་དེ་ནི་འདུ་བར་མཛོད། །གཎྜཱིའི་བསྟོད་པ་ཚིགས་སུ་བཅད་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།མཁས་པ་ཆེན་
པོ་རྒྱལ་བའི་སྡེའི་ཞལ་སྔ་ནས་དང་། ལོ་ཙཱ་བ་བཙུན་པ་དྷརྨྨ་ཡོན་ཏན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མི་ཤྲ་ཀ་སྟོ་ཏྲ་ནཱ་མ། བོད་སྐད་དུ། སྤེལ་མར་བསྟོད་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གཏིང་
མཐའ་མེད་པའི་འཁོར་བ་ཡི། །རྒྱ་མཚོའི་ནང་དུ་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པས། །དེ་རིང་གང་ལ་སྐྱབས་སུ་མཆི། །ཇི་སྲིད་བདག་ལ་སེམས་ཡོད་ན། །གང་གི་བསྟན་ལ་གནས་པ་དང་། །གང་བསྟོད་
གང་ལ་བསྙེན་བཀུར་བགྱི། །གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང་། །གང་ལ་འང་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གཞན་གྱི་གནོད་པ་བསལ་བའི་ཕྱིར། །གང་གི་ཉེས་པ་ཟད་གྱུར་པ། །གཞན་མངོན་མཐོ་
དང་ཐར་པའི་ཕྱིར། །ཡོན་ཏན་གོམས་བྱས་བདག་གི་མིན། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པའི་རིགས། །གང་ཞིག་ཉེས་དེ་གཞན་ལ་གནོད། །དེ་ནི་ཡོན་ཏན་གང་
གཞན་སྨད། །ཉེས་པ་རང་གི་ཉེས་བཅོམ་པ། །འཚོ་བ་རང་དོན་ཡོན་ཏན་ནོ། །ཐམས་ཅད་མཁྱེན་ལ་ཡོན་ཏན་ཀུན། །མངའ་ལ་དེ་ཡང་ཉམས་མི་མངའ། །ཉེས་པ་བག་ཆགས་བཅས་དེ་ཡང་། །སྐྱོབ་པ་གཅིག་པུ་ལ་མི་མངའ། །སྤྱོད་པ་ལ་ནི་མི་སྨོད་ཕྱིར། །
ཐུབ་པ་སྐྱོན་ནི་མེད་པར་གྲུབ། །བདེ་བར་གྲགས་པའི་ཆོས་སྤངས་ནས། །སྐྱེ་བོ་དཀར་བ་སྨོད་པ་མེད། །བཅོམ་ལྡན་འདས་ཀྱི་སྐུ་དང་ནི། །གསུང་དང་ཐུགས་ཀྱི་ཕྲིན་ལས་ལ། །ཞེ་འགྲས་གྱུར་པ་གང་གིས་ཀྱང་། །ཆོས་དང་ལྡན་པར་གླགས་མི་རྙེད། །ཆེ་བའི་ཡོན་

ཏན་ཆ་ཡིས་ཀྱང་། །ཚིག་རྙེད་ངེས་པར་མ་བླངས་པར། །གལ་ཏེ་སྟོན་བསྟོད་མི་བྱེད་ན། །མི་ཁམ་གནས་བཞིན་བདག་བཅོམ་འགྱུར། །རྒྱ་མཚོར་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་པ་ཆུད་པ་ལྟར། །དམ་ཆོས་དགའ་སྟོན་ཆེར་བཅས་པའི། །མི་ཉིད་བདག་གིས་
ཐོབ་ནས་ནི། །མང་དུ་བཅད་པར་གྱུར་པ་སྟེ། །མཐར་ཡང་བསྐལ་པའི་སྐྱོན་གྱིས་གནས། །ལྕེ་ནི་དོན་ཅན་མ་གྱུར་ཏེ། །གཞན་དུ་བདག་ནི་བསླུས་པར་གྱུར། །མི་རྟག་ཉིད་དང་རྗེས་འབྲང་ཞིང་། །ལས་ཀྱི་གླགས་ལ་དོགས་བཅས་པ། །བདག་གི་ལྕེ་འདི་ཉིད་ཀྱིས་གོ། །
སྙིང་པོ་ཅི་ཕྱིར་བླང་མི་བྱ། །ཡོན་ཏན་གྱི་མཐའ་མ་རྟོགས་པས། །གལ་ཏེ་བསྟོད་པ་མི་བྱེད་ན། །ཤཱ་རིའི་བུ་ལ་སོགས་པས་ཀྱང་། །ངེས་པར་བསྟོད་པར་མི་འགྱུར་རོ། །དེ་ལྟར་ཐུབ་པའི་ཡོན་ཏན་གྱིས། །ཡུལ་ལྟ་གྲངས་མེད་ཤེས་མོད་ཀྱིས། །རང་གི་དོན་ལ་གུས་པ་ཡིས། །
དེ་ཡི་ཕྱོགས་གཅིག་བསྒྲིམས་ཏེ་བརྗོད། །གང་ཞིག་གཞན་ལ་སློབ་པ་དང་། །དམན་ཕྱིར་ལེགས་པར་མ་བསླབས་གང་། །ཉེས་པ་ཟད་ཀྱང་དེ་སློབ་ཅིང་། །གང་ཕྱིར་དོན་གྱིས་ཁྱོད་མི་སློབ། །གང་གི་ཡོན་ཏན་གྲངས་དག་དང་། །མཐུ་ལ་ཐུག་པ་མ་མཆིས་ལ། །རྨད་བྱུང་ཕྲིན་ལས་
དཔག་མེད་ཅན། །རང་བྱུང་ཁྱོད་ལ་ཕྱག་འཚལ་ལོ། །ཡོན་ཏན་གྲངས་ཀྱི་མཐུ་ཡིས་ནི། །སློབ་ལ་སྨྲ་བར་ནུས་པ་དང་། །མཐའ་ཅན་གཞལ་བར་བྱེད་ནུས་ཀྱི། །མི་སློབ་པ་ཡི་མདུན་དུ་མིན། །འདི་སྙེད་བགྱི་བའི་མཐའ་མེད་ན། །འདི་ལྟར་ལགས་ཞེས་ཅི་ཞིག་སྨོས། །ཁྱོད་ཀྱི་ཡོན་
ཏན་སླད་དུ་བདག །བསོད་ནམས་སྙམ་ནས་སྤྱི་བརྟོལ་སྐྱེས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས་བསྟོད་པ་གླེང་བསླང་བ་ཞེས་བྱ་བ་སྟེ་ལེའུ་དང་པོའོ།། །།བདེ་ནས་སྙིང་རྗེ་མེད་པ་ནི། །སྤྱོད་དམ་མི་སྤྱོད་རྣམ་
མི་སྤྱོད། །རང་གི་བདེ་བས་གཞན་དབང་ཕྱིར། །དེ་ཉིད་དང་ནི་ངེས་པར་སྦྱར། །སྤྱོད་དམ་མི་སྤྱོད་སྙམ་པ་ཡི། །རྣམ་པར་རྟོག་པ་རྣམ་སྤངས་ནས། །འགྲོ་བ་འདི་ནི་ཉམ་ཐག་ཅེས། །ཁྱོད་བདག་ཉིད་ཀྱིས་ཞལ་གྱིས་བཞེས། །སྙིང་རྗེ་རྣམ་པར་སྤངས་ནས་ནི། །གཞན་གྱི་གཞན་ནི་

བཅོལ་བ་བྱེད། །ལ་ལར་བདག་ཕན་ལ་བརྩོན་པས། །རང་གི་བདེ་ཕྱིར་རབ་ཏུ་འཇུག །ཁྱོད་ནི་མ་བཅོལ་ལེགས་མཛད་པ། །ཁྱོད་ནི་རྒྱུ་མེད་བཞིན་དུ་བྱམས། །ཁྱོད་ནི་མ་འདྲིས་མཛའ་བཤེས་ཏེ། །འབྲེལ་པ་མེད་པའི་གཉེན་འདུན་ལགས། །སྦྱིན་པའི་
ཕ་རོལ་ཕྱིན་པའི་ཕྱིར། །ཐུགས་རྗེས་འགྲོ་བ་བླངས་ནས་ནི། །སློང་ལ་དགྱེས་པ་འཕེལ་འགྱུར་བ། །བ་སྤུ་དུ་མ་ལྡང་དང་བཅས། །ཉིད་ཀྱི་ཤ་ཡང་སྩོལ་མཛད་ན། །དངོས་པོ་གཞན་ལྟ་སྨོས་ཅི་འཚལ། །ལེགས་མཛད་ཁྱོད་ཀྱི་སྲོག་ཀྱང་ནི། །སློང་བའི་སྐྱེ་བོ་རྣམས་ལ་བཏང་། །
བདག་ལ་བདག་ཉིད་སྤངས་ནས་ནི། །གཞན་ལ་བདག་ཉིད་བླངས་པས་ན། །རྩྭ་ཡིས་རིན་ཆེན་རིགས་ཆེན་ལྟར། །དགྱེས་པ་མི་ཉམས་ལྡན་པ་ཡིས། །ཉིད་ཀྱི་སྐུ་དང་སྲོག་དག་གིས། །ལུས་ཅན་གཤེད་མས་ཟིན་རྣམས་ཀྱིས། །ལུས་དང་སྲོག་ཀྱང་ཁྱོད་ཀྱིས་ནི། །ལན་བརྒྱ་
ཕྲག་ཏུ་བསླུ་བ་མཛད། །འཇིག་རྟེན་བདག་ལྟའི་བསམ་པ་ཅན། །སྙིང་རྗེའི་སེམས་ནི་མེད་པ་སྟེ། །སྡུག་བསྔལ་འཇིགས་སམ་བདེ་འདོད་པས། །ཚུལ་ཁྲིམས་ཀུན་དུ་བླངས་ནས་སྲུང་། །ངན་འགྲོས་བསྙེངས་སླད་མ་ལགས་ལ། །བཞེད་པའི་འགྲོ་བའང་སྒྲུབ་མ་
ལགས། །དགོངས་པ་དག་པ་འབའ་ཞིག་གིས། །ཁྱོད་ཀྱིས་ཚུལ་ཁྲིམས་གོམས་པར་མཛད། །ཕྱི་རོལ་རྐྱེན་གྱིས་མ་རྫོགས་དང་། །རང་སྦྱོར་ཕུན་ཚོགས་མེད་པའི་ཕྱིར། །བསམ་པ་རྣམ་པར་དག་པས་ཀྱང་། །ཚུལ་ཁྲིམས་ཕ་རོལ་དག་མི་འགྱུར། །རྟག་ཏུ་གྱ་གྱུ་རྣམ་སྤངས་
ཤིང་། །དྲང་བརྟན་རྣམས་ནི་རྟག་བསྟེན་པས། །ཡོངས་སུ་དག་པའི་ལས་རྣམས་ཀྱིས། །ཁྱོད་ནི་གཞི་རྟེན་གཅིག་པུར་གྱུར། །བཟོད་པའི་ཕ་རོལ་ཕྱིན་པའི་རྒྱུ། །ཐུགས་རྗེའི་དབང་གིས་མཆོད་བྱ་ཡང་། །མ་འོངས་སྡུག་བསྔལ་བསྙེངས་པ་ཡིས། །གཞན་ཉིད་རང་ཉིད་ལ་
ཉེས་པས། །སྡུག་བསྔལ་མང་པོས་གཟིར་བ་ནི། །ཁྱོད་ཀྱིས་དགའ་བའི་ཐུགས་ཀྱི་ནི། །ཉོན་མོངས་རྣམས་ནི་སྲན་བཙུགས་ནས། །སྐྱེ་བོ་ཉོན་མོངས་ཅན་ལ་བརྩེ། །གཟིར་བར་གྱུར་པ་རྣམས་ལ་ཡང་། །ཉེས་པ་རྣམས་ནི་མི་སེམས་པ། །བཟོད་པའི་ཕ་རོལ་ཕྱིན་འདོད་ཕྱིར། །

བྱས་པ་ཉིད་ནི་རྗེས་ལྟ་བས། །ཁྱོད་ཀྱིས་གཞན་གྱི་དོན་སླད་དུ། །སྐུ་སྲོག་བཏང་ནས་དགྱེས་གྱུར་གང་། །དེ་འདྲ་སྲོག་ཆགས་འགུམ་པ་ལས། །སོས་པ་རྣམས་ལའང་བྱུང་མ་གྱུར། །ཕན་བྱེད་མཆོད་པས་དགའ་གྱུར་པ། །ངོ་མཚར་ཆེ་བའི་སེམས་མི་རྩི། །མགོན་པོ་ཁྱོད་ནི་
དགྱེས་པ་གང་། །བདག་གི་དེ་ནི་ངོ་མཚར་དགོངས། །ཁྱོད་ནི་ལན་འགའ་མ་ལགས་པར། །གཏུབས་ཀྱང་སྡུག་བསྔལ་མི་དགོངས་པར། །གཤེད་མ་བགྱིད་པའི་སེམས་ཅན་ལའང་། །གཙོ་བོ་ཐུགས་རྗེར་གྱུར་པ་གང་། །གང་ཡང་གཤེད་མ་ཉིད་ཀྱིས་ནི། །རལ་གྲི་
ཉིད་ཀྱིས་བཅད་བྱས་ནས། །བྱང་ཆུབ་གཉེར་བར་གཟིགས་ནས་ནི། །བྱམས་པ་ལ་ནི་བཞུགས་པར་གྱུར། །ཁྱོད་ཀྱི་ཐུགས་ནི་རིན་པོ་ཆེ། །རྫོགས་པའི་བྱང་ཆུབ་ས་བོན་ཏེ། །དཔའ་ཁྱོད་ཁོ་ནས་སྙིང་པོར་མཁྱེན། །དེ་གཞན་སྐྱེ་བོས་འོལ་མི་མཆིས། །དེ་ལྟར་བདག་ཉིད་
གྱུར་པ་ཡང་། །སེམས་ཅན་རྟག་ཏུ་སྡུག་བསྔལ་ཅན། །ཇི་ལྟར་སངས་རྒྱས་ཆོས་རྣམས་ལ། །སོ་སོར་བརྟགས་ནས་བརྩོན་འགྲུས་བྱ། །དཀའ་སྤྱད་ལས་ནི་མ་བགྱིས་པར། །གོ་འཕང་རྙེད་དཀའ་མི་འཐོབ་ཅེས། །དེ་སླད་ཉིད་ལའང་མ་གཟིགས་པར། །ཁྱོད་ཀྱིས་བརྩོན་
འགྲུས་ལེགས་པར་སྤེལ། །ཁྱད་པར་ཡོན་ཏན་རྙེད་ནས་ནི། །ཉེས་པ་རྣམ་པར་སྤངས་པ་དང་། །སེམས་ཅན་དོན་དུ་ཁུར་ཁྱེར་ཡང་། །ཐུགས་ནི་ཀུན་དུ་མི་བསྙེལ་ཏེ། །ཁྱད་པར་འཕགས་པར་བགྱི་བ་ལ། །ཁྱོད་ལ་ཐང་ལྷོད་འགའ་མ་བྱུང་། །དེ་སླད་ཁྱོད་ཀྱི་ཁྱད་པར་རྣམས། །
ཐོག་དྲུང་རིམ་པར་དབྱེར་མ་མཆིས། །བསམ་གཏན་ཕ་རོལ་ཕྱིན་པ་ནི། །དག་པའི་རྗེས་སུ་ཅིས་མི་མཆི། །ལྟ་དང་ང་རྒྱལ་སྣང་མེད་པ། །གང་གི་ཤེས་རབ་ཀྱིས་ནི་བསལ། །ཐུགས་ནི་ཐུགས་རྗེ་ཆེན་པོ་དང་། །རྟག་ཏུ་རྗེས་སུ་འབྲེལ་སླད་དུ། །ཏིང་འཛིན་འབྲས་བུར་བཅས་པ་
ཡི། །ཤིན་ཏུ་བདེ་ལའང་ཁྱོད་མ་ཆགས། །ཁ་ཅིག་མུ་སྟེགས་པ་རྣམས་ནི། །ལོངས་སྤྱོད་ཀྱིས་ནི་ངེས་ལེགས་འཐད། །གཞན་ལ་གཅིག་ཏུ་ཉིད་ཀྱིས་ནི། །ལོངས་སྤྱོད་དགག་པ་མ་མཛད་དོ། །གཞན་དང་ཐུན་མོང་མ་ལགས་པའི། །བདེ་བ་གང་དེ་གྱ་ནོམ་ཡང་། །དམ་པའི་

སྤྱོད་ལྡན་ཁྱོད་འདྲ་ལ། །གནོད་པར་བས་ཀྱི་སྨན་མ་མཆིས། །ཁྱོད་ཀྱི་ཤེས་རབ་མཚུངས་མིན་ཏེ། །དུད་འགྲོ་དུ་མ་རྣམས་ལ་ཡང་། །གང་ཞིག་ཡེ་ཤེས་རྣམ་དག་ཕྱིར། །ཇི་ལྟར་རྗེས་སུ་མཆི་མི་བགྱིད། །འདྲེས་པ་ལ་ནི་ལེགས་བཤད་ཉིད། །སྙིང་པོ་སྐྱོན་མེད་
ཉི་ཚེ་ཞིག །ཁྱོད་ཀྱི་ཀུན་བཞེས་ཐུགས་ལ་བཞག །ཉེས་བཤད་དུག་བཞིན་ཡོངས་སུ་སྤངས། །ལེགས་བཤད་ཆེན་པོ་སྐུ་སྲོག་གིས། །ཚིགས་སུ་བཅད་པའི་ཕྱེད་ཙམ་ཡང་། །གང་ཞིག་ཤེས་རབ་རྣམ་འཕེལ་ཕྱིར། །ཇི་ལྟར་རྗེས་སུ་མཆི་མི་བགྱིད། །ཁྱོད་ཉིད་གཅིག་པུས་
རྣམ་མཁྱེན་མཛད། །རིན་ཆེན་སྙིང་པོ་མཁྱེན་ཁྱོད་ཀྱིས། །ལེགས་བཤད་སྲོག་གིས་མཇལ་བ་ན། །སྐྱེ་བ་དེ་དང་དེ་དག་ཏུ། །བྱང་ཆུབ་སླད་དུ་དཔའ་སྩལ་བསྟན། །སེམས་ཅན་བརྩོན་འགྲུས་འཕགས་པ་ནི། །གྲངས་མེད་པར་ནི་གྱུར་པ་ཡང་། །སྤྱོད་མེད་ཞ་བོ་རྣམས་ཀྱི་
གང་། །སྐྱེ་བོས་ཐོབ་པར་མི་ནུས་སོ། །དེ་སླད་གྲངས་མེད་གསུམ་དག་ཏུ། །ཁྱོད་ནི་དེ་ལྟར་བརྩོན་པ་ན། །བརྩོན་འགྲུས་འབའ་ཞིག་འགྲོགས་གྱུར་པས། །གོ་འཕང་བླ་ན་མེད་པ་བརྙེས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དད་པ་ལས་སྤོབས་པ་སྐྱེད་པ་ཞེས་
བྱ་བ་ལས་རྒྱུའི་སྒོ་ནས་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་གཉིས་པའོ།། །།ཡོན་ཏན་ཐམས་ཅད་ཅུང་ཟད་གཟིགས། །གསོལ་པ་ན་ཡང་མནལ་མི་མངའ། །ཉེ་བར་བླངས་པ་བརྟན་མཛད་ཅིང་། །ཁྱད་པར་ལ་ནི་ཐུགས་ནི་ཆགས། །མཐོ་ལ་ཕྲག་དོག་མི་མཛད་ཅིང་། །
དམན་ལ་རྔན་ཆེན་མི་མཛད་ལ། །མཉམ་ལ་འགྲན་པ་མ་མཆིས་པས། །ཁྱོད་ནི་འཇིག་རྟེན་གཙོ་བོར་གྱུར། །བཀའ་བས་སྒྲུབ་ལ་ཉམས་མི་མངའ། །ཡུན་རིང་དུ་ནི་མི་གནས་ཤིང་། །ཆགས་བཅས་ཀྱང་ནི་ཕལ་ཆེ་བ། །འབྲས་བུ་ལས་ནི་ཤིན་ཏུ་ཆུང་། །ཁྱོད་ནི་ཡོན་ཏན་རྒྱུ་རྣམས་
ལ། །མངོན་དགྱེས་འབྲས་བུ་རྣམས་ལ་མིན། །ཡང་དག་སྒྲུབ་པ་དེ་ཉིད་ཀྱིས། །ཁྱོད་ནི་ཡོན་ཏན་ཕ་མཐར་ཕྱིན། །ཐུབ་དབང་ཉིད་ནི་དཀའ་བས་གྲུབ། །དེ་ལྟར་སྨྲ་བའི་སྐྱེ་བོ་རྣམས། །སྙིང་རྗེ་ཕོངས་པས་མི་སེམས་པ། །བརྩོན་འགྲུས་མི་གཡོ་བླངས་ནས་ནི། །ཇི་ལྟར་

ཁྱོད་ཀྱི་ཞབས་རྡུལ་ཡང་། །བསོད་ནམས་སྐྱེ་བ་མཆེད་གྱུར་པ། །དེ་ལྟར་ཁྱོད་ཀྱི་ལོངས་སྤྱད་པས། །བདག་ཉིད་རབ་ཏུ་བསྐྲུན་པ་མཛད། །འཇིག་རྟེན་པ་ཡི་འཕགས་ལམ་དང་། །བརྩོན་འགྲུས་ཤེས་རབ་ཀྱིས་ཀྱང་ནི། །ཚེ་རབས་སྔ་མའི་མཐར་ཡང་ནི། །ཁྱོད་ནི་ཡང་དག་
བྱུང་བ་ཡིས། །ཉེས་པ་ཉམས་སྨད་རྩ་ནས་བཏོན། །ཡོན་ཏན་སྤེལ་ནས་རྣམ་པར་སྦྱངས། །གཞུང་ལུགས་བཟང་པོ་དེས་ན་ཁྱོད། །གྲུབ་མཆོག་ལྷག་པར་བརྙེས་པ་ལགས། །རྟག་ཏུ་ངལ་ཞིང་མགོན་མེད་པ། །སློང་ཞིང་བདེ་བ་མ་མཆིས་ཏེ། །སེམས་ཅན་རྣམས་ལ་
ཉམས་མེད་པའི། །ཉོན་མོངས་མང་པོ་སྤྱོད་མཐོང་ནས། །ཇི་ལྟར་བདག་གི་རྒྱུད་ལ་དེ། །བག་ཆགས་ལྷག་མའང་མ་ལུས་པ། །དེ་ལྟར་རྣམ་པ་ཐམས་ཅད་དུ། །ཉེས་པ་ཁྱོད་ཀྱིས་རབ་ཏུ་བཅོམ། །གཞན་གྱི་ཕུན་ཚོགས་བསྒྲུབ་པའི་ཕྱིར། །ཁྱོད་ནི་གཙོ་བོར་མཐོང་ནས་ནི། །
བདག་གི་ཡོན་ཏན་དམན་པའི་ཕྱིར། །གཞན་མིན་བརྩོན་འགྲུས་ཕྲིན་ལས་ཅན། །ཇི་ལྟར་གཞན་ལ་དེ་དག་དང་། །འདྲ་བ་ཙམ་ཡང་མི་གདའ་བ། །དེ་ལྟར་ཁྱོད་ཀྱིས་བསགས་བསགས་ནས། །བདག་ཉིད་ལ་ནི་ཡོན་ཏན་བསྒྲུབ། །ཆུང་དང་དམན་དང་འཚོ་བ་མེད། །ཁ་ན་
མ་ཐོ་ཆགས་བཅས་དང་། །ཚིམ་པར་མི་བྱེད་ལེགས་མཐའ་མེད། །ཐུན་མོང་གསལ་དང་མི་ལྡན་ཏེ། །འཇིག་རྟེན་པ་ཡིས་དཔེ་དངོས་ཀུན། །གེགས་བགྱིད་པ་དང་སྒྲིབ་པ་ཅན། །རེ་ཞིག་པ་དང་ཉི་ཚེ་བ། །ཤིན་ཏུ་རྙེད་པར་སླ་བ་ལགས། །མང་བ་དང་ནི་རབ་ཀྱི་
རབ། །ཀུན་ཏུ་མཚོ་དང་དྲི་མ་གཅོད། །ཚིམ་པར་མཛད་དང་བདེ་མཐའ་ཅན། །ཐུན་མོང་མིན་པའི་སྣང་བ་མངའ། །ཁྱོད་ཀྱི་ཡོན་ཏན་བླ་མེད་ལ། །གེགས་བགྱིད་མ་མཆིས་རྟོག་མ་མཆིས། །བརྟན་པ་དང་ནི་རྒྱུན་ཆགས་པས། །དཔེ་ལྟ་མཆིས་པར་ག་ལ་འགྱུར། །ཉན་
ཐོས་བློ་མཆོག་རྣམས་ཀྱིས་ཀྱང་། །བསྐལ་པ་རྣམས་ཀྱིས་མ་རྟོགས་པ། །ལྷ་མ་ཡིན་གྱིས་གཏིང་རྙེད་པའི། །ཁྱོད་ཀྱི་དགོངས་འདྲ་ག་ལ་མཆིས། །གང་ཚེ་ཁྱོད་ཀྱིས་དགོངས་པའི་དཀྱེལ། །གཏིང་དང་ཕ་རོལ་མེད་བརྟགས་ན། །རྒྱ་མཚོ་ཟབ་པ་ཉིད་ཀྱང་ནི། །གནག་རྗེས་

ལྟ་བུར་ས་ལེར་གདའ། །འདོད་པའི་མཐའ་ལ་མ་ཆགས་པས། །གང་ཞིག་ཁ་ཅིག་གིས་སྐྱོན་མིན། །ཁྱོད་ཀྱི་བཀའ་ནི་བརྟན་བཅས་པ། །སུ་ཞིག་གིས་ནི་མཇལ་བར་ནུས། །ཆོས་རྣམས་ཀུན་གྱི་མི་བསྐྱོད་པ། །ཁྱོད་ཀྱིས་བརྟན་པ་མངོན་བསམ་ན། །
ས་ཡི་བརྟན་པ་ཉིད་ཀྱང་ནི། །ཤིར་ཤའི་གེ་སར་རྩེ་ལྟར་ཆུང་། །བདེ་བ་འདོད་པས་ཕྱི་རོལ་པ། །ཉི་མའི་རྗེས་སུ་ཉལ་བྱེད་དེ། །ཁྱོད་ནི་ཉི་མ་དང་མཚུངས་མིན། །ཐུན་མོང་གི་ནི་དབྱེ་བར་བརྗོད། །ཐུབ་པ་ཁྱོད་ཀྱི་ཡེ་ཤེས་ཀྱི། །སྣང་བས་མི་ཤེས་རབ་རིབ་དག །འཇོམས་
པའི་ཐད་ན་ཉི་མ་ཡང་། །མེ་ཁྱེར་ཙམ་དུ་མི་སྤྱོད་དོ། །སྦྱོར་དང་བསམ་པ་དག་པ་ཡིས། །སྔོན་ཡང་ཉེས་པ་མི་མངའ་ལ། །ཁྱོད་ཀྱི་སྤྱོད་པ་བསམ་མིན་པས། །སངས་རྒྱས་ཉིད་ནི་སུས་བསམ་ནུས། །ཁྱོད་ཀྱི་གསུང་ཐུགས་མཛད་སྤྱོད་རྣམས། །དག་པའི་གན་ན་སྟོན་ཟླ་
དང་། །ཆུ་དང་ནམ་མཁའི་དག་པ་རྣམས། །དྲི་མ་ཅན་ཉིད་ལྟ་བུར་གདའ། །གཞལ་དུ་མེད་པའི་ཡོན་ཏན་རྣམས། །དཔེ་ཡི་ཚུལ་ཀྱིས་སུས་གཞལ་ནུས། །ཁྱད་པར་ལ་ནི་སྦྱོར་བའི་ཕྱིར། །ཚིག་ཙམ་ཡང་ནི་མང་པོ་ཡིན། །འཇིག་རྟེན་ལེགས་པ་གང་ཅིའང་རུང་། །ཐམས་ཅད་སྔོ་
ནའང་དེར་བས་ཏེ། །ཉོན་མོངས་འཇིག་རྟེན་ཆོས་རྣམས་ཀྱིས། །སངས་རྒྱས་ཆོས་ལ་ཁྱད་མི་འཁོར། །བསེ་རུའི་རྭ་དང་འདྲ་བ་གང་། །གང་ཡང་ཁྱོད་ཀྱི་རྗེས་འགྲོ་སློབ། །གྲོལ་བ་ཙམ་གྱིས་ཁྱོད་དང་མཚུངས། །རྨད་བྱུང་ཡོན་ཏན་ཉིད་ཀྱིས་མིན། །རིན་ཆེན་ཆོས་གང་བརྙེས་
ནས་ཁྱོད། །མཆོག་ཏུ་གྱུར་པ་དེ་ཉིད་དང་། །ཁྱོད་དུ་བསྒྲུན་ཞིང་དེ་དང་ནི། །ཁྱོད་དང་བསྒྲུན་ལྡོན་ཁོ་ནར་བས། །ཡང་ན་དེ་ཡང་ཁྱོད་མཚུངས་མིན། །གང་ཕྱིར་གཉིས་ཀ་མཉམ་པ་ནི། །ཚད་མ་མཁན་གྱིས་བརྗོད་མི་ནུས། །དེས་ནི་སུས་ཀྱང་རྟོགས་མི་འགྱུར། །གང་ལ་སྤྱི་ཙམ་
བསྒྲུན་ནས་ནི། །ཅུང་ཟད་བརྗོད་པར་བགྱིས་པ་དེ། །སྨྲ་བ་པོ་ཡི་རང་དགའ་དང་། །ཐབས་དང་གཅམ་བུ་ཙམ་དུ་བས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས་དཔེ་མེད་པར་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ།། །།

འགྲོ་ལས་བདུད་ལས་རྣམ་པར་རྒྱལ། །རྗེས་སུ་དཔག་པས་རྣམ་པར་ལྷག །ཁྱོད་ཀྱི་ཉན་ཐོས་ཀྱིས་ཀྱང་ནི། །མཉམ་གནས་བདུད་ལས་རྒྱལ་བར་འགྱུར། །ཁྱོད་ནི་བདུད་ལས་རྣམ་རྒྱལ་ཏེ། །འགྲོ་ཀུན་དད་པར་མཛད་པ་ཡང་། །བདག་གི་ཆོས་ཉིད་རྗེས་བསམས་ནས། །
ཆེན་པོ་ལྟར་གང་མ་མཐོང་ངོ་། །ཁྱོད་ནི་སྟོབས་གནས་མ་ཡིན་ཡང་། །གང་གིས་རྒྱལ་བར་བྱ་བའི་རིགས། །དེ་ཡིས་སྲིད་གཞན་རྒྱལ་བའི་ཕྱིར། །བདུད་ཀྱི་བྲན་དང་མངག་གཞུག་རྣམས། །སྡང་བས་གོལ་པར་རྩོལ་བྱེད་པ། །མང་པོའང་གཞོལ་བར་བྱ་བ་ནི། །ཁྱད་
པར་གནས་ལ་བརྟེན་པ་ཡི། །བཟོད་པའི་ཚེགས་སུ་མཚར་མི་ཆེ། །གཡེང་བའི་རྐྱེན་དང་མཇལ་ན་ཡང་། །གཞན་ལ་མི་བསྟེན་པ་ཡིས་ནི། །འཁོར་བ་ཐོག་མ་མེད་པ་ནི། །ཁྱོད་བདག་ཉིད་ཀྱིས་དགྱེས་པར་མཛད། །གང་ཚེ་བདུད་རྣམས་མངོན་བཏུལ་བ། །དེ་ཡི་ནུབ་མོ་ཁོ་ན་
ལ། །ཉོན་མོངས་ཤིན་ཏུ་ཆེ་སྤངས་པ། །དེ་ཉིད་རྨད་དུ་བྱུང་བ་ལགས། །གང་གི་དེ་ལྟར་བསམ་མིན་ཡང་། །ལྷག་པར་ཉོན་མོངས་ལས་རྒྱལ་གྱུར། །སྐྱེ་བོ་གཞན་དང་ཐུན་མོང་གང་། །མུ་སྟེགས་ལས་རྒྱལ་དེ་སྨོས་ཅི། །འོད་ཟེར་ཕྲེང་བ་སྟོང་ལྡན་པའི། །ཉི་མས་མུན་
བསལ་གང་ལགས་དང་། །དཔའ་བོ་ཁྱོད་ཀྱིས་མུ་སྟེགས་ལས། །རྒྱལ་བར་མཛད་པ་ཅི་ཞིག་མཚར། །ཆགས་སྡང་གཏི་མུག་བཅས་པ་དང་། །དེ་ཉིད་དང་ནི་འགྲོ་བ་སྲིད། །ཕྲ་རྒྱས་སྤངས་པ་རྣམས་ཀྱིས་ནི། །རྒོལ་བའི་ཚེ་ན་རྣམ་དཔྱོད་ཡིན། །འདོད་ཆགས་བྲལ་བས་
ཆགས་བཅས་དང་། །ཞེ་སྡང་བྲལ་བས་ཞེ་སྡང་ཅན། །གཏི་མུག་བྲལ་བས་རྨོངས་པ་སྟེ། །གསུམ་པོས་རྟག་ཏུ་གསུམ་དག་བཏུལ། །བཏང་སྙོམས་གནས་ལ་གནས་པ་གང་། །ངོ་མཚར་མིན་ཞིང་དགའ་བ་མིན། །འཇུག་པ་དང་ནི་ལྡོག་པའི་ཕྱིར། །དེ་ནི་ངོ་མཚར་
ཞེས་བྱ་སྟེ། །དམ་ཆོས་རབ་ཏུ་བསྟོད་པ་དང་། །དམ་ཆོས་མ་ལགས་སྨོད་མཛད་ཀྱང་། །དམ་པ་དག་དང་ཐ་མ་ལ། །ཁྱོད་ནི་ཆགས་དང་ཁྲོ་མི་མངའ། །ཡུན་རིང་པོར་ནི་མངོན་འདོད་པའི། །ཡིད་ལ་རེ་བ་སྐོང་བ་དང་། །མི་རིགས་པ་ནི་རྩོད་པ་ཡིས། །ཆོས་ཉིད་ལ་ནི་

གེགས་བྱེད་ལ། །དགྲ་བཅོམ་པ་དང་མུ་སྟེགས་ལ། །རྗེས་སུ་ཆགས་དང་ཁོང་ཁྲོ་བར། །ཁྱོད་ཀྱི་ཐུགས་ནི་མི་འགྱུར་ན། །ཁྱོད་ལ་བསྟོད་དུ་ཅི་ཞིག་མཆིས། །གང་ཞིག་འཕེལ་བའི་རྒྱུ་མཚན་ཕྱིར། །སྲོག་ཀྱང་ཁྱོད་ཀྱིས་མི་དགོངས་ན། །གཟིགས་པ་དང་
ནི་གསན་པ་དང་། །ཁྱོད་ཀྱིས་མ་གཟིགས་མ་གསན་བཞིན། །ཡོན་ཏན་རྣམས་ལའང་མ་ཆགས་ལ། །ཡོན་ཏན་ཅན་ལའང་བཞེད་མི་མངའ། །ཀྱེ་མའོ་ཁྱོད་ཀྱི་ཐུགས་སྟོབས་ནི། །རབ་དང་ཡོངས་སུ་དག་པ་ལགས། །ཕན་ཚུན་རྗེས་སུ་འཇུག་པའི་ཕྱིར། །ངེས་པར་ལུས་དང་
སེམས་དག་གི །མྱ་ངན་དགའ་སོགས་གནས་སྐབས་ནི། །རེ་དོགས་ཀྱིས་ཀྱང་ཤིན་ཏུ་བསྒྲིབས། །དབང་པོ་རྣམས་ནི་རབ་དང་བ། །དུས་རྣམས་རྟག་ཏུ་མི་ཉམས་པས། །ཁྱོད་ཐུགས་རྟག་ཏུ་དང་བ་དག །མངོན་སུམ་གྱུར་པ་བཞིན་དུ་གདའ། །ཤིན་ཏུ་ཉུང་ངུ་འདོད་པ་
ཡིས། །འབད་པ་ཡིས་ནི་སྦས་ན་ཡང་། །ཉེས་ཟད་ཤིན་ཏུ་མ་ལུས་པས། །གཞན་དོན་གྱིས་ནི་དྲངས་པས་ན། །རང་བཞིན་དམ་པ་ལེགས་གསུངས་དང་། །མཛད་སྤྱོད་བཟང་པོས་བསྒྲགས་པས་ན། །ཁྱོད་ཀྱི་བློ་གྲོས་དགོངས་པ་དག །རྣམ་དག་བྱིས་པའི་བར་ལ་གྲགས། །སངས་
རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས་རྨད་དུ་བྱུང་བར་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བཞི་པའོ།། །།གང་གིས་ཁྱོད་ཀྱི་སྐུ་མཐོང་བས། །སེམས་ནི་དང་བར་མ་གྱུར་པ། །དེ་ལ་མིག་ནི་མེད་པ་སྟེ། །ཡང་ན་ཡོད་ཀྱང་དོན་མེད་
པའོ། །ཉེ་བར་ཞི་ལ་ཡིད་དུ་འོང་། །འབར་ལ་གནོད་པ་མཛད་མི་མངའ། །དུལ་ལ་རྔོམ་བརྗིད་ཆེ་བ་ཡི། །སྐུ་འདིས་སུ་ཞིག་དད་མི་མཛད། །གང་ཡང་ལྟ་དང་ཞི་བའམ། །ཡུལ་ནི་ཤིན་ཏུ་རྙེད་པ་ན། །ཐམས་ཅད་ཆགས་དང་བྲལ་འགྱུར་ཞིང་། །འདི་ནི་མཐོང་བའི་ནང་ན་མཆོག །ཁྱོད་
ཀྱི་སྐུ་དེ་གང་གིས་ནི། །ལན་བརྒྱ་མཐོང་དང་གང་ཞིག་གིས། །དང་པོར་མཐོང་བ་དེ་གཉིས་ཀ །འདྲ་བར་མིག་ནི་མགུ་བར་མཛད། །རྣམ་པར་སྡང་བའི་སེམས་ལྡན་ཡང་། །མཐོང་བས་ངོམས་པ་ཅིས་མི་འགྱུར། །ཁྱད་པར་ལ་མཁས་མ་ཡིན་ཡང་། །གང་ཞིག་ཡི་དགས་རྣམས་

ཀྱིས་ནི། །ཁྱོད་ཀྱི་སྐུ་ནི་མཛེས་པའི་ཕྱིར། །བལྟ་བས་མི་ངོམས་རང་བཞིན་པས། །མཐོང་ངོ་ཅོག་ནི་ཕྱི་ཕྱིར་ཞིང་། །དགའ་བ་སྐྱེད་པར་མཛད་པ་ལགས། །དུབ་པར་མ་དགོངས་ངོ་མཚར་ཏེ། །རྗེས་སུ་མཐུན་པའི་དོན་མཛད་ཅིང་། །ཕྲིན་ལས་གསལ་བར་གྱུར་པ་ན། །གང་གི་
འབད་པ་མེད་པར་འཕྲུལ། །རྟེན་གྱི་ཡོན་ཏན་དག་དང་ནི། །བརྟེན་པའི་ཡོན་ཏན་ཕན་ཚུན་དུ། །འཚམ་པས་ཁྱོད་ཀྱི་སྐུ་དང་ནི། །ཡོན་ཏན་ཕུན་ཚོགས་མཆོག་དང་ལྡན། །ཁྱོད་ལ་ཡོན་ཏན་མི་མངའ་ན། །དེ་བཞིན་གཤེགས་པའི་སྐུ་འདི་ནི། །གཞན་ལ་གང་ཞིག་ལ་ནི་རྟེན། །གཞན་
མི་བས་ནི་རྣམ་པར་སྤྲས། །མཚན་དང་དཔེ་བྱད་བཟང་འབར་བ། །ཁྱོད་ཀྱི་སྐུ་ལས་མ་གཏོགས་པ། །དེ་བཞིན་གཤེགས་པའི་ཡོན་ཏན་འདི། །གཞན་གང་ཞིག་ལ་ལེགས་གནས་འགྱུར། །ཕུན་སུམ་ཚོགས་ལས་ལྷག་པའི་སྐུ། །གཞན་དང་མཚུངས་མིན་ཐོབ་པ་ནི། །
བརྟེན་པ་ཡི་ནི་ཁྱད་པར་གྱིས། །ཕུན་སུམ་ཚོགས་པ་ལྷག་པར་འཆང་། །ཁྱོད་སྐུ་རྟེན་པའི་ཡོན་ཏན་ལ། །ང་དཔལ་ཆེ་ཞེས་གསུང་གསུང་ལྟར། །དེ་ཡི་ཡོན་ཏན་རྣམས་ཀྱང་སླར། །ངེད་ལེགས་བཀོད་ཅེས་གསུང་བ་འདྲ། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དང་
པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས་སྐུ་ལ་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་ལྔ་པའོ།། །།གསོད་དང་བཀྲེས་སྐོམ་གྲང་དྲོ་དང་། །མི་སྲུན་སྨད་པ་ལ་སོགས་མང་། །གསུམ་ལ་དུབ་པ་མེད་བཟོད་ཅིང་། །ངན་སོང་གི་ནི་སྡུག་བསྔལ་ཡང་། །འགྲོ་བ་འདི་དག་ཐམས་
ཅད་ནི། །ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིངས་ཐུགས་རྗེས་བསྡམས། །བཅིངས་པའི་རྒྱུ་ནི་ཉོན་མོངས་པས། །འགྲོ་བ་ཡིས་ནི་ཉོན་མོངས་བཟོད། །ཁྱོད་ནི་ཐུགས་རྗེ་ཡིས་བཅིངས་པས། །བཟོད་པ་གང་དེ་ངོ་
མཚར་ལགས། །དང་པོར་ཁྱོད་ལ་ཕྱག་བགྱི་འམ། །འོན་ཏེ་གང་གིས་འཁོར་བར་ཁྱོད། །སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཆེ་ལ་བགྱི། །དེ་ལྟར་སྡུག་བསྔལ་བཏང་སྙོམས་ནས། །དབེན་པའི་གནས་སུ་བཞུགས་པར་མཛད། །ཤིན་ཏུ་གསལ་བར་

བྱ་བའི་ཕྱིར། །དེ་ལྟར་གྱི་ཡང་བཟོད་པར་མཛད། །དབེན་པའི་བདེ་བ་སྤངས་གྱུར་ཁྱོད། །མང་པོའི་ནང་དུ་བཞུགས་པ་གང་། །དེ་ཁྱོད་ཐུགས་རྗེ་དུས་འདས་པ། །གླགས་ཤིག་ཐོད་ནས་བགྱིས་པར་བས། །འཇིག་རྟེན་སྤྱོད་པ་འདྲ་བ་མང་། །མ་
འོངས་བདེ་བ་ལ་བརྟེན་ནས། །ད་ལྟར་བྱུང་ལ་གུས་པ་ཡིས། །སེམས་ཅན་རྣམས་ལ་རྣམ་དཔྱད་ནས། །རིག་པ་ཡི་ནི་མཚོ་ནང་ནས། །ཀླུ་བཞིན་ཁྱོད་ཀྱི་ཐུགས་རྗེ་ཡིས། །དགོན་པ་ཞི་གནས་གྲོང་གི་མཐར། །གདུལ་བའི་དོན་གྱི་སླད་དུ་དྲངས། །གཞན་ལ་ཆགས་ཤིང་
དགོངས་པ་ཡིས། །ཐུགས་རྗེ་བཙུན་མོས་མི་བྱ་མེད། །ཡང་ན་ཁྱོད་ནི་དེ་ཆགས་པས། །རང་དང་མཐུན་པས་སྤངས་ནས་གང་། །ཉེར་ཞི་མཆོག་ལ་གནས་བཞིན་དུ། །ཐུགས་རྗེ་གཙོ་དང་ལྡན་པས་ན། །རོལ་མོ་མཁན་གྱི་སྒྱུ་རྩལ་ཡང་། །ཁྱོད་ཀྱི་ཞབས་ཀྱིས་འདོར་བར་
མཛད། །དོན་དམ་པ་ནི་མ་བརྙེས་པས། །སྔོན་ནི་དེ་བཞིན་དཀའ་སྤྱོད་མིན། །སངས་རྒྱས་ཉིད་ནི་བརྙེས་པ་ཡིས། །ཞི་གནས་བདག་ཉིད་སྤངས་ནས་ཀྱང་། །རྫུ་འཕྲུལ་སེང་གེའི་སྒྲ་དང་ནི། །ཉིད་ཀྱི་ཡོན་ཏན་བརྗོད་པ་གང་། །དེ་ནི་བཞེད་སྤྱོད་མི་མངའ་བ། །ཁྱོད་ཀྱི་ཐུགས་
རྗེ་བསྟན་པ་ལགས། །གལ་ཏེ་སེམས་ཅན་དོན་མཛད་འདི། །སེམས་ཅན་ཡོད་ན་མི་འགྱུར་བ། །གུས་པས་གཞན་དུ་མི་འདྲེ་ལ། །ཇི་ལྟར་མི་བཟད་ལྟར་བརྩེ་མེད། །གཞན་གྱི་དོན་དུ་རབ་བཟང་གི །ཉིད་ཀྱི་དོན་ལ་བརྩེ་མེད་པས། །མགོན་པོ་ཁྱོད་ཉིད་འབའ་ཞིག་ལ། །
ཐུགས་རྗེས་ཐུགས་རྗེ་མཛད་མ་གྱུར། །ཡང་ན་ཁྱོད་ཉིད་དཀའ་བ་རྣམས། །སྤྱོད་པ་མ་ཉམས་དེས་ནི་མཛད། །ཁྱོད་ཀྱིས་ཉིད་དོན་ལས་ལྷག་པར། །གཞན་དོན་རྗེས་སུ་གཟིགས་པར་མཛད། །འདི་ལྟར་རེས་འགའ་བསྟན་པས་གང་། །གཞན་དོན་གྲུབ་པར་མཛད་སླད་དུ། །
ཁྱོད་ནི་ལན་བརྒྱར་ཕྱོགས་དག་དུ། །གཏོར་མ་བཞིན་དུ་བཏང་བ་ལགས། །གང་ཞིག་རྗེས་སུ་མི་མཐུན་པའི། །རོལ་མོ་མཁན་གྱི་བཟོ་སོགས་ནི། །ངན་པའི་ལས་ལའང་དྲང་བར་མཛད། །དེ་ཉིད་དེ་ནི་མི་འཐད་དོ། །དེ་ལྟར་ཁྱོད་ལ་གནོད་མཛད་ཀྱང་། །ནོངས་པ་ཅན་དུ་མི་རྩི་

བས། །ཁྱོད་ཀྱི་བཞེད་པ་ཁོ་ན་དང་། །མཐུན་འཇུག་པ་ནི་ལགས་པར་གདའ། །གཏོང་མིན་ཡོད་དེ་ཆགས་པ་མིན། །ཆགས་པ་ཡོད་དེ་དངོས་མི་ཤེས། །ཁ་ཅིག་དངོས་པོ་ཤེས་ན་ཡང་། །རྗེས་སུ་མཐུན་མིན་གཏོང་བ་ཡང་། །གཏོང་བ་མིན་ལ་ཆགས་པ་ཡང་། །དངོས་པོ་
ཤེས་ན་རྗེས་སུ་མཐུན། །ཐུགས་རྗེ་དེ་ཡིས་སྤྱོད་ལེགས་མང་། །གང་གི་སྨྲ་བར་བྱེད་པར་ནུས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས་ཐུགས་རྗེ་ལ་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་དྲུག་པའོ།། །།ཚིག་བཟང་བ་དང་དོན་
ཆེ་དང་། །བདེན་པ་དང་ནི་སྙན་པ་དང་། །ཟབ་གསལ་གཉིས་ཀའི་དོན་ལྡན་དང་། །བསྡུས་དང་སྤྲོས་པ་དང་ལྡན་པ། །ཉོན་མོངས་འཇོམས་དང་རྩུབ་མིན་དང་། །གསལ་དང་བདེ་བླག་རྟོགས་པ་དང་། །སྣ་ཚོགས་དོན་ནི་མ་འཁྲུགས་དང་། །སྙིང་པོ་ཅན་དང་མང་བ་
ཡང་། །ཁྱོད་ཀྱི་གསུང་ནི་དེ་ལྟ་བུ། །ཁྱོད་ཀྱི་དགྲ་བོས་ཐོས་ན་ཡང་། །ཐམས་ཅད་མཁྱེན་པ་ལགས་སོ་ཞེས། །སུ་ཞིག་ངེས་པ་བསྐྱེད་མི་འགྱུར། །རྗེས་སུ་ཆགས་དང་བར་མ་དང་། །སྡང་བས་གནོད་པ་བྱེད་པ་ལ། །ཉེས་ཀུན་སྐྱུག་པར་མཛད་པའི་ཕྱིར། །ཐམས་ཅད་ལ་ནི་
ཐུགས་མཉམ་མངའ། །མང་པོ་རིལ་གྱིས་སྙན་མ་ལགས། །བཅོས་པ་འགའ་ཙམ་སྙན་པ་ལགས། །ཁྱོད་ཀྱི་གསུང་ནི་དོན་གྲུབ་པས། །ཐམས་ཅད་ལེགས་གསུང་ཁོ་ན་ལགས། །མོས་ཁམས་དབང་པོའི་དབྱེ་བ་ཡིས། །གང་ཕྱིར་བསམ་པ་སྣ་ཚོགས་པ། །དེ་བས་ཐབས་
ལ་མཁས་པ་ཡིས། །སྐྱེས་བུ་འདུལ་མཆོག་ཁ་ལོ་སྒྱུར། །ཁྱོད་ཀྱི་གསུང་ནི་རྣམ་བརྟགས་ན། །གང་ཞིག་འཇམ་དང་རྩུབ་པ་དང་། །གང་ཡང་དེ་གཉིས་ལྡན་པ་དག །ཐམས་ཅད་རོ་གཅིག་ཉིད་དུ་འགྱུར། །ཡུན་རིང་འཕེལ་བར་འགྱུར་བ་ནི། །ཐུགས་རྗེ་བརྩོན་འགྲུས་ཕུན་
ཚོགས་པས། །དགོངས་པ་ཡང་དག་ཤེས་རབ་ཀྱང་། །ཐམས་ཅད་ལ་ནི་བརྩོན་དང་ལྡན། །ཨེ་མའོ་ཤིན་ཏུ་ཡོངས་དག་པའི། །ཕྲིན་ལས་རྣམས་ཀྱང་རབ་ཏུ་བཟོ། །དེ་ཡིས་རིན་ཆེན་གསུང་རྣམས་ཀྱི། །སྣོད་འདི་འདྲ་བ་འདི་བགྱིས་སོ། །སྣོད་ཀྱི་སྐྱོན་དང་འབྲེལ་པས་ན། །

རྣ་བར་བདུད་རྩི་འདི་འདྲ་བའང་། །རོ་ནི་ཕྲོགས་པར་གྱུར་པ་སྟེ། །ལྷ་ཡི་ཆུ་ནི་རྒྱ་མཚོ་བཞིན། །ཁྱོད་ཞལ་བལྟ་ན་རབ་སྡུག་པ། །དེ་ལས་མཉན་ན་སྙན་པ་ཡི། །གསུང་འདི་དག་ནི་ཟླ་བ་ལས། །བདུད་རྩི་འཛག་པ་བཞིན་དུ་གདའ། །སྔོ་བ་ཐི་སོགས་དབྱེ་བ་
ཡིས། །མི་སྡུག་པ་ནི་བསྟན་པ་དང་། །བྱམས་པ་དང་ནི་སྙིང་རྗེ་ཡང་། །སྤྱོད་པའི་གཉེན་པོའི་ཕྱོགས་ཀྱིས་ནི། །ཁྱོད་ཀྱི་གསུང་ནི་འདོད་ཆགས་ཀྱི། །རྡུལ་རབ་ཞི་མཛད་ཆར་སྤྲིན་འདྲ། །ཞེ་སྡང་སྦྲུལ་ནི་གདོན་པའི་ཕྱིར། །ནམ་མཁའ་ལྡིང་དང་འདྲ་བ་ལགས། །གཞན་ཡང་
རྟེན་ཅིང་འབྲེལ་འབྱུང་བའི། །རྣམ་པ་སྣ་ཚོགས་བསྟན་པ་ཡིས། །དེ་བཞིན་ལས་བདག་གིར་བྱ་བ། །བདག་མེད་པ་གང་དབྱེར་མེད་པས། །ཡང་དང་ཡང་དུ་མི་ཤེས་པའི། །རབ་རིབ་འཇོམས་པས་གདུགས་དང་འདྲ། །ང་རྒྱལ་རི་བོ་མངོན་འཇོམས་པས། །བརྒྱ་བྱིན་མཚོན་ཆ་
འདྲ་བ་ལགས། །གལ་ཏེ་འདི་ནི་མ་གསུངས་ན། །བདེ་གཤེགས་དགྲ་བཅོམ་སངས་རྒྱས་དང་། །དེ་ལྟར་རྟོགས་ཉིད་ཕུན་ཚོགས་པའི། །ཁྱོད་ཀྱི་བདེན་གསུང་སུས་རྟོགས་འགྱུར། །དོན་གཟིགས་པས་ན་མི་སླུ་བ། །ནོངས་མི་མངའ་ཕྱིར་རྗེས་སུ་མཐུན། །ལེགས་པར་སྦྱར་བས་གོ་
སླ་སྟེ། །ཁྱོད་ཀྱི་གསུང་ནི་ལེགས་གསུམ་ལྡན། །ཟབ་པ་དང་ནི་སྙན་པ་དང་། །གོ་སླ་དང་ནི་ལེགས་སྦྱར་དང་། །གདུལ་བྱ་དང་ནི་རྗེས་སུ་མཐུན། །གདུག་པ་ལ་ཡང་བདེན་དོན་ཕྱིར། །རེ་ཞིག་དང་པོར་ཁྱོད་ཀྱི་གསུང་། །ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད། །དེ་ནས་ཡིད་
ལ་བསམས་བགྱིས་ན། །རྡུལ་དང་མུན་པ་དག་ཀྱང་སེལ། །ལོངས་སྤྱོད་ཉུང་ངུ་ཙམ་ཞིག་དང་། །སྐྱེ་བ་དང་ནི་འཇིག་པ་ཡང་། །གཞན་ཡང་འགྲོ་བ་གཞན་དབང་ལ། །ངེས་པར་འབྱུང་བ་སྟོན་པར་མཛད། །ཕོངས་པ་རྣམས་ཀྱི་དབུགས་འབྱིན་ཅིང་། །བག་མེད་རྣམས་ནི་སྐྲག་
པར་མཛད། །བདེ་བ་ཅན་དག་སྐྱོ་བགྱིད་ལས། །ཁྱོད་གསུང་ཀུན་དང་འཚམ་པར་འཇུག །ཡོངས་སྨིན་དབང་གིས་ཤེས་རབ་ནི། །སྒོམ་པའི་རང་བཞིན་སྐྱེད་མཛད་ཅིང་། །དེ་ལས་ལྡང་བའི་དུས་སུ་ནི། །ཐོས་བསམ་རང་བཞིན་གྱིས་ཀྱང་ནི། །མཁས་པ་རྣམས་ནི་དགའ་

བ་བསྐྱེད། །བར་མ་རྣམས་ཀྱི་བློ་ཡང་སྤེལ། །ཐ་མའི་རབ་རིབ་རྣམ་འཇོམས་པས། །གསུང་འདི་སྐྱེ་བོ་ཀུན་ལ་སྨན། །ཤེས་རབ་སྤྱན་ནི་ཟག་པ་མེད། །དང་པོ་བདེན་པ་སྐྱེད་པར་མཛད། །དེ་འོག་དབང་པོའི་དབྱེ་བ་ཡིས། །བསྒོམ་པ་དང་ནི་མི་སློབ་ལམ། །ལྟ་བ་དག་
ལ་དགར་མཛད་ཅིང་། །མྱ་ངན་འདས་པར་ཉེ་བར་འདྲེན། །ཉེས་པ་སེལ་མཛད་ཁྱོད་ཀྱི་གསུང་། །ཡོན་ཏན་རྣམས་ཀྱི་ཆར་ཡང་འབེབས། །འདུལ་བའི་ཐབས་ལ་མཁས་པ་ཡིས། །སྔོན་དུས་ལོ་རྒྱུས་གསུང་བའི་ཕྱིར། །སྐལ་ཅན་རྣམས་ལ་དོན་དམ་པ། །ཤིན་ཏུ་མ་འདས་པ་
ཡིས་ཀྱང་། །ཀུན་ལ་མ་ཐོགས་ཐུགས་མངའ་ཞིང་། །དགོངས་པའང་ཀུན་དུ་ཉེར་གནས་པས། །དེ་སླད་ཁྱོད་ཀྱིས་ལུང་བསྟན་ཀུན། །ཐམས་ཅད་ལ་ཡང་སླུ་མི་མངའ། །ཁྱོད་ཀྱི་ཉན་ཐོས་མཆོག་རྣམས་ཀྱི། །རིགས་དང་སྨིན་དང་མོས་པ་ཡིས། །མི་ཤེས་པས་ནི་བསྒྲིབས་
པའི་ཚིག །ཁྱོད་ནི་ཐུགས་དགོངས་མ་ཉམས་པས། །གང་སླད་དུས་མིན་ཡུལ་མིན་དང་། །སྣོད་མིན་རྣམས་སུ་མི་འཇུག་པ། །དེ་སླད་ཁྱོད་གསུང་དོན་མཆིས་ཏེ། །བརྩོན་འགྲུས་ལེགས་པར་བརྩམས་པ་བཞིན། །ཁྱོད་གསུང་ཡོན་ཏན་ཆ་ཙམ་ལའང་། །བདག་གིས་བསྟོད་
པར་ནུས་མ་ཡིན། །གང་གིས་ཁྱོད་ཀྱང་འདོད་ཆུང་བའི། །རབ་ཏུ་གསལ་བར་ཀུན་དུ་འདྲེན། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས་གསུང་ལ་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བདུན་པའོ།། །།བགྲོད་པ་གཅིག་དང་ཐབས་
བདེ་དང་། །ལེགས་པར་འབྲེལ་དང་ཉེས་པ་མེད། །ཐོག་མ་བར་དང་མཐར་དགེ་བས། །ཁྱོད་ཀྱི་བསྟན་འདྲ་གཞན་ལ་མེད། །གཞན་རྣམས་ཀྱང་ནི་ཐར་དོན་མིན། །དཀའ་བས་ཐོབ་ཅིང་བདེ་འགྲོ་མིན། །མི་རྟག་ཕན་ཚུན་འགལ་བ་སྟེ། །དེ་ལམ་འབྲས་བུ་བསྟན་པའི་ཕྱིར། །ཁྱོད་
ཀྱི་གཞུང་ལུགས་དེ་ལྟ་བུ། །གཅིག་པུ་ཕོངས་ལ་ལྟ་ཆགས་པས། །བྱིས་པ་གལ་ཏེ་སྨོད་བགྱིད་ན། །ལྟ་དང་འདྲ་བའི་དགྲ་མ་མཆིས། །བྱང་ཆུབ་སེམས་ནི་ཉེར་བླངས་ནས། །གཞན་དོན་ལ་ཆགས་ཐུགས་མངའ་བས། །ཁྱོད་བསྐལ་བྱེ་བར་སྐད་ཅིག་བཞིན། །དམྱལ་

བར་ཡང་ནི་དེ་བཞིན་བཞུགས། །འགྲོ་བ་ཡི་ནི་དོན་སླད་དུ། །སྡུག་བསྔལ་མང་ལྟར་གང་ལགས་པ། །དེ་བསམས་ཁྱོད་བསྟན་ངན་ན་ཡང་། །གནས་པར་བགྱི་བ་ལ་ཐུག་ན། །ཉོན་མོངས་བདེ་བ་ཆུང་བྱེད་པའི། །མི་ཡི་བདག་པོའི་བཀའ་ལུང་གིས། །
དམྱལ་བ་ཡི་ཡང་ལས་རྣམས་ལའང་། །བྱས་པ་གཟོ་བས་འཇུག་པར་མཐོང་། །ཕན་པ་གསུང་ཞིང་ཕན་པ་མཛད། །ཁྱོད་ཀྱི་བསྟན་པ་ཅི་སྨོས་ཏེ། །མགོ་ལ་ཞུགས་ནི་འབར་བས་ཀྱང་། །ཅི་ཡི་སླད་དུ་སྒྲུབ་མི་བགྱིད། །ཞི་གནས་ཡེ་ཤེས་རྫོགས་པ་དང་། །རྟོགས་པར་
གྱུར་ནས་དད་པ་དང་། །ཉོན་མོངས་ཀུན་ལས་རྣམ་འགྲེལ་ཕྱིར། །བྱིས་པ་སློབ་དང་མཁས་རྣམས་ཀྱིས། །ཁྱོད་ཀྱི་བསྟན་པས་རང་དབང་དང་། །བྱང་ཆུབ་བདེ་དང་ཞི་བ་དང་། །ཁྱོད་ཀྱི་ཡོན་ཏན་བསྔགས་པ་དང་། །ལེགས་པ་བཞི་པོ་འདི་ཀུན་ཐོབ། །སྟོང་པ་ཉིད་ནི་གསུང་བ་
དང་། །སྲིད་པར་སྨོན་པ་མི་མངའ་དང་། །མཚན་མ་མེད་པ་རྙེད་མཛད་པ། །གང་དེ་ཆགས་སྡང་མེད་པའི་ཕྱིར། །དཔའ་བོ་ཁྱོད་ཀྱི་བསྟན་པ་འདི། །མུ་སྟེགས་ཐམས་ཅད་སྐྲག་མཛད་ལ། །བདུད་ནི་སེམས་ཁོང་ཆུད་མཛད་ཅིང་། །ལྷ་དང་མི་རྣམས་དབུགས་ཀྱང་འབྱིན། །
བདག་ཏུ་ལྟ་བས་འདུས་བྱས་ལ། །སྨོད་མེད་མྱ་ངན་འདས་མི་འཐད། །དེ་སླད་དེ་ཡི་མི་མཐུན་པ། །འཆི་བདག་གིས་ནི་འཚེ་བར་འགྱུར། །འཆི་བདག་བསྟན་པ་ཁམས་གསུམ་གྱི། །ས་ཆེན་དག་ལ་སྤྱོད་བགྱིད་པ། །མི་ཐོགས་ཟློག་པ་མ་མཆིས་པའང་། །ཁྱོད་ཀྱི་བསྟན་པས་
ཟིལ་གྱིས་མནན། །སྐྱེས་ནས་ངེས་པར་འཇིག་པའི་ཕྱིར། །འོན་ཏེ་ཉོན་མོངས་བཞིན་འཆི་འཕོ། །ཁྱོད་སྲས་ཀྱིས་ཀྱང་དབང་ཐོབ་ཕྱིར། །དེ་ལས་འདི་ནི་ཁྱད་ཆེས་འཕགས། །ཁྱོད་ཀྱི་བསྟན་པའི་ལུགས་འཚལ་བ། །དགའ་ན་བསྐལ་པར་ཡང་གནས་ལ། །གང་དུ་བདུད་ཀྱིས་
མི་རྫི་བ། །དེར་ཡང་དགའ་མགུར་རབ་ཏུ་མཆི། །ཐབས་སོགས་སྒྲུབ་ལ་མཁས་པ་ཡིས། །ཤེས་རབ་གསུམ་པོ་རྣམ་འཕེལ་ཕྱིར། །གང་ཚེ་སེམས་ནི་ངེས་སྦྱར་དང་། །གཞག་དང་སྡང་བ་ཞེས་བྱ་འདིས། །ལུང་གི་དོན་ནི་བསམས་པ་དང་། །བསྒོམས་དང་གུས་པར་མཉན་

པ་ཡི། །དུས་གསུམ་ཆ་དབྱེ་ཁྱོད་ཀྱི་ནི། །བསྟན་ལས་གཞན་ལ་མཆིས་མ་ལགས། །རིག་པ་སྔ་ཕྱིར་མ་འཕེལ་ཞིང་། །བསམ་བྱའི་གནས་དང་བྲལ་བའི་ཕྱིར། །མུ་སྟེགས་གཞན་གྱི་མཐོང་བཞིན་ཡང་། །ལྟ་ལ་སྲིད་པའི་གདོན་གྱིས་དཀྲུགས། །དྲང་སྲོང་སྐྱེས་མཆོག་
ཁྱོད་ཀྱི་བསྟན། །དེ་ལྟར་ལེགས་པས་ཁྱབ་འདི་ལ། །མ་གུས་གང་ལགས་དེ་ལས་ནི། །སྡུག་བསྔལ་ཆེན་པོའང་ཅི་ཞིག་མཆིས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས་བསྟན་པ་ལ་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བརྒྱད་
པའོ།། །།གང་ཞིག་སྔ་མར་སྨོན་ལམ་མཛད། །ཡང་ན་མཐོང་དང་ཐོས་པ་ཡང་། །འགྲོ་བ་རྣམས་ལ་སྨོན་མཛད་པ། །དེ་ལྟར་ཡང་ནི་དོན་ལྡན་འཁུམས། །ཁྱོད་ཐོས་པས་ནི་སྤྲོ་བ་སྐྱེད། །མཐོང་བས་དད་པ་སྐྱེ་བར་འགྱུར། །ཁྱོད་གསུང་ཐོས་པས་དགའ་འགྱུར་ཏེ། །
བསྟན་པས་རྣམ་པར་གྲོལ་བར་མཛད། །ཀྱེ་མའོ་གནས་སྐབས་ཐམས་ཅད་དུ། །སྐྱེ་དགུ་རྣམས་ལ་སྨན་མཛད་པའི། །ཆོས་བསྟན་པས་ནི་བྱེད་པ་ན། །གང་མཐར་བདེ་བ་སྒྲུབ་པའི་ཕྱིར། །ཁྱོད་ཀྱི་སྲས་ཀྱིས་མགུ་བར་འགྱུར། །འཕེལ་བས་སྐྱེ་དགུ་རྣམས་ཀྱང་དགའ། །
གཤེགས་པ་ན་ནི་ཕན་འདོགས་མཛད། །ལྡོག་པ་ན་ནི་འགོད་པ་མཛད། །གང་ཞིག་དད་པས་བརླན་སེམས་ཀྱིས། །ཡོན་ཏན་དྲན་པ་གསལ་བས་ཀྱང་། །གལ་ཏེ་ཁྱོད་ནི་བདེ་མཛད་ན། །དེ་ལས་ངོ་མཚར་མ་མཆིས་ལགས། །བསྒྲགས་པས་སྡིག་པ་འཕྲོག་པར་མཛད། །
ཁྱོད་དྲན་པས་ནི་རངས་པར་འགྱུར། །བཙལ་བས་བློ་གྲོས་སྐྱེ་འགྱུར་ཏེ། །ཡོངས་སུ་ཤེས་པས་རྣམ་པར་འདག །དེ་བཞིན་སྐྱབས་འགྲོ་ལེན་པ་དང་། །སྦྱིན་དང་སློབ་པ་རྗེས་བྱེད་པའི། །འཇིགས་འཇོམས་མཛད་པ་ཅི་ངོ་མཚར། །གང་ཞིག་ཆོས་ལ་མངོན་འདོད་པས། །ཁྱོད་
ལ་བསུ་བས་དཔལ་དུ་བྱེད། །བསྟེན་པས་བློ་གྲོས་མཆོག་ཏུ་འགྱུར། །བསྟེན་ན་འཇིགས་པ་མེད་པར་མཛད། །བསྙེན་བཀུར་བགྱིས་པས་བདེ་བར་འགྱུར། །གླགས་སྐབས་ཚོལ་བར་བྱེད་པས་ཀྱང་། །ཁྱོད་ཀྱི་དྲུང་དུ་ཉེར་མཆིས་ན། །ཕྱི་ནས་གདུང་བ་དང་ལྡན་ཕྱིར། །སྨན་པ་

བཞིན་དུ་དེ་བཞིན་ཁྱོད། །ཚུལ་ཁྲིམས་ཕུན་སུམ་ཚོགས་པས་དག །བསམ་གཏན་ཕུན་སུམ་ཚོགས་པས་དང་། །ཤེས་རབ་ཕུན་ཚོགས་མི་འཁྲུགས་པས། །ཁྱོད་ནི་བསོད་ནམས་མཚོ་ཆེན་ལགས། །མཚང་འབྲུ་བ་ལ་བརྩོན་པ་སྟེ། །བ་ར་དྭ་ཛ་ལ་སོགས་ཀྱང་། །
ངེས་ལེགས་དང་འདྲ་ཅིས་མི་འགྱུར། །ཁྱོད་ལ་དེ་ནི་ངོ་མཚར་ཅི། །ཁྱོད་སྐུ་བལྟར་འོས་རིན་ཆེན་ཏེ། །ལེགས་གསུངས་མཉན་འོས་རིན་ཆེན་ལགས། །ཆོས་ནི་སྤྱད་འོས་རིན་ཆེན་པས། །ཁྱོད་ནི་རིན་ཆེན་འབྱུང་གནས་ལགས། །འཇིགས་པ་མི་བཟད་རྣམས་སུ་ཡང་། །ཁྱོད་ནི་དྲན་
པ་ཙམ་གྱིས་གང་། །ཞི་བར་གྱུར་པ་དེ་ལ་ཡང་། །མཚར་མིན་གང་ཞིག་ཐུགས་རྗེའི་བདག །ཁྱོད་ནི་ཆུ་བོས་བདས་པའི་གླིང་། །སྨས་པའི་བདག་ཉིད་སྐྱོབ་པ་སྟེ། །སྲིད་པའི་འཇིགས་པས་ཉེན་པའི་སྐྱབས། །ཐར་འཚལ་རྣམས་ཀྱི་འདྲེན་པ་ལགས། །མེ་ཏོག་གཅིག་ནི་རབ་ཕུལ་
བས། །གང་ཞིག་ངན་འགྲོར་ལྟུང་མ་གྱུར། །དེ་ལ་དུས་ངེས་བསྟན་པ་ལ། །མཚར་མིན་ཁྱོད་སྔོན་འདི་འདྲ་ལགས། །ཚུལ་ཁྲིམས་དག་ཕྱིར་སྣོད་ཀྱི་མཆོག །ཞིང་གཤིན་འབྲས་བུ་ཕུན་སུམ་ཚོགས། །སྲོག་ཆགས་ཀུན་ལ་ཕན་མཛད་ཕྱིར། །གྲོགས་ཀྱི་ཕུལ་ཡང་ཁྱོད་ལགས་སོ། །
གང་ཞིག་གིས་ཁྱོད་མཐོང་ཙམ་གྱིས། །སྐྱོན་ཡོན་ལ་ནི་མི་མཁས་པ། །དུད་འགྲོ་དང་ནི་གཞན་མིན་འགྱུར། །དེ་ལ་དྲིན་སོགས་མཚར་བ་ལགས། །ཕན་འདོགས་མཛད་པས་མཛའ་བཤེས་ཏེ། །འགྲོགས་ན་བདེ་ཕྱིར་སྙིང་དུ་སྡུག །ཞི་ཕྱིར་གཅིག་ཏུ་ཡིད་དུ་འོང་། །ཡོན་ཏན་ཀུན་མངའ་
མཆོད་འོས་ཁྱོད། །གང་ཞིག་མཐོང་བ་ཙམ་གྱིས་ནི། །ངན་སོང་གི་ནི་སྡུག་བསྔལ་ཡང་། །ཉེ་བར་ཞི་བ་དེ་ལ་ཡང་། །གནས་མིན་འཇིག་རྟེན་དོགས་པ་ཅན། །སྡིག་པ་མེད་པས་ཡིད་དང་འཐད། །སྐུ་གསུང་བཟང་བས་དགའ་བར་མཛད། །དོན་ཀུན་འགྲུབ་ཕྱིར་དཔལ་ཡངས་ཏེ། །
ཡོན་ཏན་ལེགས་རྟེན་བཀྲ་ཤིས་ལགས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས་སྨོན་ལམ་གྱི་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་དགུ་པའོ།། །།སྔ་ཕྱིར་སེམས་གནས་བསྒྲུབ་སླད་དུ། །རྨུགས་ལ་སོགས་པ་ཞི་བའི་

ཕྱིར། །ཕྱི་རོལ་གཡེང་བ་ཞི་དོན་དུ། །ནང་གི་ཆོག་ཤེས་སྤངས་པའི་ཕྱིར། །ཁྱོད་ནི་རྔན་ཐེན་བགྱིད་ལ་སྐུལ། །ཆོམ་རྐུན་བགྱིད་པ་ཚར་ཡང་གཅོད། །གྱ་གྱུ་ཅན་རྣམས་རྣལ་དུ་འགོད། །དལ་བུས་བགྱིད་ལ་བཞེན་སྐུལ་འདེབས། །ཞི་གནས་ངེས་པར་རྫོགས་ནས་ནི། །ཕྱི་ནས་
བདེན་ལ་སྦྱར་བར་མཛད། །བསྒོམ་པ་ཁྱད་པར་མཛད་སླད་དུ། །ས་བོན་མེད་པར་སྤངས་པར་མཛད། །དུལ་བ་རྣམས་ནི་ལམ་ལ་སྦྱོར། །དམུ་རྒོད་རྣམས་ལ་བཏང་སྙོམས་མཛད། །དེ་སླད་སྐྱེས་བུ་འདུལ་བ་ཡི། །ཁ་ལོས་སྒྱུར་བ་བླ་མེད་མཆོག །ཐད་དུ་ཕྱིན་ནས་ཁྱོད་
མཚང་འབྲུ། །གང་ཞིག་ས་བོན་མེད་པར་སྤངས། །འོན་ཀྱང་དེ་ལ་བཏང་སྙོམས་མིན། །ཕན་པའི་དུས་ལ་གཞེས་པར་མཛད། །ཁྱོད་ནི་ཉམ་ཐག་རྣམས་ལ་བརྩེ། །བདེ་བར་གནས་ལ་ཕན་པར་བགྱིད། །ཕོངས་པར་གནས་ལ་ཐུགས་རྗེ་བས། །ཀུན་ལ་ཕན་པར་བཞེད་པ་
ལགས། །གང་ཞིག་བར་མ་ལ་ཕན་བཞེད། །དེ་ནི་ཤིན་ཏུ་ངོ་མཚར་མིན། །གང་ཞིག་སླར་ཡང་བྱས་འཇོམས་པའི། །གཉེན་དང་གྲོགས་རྣམས་ལ་ནི་བཞིན། །ཁྱོད་ནི་དགྲ་བོ་རྣམས་ལའང་བྱམས། །ཉམས་པར་གྱུར་ལ་ཕན་འདོགས་མཛད། །གཏུམ་པོ་རྣམས་
ལ་ཐུགས་བརྩེ་བས། །ཁྱོད་ནི་ཡ་རབས་རྨད་ཅིག་ལགས། །སྐྱེ་བ་གཅིག་ཏུ་ཕྱི་རོལ་གྱི། །བཟའ་བཏུང་གོས་ལ་སོགས་པ་ཡི། །ཉོན་མོངས་པ་ཡི་དབང་གིས་ནི། །ལུས་ཙམ་ལ་ནི་ཕན་བྱེད་དག །ཕན་འདོགས་བགྱི་སླད་ཕ་མ་དག །གལ་ཏེ་བླ་མར་འཚལ་ན་གོ། །
ཁྱོད་ནི་ལྷག་པར་ཕན་འདོགས་པས། །བླ་མ་ཉིད་གྱུར་སྨོས་ཅི་འཚལ། །ཐར་པའི་ས་བོན་ཇི་ལྟར་ཡང་། །དེ་རྣམས་དགེ་བ་ལ་བཙུད་ནས། །དུས་གཅིག་ཡོངས་སུ་སྨིན་སླད་དུ། །དུས་ནི་ཀུན་དུ་འདའ་བར་མཛད། །རང་གི་དོན་ལ་མི་ལྟ་བས། །ཉིད་ཀྱི་དགྲ་བོ་ལྟར་གྱུར་
ཅིང་། །གཡང་སའི་མུ་ན་གནས་རྣམས་ལ། །ར་བ་ལྟ་བུར་གྱུར་པའང་ཁྱོད། །དེ་ནས་ཇི་ལྟར་སྣོད་གྱུར་པའི། །ཡོངས་སུ་སྨིན་པར་གཟིགས་ནས་ནི། །སླར་ཡང་ཐུགས་ནི་མ་བསྙེལ་ཞིང་། །སྨན་གདགས་བསམ་གཏན་ལ་བརྩོན་ལགས། །འཇིག་རྟེན་གཉིས་ཀར་སྨན་

གདགས་སླད། །འཇིག་རྟེན་ལས་ནི་འདའ་སླད་དུ། །མུན་པར་གྱུར་པའི་འཇིག་རྟེན་ལ། །ཁྱོད་ཀྱིས་ཤེས་རབ་སྣང་བར་མཛད། །དེ་ལས་ཐ་དད་མེད་པ་ཡིས། །རྒྱུ་བཅས་རྒྱུ་ནི་མེད་པ་ཡང་། །འཕགས་པའི་ལམ་ནས་འགོད་མཛད་དང་། །ཁྱོད་ཀྱི་འཇིག་རྟེན་ལ་
སྟོན་མཛད། །ཡུལ་ལ་ཉེ་བར་སྤྱད་པ་ན། །ལྷ་མིན་སྤྱོད་པ་ཐ་དད་ཀྱི། །ཁྱོད་ཀྱི་ལོངས་སྤྱོད་ཐུན་མོང་བས། །ཁྱོད་ལ་དབྱེ་བ་མི་མངའོ། །གང་དུ་རྒྱུ་ནི་མེད་པ་ལ། །ཁྱོད་ཀྱིས་བསྟན་པར་རབ་བཙུད་ན། །དེ་ལ་ཐར་པའི་རྒྱུ་བཅས་ལ། །མདོར་བསྡུས་པས་ན་སྨོས་ཅི་དགོས། །
བཅོམ་ལྡན་ཁྱོད་ཀྱིས་སྐྱེ་བ་དང་། །ན་ཚོད་རིགས་དང་ཡུལ་དང་ནི། །དུས་ཀྱི་སྐྱོན་མེད་ཆོས་རྣམས་ཀྱིས། །འདི་དག་ཀུན་ལ་སྨན་ཡོན་བཏགས། །འདི་ནི་སྨན་དང་འདི་མཆོག་ཅེས། །ཁྱོད་ཀྱི་ལྟོས་པ་བསལ་ནས་ནི། །དེ་ལྟར་ཡོན་ཏན་འཕགས་འདྲེན་པ། །འབད་པས་ཇི་
ལྟར་བདག་ཉིད་བཞིན། །ཁྱོད་ཀྱི་ཉན་ཐོས་སྲེད་བྲལ་ཞིང་། །ཡ་མཚན་འཛིན་པ་མེད་རྣམས་ལའང་། །ལྷ་རྣམས་ཐལ་སྦྱར་སྨོན་བགྱིད་ཅིང་། །ཡ་མཚན་ཆེ་བ་ལྟ་བུར་མཆོད། །བདག་ཉིད་འཇིགས་པས་བདེ་ཐོབ་པའི། །ཡུལ་དག་སྤངས་པར་གྱུར་ནས་ནི། །འགྲན་ཟླ་བཞིན་
དུ་གཅིག་ནས་གཅིག །མཆོག་ཏུ་རྗེས་སུ་འབྲང་བ་བྱེད། །ཨེ་མའོ་སངས་རྒྱས་འཁོར་བ་ཡི། །ཉིང་ཁུར་གྱུར་པ་བྱུང་བ་བརྗིད། །དེས་ན་མི་ཡང་ལྷ་རྣམས་ཀྱི། །སྨོན་པར་བྱ་བ་ཉིད་དུ་གྱུར། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་
བ་ལས་ལམ་ལ་འཇུག་པ་ལ་བསྟོད་པ་ཞེས་བྱ་བ་སྟེ་ལེའུ་བཅུ་པའོ།། །།མཉེལ་དང་ཞི་བདེ་ཉམས་གྱུར་དང་། །སྐྱེ་བོ་ངན་དང་འགྲོགས་པ་དང་། །མི་མཐུན་པ་དང་མང་པོ་ཡི། །སྐྱོན་ཡང་ཡོན་ཏན་བཞིན་དགོངས་ཤིང་། །གཞན་ལ་སྨན་པ་མཛད་ལ་ཆགས། །
ཐུགས་རྗེ་ཡིས་ནི་ཐུགས་བཅིངས་པས། །བསྐལ་པ་གྲངས་མེད་གསུམ་གྱིས་ནི། །ཁྱོད་ཀྱིས་སྡུག་བསྔལ་མི་དགོངས་སོ། །འགྲོ་བའི་དོན་སླད་མ་ཆགས་པའི། །ཐུགས་ཀྱིས་བརྩོན་པ་མཛད་པ་གང་། །སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི། །ཆོས་ཉིད་བཅོམ་ལྡན་དེ་རྨད་དོ། །

ཞི་གནས་བདེ་བ་མ་ཐོབ་པ། །སྔོན་མཛད་གང་དེ་ངོ་མཚར་མིན། །ཁྱོད་ཀྱིས་ཞི་གནས་ཐོབ་པ་ཡང་། །སྤངས་པའི་མཛད་པ་ངོ་མཚར་ཏོ། །བཤོས་ཀྱང་ཕལ་པ་གསོལ་མཛད་ཅིང་། །རེས་འགའ་སྨྱུང་བ་དག་ཀྱང་མཛད། །ཉམ་ངའི་ཚུལ་དུའང་གཤེགས་མཛད་ཅིང་། །རད་རོད་
ཅན་དུའང་མནལ་བ་མཛད། །སླར་ཡང་ཕྱག་གི་བདུད་རྩི་ཡིས། །གཞན་རྣམས་ལ་ནི་ཕན་པ་མཛད། །དེ་ཉིད་ཀྱིས་ནི་མི་འགྲང་བའི། །མི་སྲུན་སྤྱོད་པས་ཕལ་པ་བཞིན། །མགོན་ཁྱོད་གཙོ་བོར་གྱུར་ལགས་ཀྱང་། །གདུལ་བྱ་རྣམས་ལ་བྱམས་སླད་དུ། །སྐུ་ངས་བརྡོ་དང་གཅམ་
ཚུལ་དང་། །སྐད་དང་ཆ་ལུགས་སྒྱུར་བའང་མཛད། །མང་པོའི་རང་དོན་མཐར་ཐུག་དང་། །དེ་ནི་ཁྱོད་ཀྱི་ཆེ་བ་ལགས། །དེ་ལ་མངོན་འདོད་དོན་ལ་ཡང་། །དེ་ལྟའི་སྡུག་བསྔལ་སྡོམ་པ་མཛད། །ཀུན་གྱིས་དགའ་མགུར་རང་དོན་ཕྱིར། །བྲན་བཞིན་བསྐོས་པར་བསྒྲིམས་པ་
ལགས། །མགོན་ཁྱོད་རྟག་ཏུ་བདག་ཉིད་ལ། །མངའ་མ་མཆིས་པའང་མ་ལགས་སོ། །ལྕི་དང་ཆ་ལུགས་ཡང་དགོངས་པའང་། །དེ་ཚེ་ཁྱོད་ལ་ག་ལ་སྟེ། །གང་ཕྱིར་གཞན་མ་སྤངས་ནས་ཀྱང་། །སྡུག་བསྔལ་ལྡན་པ་མཐར་ཕྱིན་པས། །ཁྱོད་ལ་གང་དང་གང་དུ་ཡང་། །ཇི་སྐད་
སྐུལ་ཡང་མི་སྤོང་སྟེ། །ཉིད་ཀྱི་སྒྲུབ་པ་བཟང་པོ་ལས། །འདའ་བར་འགྱུར་བ་མ་མཆིས་སོ། །ཕ་འམ་ཡང་ན་གཞན་ལེགས་ལ། །བྱམས་པའམ་ཡང་ན་སྙིང་རྗེ་ཡིས། །ཁྱོད་ཡོན་ཕྲག་དོག་གིས་གདུངས་དང་། །དེ་བཞིན་རྒྱུ་མེད་དགྲ་བོ་ལ། །ཇི་ལྟར་ཁྱོད་ནི་གནོད་བགྱིད་
ལ། །ཕན་པ་ལྷུར་མཛད་དེ་ལྟ་བུ། །སྐྱེ་བོ་དག་ནི་ཕན་བགྱིད་ལའང་། །ཕན་པ་དེ་ལྟར་ལྷུར་མི་བགྱིད། །ཉེས་རྟོག་གདོན་གྱིས་ཟོས་པ་ནི། །ཕྱིར་ཞིང་ཤིན་ཏུ་མི་བཟད་ལ། །མགོན་པོ་རང་སེམས་རྗེས་མཐུན་པས། །ཁྱོད་ཀྱི་ཉེས་པ་མཐོང་བ་ལ། །ཁྱོད་ནི་གནོད་བགྱིད་
དགྲ་བོ་ལ། །ཕན་པ་མཛད་པའི་བཤེས་ལགས་ཏེ། །རྟག་ཏུ་སྐྱོན་དག་ཚོལ་བ་ལ། །ཡོན་ཏན་འབའ་ཞིག་ཚོལ་བའང་ལགས། །ཤིན་ཏུ་དགེ་བའི་སྤྱོད་ལྡན་པ། །མགོ་དང་ཡིད་དང་ཚིག་དག་གིས། །ཁྱོད་ནི་ཕྱག་འཚལ་མཆོད་འོས་ལ། །རྟག་ཏུ་བདག་ནི་ཕྱག་

འཚལ་བསྟོད། །ཁྱོད་ནི་གང་ན་དུག་བཅས་ཤིང་། །ཞུགས་དང་བཅས་པར་སྤྱན་དྲངས་པ། །དེར་ནི་བརྩེར་བཅས་གཤེགས་པ་དང་། །ཁྱོད་ལ་བདུད་རྩི་ཅན་དུ་གྱུར། །ཤིན་ཏུ་ཕན་ཚུན་འགལ་བ་ཅན། །སེམས་ཅན་རྣམས་ཀྱི་ལོག་རྟོག་པས། །
མི་བསྐྱོད་དེ་ལ་ཕན་འཇུག་པའི། །ཐུགས་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །བཟོད་པས་མི་ས