Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 100_གཟུངས་འདུས།_ཨེ

Văn bản gốc(Tây Tạng)

Trang 8 / 17 (50.000 ký tự/trang)
ས་བཅོམ་ལྡན་འདས་ལ་བྲམ་ཟེ་ཆེན་པོ་དྲི་མེད་ལེགས་སྣང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ནི་གཤེགས་པའི་དུས་ལགས་ཏེ། བཅོམ་ལྡན་འདས་
གཤེགས་པའི་དུས་ཀྱི་ཚོད་ལ་བབ་ན་བདག་ལ་གནང་བར་མཛད་པར་ཅི་གནང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཆེན་པོ་དྲི་མེད་ལེགས་སྣང་དབུགས་ཕྱུང་ནས་ཉིད་ཀྱི་འཁོར་ལ་གཟིགས་ཏེ་བཀའ་སྩལ་པ། འཁོར་ཇི་ལྟར་ལྷགས་པ་ཐམས་ཅད་དེང་དོན་ཆེན་པོ་

མཛད་པར་འགྱུར་གྱིས་ཚུར་ཤེག །དེ་ནས་བཅོམ་ལྡན་འདས་གདན་དེ་ལས་བཞེངས་ནས། བཅོམ་ལྡན་འདས་གདན་དེ་ལས་བཞེངས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་ཐ་དད་པ་སྣ་ཚོགས་བྱུང་སྟེ། འོད་ཟེར་གྱི་སྣང་བ་དེས་ཕྱོགས་
བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་དག་པར་བསྐུལ་ཏེ་གཟིགས་ནས་གཤེགས་པར་ཤེས་སོ། །དེ་ནས་བྲམ་ཟེ་ཆེན་པོ་དྲི་མེད་ལེགས་སྣང་གིས་མཆོད་པ་དང་། བཀུར་སྟི་ཆེན་པོས་མཆོད་ཅིང་བཅོམ་
ལྡན་འདས་ཀྱི་གཤེགས་ཤུལ་མཛེས་པ་ཆེར་བྱས་སོ། །འཁོར་མང་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་།
འཇིག་རྟེན་སྐྱོང་བ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་བཞིས་ཀྱང་གཤེགས་ཤུལ་མཛེས་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་དང་ཧ་ཅང་ཡང་མི་རིང་བའི་ལམ་གྱི་བར་གྱི་ནང་ཞིག་ན་སྐྱེད་མོས་ཚལ་བདེ་བྱེད་ཅེས་བྱ་བ་ཞིག་
ཡོད་དོ། །སྐྱེད་མོས་ཚལ་དེའི་ནང་ན་མཆོད་རྟེན་རྙིང་པ་ཆེན་པོ་ཞིག་ཡོད་དེ། ཞིག་པ་ཚེར་མས་གང་བ། རྩྭ་དང་། ཤིང་དང་། གྱོ་མོས་ཀུན་དུ་གང་བ་ཕྱག་དར་གྱི་ཕུང་པོ་ལྟ་བུ་ཞིག་ཡོད་དོ། །དེ་ནས་བཅོམ་ལྡན་འདས་དེའི་དྲུང་དུ་གཤེགས་པ་དང་། མཆོད་རྟེན་
རྙིང་པ་ཕྱག་དར་གྱི་ཕུང་པོ་ལྟ་བུ་དེ་ཡང་ཀུན་ནས་འབར་ཞིང་འོད་ཟེར་འབར་བ་ཁ་དོག་སྣ་ཚོགས་པ་དག་བྱུང་ངོ་། །ཕྱག་དར་དང་གྱོ་མོའི་ཕུང་པོ་དེ་ལས་ཀྱང་ལེགས་སོ་ཞེས་བྱ་བའི་སྒྲ་བྱུང་ངོ་། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལེགས་སོ་ལེགས་སོ། །དེང་ནི་
གཤེགས་པའི་ལྟས་བཟང་པོའོ། །བྲམ་ཟེ་ཆེན་པོ་དེ་བཞིན་གཤེགས་པ་སྤྱན་དྲངས་པ་ན་ཡང་ཁྱོད་ལེགས་སོ། །དེང་ཁྱོད་ལ་དོན་ཆེན་པོ་མཛད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་མཆོད་རྟེན་རྙིང་པ་ཕྱག་དར་གྱི་ཕུང་པོ་ལྟ་བུ་དེ་ལ་ཡན་

ལག་ལྔས་ཕྱག་མཛད་ནས་ལན་གསུམ་བསྐོར་བ་མཛད་ནས་ཉིད་ཀྱི་སྐུ་ལས་ན་བཟའ་གསིལ་ནས་མཆོད་རྟེན་རྙིང་བ་ཕྱག་དར་གྱི་ཕུང་པོ་ལྟ་བུ་དེ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་མཆི་མ་བྱུང་བ་ཆེན་པོ་ཕྱུང་བས་བཤུམས་པ་མཛད་ནས། བཅོམ་ལྡན་འདས་ཀྱིས་འཛུམ་
པ་བསྟན་ཏེ། འཛུམ་པ་བསྟན་པ་དེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལག་མཐིལ་ན་བཞུགས་པ་བཞིན་དུ་མཐོང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་སྤྱན་མཆི་མས་གང་ཞིང་བཞུགས་སོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་
ཀྱང་འོད་ཟེར་བཀྱེ་སྟེ། མཆོད་རྟེན་རྙིང་པའི་ཕུང་པོ་ཆེན་པོ་དེར་ཞུགས་སོ། །དེ་ནས་འཁོར་མང་པོ་འདུས་པ་དེ་དག་ཡ་མཚན་ཆེན་པོར་གྱུར་ཅིང་ཡི་ཆད་དེ་འཁོད་པར་གྱུར་ཏོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལུས་ནི་འདར། སྙིང་ནི་འགུལ། རྡོ་
རྗེ་ནི་གསོར་ཞིང་རིངས་པ་རིངས་པར་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཤུམས་པའི་སྔ་ལྟས་ཆེན་པོ་གདའ་བ་
གང་གིས་ན། བཅོམ་ལྡན་འདས་ཀྱི་སྤྱན་མཆི་མས་གང་བ་བསྟན་པའི་སྔ་ལྟས་གདའ་བ་བཅོམ་ལྡན་འདས་ཅི་ལགས། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་འཁོར་འདིའི་ནང་དུ་ཞུ་བ་འདི་སྐབས་དབྱེ་བར་ཅི་གནང་། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་
ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་རིང་བསྲེལ་གྱི་ཕུང་པོ་དེ་བཞིན་གཤེགས་པའི་མཆོད་རྟེན་དེ་བཞིན་གཤེགས་པ་བྱེ་བ་ཏིལ་གྱི་གང་བུ་སྙེད་ཐམས་ཅད་ཀྱི་སྙིང་པོའི་གཟུངས་ཀྱི་ཕྱག་རྒྱའི་མཆོད་རྟེན་གྱི་ཆོས་ཀྱི་རྣམ་གྲངས་ཡོད་དེ། ལག་ན་རྡོ་རྗེ་
ཆོས་ཀྱི་རྣམ་གྲངས་འདི་གང་ན་གནས་པ་དེར་དེ་བཞིན་གཤེགས་པ་འབུམ་ཕྲག་བྱེ་བ་ཏིལ་གྱི་གང་བུ་སྙེད་གནས་ཤིང་། དེ་བཞིན་གཤེགས་པ་ཁར་ཡས་ཁར་ཡས་ཞེས་བྱ་བ་སྙེད་ཀྱི་སྐུ་གདུང་རིང་བསྲེལ་རྣམས་གནས་སོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གནས་སོ། །དེ་

བཞིན་གཤེགས་པ་འབུམ་ཕྲག་བྱེ་བ་ཏིལ་གྱི་གང་བུ་ཇི་སྙེད་པ་དགུ་བཅུ་རྩ་དགུའི་གཙུག་ཏོར་དང་། སྤྱི་བོ་ཡང་དེ་བཞིན་དུ་གནས་སོ། །ལག་ན་རྡོ་རྗེ་གང་ན་ཆོས་ཀྱི་རྣམ་གྲངས་འདི་གནས་པ་དེ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་དུ་ལུང་བསྟན་ཏོ། །ལག་
ན་རྡོ་རྗེ་ཆོས་ཀྱི་རྣམ་གྲངས་འདི་ནི་འདི་ལྟར་ཕན་ཡོན་ཆེ་ཞིང་མཐུ་ཆེ་བ་ཡིན་ནོ། །ལག་ན་རྡོ་རྗེ་ཆོས་ཀྱི་རྣམ་གྲངས་འདི་ནི་ཕན་ཡོན་ཆེ་བ་ཡིན་ནོ། །ལག་ན་རྡོ་རྗེ་ཆོས་ཀྱི་རྣམ་གྲངས་འདི་ནི་བཀྲ་ཤིས་ཐམས་ཅད་རྫོགས་པར་བྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལས་འཁོར་
མང་པོ་འདུས་པ་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ལ་དེ་ནས་ཉེ་བའི་ཉོན་མོངས་པ་དང་བྲལ་ལོ། །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་དགྲ་བཅོམ་པ་ཉིད་དོ། །ཁ་ཅིག་གིས་
ནི་རང་བྱང་ཆུབ་ཀྱི་འབྲས་བུའོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུའོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའི་ས་ལ་གནས་སོ། །ཁ་ཅིག་གིས་ནི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་བོ། །ཁ་ཅིག་
གིས་ནི་ས་དང་པོའོ། །ཁ་ཅིག་གིས་ནི་ས་གཉིས་པའོ། །ཁ་ཅིག་གིས་ནི་ས་གསུམ་པའོ། །ཁ་ཅིག་གིས་ནི་ས་བཞི་པའོ། །ཁ་ཅིག་གིས་ནི་ས་ལྔ་པའོ། །ཁ་ཅིག་གིས་ནི་ས་དྲུག་པའོ། །ཁ་ཅིག་གིས་ནི་ས་བདུན་པའོ། །ཁ་ཅིག་གིས་ནི་ས་བརྒྱད་
པའོ། །ཁ་ཅིག་གིས་ནི་ས་དགུ་པའོ། །ཁ་ཅིག་གིས་ནི་ས་བཅུ་པ་ལ་གནས་པར་གྱུར་ཏོ། །ཁ་ཅིག་གིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་སོ། །བྲམ་ཟེ་ཆེན་པོ་དེ་ཡང་མངོན་པར་ཤེས་པ་ལྔ་ཐོབ་ཅིང་དྲི་མ་དང་བྲལ་བ་དང་། སེར་སྣ་དང་ཕྲག་དོག་
དང་བྲལ་བར་གྱུར་ཏོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་ཆོ་འཕྲུལ་ཆེན་པོ་འདི་ལྟ་བུ་མཐོང་ནས་ངོ་མཚར་དང་རྨད་དུ་བྱུང་བ་ཆེན་པོར་གྱུར་ཏེ། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་ཀྱི་མཚན་ཐོས་པས་

ཀྱང་ཕན་ཡོན་གྱི་ཡོན་ཏན་གྱིས་བརྒྱན་པ་འདི་ལྟ་བུ་ཐོབ་ན། བཅོམ་ལྡན་འདས་གང་གི་སླད་དུ་ཕུ་དུད་དང་། བཀུར་སྟི་ཤིན་ཏུ་མང་པོ་བགྱིད་པར་འགྱུར་བ་ལྟ་ཅི་སྨོས་ཏེ། བཅོམ་ལྡན་འདས་དེ་བསོད་ནམས་ཀྱི་ཕུང་པོ་ཇི་ལྟ་བུ་ཡང་མཐོང་བར་འགྱུར། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག །རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལས་ཆོས་ཀྱི་རྣམ་གྲངས་འདི་འདྲི་བར་བྱེད་ན། ལག་ན་རྡོ་རྗེ་དེས་དེ་བཞིན་
གཤེགས་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་ཏིལ་གྱི་གང་བུ་སྙེད་དགུ་བཅུ་རྩ་དགུའི་བསོད་ནམས་ཀྱི་ཕུང་པོ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་ལྡན་པར་འགྱུར་ཞིང་། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་རྗེས་སུ་གཟུང་བར་འགྱུར་རོ། །གང་ཞིག་ཀློག་པར་བྱེད་པ་དེ་དག་
ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པའི་མདོ་སྡེ་རྣམས་བཅངས་པར་འགྱུར་རོ། །གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འཛིན་པ་དེ་དག་ཕྱོགས་བཅུའི་དེ་བཞིན་གཤེགས་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་ཏིལ་གྱི་གང་བུ་སྙེད་དགུ་བཅུ་རྩ་དགུ་དང་། ཕྱོགས་རེ་རེའི་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གཟུང་བར་འགྱུར་ཞིང་། ཉིན་གཅིག་བཞིན་གཟིགས་པར་འགྱུར་རོ། །གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱེད་པ་དང་། ཁོང་དུ་ཆུད་པར་བྱེད་པ་དང་། མེ་ཏོག་དང་།
བདུག་པ་དང་། དྲི་དང་། མེ་ཏོག་ཕྲེང་རྒྱུད་དང་། བྱུག་པ་དང་། ན་བཟའ་དང་། ལྷབ་ལྷུབ་དང་། རྒྱན་གྱིས་མཆོད་པ་བྱེད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་བསྙེན་ནམ། དགེ་བསྙེན་མ་དེས་ཕྱོགས་བཅུ་དང་། ཕྱོགས་རེ་རེའི་
དེ་བཞིན་གཤེགས་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་ཏིལ་གྱི་གང་བུ་སྙེད་དགུ་བཅུ་རྩ་དགུ་ལ་ལྷ་རྫས་ཀྱི་མེ་ཏོག་དང་། བདུག་པ་དང་། དྲི་དང་། མེ་ཏོག་ཕྲེང་རྒྱུད་དང་། བྱུག་པ་དང་། ན་བཟའ་དང་། ལྷབ་ལྷུབ་དང་། རྒྱན་གྱིས་མཆོད་པར་འགྱུར་རོ། །

ཕྱོགས་རེ་རེའི་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པའི་མཆོད་པའི་སྤྲིན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་རི་རབ་ཆེན་པོ་ཙམ་གྱི་ཕུང་པོའི་ཡོན་ཏན་འབྱུང་བར་འགྱུར་རོ། །དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་
ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་དང་། སེམས་ཅན་གྱི་ཚོགས་ཆེན་པོ་དེ་རྣམས་ཀྱང་ཡ་མཚན་དུ་གྱུར་ནས། གཅིག་ལ་གཅིག་འདི་སྐད་དུ། མཆོད་རྟེན་རྙིང་པ་ཕྱག་དར་དང་།
གྱོ་མོའི་ཕུང་བོ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་ནས། འདི་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་སྟོན་པས་མཐུ་ཆེ་བ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་འདི་སུས་ཕྱག་དར་གྱི་ཕུང་པོར་བགྱིས་པ་ལས་རིན་པོ་ཆེའི་མཆོད་རྟེན་དུ་གདའ་བར་བགྱིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་འདི་ཕྱག་དར་གྱི་ཕུང་པོ་མ་ཡིན་གྱི། འདི་ནི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་རིན་པོ་ཆེའི་མཆོད་
རྟེན་ཆེན་པོ་ཡིན་ནོ། །ལག་ན་རྡོ་རྗེ་འོན་ཀྱང་སེམས་ཅན་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་སྟོན་པས་ནུབ་པར་གྱུར་གྱི། སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོའི་མཆོད་རྟེན་རྣམས་ནི་འཇིག་པའམ། འགྱེས་པར་མི་འགྱུར་ཏེ།
དེ་བཞིན་གཤེགས་པའི་རྡོ་རྗེའི་སྙིང་པོའི་སྐུ་ཇི་ལྟར་འགྱེས་པར་འགྱུར། འོན་ཀྱང་སེམས་ཅན་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་སྣང་བ་ལས་ཀྱང་ནུབ་པར་གྱུར་ཏོ། །ལག་ན་རྡོ་རྗེ་གཞན་ཡང་ཕྱི་མའི་དུས་ཕྱི་མའི་ཚེ་སྡིག་པ་ཀུན་དུ་སྤྱོད་པ་དང་། སྡིག་པ་ཅན་
དང་། དམྱལ་བ་ལ་གཞོལ་བ་ཤིན་ཏུ་ཚབས་ཆེར་འབྱུང་བར་འགྱུར། སངས་རྒྱས་མ་ཡིན། ཆོས་མ་ཡིན། དགེ་འདུན་ཚོལ་བ་མ་ཡིན་ཞིང་དགེ་བའི་རྩ་བདག་ཀྱང་སྐྱེད་པར་མི་བྱེད་དེ། རྒྱུ་དེ་དང་རྐྱེན་དེས་དམ་པའི་ཆོས་ནུབ་བོ། །ལག་ན་རྡོ་རྗེ་དེའི་ཕྱིར་

ངའི་མིག་གཉིས་མཆི་མས་གང་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མཆི་མ་བྱུང་ངོ་། །དམ་པའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ནི་ནུབ་པར་འགྱུར་གྱིས། དེ་བཞིན་གཤེགས་པའི་མཆོད་རྟེན་ནི་མ་གཏོགས་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་
གྱིས་རློབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་བྲིས་ཏེ། མཆོད་རྟེན་གྱི་ནང་དུ་འཇོག་ན་དགེ་བའི་རྩ་བ་ཅི་ཞིག་སྐྱེ་བར་འགྱུར། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་བྲིས་ཏེ། མཆོད་རྟེན་གྱི་ནང་དུ་བཞག་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙིང་པོའི་རིང་བསྲེལ་གྱི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཀྱི་སྙིང་པོ་གསང་
བས་བྱིན་གྱིས་བརླབས་པའི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཏིལ་གྱི་གང་བུ་སྙེད་དགུ་བཅུ་རྩ་དགུའི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་དང་། སྤྱན་གྱི་མཆོད་རྟེན་དུ་བྱིན་གྱིས་བརླབས་པར་འགྱུར་རོ། །གང་ཞིག་
སངས་རྒྱས་ཀྱི་གཟུགས་བརྙན་ནམ། མཆོད་རྟེན་ཐམས་ཅད་ཀྱི་ནང་དུ་འཇོག་པར་བྱེད་ན་དེ་བཞིན་གཤེགས་པའི་གཟུགས་བརྙན་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་འགྱུར་རོ། །འཁོར་ལོའི་ཕྲེང་བ་དང་། དྲིལ་བུ་གཡེར་ཀའི་དྲ་བར་སྦྲེལ་བ་དང་བཅས་
པ་དང་། བཀྲ་ཤིས་དང་ཆར་ཁབ་ཀྱི་གཟུགས་དང་དྲིལ་བུར་བཅས་པ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་། ཆོས་ཀྱི་རྣམ་གྲངས་འདིའི་མཐུ་དང་། བྱིན་གྱིས་བརླབས་དང་། བདེན་པ་དང་།
དམ་ཚིག་གིས་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བྱིན་གྱིས་བརླབས་པར་འགྱུར་རོ། །སེམས་ཅན་གང་དག་མཆོད་རྟེན་དེ་ལ་ཕུ་དུད་དང་། བསྟི་སྟང་བྱེད་པ་དེ་དག་ངེས་པར་ཕྱིར་མི་ལྡོག་པར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་

པར་འཚང་རྒྱ་བར་འགྱུར་རོ། །ཕྱག་འཚལ་བ་གཅིག་དང་། བསྐོར་བ་གཅིག་གིས་མནར་མེད་པ་ལ་ཐུག་པ་ལ་སོགས་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །
གནས་གང་ན་མཆོད་རྟེན་ནམ། གཟུགས་བརྙན་འདི་ལྟ་བུ་གནས་པའི་ས་ཕྱོགས་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །ཕྱོགས་དེར་ཀླུ་མི་སྲུན་པས་ཀྱང་མི་ཚུགས་པར་འགྱུར། སད་དང་སེར་བས་ཀྱང་མི་ཚུགས་པར་འགྱུར། གནས་
དེར་སྲོག་ཆགས་མི་སྲུན་པའམ། གདུག་པས་ཀྱང་མི་ཚུགས་པར་འགྱུར། གཅན་གཟན་གྱིས་མི་ཚུགས་པར་འགྱུར། བྱ་མི་སྲུན་པ་དང་། ནེ་ཙོ་དང་། རི་སྐེགས་དང་། བྱི་བ་དང་། སྲེ་མོ་དང་། ཤ་སྦྲང་དང་། སྦྲང་བུ་དང་། བྱེ་བ་དང་། སྦྲང་མ་མཆུ་གསུམ་
པ་དང་། མཆུ་རིངས་དང་། རྟ་བླ་བའི་འཇིགས་པ་ཡང་མི་འབྱུང་བར་འགྱུར། སྦྲུལ་གདུག་པས་ཚུགས་པར་མི་འགྱུར་རོ། །ཕྱོགས་དེར་ཡམས་ཀྱི་ནད་དང་། ནད་འགོ་བ་དང་། འཁྲུག་པ་ཡང་མི་འབྱུང་བར་འགྱུར། གནོད་སྦྱིན་དང་། སྲིན་པོ་དང་།
འབྱུང་པོ་དང་། ཡི་དགས་དང་། འདྲེ་དང་། བརྗེད་བྱེད་ཀྱི་འཇིགས་པ་ཡང་མི་འབྱུང་བར་འགྱུར། གདོན་ཐམས་ཅད་ཀྱིས་ཀྱང་མི་ཚུགས་པར་འགྱུར། རིམས་ཐམས་ཅད་ཀྱིས་ཀྱང་མི་ཚུགས་པར་འགྱུར། ནད་ཐམས་ཅད་དང་། འབྲས་དང་། ཕོལ་མིག་དང་།
ལྷོག་པ་དང་། མཚན་བར་རྡོལ་བ་དང་། རྐང་ཤུ་དང་། གཡན་པ་དང་། མཛེས་ཀྱང་མི་ཚུགས་པར་འགྱུར་ཞིང་། མཆོད་རྟེན་དེ་མཐོང་བ་ཙམ་གྱིས་ཐམས་ཅད་འབྱང་བར་འགྱུར་རོ། །ཕྱོགས་དེར་བ་ལང་གི་ནད་དང་། ཕྱུགས་ནད་དང་། དུད་འགྲོའི་སྐྱེ་
གནས་རྣམ་པ་མང་པོ་གཞན་དག་གི་ནད་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོའི་ནད་ཀྱིས་ཀྱང་ནམ་ཡང་མི་ཚུགས་པར་འགྱུར། དུས་མ་ཡིན་པར་འཆི་བས་ཀྱང་དུས་མ་ཡིན་པར་འཆི་བར་མི་འགྱུར། དུག་གིས་མ་ཡིན། མཚོན་གྱིས་མ་

ཡིན་ཞིང་། མེ་དང་ཆུས་ཀྱང་ནམ་ཡང་མི་ཚུགས་པར་འགྱུར། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པས་མ་ཡིན། ལོ་ཉེས་ཀྱི་འཇིགས་པས་ཀྱང་ནམ་ཡང་མི་ཚུགས་པར་འགྱུར། རྒྱལ་པོ་ཆེན་པོའི་དམག་གི་འཇིགས་པ་ཡང་མི་འབྱུང་བར་འགྱུར་རོ། །རྒྱལ་པོ་ཆེན་
པོ་བཞིའང་རྟག་ཏུ་རྒྱུན་མི་འཆད་པར་ས་ཕྱོགས་དེར་སྲུང་བར་བྱེད། ཡོངས་སུ་སྐྱོང་བར་བྱེད་དོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་པོ་དེ་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བྱེད་པར་འགྱུར་རོ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་།
ཟླ་བ་དང་། ཉི་མ་དང་། མཇུག་རིངས་ཆེན་པོ་ཡང་ཉིན་མཚན་མཐུན་པར་བྱེད་པར་འགྱུར་རོ། །ཀླུའི་རྒྱལ་པོ་ཐམས་ཅད་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་མདངས་མི་འཕྲོག་ཅིང་། ལེགས་པ་ཁོ་ནར་ཆར་གྱི་རྒྱུན་འབེབས་པར་འགྱུར་རོ། །ལྷ་ཐམས་ཅད་ཀྱང་མཆོད་རྟེན་ཆེན་པོ་
དེ་ལ་ཕྱག་འཚལ་བ་དང་། བཀུར་སྟི་བྱ་བ་དང་། མཆོད་པ་བྱ་བའི་ཕྱིར་གནས་སུམ་ཅུ་རྩ་གཉིས་ནས་དུས་གསུམ་དུ་འོང་ངོ་། །ཡུལ་ན་གནས་པ་ཐམས་ཅད་ཀྱང་མཆོད་རྟེན་དང་གཟུགས་བརྙན་དེའི་དྲུང་དུ་དུས་གསུམ་དུ་འོང་ངོ་། །སྟོད་པར་བྱེད། སྐོར་བ་བྱེད་པར་འགྱུར་རོ། །
ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཀྱང་ལྷའི་བུ་མོ་དང་། ལྷའི་ཚོགས་རྣམས་དང་ལྷན་ཅིག་ཏུ་རྒྱུན་མི་འཆད་པར་མཆོད་རྟེན་ནམ་གཟུགས་བརྙན་དེའི་དྲུང་དུ་ཉིན་མཚན་དུས་གསུམ་དུ་འོང་སྟེ། ཕྱག་འཚལ་བ་དང་། མཆོད་པ་ལ་འོང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རྟག་པར་
དགོངས་པ་དང་། བྱིན་གྱིས་རློབ་ཅིང་བཞུགས་སོ། །མཆོད་རྟེན་དང་གཟུགས་བརྙན་ཇི་ལྟ་ཇི་ལྟ་བུ་ལས་བྱེད་པའི་སའི་འམ། རྡོའི་འམ། ཤིང་གིའམ། དངུལ་གྱིའམ། གསེར་གྱིའམ། ཟངས་ཀྱི་བྱེད་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ཡང་བྲིས་ཏེ། དེའི་ནང་དུ་
བཞག་ན་བཞག་མ་ཐག་ཙམ་གྱིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་འགྱུར་རོ། །འཕང་དང་། ཐེམ་སྐས་དང་། ཁ་རན་དང་། འཁོར་ལོའི་ཕྲེང་བ་དང་། བཀྲ་ཤིས་དང་། གདུགས་དང་། དྲིལ་བུ་འཕྱང་བ་དང་། བ་དན་དང་། དྲིལ་བུ་

གཡེར་ཀའི་དྲ་བ་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་འགྱུར་རོ། །ཕྱོགས་བཞི་ཀུན་ན་ཡང་དེ་བཞིན་གཤེགས་པའི་གཟུགས་བརྙན་གནས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པའི་མཆོད་རྟེན་
རིན་པོ་ཆེ་དང་སྐུ་གདུང་གི་སྙིང་པོའི་མཆོད་རྟེན་དང་། མཆོད་གནས་སུ་འགྱུར་རོ། །སྐུ་གཟུགས་དང་མཆོད་རྟེན་དེ་འོག་མིན་གྱི་གནས་ཀྱི་ལྷས་ཀྱང་ཡོངས་སུ་བསྐྱང་བ་དང་། མཆོད་པས་ཡོངས་སུ་གཟུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་
ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཡོན་ཏན་གྱི་ཁྱད་པར་འདི་ཇི་ལྟ་བུར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་སྙིང་པོ་གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་གི་ཕྱག་རྒྱའི་
གཟུངས་ཡིན་ཏེ། ལག་ན་རྡོ་རྗེ་དེས་ན་མཐུ་འདི་ནི་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུར་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །རྡོ་རྗེ་འཛིན་གྱིས་གསོལ་བ། བཅོམ་ལྡན་འདས་རིན་པོ་ཆེའི་ཟ་མ་ཏོག་གི་ཕྱག་རྒྱའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་བཤད་པར་ཅི་གནང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག །དེ་བཞིན་གཤེགས་པ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་དང་། གང་དག་ཡོངས་སུ་མྱ་ངན་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་སྐུ་ནི་གསུམ་
དག་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། དེ་བཞིན་དུ་སྤྲུལ་པའི་སྐུ་སྟེ། དུས་གསུམ་པ་ཐམས་ཅད་ཀྱི་རིང་བསྲེལ་གྱི་ཟ་མ་ཏོག་གི་ཕྱག་རྒྱའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ཡིན་ནོ། །ན་མ་སྟྲཻ་ཡ་དྷྭི་ཀཱནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨོྃ་བྷུ་བི་བྷ་བཱ་ན་
བ་རེ་བ་ཙ་ཊཽ། ཙུ་ལུ་ཙུ་ལུ། དྷ་རེ་དྷ་རེ། སརྦ་ཏ་ཐཱ་ག་ཏ། དྷཱ་ཏུ་དྷ་རེ། པདྨ་གརྦྷེ། ཛ་ཡ་བ་རེ། ཨ་ཙ་ལེ། སྨ་ར་ཏ་ཐཱ་ག་ཏ། དྷརྨྨ་ཙཀྲ། པྲ་བརྟྟ་ན། བཛྲ་བོ་དྷི་མཎྜ་ཨ་ལཾ་ཀཱ་ར། ཨ་ལཾ་ཀྲྀ་ཏེ། སརྦ་ཏ་ཐཱ་ག་ཏ། ཨ་དྷིཥྛི་ཏེ། བོ་དྷ་ཡ་བོ་དྷ་ཡ། བོ་

དྷ་ནི་བོ་དྷ་ནི། བུདྡྷ་ཡ་བུདྡྷ་ཡ། སཾ་བོ་དྷ་ནི་སཾ་བོ་དྷ་ཡ། ཙ་ལ་ཙ་ལ། ཙ་ལཾ་ཏུ་སརྦ་ཨཱ་བ་ར་ཎཱ་ནི། སརྦ་པཱ་པཾ་བི་ག་ཏེ། ཧུ་རུ་ཧུ་རུ། སརྦ་ཤོ་ཀ་བི་ཀ་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། བཛྲི་ཎི། སཾ་བྷ་བ་སཾ་བྷ་བ། སརྦ་ཏ་ཐཱ་ག་ཏ་གུ་ཧྱེ། དྷཱ་ར་ཎི་མུ་དྲེ། བུདྡྷེ། སུ་
བུདྡྷ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ། དྷཱ་ཏུ་གརྦྷེ་སྭཱ་ཧཱ། ས་མ་ཡ་ཨ་དྷིཥྛི་ཏེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། དྷཱ་ཏུ་མུ་དྲེ་སྭཱ་ཧཱ། སུ་པྲ་ཏིཥྛི་ཏ། སྟུ་བེ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ། ཧཱུྃ་ཧཱུྃ་སྭཱ་ཧཱ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་དྷཱ་ཏུ་མུ་དྲཱ་ཎི། སརྦ་ཏ་ཐཱ་ག་ཏ་དྷརྨ་དྷཱ་ཏུ་བི་བྷུ་ཥི་ཏ་ཨ་དྷིཥྛི་ཏེ་
ཧུ་རུ་ཧུ་རུ། ཧཱུྃ་ཧཱུྃ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་རིང་བསྲེལ་གྱི་ཟ་མ་ཏོག་གི་ཕྱག་རྒྱའི་གཟུངས་འདི་བཤད་མ་ཐག་ཏུ་ཕྱོགས་བཅུ་དང་། ཕྱོགས་རེ་རེ་ཀུན་ནས་དེ་བཞིན་གཤེགས་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་ཏིལ་གྱི་གང་བུ་སྙེད་དགུ་བཅུ་རྩ་དགུ་གཤེགས་ནས། བཅོམ་ལྡན་
འདས་ཤཱཀྱ་ཐུབ་པ་ལ་ཤཱཀྱ་ཐུབ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཛམ་བུའི་གླིང་དུ་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ཆོས་ཀྱི་གཏེར་བཞག་པ་དང་། རིང་བསྲེལ་གྱི་སྙིང་པོའི་མཆོད་རྟེན་བྱིན་གྱིས་བརླབས་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འདི་ནི་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་དམ་ཚིག་དང་བྱིན་གྱིས་བརླབས་པ་ཡིན་ནོ། །གང་ན་རིང་བསྲེལ་གྱི་ཕྱག་རྒྱའི་གཟུངས་འདི་སྟོན་པར་བྱེད་དམ། མཆོད་རྟེན་གྱི་ནང་དུ་འཇོག་གམ། གཟུགས་བརྙན་གྱི་ནང་དུ་འཇོག་པར་བྱེད་པ་དེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་གཅིག་ཏུ་རྟག་ཏུ་རྒྱུན་མི་
འཆད་པར་རྗེས་སུ་འབྲང་ཞིང་བཞུགས་པར་འགྱུར་རོ། །ཐམས་ཅད་དུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ནས་གཟུངས་བཤད་པ་དང་། ཇི་ཙམ་ན་མཆོད་རྟེན་རྙིང་པ་ཕྱག་དར་གྱི་ཕུང་པོ་ལྟ་བུ་དེ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མཆོད་
རྟེན་དུ་མངོན་པར་འཕགས་ཤིང་། འཕང་དང་། ལེགས་པར་རྣམ་པར་འབྱེས་པ་དང་། འཁོར་ལོའི་ཕྲེང་བ་དང་། བཀྲ་ཤིས་དང་བཅས་པར་གྱུར་ཏོ། །བཅོམ་ལྡན་འདས་དགྱེས་ནས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་ཆེན་པོ་ལག་

ན་རྡོ་རྗེ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་དང་། ལྷ་དང་། མིར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། །།
འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་སྙིང་པོ་གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་གཙང་དེ་བེན་དྲ་རཀྵི་ཏས་བསྒྱུར་
ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །བོད་སྐད་དུ། ཤེས་པས་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་
ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཚུལ་དང་། འདུལ་བ་དང་། རྣམ་པར་འཕྲུལ་བའི་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་དུས་གསུམ་སངས་རྒྱས་
ལ། །ཕྱག་འཚལ་དཀོན་མཆོག་གསུམ་དགེ་ལ། །མི་འཁྲུགས་པ་དང་འོད་དཔག་མེད། །སྤྱན་རས་གཟིགས་ལ་བདག་ཕྱག་འཚལ། །རིགས་གསུམ་ལ་ཡང་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་རི་
རབ་ཆེན་པོ་སྣ་ལྔ་ལས་གྲུབ་པ། གཞི་ཉིད་མཆོད་རྟེན་གྱི་རང་བཞིན་དུ་གནས་པའི་སྟེང་ན། རིན་པོ་ཆེ་སྣ་ཚོགས་པའི་ཁང་པ་དང་། ཚད་མེད་པའི་མཆོད་རྟེན་བཞི་དང་། རང་བཞིན་གྱི་མཆོད་རྟེན་ཆེན་པོའི་གནས་ཡིན་པའི་ཕྱིར་རྩེ་མོའི་དབྱིབས་ཀྱང་མཆོད་རྟེན་དུ་གྱུར་པའི་གནས་ན།
ལག་ན་རྡོ་རྗེ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། བྱམས་པ་ལ་སོགས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་གཙང་རིས་ཀྱི་མགོན་པོ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་

ནས་བཅོམ་ལྡན་འདས་ཀྱིས་དབུའི་གཙུག་ཏོར་དང་། ཐུགས་ཀའི་དཔལ་བེའུ་ལ་སོགས་པ་རྣམས་ནས་འོད་ཟེར་ཁ་དོག་རྣམ་པ་སྣ་ཚོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་སྙེད་ཅིག་བཀྱེ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་བསམ་གྱིས་མི་ཁྱབ་ཅིང་
བརྗོད་ཀྱིས་མི་ལང་བ་ཐམས་ཅད་འོད་ཟེར་གྱི་སྣང་བ་ཆེན་པོས་ཏིལ་གྱི་གང་བུ་བཞིན་དུ་གང་ཞིང་ཁྱབ་པར་མཛད་པས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལོང་བ་རྣམས་ཀྱིས་གཟུགས་མཐོང་བ་དང་། འོན་པ་རྣམས་ཀྱིས་སྒྲ་ཐོས་པ་དང་། དིག་པ་རྣམས་སྨྲ་ཤེས་པ་དང་། ཐེང་པོ་
རྣམས་དང་། ཞ་བོ་རྣམས་འགྲོ་ཞིང་ཡན་ལག་རངས་པ་དང་། ནད་པ་རྣམས་ནད་དང་བྲལ་བ་དང་། དམྱལ་བ་རྣམས་ཚེ་ཕྲི་ནས་རིམ་གྱིས་སྡུག་བསྔལ་ལས་ཐར་བ་དང་། གཞན་ཡང་འགྲོ་བ་སེམས་ཅན་རྣམས་རིམ་གྱིས་དྲན་པ་རྙེད་པར་བྱས་ནས། ནམ་མཁའི་ཁམས་
ཐམས་ཅད་ཡིད་ཀྱི་མཆོད་རྟེན་ཆོས་ཀྱི་སྐུས་གང་ཞིང་རྒྱས་པར་བྱས་ཏེ། འོད་ཟེར་དེ་དག་སླར་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་འདུས་པ་ལས་ཆོས་ཀྱི་སྐུའི་གཟུགས་བརྙན་དུ་གྱུར་ཏོ། །དེ་ནས་ལག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་
འདས་ལ་བླ་རེ་དང་། རྒྱལ་མཚན་དང་། འཕན་དང་། གདུགས་དང་། རྔ་ཡབ་དང་། དྲིལ་བུ་དང་། དར་དཔྱངས་དང་། སྤོས་དང་། མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་དང་། མར་མེ་དང་། བཤོས་དང་། རོལ་མོ་ལ་སོགས་པའི་མཆོད་པ་རྣམས་
ཀྱིས་མཆོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འགྲོ་བའི་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་མཆོད་རྟེན་བྱིན་གྱིས་བརླབ་པའི་ཆོ་ག་རིག་པ་ཆེན་མོ་བི་མ་ལ་ཨུཥྞཱི་ཥའི་གཟུངས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
མཆོད་རྟེན་བྱིན་གྱིས་བརླབ་པའི་ཆོ་ག་རིག་པ་ཆེན་མོ་བི་མ་ལ་ཨུཥྞཱི་ཥའི་གཟུངས་འདི་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛིན་ཏམ། འཆང་ངམ། བྲིས་སམ། ཀློག་གམ། མིང་ཉན་པར་བྱེད་ན། དེ་མཚམས་མེད་པ་ལྔ་དང་། མི་དགེ་བ་བཅུ་དང་།

སྡིག་པའི་ལས་ཅི་བྱས་པ་ཐམས་ཅད་མ་ལུས་པར་བྱད་པར་འགྱུར་རོ། །བི་མ་ལ་ཨུཥྞཱི་ཥའི་རིག་པ་ཆེན་མོའི་མཆོད་རྟེན་བྱིན་གྱིས་བརླབ་པའི་ཆོ་ག་འདིའོ། །ཨོྃ་ཏྲཻ་ཡ་དྷཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གརྦྷེ། ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོ་དྷ་ཡ། པཱ་བཾ་
སརྦ་ཏ་ཐཱ་ག་ཏས་མནྟ་ཨུཥྞཱི་ཥ་བི་མ་ལེ་བི་ཤུདྡྷེ་སྭཱ་ཧཱ། རིག་པ་ཆེན་མོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་མཆོད་རྟེན་གྱི་རང་བཞིན་དུ་འགྱུར་རོ། །རིག་པ་ཆེན་མོ་འདི་གྲོ་གའམ། རས་སམ། ཤིང་ཤུན་ལ་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན་ལྷ་དང་མི་ལ་
སོགས་པ་ཐམས་ཅད་ཀྱིས་མཆོད་ཅིང་ཕྱག་བྱ་བ་དང་། བཀུར་སྟིར་བྱ་བའི་འོས་སུ་འགྱུར་བ་དང་། རིག་པ་ཆེན་མོ་འདི་ལུས་སམ། མགུལ་དུ་ཐོགས་ན་དེ་ལྷ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་རྣམས་ཀྱིས་སངས་རྒྱས་ཉིད་དུ་བལྟ་བར་འགྱུར་རོ། །བདག་ཉིད་རི་
བྲག་གམ། ཚལ་ལམ། དགོན་པའམ། ས་ཕྱོགས་གང་དུ་འགྲོ་བའི་ཚེ་རིག་པ་ཆེན་མོ་འདི་བརྗོད་ན་རི་དང་ས་ཕྱོགས་ཐམས་ཅད་མཆོད་རྟེན་དང་འདྲ་བར་འགྱུར་རོ། །ཨོྃ་ཏྲཻ་ཡ་དྷྭ་སརྦ་ཏ་ཐཱ་ག་ཏ་ཧྲྀད་ཡ་གརྦྷེ། ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོ་དྷ་ཡ། པཱ་པཾ་
སརྦ་ཏ་ཐཱ་ག་ཏ་ས་མནྟ་ཨུཥྞཱི་ཥ་བི་མ་ལེ་བི་ཤུདྡྷེ། མ་ཧཱ་བི་ར་ཛེ་ར་གཾ་བི་ར་སི། དྷརྨ་དྷཱ་ཏུ་གརྦྷེ། བི་བི་སཱ་ར་ཨ་ཨ་ལཾ་སྭཱ་ཧཱ་ཞེས་བརྗོད་ན། ས་གཞི་ཐམས་ཅད་ཀྱང་མཆོད་རྟེན་གྱི་རང་བཞིན་དུ་འགྱུར་རོ། །བདག་ཉིད་ཆུའམ། ཆུ་བོའམ། མཚོའམ། རྒྱ་མཚོ་ལ་སོགས་
པ་གང་ལས་རྒལ་བ་ན་ཡང་རིག་པ་ཆེན་མོའི་སྔགས་འདིས་བཏབ་ན་ཆུ་དེ་ཐམས་ཅད་ཀྱང་མཆོད་རྟེན་གྱི་རང་བཞིན་དུ་འགྱུར་རོ། །ཨོྃ་ཏྲཻ་ཡ་དྷཱེ་སརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་གརྦྷེ། ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོ་དྷ་ཡ། པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ། བི་མ་ལ་ཨུཥྞཱི་ཥ་བི་ཤུདྡྷེ། མ་ཧཱ་
བི་ར་ཛེ་ར་གཾ་བི་ར་སི་དྷརྨ་དྷཱ་ཏུ་བི་བི་སཱ་ར་ཨ་མ་མ་ཀི་སྭཱ་ཧཱ་ཞེས་བརྗོད་ན། ཆུ་ཐམས་ཅད་ཀྱང་མཆོད་རྟེན་གྱི་རང་བཞིན་དུ་འགྱུར་རོ། །གཞན་ཡང་བདག་ཉིད་ཀྱིས་ནམ་མཁའ་གང་ནས་གང་ཁྱབ་པར་རིག་པ་ཆེན་མོའི་སྔགས་འདི་བཏབ་ན། ནམ་མཁའ་ཐམས་ཅད་ཀྱང་མཆོད་རྟེན་

གྱི་རང་བཞིན་དུ་འགྱུར་རོ། །ཨོྃ་ཏྲཻ་ཡ་དྷྭེ་སརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་གརྦྷེ། ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨ་ཡུཿསཾ་ཤོ་དྷ་ཡ། པཱ་པཾ་སརྦ་ཏ་ཐཱ་ག་ཏཱ་ས་མནྟ། བི་མ་ལ་ཨུཥྞཱི་ཥ་བི་ཤུདྡྷེ། མ་ཧཱ་བི་ར་ཛེ་ར་གཾ་བི་ར་སི་དྷརྨ་དྷཱ་ཏུ་བི་བི་སཱ་ར་ཨ་ཨ་ཨེ་ཁཾ་ཡ་སྭཱ་ཧཱ་ཞེས་བརྗོད་ན།
ནམ་མཁའི་ཁམས་ཐམས་ཅད་མཆོད་རྟེན་གྱི་རང་བཞིན་དུ་འགྱུར་ཏེ། ཕྱག་བྱ་བ་དང་། བསྐོར་བ་བྱ་བ་དང་། མཆོད་པ་བྱ་བའི་འོས་སུ་འགྱུར་རོ། །བི་མ་ལ་ཨུཥྞཱི་ཥའི་གཟུངས་འདི་བཟླས་ཏེ་འབྱུང་བ་ཆེན་པོ་ལྔ་པོ་གང་ལ་ཡང་མཆོད་རྟེན་བཏབ་ན་ཉོན་མོངས་པ་དང་། སྒྲིབ་པ་ཐམས་
ཅད་དག་པར་འགྱུར་རོ། །གཞན་ཡང་ས་དང་། ཤིང་དང་། རྡོ་དང་། འཇིམ་པ་དང་། འབི་འབི་གང་ཡང་རུང་བ་ལ་རིག་པའི་སྔགས་འདིས་བཏབ་སྟེ། མཆོད་རྟེན་བཏབ་ན་རིན་པོ་ཆེ་སྣ་ཚོགས་ཀྱི་མཆོད་རྟེན་གྱི་རྒྱུར་འགྱུར་ཏེ། ཨོྃ་རཏྣ་ཙཻ་ཏྱེ་བཉྩ་ཡེ་བི་བི་སཱ་ར་སྭཱ་ཧཱ་ཞེས་བརྗོད་ནས་བའི་
ལྕི་བ་ལ་སོགས་པས་བྱུགས་ན་ཐམས་ཅད་རིན་པོ་ཆེའི་མཆོད་རྟེན་གྱི་རྒྱུར་འགྱུར་རོ། །རིག་པ་ཆེན་མོའི་སྔགས་འདི་མ་བཏབ་ན། གང་ཞིག་གསེར་དང་། དངུལ་དང་། བཻཌཱུརྱལ་སོགས་པ་རིན་པོ་ཆེ་སྣ་བདུན་ལས་མཆོད་རྟེན་བཞེངས་སུ་གསོལ་ཡང་རྡོ་དང་། ཤིང་དང་། ཁམ་པ་
དང་འདྲ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ཉིད་རྫས་ཀྱི་རང་བཞིན་ལས་སྙིང་པོ་དང་གསང་སྔགས་བྱིན་གྱིས་བརླབས་པ་མ་བཞུགས་པའི་ཕྱིར་རོ། །རིག་པ་ཆེན་མོ་འདིས་བྱིན་གྱིས་བརླབས་ཏེ་བཏབ་ན། འབྱུང་བ་ཆེན་པོ་གང་ལ་མཆོད་རྟེན་བཏབ་ཀྱང་བསྐལ་པ་
དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྒྲིབ་པའི་དྲི་མ་དག་ནས། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། །རིག་པ་ཆེན་མོ་འདིས་བྱིན་གྱིས་བརླབས་ཏེ། རྡོ་དང་ཤིང་ལེབ་ལ་སོགས་པ་ལ་མཆོད་རྟེན་བཏབ་ན། དེ་གདོན་མི་
ཟ་བར་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ནས་ས་བཅུ་རིམ་གྱིས་བགྲོད་དེ། བཅུ་གཅིག་ཀུན་དུ་འོད་ཀྱིས་ཐོབ་པར་འགྱུར་རོ། །རིག་པ་ཆེན་མོ་འདིས་བྱིན་གྱིས་བརླབས་ཏེ། གསེར་དང་། དངུལ་དང་། བཻཌཱུརྱལ་སོགས་པ་ལ་མཆོད་རྟེན་བཏབ་ན། དེ་གདོན་

མི་ཟ་བར་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ནས་རྡོ་རྗེ་འཛིན་པའི་ས་ཐོབ་པར་འགྱུར་རོ། །གཞན་ཡང་རིག་པ་ཆེན་མོའི་སྔགས་འདིས་བཏབ་ན་མཆོད་རྟེན་གཅིག་བཏབ་ན་ཡང་བྱེ་བ་བཏབ་པར་འགྱུར་རོ། །རིག་པ་ཆེན་མོ་འདིས་མ་བཏབ་ན་བྱེ་བ་བཏབ་ཀྱང་
གཅིག་དང་འདྲ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གོང་མ་བཞིན་ནོ། །རིག་པ་ཆེན་མོ་དེའི་སྔགས་ནི་འདི་ཡིན་ཏེ། ཏདྱ་ཐཱ། སཱུཀྵྨེ། ས་མེ་ས་མ་ཡེ། ཤཱནྟེ་དཱནྟེ། ནིར་ཀུ་ལེ། ཡ་ཤོ་ཏེ་ཛོ། སརྦ་བུདྡྷ་ཨ་དྷིཥྞཱ་ན། ཨ་དྷིཥྛི་ཏེ། ཨ་ནུ་མི་དེ་སྭཱ་ཧཱ།
འདིའི་ཆོ་ག་ནི་འདི་ཡིན་ཏེ། འཇིམ་པའི་གོང་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། མཆོད་རྟེན་གཅིག་བཏབ་ན་བྱེ་བ་བཏབ་པར་འགྱུར་རོ། །བརྒྱ་བཏབ་པའི་གྲངས་དང་ཕན་ཡོན་ནི་འཕགས་པ་ཉན་ཐོས་ཀྱི་དགྲ་བཅོམ་པ་རྣམས་ཀྱིས་ཀྱང་བརྗོད་པར་མི་ནུས་སོ། །སྟོང་
བཏབ་པའི་གྲངས་དང་ཕན་ཡོན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བརྗོད་པར་མི་ནུས་སོ། །ཁྲི་བཏབ་པའི་གྲངས་དང་ཕན་ཡོན་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བརྗོད་པར་མི་ནུས་སོ། །འབུམ་བཏབ་པའི་གྲངས་དང་ཕན་ཡོན་ནི་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་
གཤེགས་པ་རྣམས་ཀྱིས་ཀྱང་བརྗོད་པར་མི་ནུས་སོ། །དེ་བས་ན་མཆོད་པའི་རྟེན་ལྔ་མན་ཆད་གདབ་པའི་མཆོད་པའི་ཆོ་གར་བྱ་བ་ནི་ཐོག་མར་མཆོད་རྟེན་བརྩིགས་པའི་གནས་སམ། མཆོད་རྟེན་གྱི་འཇིམ་པའི་གནས་སམ། མཆོད་རྟེན་གྱི་འཇིམ་པའི་གནས་གང་ནས་བླངས་པའི་
གནས་དེར་ས་བདག་བྱིན་གྱིས་བརླབ་ཅིང་ས་ལ་གནས་པའི་གདོན་བགེགས་བསམ་སྦྱོར་ངན་པ་མཆོད་རྟེན་དང་། དགེ་བ་ལ་བར་ཆད་བྱེད་པ་རྣམས་མཚམས་གཅད་པར་བྱ་སྟེ། ཐིག་སྐུད་ལ་རིག་པ་ཆེན་པོའི་སྔགས་འདིས་གདབ་སྟེ། ཨོྃ་བཛྲ་སཱུ་ཏྲ་ཧཱུྃ་ཕཊ་ཅེས་བརྗོད་ནས་ཐིག་
སྐུད་དེ་ཉིད་རྡོ་རྗེའི་སྐུད་པར་དམིགས་ནས་མཆོད་རྟེན་གྱི་ས་ཁྱོན་ཇི་ཙམ་རན་པ་དང་། འཇིམ་པའི་ས་ཁྱོན་ཇི་ཙམ་རན་པ་ཐིག་གིས་ས་བཅད། དེ་བཞིན་དུ་ས་བཅད་ནས་གཞི་དེ་ཉིད་མཆོད་རྟེན་གྱི་རྒྱུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་དང་འདྲ་བར་འགྱུར་རོ། །དེ་ནས་ས་དེ་ཉིད་ལ་སེང་ལྡེང་

གི་ཕུར་བུ་སོར་བརྒྱད་པ་ལ་རིག་པ་ཆེན་མོའི་སྔགས་འདི་གདབ་པར་བྱ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཾ་ཧཱུྃ་ཕཊ་ཅེས་བྱ་བ་འདི་ལན་བདུན་བཟླས་ཏེ། རྡོ་རྗེ་ཕུར་བུར་དམིགས་ཏེ་དབུས་དང་གྲྭ་བཞིར་གདབ་པོ། །དེ་བཞིན་དུ་བཏབ་ན་མི་དང་མི་མ་ཡིན་པ་ལས་བསྲུང་བར་འགྱུར་
རོ། །སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །སེང་ལྡེང་གི་ཕུར་བུ་ནི་མཆོད་རྟེན་གྱི་འཇིམ་པའི་ས་ཇི་ཙམ་དགོས་པ་མ་བླངས་ཀྱི་བར་དུ་མི་དབྱུང་བར་གཞག་གོ། །དེ་ནས་ཏིལ་དང་ཡུངས་ཀར་ལ་རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱ་སྟེ། ཨོྃ་ཨ་མྲྀ་ཏེ་ཧ་ན་ཧ་ན་
ཧཱུྃ་ཕཊ་ཅེས་ལན་བདུན་བཟླས་ཏེ། སའི་ཕྱོགས་སུ་གཏོར་བས་སའི་ཕྱོགས་དེ་ཉིད་ཀྱང་དེ་བཞིན་གཤེགས་པའི་བཞུགས་གནས་དཔག་ཏུ་མེད་པར་འགྱུར། དེ་ལྟར་ས་གཞི་དེ་བཞིན་གཤེགས་པའི་བཞུགས་གནས་སུ་བྱིན་གྱིས་བརླབས་ཏེ། བགེགས་ཀྱི་བསམ་སྦྱོར་ངན་པ་
ལས་མཚམས་བཅད་དེ། སྤོས་དང་། མེ་ཏོག་དང་། གཏོར་མ་ལ་སོགས་པ་རྣམས་ཀྱིས་ཀྱང་ས་ཕྱོགས་དེ་ན་གནས་པའི་ལྷ་དང་། ཀླུ་དང་། ལྷ་མ་ཡིན་ལ་སོགས་པ་རྣམས་ལ་མཆོད་ཅིང་བསྔོས་ཏེ། བི་མ་ལ་ཨུཥྞཱི་ཥའི་གཟུངས་འདི་བཀླགས་ན། ས་ཕྱོགས་
དེ་ཡང་ཤིན་ཏུ་བཀྲ་ཤིས་ཤིང་བྱིན་ཆགས་པར་འགྱུར་རོ། །དེ་ནས་མཆོད་རྟེན་གྱི་འཇིམ་པའི་ས་བརྐོ་བའི་ཚེ་རིག་པ་ཆེན་མོའི་སྔགས་འདི་བཟླས་ཏེ་བརྐོ་བར་བྱའོ། །ཨོྃ་བཛྲ་ཁ་ན་ཁ་ན་ཧཱུྃ་ཕཊ་ཅེས་བཟླས་ཤིང་ས་གཞི་དེ་ཉིད་རིན་པོ་ཆེ་སྣ་ལྔར་གྱུར་པར་དམིགས་ཏེ་བརྐོས་ན། དེ་
བཞིན་གཤེགས་པའི་སྐུ་རྣམ་པར་དག་པའི་རྒྱུར་འགྱུར་རོ། །དེ་ནས་ས་གཙང་མ་བླངས་པ་དེ་དག་གནས་གཙང་མ་གཅིག་ཏུ་བཞག་ནས། ས་བརྡུང་བའི་ཆོ་ག་ནི་ཐོ་བ་ལ་བདུད་རྩི་འཁྱིལ་པའི་ཕྱག་རྒྱ་རྡོ་རྗེ་རྩེ་གསུམ་པས་མནན་ཏེ། རིག་པ་ཆེན་མོའི་སྔགས་འདིས་བཏབ་སྟེ་
བརྡུང་ངོ་། །བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ་ཅེས་ལན་བདུན་བཟླས་ཏེ། རྡོ་རྗེའི་ཐོ་བར་དམིགས་ཤིང་བརྡུངས་ན་ཉོན་མོངས་པ་དང་། བག་ཆགས་ཐམས་ཅད་མ་ལུས་པར་བྱང་ཞིང་བཅོམ་པར་འགྱུར་རོ། །དེ་ནས་འཇིམ་པ་བརྫི་བ་ནི་སྤོས་ཆབ་ལ་བདུད་རྩི་འཁྱིལ་བའི་

ཕྱག་རྒྱས་གཏུགས་ཏེ། སྤོས་ཆུ་དེའི་ནང་དུ་ཡང་ཆོས་ཉིད་ཀྱི་ཡི་གེ་ཨ་ཞེས་བྱ་བ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་འོད་དང་བཅས་པར་དམིགས་ཏེ། ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་ཆེན་པོ་དེས་སྤོས་ཆུ་དེ་ཁྱབ་པར་གྱུར་ནས། སྤོས་ཆུ་ཉིད་བདུད་རྩིའི་
རང་བཞིན་དུ་གྱུར་པར་དམིགས་ནས་རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱའོ། །ཨོྃ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་བྱ་བ་ལན་བདུན་བཟླས་ཏེ་བྱིན་གྱིས་བརླབས་པས། དེ་ཉིད་ཀྱང་བདུད་རྩི་ཆེན་པོའི་ཆུ་རྒྱུན་དང་འདྲ་བར་འགྱུར་རོ། །དེ་ནས་འཇིམ་པ་བརྫི་བའི་སྔགས་ཆེན་མོ་འདི་
བརྗོད་པར་བྱའོ། །ཨོྃ་བཛྲ་བྲ་མརྡ་ནཱ་ཡ་ཧཱུྃ་ཕཊ་ཅེས་ལན་བདུན་བརྗོད་དེ། འཇིམ་པ་དེ་ཉིད་དེ་བཞིན་གཤེགས་པའི་སྐུར་འགྱུར་རོ། །དེ་ནས་འཇིམ་པ་དེ་ཉིད་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པར་བྱིན་གྱིས་བརླབ་པ་ནི། འཇིམ་པ་དེ་ཉིད་ལ་བདུད་རྩི་འཁྱིལ་བའི་
ཕྱག་རྒྱ་བཅིངས་ཏེ། རིག་པ་ཆེན་མོའི་གཟུངས་འདི་བརྗོད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། སཱུཀྵྨེ། སཱུཀྵྨེ། ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། ནི་རཱ་ཀུ་ལེ། ཡ་ཤོ་ཡ་ཤོ་བ་ཏི་ཏེ་ཛོ་ཤུདྡྷེ་བི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏཱ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨཱ་ན་མོ་ཏེ་ཧི་ཏེ་སྭཱ་ཧཱ་ཞེས་
བདག་ཉིད་ཀྱིས་རིག་པ་ཆེན་མོ་འདི་ལན་བདུན་གསུམ་ཉི་ཤུ་རྩ་གཅིག་བཟླས་ཏེ། རིག་པ་ཆེན་མོའི་སྔགས་འདིས་བྱིན་གྱིས་བརླབས་ན་འཇིམ་པ་ཉིད་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས་པར་འགྱུར་རོ། །ཕྱོགས་བཅུར་འཕྲོས་ནས་ཀྱང་སེམས་ཅན་
ཐམས་ཅད་ཀྱི་དོན་ཇི་ལྟར་འདུལ་བར་བྱས་པར་འགྱུར་རོ། །འོད་ཟེར་དེ་དག་སླར་འདུས་པས་ཀྱང་འཇིམ་པ་ཉིད་རིན་པོ་ཆེ་སྣ་ལྔའི་རང་བཞིན་དུ་གྱུར་ནས། དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པའི་རྒྱུ་རྐྱེན་དང་ལྡན་པར་འགྱུར་རོ། །དེ་ལྟར་ཡིད་ཀྱིས་ཀྱང་དམིགས་
སོ། །དེ་ནས་འབི་འབི་བྱེད་པའི་ཚེ། རིག་པ་ཆེན་མོ་འདི་བརྗོད་པར་བྱ་སྟེ། ཨོྃ་བཛྲ་ཨཱ་ཡུཥེ་སྭཱ་ཧཱ་ཞེས་ལན་བདུན་བཟླས་ཏེ་བྱིན་གྱིས་བརླབས་ན། འབི་འབི་ཉིད་ལས་ཡེ་ཤེས་ཀྱི་འོད་ཟེར་གྱི་སྤྲིན་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་འཕྲོས་ཤིང་

ཁྱབ་སྟེ། འགྲོ་བ་མང་པོའི་དོན་བྱེད་པར་འགྱུར་རོ། །འོད་ཟེར་གྱི་སྤྲིན་ཕུང་དེ་དག་སླར་འབི་འབིའི་ནང་དུ་འདུས་པས་ཀྱང་དེ་ཉིད་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ཤེལ་སྒང་ལྟར་ཡོངས་སུ་དག་པར་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་འབི་
འབིའི་ནང་དུ་བི་མ་ལ་ཨུཥྞཱི་ཥའི་སྙིང་པོ་མུ་དྲའི་ཕྱག་རྒྱར་བྱས་པའམ། གྲོ་གའམ། རས་སམ། ཤོག་ཤོག་གམ། ཤིང་ཤུན་ལ་སྔགས་བྲིས་པ་དང་། དེའི་ནང་དུ་རིགས་ལྔ་སོ་སོའི་སྙིང་པོ། ཨོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ། དེ་རྣམས་ཕྲུགས་སུ་སྦྱར་ཏེ། མུ་དྲའི་ཕྱག་
རྒྱར་བྱས་པའམ། ཡི་གེར་བྲིས་བའམ། གང་ཡང་རུང་སྟེ་ནང་དུ་སྩལ་ན། དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་དང་ལྡན་པར་འགྱུར་རོ། །ནང་དུ་སྩོལ་བའི་ཚེ་རིག་པའི་སྔགས་འདི་བརྗོད་པར་བྱའོ། །ཨོྃ་བཛྲ་གརྦྷེ་སྭཱ་ཧཱ་ཞེས་བྱ་བ་བཟླས་ན་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་དེའི་ནང་དུ་འདུས་ཤིང་ཞུགས་པར་འགྱུར་རོ། །ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་ཙཻ་ཏྱའི་ཕོར་བུའི་ནང་དུ་ཡུངས་ཀར་རམ། ཏིལ་མར་གྱིས་བསྐུ་བའི་སྔགས་རིག་པ་ཆེན་མོ་འདི་བརྗོད་པར་བྱའོ། །ཨོྃ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ་ཞེས་
ལན་གསུམ་བཟླས་ཤིང་བྱིན་གྱིས་བརླབས་ན་དེ་ཉིད་ཐབས་དང་ཤེས་རབ་འབྲེལ་བ་ལས་ཆོས་ཀྱི་དབྱིངས་ཉིད་ཀྱི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་མཆོད་རྟེན་འདེབས་པའི་ཚེ་རིག་པ་ཆེན་མོ་འདི་བརྗོད་པར་བྱའོ། །ཨོྃ་བཛྲ་མུཏྒ་ར་ཨཱ་
ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ་ཅེས་བཟླས་ཤིང་མཆོད་རྟེན་བཏབ་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་འབྲེལ་བ་ལས་ཆོས་ཀྱི་སྐུའི་མཆོད་རྟེན་དུ་འགྱུར་རོ། །དེ་ནས་བི་མ་ལ་ཨུཥྞཱི་ཥའི་སྙིང་པོ་གོང་ནས་བྱུང་བས་ཀྱང་མཆོད་རྟེན་བཏབ་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་འབྲེལ་
བ་ལས་ཆོས་ཀྱི་སྐུའི་མཆོད་རྟེན་འབྱམ་ཀླས་པར་འགྱུར་རོ། །དེ་ནས་མཆོད་རྟེན་ཕོར་བུའི་ནང་ནས་འབྱུང་བའི་རིག་པ་ཆེན་མོའི་སྔགས་འདི་བརྗོད་ལ་དབྱུང་ངོ་། །ཨོྃ་དྷརྨ་དྷཱ་ཏུ་ཡེ་སྭཱ་ཧཱ། དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ་ཞེས་ལན་བདུན་བཟླས་ཏེ་མཆོད་རྟེན་ཕྱུང་ན་ཐབས་དང་ཤེས་རབ་

གཉིས་སུ་མེད་པར་འབྲེལ་བ་ལས་མཆོད་རྟེན་ཆོས་ཀྱི་སྐུ་འབྱམ་ཀླས་པ་འབྱུང་སྟེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་ཕུན་སུམ་ཚོགས་པར་མཛད་པར་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་
མཆོད་རྟེན་སྣོད་ནས་ཕྱུང་བ་ལ་འཁོར་ལོ་གཟུགས་པའི་རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱའོ། །ཨོྃ་པྲ་མ་ཎ་ཡེ་སྭཱ་ཧཱ་ཞེས་བཟླས་ནས་འཁོར་ལོ་བཙུགས་ན་རིན་པོ་ཆེའི་གདུགས་དང་། རིན་པོ་ཆེའི་ཏོག་དང་། རིན་པོ་ཆེའི་རྒྱལ་མཚན་དང་། རིན་པོ་ཆེའི་
ཤར་བུ་དང་། དར་གྱི་ལྷབ་ལྷུབ་ལ་སོགས་པ་རྣམས་ཀྱིས་བརྒྱན་ཏེ། མྱ་ངན་ལས་འདས་པའི་ཡོན་ཏན་སྣ་ཚོགས་ཀྱིས་བརྒྱན་ཏེ། འགྲོ་བའི་དོན་ཡིད་བཞིན་དུ་མཛད་པར་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་མཆོད་རྟེན་ན་བཟའ་
གསོལ་བའི་ཚེ་རིག་པ་ཆེན་མོ་འདི་བཟླས་ལ་གསོལ་ཏོ། །ཨོྃ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་བི་ཤུདྡྷེ་དྷརྨ་ཏེ་སྭཱ་ཧཱ་ཞེས་ལན་མང་དུ་བཟླས་ཏེ་བཏབ་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དོན་དང་ལྡན་པར་འགྱུར་རོ། །དེ་ནས་མཆོད་རྟེན་བཏབ་པའི་དཀྱིལ་འཁོར་མཆོད་རྟེན་ལྔར་བཏབ་ན་དཀྱིལ་
འཁོར་ཡང་ཕྱོགས་བཞི་དབུས་དང་ལྔར་བྲི་བར་བྱའོ། །དེ་བཞིན་དུ་མཆོད་རྟེན་གྱི་གྲངས་བརྒྱའམ། སྟོང་ངམ། གང་བཏབ་པ་དེའི་གྲངས་དང་མཆོད་རྟེན་གྱི་ཤོང་ཚད་ཀྱི་དཀྱིལ་འཁོར་གྱི་རེའུ་མིག་རྡོའི་སྟེགས་བུ་བརྩིགས་པ་ནི་སའམ། རྡོའམ། ཤིང་ལ་སོགས་
པ་ལ་དཀྱིལ་འཁོར་གྲུ་བཞིར་བགྱིས་ཏེ། འོག་གི་ཁྲི་ཡང་སེང་གེའི་ཁྲིའམ། རིན་པོ་ཆེའི་ཁྲིའམ། པདྨའི་ཁྲི་སྟེགས་སུ་བྱས་ལ། དེའི་སྟེང་དུ་གོ་མ་ཡཾ་དང་། སྤོས་ཆུས་ཆག་ཆག་བཏབ་སྟེ། དབུས་དང་ཕྱོགས་བཞིར་མཆོད་རྟེན་བཞུགས་པའི་ས་
ཀུན་དུ་གུར་གུམ་དང་། ཙནྡན་གྱི་ཆུས་ཟླུམ་པོར་བསྐུས་ལ། སྲད་བུས་ཐིག་བཏབ་ལ་དཀྱིལ་འཁོར་བྲི་བར་བྱ་སྟེ། དཀྱིལ་འཁོར་བྲི་བ་ཡང་མཆོད་རྟེན་ལྔར་བཏབ་ན་དཀྱིལ་འཁོར་གྱི་ཕྱོགས་བཞི་དབུས་དང་ལྔར་བྲི་བར་བྱའོ། །དེ་བཞིན་དུ་མཆོད་རྟེན་གྱི་གྲངས་

བརྒྱ་འམ། སྟོང་གང་བཏབ་པ་དེའི་གྲངས་ཀྱི་མཆོད་རྟེན་གྱི་ཤོང་ཚད་ཀྱི་དཀྱིལ་འཁོར་རེའུ་མིག་རྡོ་རྗེ་དྲ་བའི་ཐིག་གིས་ས་གཅད་པར་བྱའོ། །མཆོད་རྟེན་གཞག་པའི་ས་གཞི་ཐམས་ཅད་པདྨ་འདབ་མ་བརྒྱད་པར་བྲི་བར་བྱའོ། །དེ་ནས་མཆོད་རྟེན་གྱི་དཀྱིལ་འཁོར་དུ་བཞུགས་
པའི་ཚེ་རིག་པ་ཆེན་མོའི་སྔགས་འདི་བརྗོད་ལ་བཞུགས་སུ་གསོལ་ལོ། །ཨོྃ་སུ་པྲ་ཏིཥྛ་སྟུ་པེ་སྭཱ་ཧཱ་ཞེས་ལན་གསུམ་བཟླས་ཏེ་མཆོད་རྟེན་བཞག་ན་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྤྱོད་པར་འགྱུར་རོ། །དེ་ནས་མཆོད་རྟེན་དགོད་པའི་རིམ་པ་ནི། དང་པོ་དབུས་
སུ་དགོད། དེ་ནས་ཤར་དུ་དགོད། དེ་ནས་ལྷོར་དགོད། དེ་ནས་ནུབ་ཏུ་དགོད། དེ་ནས་བྱང་གི་བར་དུ་རིམ་པ་བཞིན་དུ་དགོད་པར་བྱའོ། །དགོད་པའི་ཚེ་རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱའོ། །ཨོྃ་བཛྲ་པདྨཱ་ས་ཡ་ཡེ་སྭཱ་ཧཱ་ཞེས་ལན་གསུམ་དུ་བཟླས་ལ་རྡོ་
རྗེ་དང་པདྨའི་གདན་ལ་བཞུགས་སུ་གསོལ་ཞེས་བྱས་ལ། ས་གཞི་དང་། ནམ་མཁའི་ཁམས་དང་། རྒྱ་མཚོའི་མཇིང་ཐམས་ཅད་མཆོད་རྟེན་གྱིས་གང་བར་ཡིད་ཀྱིས་ཀྱང་དམིགས་སོ། །གཞན་ཡང་མཆོད་རྟེན་རེ་རེ་བཏབ་ནས་ཐལ་བྱུང་དཀྱིལ་འཁོར་སྟེང་དུ་བཞུགས་ལ།
སྤོས་དང་མེ་ཏོག་ལ་སོགས་པ་མཆོད་པ་རྣམ་པ་ལྔས་མཆོད་ཅིང་བཞུགས་སུ་གསོལ། མཆོད་རྟེན་གྱི་ཁ་དོག་ལ་སོགས་པ་བསྐུ་བ་ནི། ཞི་བའི་དཀར་པོ། རྒྱས་པའི་སེར་པོ། དབང་གི་དམར་པོ། བསྲུང་བའི་ལྗང་གུར་དམིགས་ཏེ། ན་བཟའ་ཡང་དེ་དེ་བཞིན་དུ་
གསོལ་ལ། ཡིད་ཀྱིས་ཀྱང་དེ་བཞིན་དུ་དམིགས་སོ། །དེ་ནས་མཆོད་རྟེན་གྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་སྟེ། དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་རྃ་དམར་པོ་གནས་པ་ལས་རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱ་སྟེ། ཧཱུྃ་རྃ་སྭཱ་ཧཱ་ཞེས་ལན་གསུམ་བཟླས་པས་
དེ་ཉིད་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོར་རབ་ཏུ་འབར་ནས་གནས་དེ་དག་གི་རྟོག་པ་རྣམ་པར་སྦྱངས་ཏེ། དཀྱིལ་འཁོར་གྱི་གཞི་དེ་ཉིད་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་དཀྱིལ་འཁོར་དུ་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་དཀྱིལ་འཁོར་ལེའུ་ཚེ་ལྔའམ།

བརྒྱའམ། སྟོང་ངམ། གང་བྲིས་པའི་དབུས་རྣམས་སུ་ཡི་གེ་ཨ་དཀར་པོ་གནས་པ་ལས་རིག་པ་ཆེན་པོའི་སྔགས་འདི་བརྗོད་པར་བྱ་སྟེ། ཨོྃ་ཨ་ཙནྡྲེ་མཎྜལ་ཧཱུྃ་ཕཊ་ཅེས་གྲངས་ཇི་ཙམ་རན་པར་བཟླས་ན། མཆོད་རྟེན་གྱི་གདན་ཟླ་བའི་དཀྱིལ་འཁོར་རེ་
རེར་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་མཆོད་རྟེན་གྱི་ཆོ་ག་མཛད་པའི་ཚེ་ཁ་ཤར་ནུབ་གང་བདེར་བལྟས་ལ། བདག་ཉིད་རྡོ་རྗེ་འཛིན་པའི་སྐུ་ཕྱག་རྒྱ་ཆེན་པོར་ཏིང་ངེ་འཛིན་གྱིས་བསྒྱུར་ཏེ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་
ཡེ་ཤེས་ཀྱི་འོད་དཔུང་འཕྲོ་བ་གནས་པར་བྱས་ལ། སྐུ་དང་བ་སྤུའི་གསེབ་ཐམས་ཅད་ནས་ཀྱང་ཡེ་ཤེས་ཀྱི་འོད་ཟེར་དང་། སངས་རྒྱས་ཀྱི་དཀྱིལ་འཁོར་དང་བཅས་པའི་སྤྲིན་ཕུང་བཞིན་དུ་མཐར་འབྱམ་ཀླས་པར་འཕྲོས་ཤིང་། སེམས་ཅན་གྱི་ཁམས་ཐམས་ཅད་དུ་བྱིན་
གྱིས་བརླབས་ཤིང་དོན་མཛད་ནས། སླར་སྐུའི་ནང་དུ་ཐིམ་པར་འགྱུར་ཏེ། དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་མཆོད་རྟེན་གྱི་གཞལ་ཡས་ཁང་བསྐྱེད་པ་ནི། མཆོད་རྟེན་དཀྱིལ་འཁོར་དུ་བཞག་པ་ལ་རྡོ་རྗེ་དབྱིངས་མའི་ཕྱག་རྒྱ་བཅིངས་ནས། མཆོད་
རྟེན་གྱི་སྟེང་དུ་རེག་པར་བྱས་ལ། རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱའོ། །ཨོྃ་བཛྲ་དྷཱ་ཏུ་ཨ་དྷི་ཏིཥྛ་ཧཱུྃ་ཞེས་བཟླས་ཏེ་བྱིན་གྱིས་བརླབས་པས་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་མེད་ཁང་གི་ནང་ན་རིན་པོ་ཆེའི་ས་གཞི་དང་། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྟེང་ན་ཟླ་བའི་
གདན་གྱི་དབུས་ན་མཆོད་རྟེན་བཞུགས་པར་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ལྟར་དུ་མཆོད་རྟེན་རེ་རེ་བཏབ་སྟེ་བཞག་ནས། དེ་ལ་མཆོད་པའི་རྣམ་པས་མཆོད་ནས་ནི་སེང་གེའི་རྒྱལ་མཚན་དང་། འབྲས་ཆན་དང་། སྤྱན་གཟིགས་སྣ་
ཚོགས་དང་འདྲ་ཞིང་དགོད་པ་དང་། བླ་རེ་དང་། འཕན་དང་། གདུགས་དང་། ཕྲེང་བ་དང་། བདུག་པ་དང་། མར་མེ་དང་། སྤོས་དང་། མཆོད་པའི་རྣམ་པ་རྣམས་རྣམ་པར་དག་པར་སྦྱང་བའི་རིག་པ་ཆེན་མོ་འདི་བརྗོད་པར་བྱའོ། །ཨོྃ་སརྦ་པཱུ་ཛ་

པུཥྤེ་སྭཱ་ཧཱ་ཞེས་བཟླས་ཏེ་བྱིན་གྱིས་བརླབས་པས། ཀུན་དུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཕུན་སུམ་ཚོགས་པས་རྣམ་པར་འཁྲིགས་ཤིང་། ཆར་གྱི་རྒྱུན་བཞིན་དུ་འབབ་བར་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །མཆོད་རྟེན་མཆོད་པ་རྣམ་པ་ལྔ་
པོ་ཆ་རེ་རེས་མཆོད་ཅིང་། ཡོན་དུ་དར་བུ་ཆུང་དང་། འཕན་ལ་སོགས་པའི་བླ་རེ་དང་། གདུགས་བུ་ཆུང་ཡང་རུང་སྟེ་རེ་རེ་དབུལ་ལོ། །དེ་ལྟར་ཆོ་ག་བཞིན་དུ་བཏབ་པ་ལགས་ན་དགོངས་པ་རྒྱུད་ཀྱི་ཏིང་ངེ་འཛིན་གསལ་བར་བྱ་བ་ནི་མཆོད་རྟེན་གྱི་ཕྱོགས་བཞི་དབུས་དང་ལྔར་
རིགས་ལྔའི་སངས་རྒྱས་སྐུ་མདོག་དང་། རྒྱན་དང་། ཆ་ལུགས་དང་། འཁོར་ཕུན་སུམ་ཚོགས་པ་ཚུལ་བཞིན་དུ་དགོངས་ཏེ་དམིགས་པར་བྱའོ། །ཡེ་ཤེས་ལྔ་ལས་གྲུབ་པའི་མཆོད་རྟེན་དེ་ཡང་རང་བཞིན་གྱིས་རྣམ་པར་དག་ཅིང་གསལ་བ། དེ་དག་བུམ་པའི་དབུས་
སུ་བི་མ་ལ་ཨུཥྞཱི་ཥའི་གཟུངས་ཀྱི་སྙིང་པོ་དང་། རིགས་ལྔ་སོ་སོའི་སྙིང་པོ་འབྲུ་རེ་ཁ་དོག་གསེར་བཙོ་མ་བཞིན་དུ་དང་ཞིང་འཚེར་བ་ཅིག་ཏུ་དམིགས་ལ། དེ་དག་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་འབྱམ་ཀླས་པར་རིགས་ལྔ་ཕྱོགས་བཅུར་འཕྲོས་པ་ལས་དེ་བཞིན་གཤེགས་པའི་
སྐུའི་སྤྲིན་གྱིས་ནམ་མཁའི་མཐས་ཀླས་ཤིང་། ཆོས་ཀྱི་དབྱིངས་ཀྱི་མུར་ཐུག་པར་བརྒྱན་ཅིང་གྲུབ་པར་གྱུར་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་བྱིན་གྱིས་བརླབས་ཏེ། འགྲོ་བ་ཐམས་ཅད་ཀྱི་དོན་འདི་མཛད་ཅིང་། རེ་བ་བསྐང་ནས་སླར་འདུས་ཏེ། དེ་ཉིད་ཀྱི་
དབུའི་གཙུག་དང་ཐུགས་ཀར་ཕོག །འཕྲིན་ལས་ཀྱི་སྒྲིབ་པ་ལ་སོགས་པ་རྣམ་པར་དག་སྟེ། སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ཉིད་དུ་གྱུར་པར་དམིགས་ལ། དུང་ཕོར་གྱི་ནང་དུ་སྤོས་ཆབ་དང་། དྲི་སྣ་ཚོགས་སྦྱར་བའི་ཨརྒྷས་གསོལ་ཏོ། །ཨརྒྷའི་ཕྱག་
རྒྱ་བཅིངས་ལ། དེའི་སྟེང་དུ་དུང་ཕོར་བཞག་ལ་སྤོས་ཆུའི་ནང་དུ་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་འོད་ཟེར་གྱིས་སྤོས་ཆུ་ཉིད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པར་དགོངས་ཤིང་དམིགས་ཏེ། མཆོད་པ་དབུལ་བའི་རིག་པ་ཆེན་མོ་འདི་བརྗོད་པར་བྱའོ། །

ཨོྃ་ཨ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་བཟླས་ནས། དབུའི་སྤྱི་བོར་ལན་གསུམ་དུ་བདུགས་ཤིང་སྦྲེངས་ཏེ་ཕུལ་བས། འཕགས་པ་ཐམས་ཅད་མཉེས་པར་འགྱུར་རོ། །ཚིག་ཏུ་ཡང་འཕགས་པ་ཐམས་ཅད་མཉེས་པར་གྱུར་ཅིག་ཅེས་ཀྱང་བརྗོད་དོ། །དེ་
ནས་ཕྱག་རྒྱའི་རྒྱ་མཚོའི་སྤྲིན་གྱིས་དབུའི་གཙུག་ཏུ་བཀྲམ་སྟེ་ཡེ་ཤེས་ཀྱི་སྐུའི་ནང་དུ་འདུས་ཤིང་། ཕུན་སུམ་ཚོགས་པའི་དབང་ཐམས་ཅད་བསྐུར་བར་དམིགས་སོ། །དེ་ནས་བི་མ་ལ་ཨུཥྞཱི་ཥའི་གཟུངས་འདི་བཀླག་ཅིང་། ལན་ཅི་མང་དུ་བརྗོད་པར་བྱས་ལ་བསྔོ་བ་དང་སྨོན་
ལམ་རྒྱས་པར་གདབ་པར་བྱའོ། །ཆོ་ག་འདི་བཞིན་དུ་རྫོགས་པར་བྱ་བ་མི་བདེ་ན་རང་གི་ལྷ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྐུར་བསྒྱུར་བ་ལས་དགོངས་པ་མཉམས་པར་བྱ་སྟེ། མཆོད་རྟེན་དང་། མཆོད་པའི་ཡོ་བྱད་ལ་སོགས་པ་ཐམས་ཅད་རང་བཞིན་གྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་
པར་དགོངས་ཏེ། མཆོད་རྟེན་བཏབ་ན་ཡང་ཆོ་ག་རྒྱས་པར་བྱ་བ་དང་འདྲ་སྟེ་འགལ་བ་མེད་དོ། །དེ་བཞིན་དུ་མ་གྱུར་ན་ཡང་བི་མ་ལ་ཨུཥྞཱི་ཥའི་གཟུངས་འདི་ཀློག་པ་དང་། འཛིན་པ་དང་། ཡི་གེར་འདྲི་ཞིང་འཆང་བས་མཆོད་རྟེན་བཏབ་ན་ཆོ་ག་རྒྱས་པར་མཛད་པ་ཉིད་འདི་ཡིན་
ཏེ། མཆོད་རྟེན་དེ་དེ་བཞིན་གཤེགས་པའི་སྐུར་བསྒྱུར་ནས། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པར་འགྱུར་རོ། །བི་མ་ལ་ཨུཥྞཱི་ཥའི་གཟུངས་འདི་མ་བརྗོད་ན་མཆོད་རྟེན་ལ་མཆོད་པ་ཕུལ་ཞིང་མངའ་གསོལ་ཡང་མངའ་ཕུལ་བར་མི་འགྱུར་རོ། །གཞུང་
ལས་ཀྱང་འདི་སྐད་ཅེས་འབྱུང་ངོ་། །རིག་སྔགས་གསང་སྔགས་ཐམས་ཅད་ཀྱི། །སྔགས་ཀྱི་རང་བཞིན་མི་གསལ་ཞིང་། །དགོངས་པའི་ཏིང་འཛིན་མི་གསལ་བས། །མཆོད་རྟེན་ལ་སོགས་སྐུ་གཟུགས་རྣམས། །བཏབ་ཀྱང་རྫོགས་པར་ཡོང་མི་འགྱུར། །
ཞེས་འབྱུང་ངོ་། །གང་ཞིག་གསང་སྔགས་དང་དགོངས་པར་ལྡན་པས་མཆོད་རྟེན་དང་སྐུ་གཟུགས་བཏབ་པའི་ཡོན་ཏན་ནི། ཇི་སྐད་དུ། མཆོད་རྟེན་ཆོ་ག་དམ་པ་འདི། །བསོད་ནམས་བགྱིས་པའི་ཁྱད་པར་ནི། །གཟུངས་འདི་བཟླས་པའི་མཆོད་རྟེན་གྱིས། །གཅིག་

བཏབ་བྱེ་བ་བཏབ་དང་འདྲ། །ཡུན་རིང་དུས་ནས་འཁོར་བ་ཡི། །མཚམས་མེད་ལྔ་དང་སྡིག་དཔུང་རྣམས། །ཇི་སྙེད་ཡོད་པ་མ་ལུས་འབྱང་། །ཚེ་རིང་ཕུན་སུམ་ཚོགས་པར་འགྱུར། །ཚེ་རབས་གཞན་དུ་སྐྱེ་བ་ན། །རིགས་མཆོག་དམ་པར་སྐྱེས་ནས་ཀྱང་། །
ལོངས་སྤྱོད་མཆོག་དང་རབ་ལྡན་ཞིང་། །འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར། །དུས་གསུམ་འཇིག་རྟེན་ཐམས་ཅད་དུ། །དཀོན་མཆོག་གསུམ་དང་མི་འབྲལ་ཞིང་། །བགེགས་དང་གནོད་པས་དེ་མི་བསྐྱོད། །བསམ་པ་ཡོངས་སུ་
འགྲུབ་པར་འགྱུར། །མཐར་ནི་མངོན་པར་འཚང་རྒྱའོ། །བི་མ་ལ་ཨུཥྞཱི་ཥའི་གཟུངས་རྫོགས་སྷོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་མ་ཎི་བི་པུ་ལ་བི་མཱ་ན་སུ་པྲ་ཏིཥྛི་ཏ་གུ་ཧྱ་
པ་ར་མ་ཧ་སྱ་ཀ་ལཱ་རཱ་ཛཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པའི་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཞེས་བྱ་བའི་གཟུངས། བམ་པོ་དང་པོ། སངས་རྒྱས་དང་། བྱང་ཆུབ་སེམས་
དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་འདུས་པ་དང་པོ་ལ་བདུད་བྱེ་བ་ཕམ་པར་མཛད། དཔྱོད་པ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་པ་ཐམས་ཅད་དང་། མུ་སྟེགས་ཅན་གཞན་རྣམས་ཀྱང་བཏུལ་
ནས་ཕམ་པར་མཛད་དེ། འཁོར་བའི་སྐྱོན་འཁོར་བའི་ཆུ་བོའི་ཕ་རོལ་དུ་གཤེགས་སོ། །གང་གི་ཚེ་བདུད་ཀྱི་སྡེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་གཡོག་བདུད་ཀྱི་སྡེ་ཕྲག་དཀྲིགས་པ་ཅན་དག་གིས་འཛམ་བུའི་གླིང་བཀང་བ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ས་གཞི་རྡོ་
རྗེར་བྱིན་གྱིས་བརླབས་ནས། སེམས་ཅན་དེ་དག་གིས་འཇིགས་ཤིང་འཇིགས་སུ་རུང་བའི་སྒྲ་ཡང་མ་ཐོས་ཤིང་། མཚོན་ཆའི་ཆར་དེ་དག་ཐམས་ཅད་ཀྱང་མེ་ཏོག་སྣ་ཚོགས་སུ་བབ་པར་གྱུར་ཏོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་སུམ་མདོའི་དབུས་དེའི་ས་དེ་ཡང་རྡོལ་ནས་

རིན་པོ་ཆེ་སྣ་བདུན་གྱི་པདྨ་འདབ་མ་སྟོང་པ། སྡོང་བུ་ནི་བཻཌཱུརྱ། སྙིང་པོ་ནི་འཛམ་བུ་ཆུ་བོའི་གསེར། ཟེ་བ་ནི་རྡོའི་སྙིང་པོ། སྲིད་ནི་ཚངས་པའི་འཇིག་རྟེན་གྱི་བར་ལ་ཐུག་པ། འོད་དང་ལྡན་པ་ཞིག་བྱུང་སྟེ། པདྨ་དེ་བྱུང་ནས་ཕྱོགས་བཅུ་ཐམས་
ཅད་དུ་སྣང་བར་བྱས་སོ། །དེ་ནས་པདྨ་དེ་ལས་ནོར་བུ་རྡོ་རྗེ་མཆོག་ལྡན་ཞེས་བྱ་བའི་གཟུངས་ཀྱིས་སྐུལ་བའི་སྒྲ་འདི་བྱུང་ངོ་། །ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་གང་ལགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨོྃ་མ་ཎི་བཛྲ་ཧྲྀ་ད་ཡ། བཛྲ་མཱ་ར་སཻ་
ནྱ་བི་དྲ་བ་ནི། ཧ་ན་ཧ་ན། བཛྲ་གརྦྷེ་ཏྲཱ་ས་ཡ་ཏྲཱ་ས་ཡ། སརྦ་མཱ་ར་བྷུ་བ་ནཱ་ནི་ཧཱུྃ་ཧཱུྃ། སནྡྷ་ར་སནྡྷ་ར། བུདྡྷ་མཻ་ཏྲི་སརྦ་ཏ་ཐཱ་ག་ཏ། བཛྲེ་ཀལྤ་ཨ་དྷིཥྛི་ཏེ་སྭཱ་ཧཱ། པདྨ་དེ་ལས་ཡང་ལེགས་སོ་ཞེས་བྱ་བའི་སྒྲ་གྲགས་ཏེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་
རྟེན་གྱི་ཁམས་འདི་སྒྲས་བཀང་ནས། ཤཱཀྱ་ཐུབ་པ་སྲིད་པའི་དགོན་པ་ལས་ནི་རྒལ། བདུད་ནི་བཅོམ། ཉོན་མོངས་པའི་རྡུལ་ནི་སྤངས། མ་རིག་པའི་སྒོ་ངའི་སྦུབས་ནི་དྲལ། ཆོས་ཀྱི་སྒྲོན་མ་ཆེན་པོ་ནི་སྦར་ཏེ། གང་གི་ཕྱིར་གཟུངས་འདིའི་མཐུས་ས་གཞི་རྡོ་
རྗེར་བྱིན་གྱིས་བརླབས་ནས། བདུད་ནི་བཅོམ་པ་ལེགས་སོ་ལེགས་སོ། །དེ་ནས་གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་སྤུ་ཟིང་ཞེས་བྱེད་ཅིང་ལུས་འདར་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་ཅིའི་སླད་དུ་རིག་སྔགས་ཆེན་མོ་འདི་འདུས་པ་དང་པོ་ལ་འཛམ་བུའི་གླིང་དུ་བྱུང་བ་ལགས། བཅོམ་ལྡན་འདས་རིག་སྔགས་འདི་འཇིག་རྟེན་དུ་སྔོན་བྱུང་བར་མ་ཐོས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་
སྩལ་པ། ལག་ན་རྡོ་རྗེ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་ཞེས་བྱ་བའི་གཟུངས་ཡོད་དེ། དེའི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྡོ་རྗེའི་རང་བཞིན་དུ་གྱུར་ནས། མཚོན་ཆའི་ཆར་འབབ་པ་འདི་ཡང་མེ་ཏོག་

སྣ་ཚོགས་སུ་གྱུར་ཏེ་འབབ་བོ། །གཟུངས་འདིའི་མཐུས་བདུད་ཀྱི་འཁོར་བཅོམ་ནས་སྲོག་ཆགས་བྱེ་བ་བཏུལ་ཏོ། །འདིའི་མཐུས་སུམ་མདོའི་དབུས་སུ་པདྨ་འདི་བྱུང་བར་གྱུར་ཏོ། །ལག་ན་རྡོ་རྗེ་གཟུངས་འདི་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པར་མི་ནུས། བདུད་བྱེ་
བ་ཕམ་པར་མ་ཡིན། ཉོན་མོངས་པའི་རྒྱ་མཚོ་སྐེམས་པར་མ་ཡིན་ཏེ། ཆོས་ཀྱི་སྒྲོན་མ་སྦར་བར་མི་ནུས་སོ། །ལག་ན་རྡོ་རྗེ་ངས་དཀའ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་སྤྱད་ན། ཇི་སྲིད་ངས་གཟུངས་འདི་མཉན་པ་དང་། མངོན་པར་བརྩོན་པས་བརྩོན་འགྲུས་
མ་བྱས་ཀྱི་བར་དུ་ངས་སངས་རྒྱས་ཉིད་ཐོབ་པར་མ་ནུས་ཀྱི། ཕྱིས་ངས་སངས་རྒྱས་ཉིད་ཐོབ་བོ། །ལག་ན་རྡོ་རྗེ་གཟུངས་འདི་ནི་མཐུ་ཆེ་ཞིང་ཕན་ཡོན་ཆེ་བ་ཡིན་ནོ། །ལག་ན་རྡོ་རྗེ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ཡང་དག་པར་སངས་རྒྱས་
ཀྱི་སྐུ་ཡོངས་སུ་སྒྲུབ་པ་ཡིན་ནོ། །ལག་ན་རྡོ་རྗེ་འདིའི་མིང་བཟུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་བཟུང་བར་འགྱུར་རོ། །བརྗོད་ཅིང་བཟླས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་། བསྙེན་བཀུར་དང་། ཞབས་ལ་
ཕྱག་བྱས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་མེ་ཏོག་སྣ་ཚོགས་དང་། དྲི་དང་། བདུག་པ་སྣ་ཚོགས་ཀྱིས་མཆོད་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་
འདས་ཀྱི་ཞབས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེ་ན་ཡོན་ཏན་གྱི་ཁྱད་པར་ཅི་འདྲ་བ་དག་གདའ་བ་བསྟན་དུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་ཡང་དག་པའི་
ཆོས་ཀྱི་གཞི་འདི་དག་ལས་གཞན་པ་དགེ་བའི་རྩ་བ་ངན་ངོན་ཙམ་གྱིས་ནི་སེམས་ཅན་རྣམས་ཀྱི་ཚོགས་བསགས་པར་མི་བགྱི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་སེམས་ཅན་

དེ་དག་ནི་སྙོམ་ལས་ཅན། བརྩོན་འགྲུས་དམན་པ། གཏི་མུག་གིས་རྨོངས་པ། འདོད་པའི་དྲེགས་པས་རྨོངས་པ། ཡིད་ཆེས་པར་དཀའ་བ། ཕར་མི་འཛིན་པ། མར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ།
རིགས་ཀྱི་གཙོ་བོ་ལ་བསྙེན་བཀུར་མི་བྱེད་པ་དེ། དེས་ནི་གཟུངས་འདི་ལག་ཏུ་འོང་བར་མི་འགྱུར་ཞིང་། བསོད་ནམས་ཆུང་བ། སྐལ་བ་ཆུང་བ། བློ་ཞན་པ་རྣམས་ཀྱིས་ཀྱང་ཉན་པར་མི་འགྱུར། འཆད་པར་མི་འགྱུར་ཞིང་། སྡིག་པ་ཐམས་ཅད་འཇིག་པར་
བྱེད་པ། དེ་བཞིན་གཤེགས་པས་གསུངས་པའི་གཟུངས་འདི་ལ་དད་པ་སྐྱེད་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ང་ནི་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་
ཚད་མེད་པ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་ནོར་བུའི་སྒྲོན་མ་ཞེས་བྱ་བ་གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཅུ་གཉིས་པའི་ར་བ་རིན་པོ་ཆེ་སྣ་བདུན་ལས་བྱས་པ། རྒྱས་པ། བདེ་བ། ཉམས་
དགའ་བ། ལོ་ལེགས་པ། སྐྱེ་བོ་དང་། མི་མང་བོས་གང་བ། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། སྐྱེ་བོའི་ཚོགས་ཐམས་ཅད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཉིད་སྣང་ཞིང་ནོར་བུ་དང་། གསེར་འབར་བའི་མགོ་རྒྱན་སྣ་ཚོགས་ཀྱིས་མགོ་
བརྒྱན་པ། ལྷའི་གཟུགས་ཅན། མཐུ་དང་བརྩོན་འགྲུས་ཆེན་པོ་དང་ལྡན་པ། བཤེས་གཉེན་ཐམས་ཅད་དང་ལྡན་པ། རིག་པའི་གནས་རྟོགས་པར་ཁོང་དུ་ཆུད་པ། སྣང་བ་ཡོད་པར་འགྲོའོ། །འཇིག་རྟེན་གྱི་ཁམས་དེ་ན་རྒྱལ་པོ་ནོར་བུ་སྣ་ཚོགས་ཞེས་བྱ་བ་རྒྱལ་
སྲིང་བྱེད་དུ་འཇུག་སྟེ། བློན་པོ་བྱེ་བ་ཕྲག་བརྒྱད་ཅུས་ཡོངས་སུ་བསྐོར་ཅིང་། བཙུན་མོ་དམ་པ་གསལ་བྱེད་མ་ཞེས་བྱ་བ་བུད་མེད་ཉི་ཁྲིའི་འཁོར་ཅན། ལྷའི་བུ་མོ་ཐམས་ཅད་ཀྱི་ལུས་ལ་འགྲན་པ་ཞིག་ཡོད་དོ། །འཇིག་རྟེན་གྱི་ཁམས་དེ་ན་ཡང་མེ་ཏོག་གི་ཤིང་དང་། འབྲས་

བུའི་ཤིང་དང་། དྲང་ཆུའི་ཤིང་དང་། དྲིའི་ཤིང་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཡིན་ནོ། །ཆུ་ལས་སྐྱེས་པའི་མེ་ཏོག་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཡིན་ནོ། །ཐང་ལས་སྐྱེས་པའི་མེ་ཏོག་གང་
ཡིན་པ་དེ་དག་ཐམས་ཅད་ནི་འཛམ་བུ་ཆུ་བོའི་གསེར་གྱི་རང་བཞིན་ཡིན་ནོ། །མི་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཁྲི་ཐུབ་སྟེ། ཐམས་ཅད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་དད་པ་ཡིན་ནོ། །
རྒྱལ་པོ་དེ་ཡང་ཆོས་དང་མཐུན་པས་རྒྱལ་སྲིད་སྐྱོང་བར་བྱེད་ཀྱིས། ཆོས་དང་མི་མཐུན་པས་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་པ་ཅན་ཡིན་ནོ། །འཇིག་རྟེན་གྱི་ཁམས་དེ་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ནོར་བུ་ཆེན་པོ་རྣམ་པར་བཀྲ་བ་རབ་གནས་གཙང་མ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཅིང་། རིག་སྔགས་འཆང་བྱེ་བ་ཕྲག་མང་པོས་ཡོངས་སུ་བསྐོར་ནས་སངས་རྒྱས་ཀྱི་མཛད་པ་མཛད་དེ། དེ་བཞིན་གཤེགས་པ་དེ་ནི་གསེར་གྱི་ཁ་
དོག་གི་སྐུ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་མངའ་བ། འོད་འདོམ་གང་གིས་ཀུན་ནས་བསྐོར་བ། འོད་རིན་པོ་ཆེ་སྣ་བདུན་ལྟར་ཤིན་ཏུ་སྤ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་གསེར་གྱི་ཁ་དོག་གི་ལུས་འོད་འཕྲོ་བ། མཚན་
དང་ལྡན་པ། རིན་པོ་ཆེ་སྣ་བདུན་གྱི་པདྨའི་སྟན་ལ་འཁོད་པ་སྟེ། ཐམས་ཅད་ཀྱང་སྤོབས་པ་མི་ཟད་པ། སྒྲིབ་པ་མེད་པའི་ཡེ་ཤེས་སྤྱོད་ཡུལ་བ། རིག་པའི་གནས་རྟོགས་པར་ཁོང་དུ་ཆུད་པས་འདི་ལྟ་སྟེ། ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་
པའི་གསང་བ་ཞེས་བྱ་བའི་གཟུངས་སེམས་ཤིང་། གཟུངས་དེ་ཉིད་ཀྱི་མཐུས་ཡོན་ཏན་གྱི་ཁྱད་པར་འདི་བྱུང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་ཡང་གཟུངས་འདི་སེམས་ཅན་ཐམས་ཅད་ལ་རབ་ཏུ་སྟོན་ཏོ། །སེམས་ཅན་དེ་རྣམས་ཀྱང་གཟུངས་འདིའི་མཐུས་བདེ་བ་

ཉམས་སུ་མྱོང་བ་སྟེ་སེམས་ཅན་དེ་དག་ཐམས་ཅད་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་མ་ཡིན་གྱི་རིས་རྣམས་ལས་ཡོངས་སུ་ཐར་པར་གྱུར་ཏོ། །ངན་སོང་གི་སྒོ་ཐམས་ཅད་ཀྱང་བཅད་པར་གྱུར་ཏོ། །མཐོ་
རིས་ཀྱི་སྒོ་རྣམས་ཕྱེའོ། །བདེ་འགྲོའི་སྒོ་ཐམས་ཅད་ཀྱང་ཕྱེ་སྟེ། འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་སོ། །འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་ཐམས་ཅད་
བྱམས་པའི་སེམས་ཀྱིས་གནས་ཏེ། འདི་ལྟ་སྟེ། ཆུ་དང་འོ་མ་གཅིག་ཏུ་གྱུར་པ་བཞིན་ནོ། །དེ་བཞིན་གཤེགས་པ་དེས་ཀྱང་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན། ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པའི་གསང་བ་འདི་སྒྲུབ་པ་ན་སྨོན་ལམ་འདི་
སྐད་ཅེས། བདག་གིས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་པའི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། གང་དག་གཟུངས་འདི་ཉན་པ་དང་། འཆང་བ་དང་།
ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། སྒོམ་པ་དང་། འདོན་པ་དང་། སེམས་པ་དང་། སྒྲུབ་པར་བྱེད་པ་དང་། ཆུང་ངུ་ན་མིང་ཉན་པར་བྱེད་དམ། ལག་པས་རེག་གམ། ལུས་ལ་འཆང་ངམ། མིག་གིས་མཐོང་བ་ཙམ་མམ། གླེགས་བམ་ལ་
བྲིས་པའམ། རས་ལ་བྲིས་པའམ། རྩིག་པ་ལ་བྲིས་པ་མཐོང་ན་མཚམས་མེད་པ་ལྔ་བྱས་པའམ། མནར་མེད་པར་གཞོལ་བའམ། དམ་པའི་ཆོས་སྤངས་པའམ། འཕགས་པ་ལ་སྐུར་བ་བཏབ་པའམ། ཤེན་པའམ། གདོལ་པའམ། རྔོན་པའམ།
བྱ་བའམ། ལོང་བའམ། འོན་པའམ། ཤ་བཀྲ་ཅན་ནམ། བཀྲེན་པའམ། ཞར་བའམ། སྒུར་པོའམ། དམན་པའམ། སྔོན་གྱི་ལས་ཀྱིས་འཕངས་པའི་སྒྲིབ་པ་ཅན་ནམ། མྱོང་བར་གྱུར་པར་མ་ངེས་པའམ། བདུད་ཀྱི་ཞགས་པས་

བཅིངས་པའམ། ལྟ་བ་ངན་པར་ལྟུང་བའམ། ལོག་འདྲེན་གྱིས་ཟིན་པའམ། རྒྱུ་སྐར་དང་། གཟའི་གནོད་པར་བྱས་པ་དེ་དག་ཐམས་ཅད་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཆུང་ངུ་ན་དུད་འགྲོའི་སྐྱེ་
གནས་པ་རི་དགས་དང་། བྱ་དང་། སྦྲང་བུ་མཆུ་རིངས་དང་། ཤ་སྦྲང་དང་། བྱི་བ་དང་། གྲོག་སྦུར་རྣམས་དང་། གཞན་ཡང་སྲོག་ཆགས་ཀྱི་རིགས་སྣ་ཚོགས་སྒོ་ང་ལས་སྐྱེས་པའམ། མངལ་ལས་སྐྱེས་པའམ། དྲོད་གཤེར་ལས་སྐྱེས་པའམ།
རྫུས་ཏེ་སྐྱེས་པ་ལ་སོགས་ཏེ། དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་དང་། ཡིད་གཉིས་བསྐྱེད་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིག་འདི་གསུངས་མ་ཐག་ཏུ་འཁོར་དེ་དག་ཐམས་
ཅད་དགའ་ཞིང་། བ་སྤུའི་ཁུང་བུ་རྣམས་གཡོས་པར་གྱུར་ཏོ། །ལྷའི་མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུད་དང་། པདྨ་དཀར་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོའི་ཆར་ཡང་རབ་ཏུ་འབབ་བོ། །ལྷའི་སིལ་སྙན་རྣམས་ཀྱང་སྒྲ་འབྱིན་ཏོ། །
འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱི་རང་རང་གི་ལུས་ལས་ཀྱང་འོད་ཟེར་བྱུང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡང་རིན་པོ་ཆེ་སྣ་བདུན་གྱི་ཁང་བ་བརྩེགས་མ་བཀྲ་བ། བལྟ་ན་སྡུག་པ། ཤིན་ཏུ་རྣམ་པར་ཕྱེ་བ། ཉམས་དགའ་བ། ཀ་བ་བཞི་
ཟུག་པ། སྒོ་བཞི་དོད་པ། ཐེམ་སྐས་བཞི་དང་ལྡན་པ། འོད་འབར་བ། གྲྭ་བཞི་ན་ནོར་བུ་རིན་པོ་ཆེ་ཆེན་པོ་བཞི་ཉི་མ་ལྟར་འོད་འབར་བ། ནོར་བུ་དང་། རིན་པོ་ཆེ་དང་། མུ་ཏིག་གི་དྲ་བ་དུ་མ་དཔྱངས་པ། དྲིལ་བུ་མང་པོས་མཛེས་པར་བྱས་པ། དར་
གྱི་བ་དན་མང་པོས་ཀུན་ནས་བརྒྱན་པ། མེ་ཏོག་སྣ་ཚོགས་དུ་མའི་ཆུན་པོས་མཛེས་པར་བྱས་པ་ཞིག་བྱུང་ངོ་། །ས་འདི་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཏེ། འགུལ་ལྡེག་ལ་སྒྲ་འབྱིན་ཅིང་མཐོ་བ་དང་དམའ་བར་གྱུར་ཏོ། །ལྷའི་གནས་ཐམས་ཅད་ཀྱང་འོད་ཀྱིས་སྣང་བར་བྱས་ཏེ།

ལྷའི་གནས་ན་གནས་པ་ཐམས་ཅད་བསྐུལ་ཏོ། །རྒྱལ་པོ་ཆེན་པོ་བཞི་ཡང་བསྐུལ་ཏོ། །རིག་སྔགས་འཆང་གི་གནས་ཐམས་ཅད་ཀྱང་བསྐུལ་ཏོ། ལྷའི་གནས་ཐམས་ཅད་ཀྱང་འབར། ཀུན་དུ་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་དང་། བར་
ཆད་བྱེད་པའི་ལོག་འདྲེན་ཐམས་ཅད་ཀྱང་དངངས་སྐྲག་སྟེ། ཆོ་ངེས་འདེབས་ཤིང་ཕྱོགས་བཅུར་བྱེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་མཛོད་སྤུ་ནས་འོད་ཟེར་རབ་ཏུ་བཀྱེ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀུན་ནས་སྣང་བར་བྱས་ཤིང་། སངས་རྒྱས་
ཀྱི་ཞིང་ཐམས་ཅད་སྣང་བར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་བསྐུལ་ནས་སླར་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་ལེགས་
སོ་ཞེས་བྱ་བ་བྱིན་ཏེ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ཁྱོད་དེ་བཞིན་གཤེགས་པ་ནོར་བུ་བཟང་པོ་རྣམ་པར་བཀྲ་བ་རབ་གནས་གཙང་མ་དེ་གཟིགས་པ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་ཞིང་བཞུད་པའི་དུས་ལ་བབ་ཀྱིས་བཞུད་
ལ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་ཞེས་བགྱི་བའི་གཟུངས་དེ་ཡང་རྒྱས་པར་གསོན་ཅིག །བཅོམ་ལྡན་འདས་གཟུངས་དེ་ནི་མཐུ་ཆེ་ཞིང་ཕན་ཡོན་ཆེ་བ་ལགས་སོ། །གཟུངས་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ་
ལགས་ཏེ། གང་ལ་ལ་ཞིག་ཉན་ཏམ། ཆུང་ངུ་ན་མིང་ངམ། ལག་པས་རེག་ན་ཡང་ཕྱིར་མི་ལྡོག་པར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུའི་
སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསོལ་བ་བཏབ་པར་ཐུགས་སུ་ཆུད་ནས། ཡང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བཀྱེ་སྟེ། ཇི་ལྟར་ལྷགས་པའི་འཁོར་དེ་ལ་བོས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་

ཚུར་ཤེག །དེ་བཞིན་གཤེགས་པའི་བརྡ་བྱུང་བ་ནི་འདི་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་གདན་ལས་བཞེངས་པ་དང་། ཁང་པ་བརྩེགས་མ་དེའི་དབུས་སུ་རྡོ་རྗེའི་སེང་གེའི་ཁྲི་བྱུང་ནས། ཁྲི་དེའི་སྟེང་དུ་རིན་པོ་ཆེའི་པདྨ་བཀྲ་བ། བལྟ་ན་སྡུག་པ།
ཡིད་དུ་འོང་བ། སྡོང་བུ་ནི་གསེར། པདྨའི་སྙིང་པོ་ནི་མུ་ཏིག་དམར་པོ་ཅན་ཞིག་བྱུང་སྟེ། དེ་ལ་བཅོམ་ལྡན་འདས་བཞུགས་སོ། །བཅོམ་ལྡན་འདས་བཞུགས་མ་ཐག་ཏུ་ས་ཆེན་པོ་འདི་ཆེ་ཐང་དུ་གཡོས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱང་ནོར་བུ་ཆེན་པོ་དག་པ་
ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཁོར་ཐམས་ཅད་དབུགས་ཕྱུང་ནས་སྟེང་གི་ནམ་མཁའི་དཀྱིལ་དུ་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་འཁོད་དེ། འཁོར་མང་པོ་དང་། འཁོད་པ་ཆེན་པོ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཆེན་པོ་དང་། རྣམ་
པར་སྤྲུལ་བ་དང་། བྱང་ཆུབ་སེམས་དཔའ་མང་པོའི་འཁོར་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་མང་པོ་དང་། རིག་
སྔགས་འཆང་བྱེ་བ་ཕྲག་མང་པོའི་འཁོར་དང་། གསང་བའི་བདག་པོ་ལག་ན་རྡོ་རྗེ་དང་ཐབས་ཅིག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་དང་། རྒྱལ་པོ་ཆེན་པོ་བཞི་དང་གཤེགས་སོ། །དེ་དག་ཐམས་ཅད་ཤར་ཕྱོགས་ལོགས་
སུ་དོང་བ་དང་། ཚད་མེད་པའི་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་ནས། ནོར་བུ་སྒྲོན་མ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་ཕྱིན་པར་མཐོང་སྟེ། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་མཐུས་སྐད་ཅིག་ཐང་ཅིག་ཡུད་ཙམ་
གྱིས་འཇིག་རྟེན་གྱི་ཁམས་དེར་ཕྱིན་ཏོ། །འཇིག་རྟེན་གྱི་ཁམས་དེར་བྱོན་མ་ཐག་ཏུ་ནམ་མཁའ་ལས་བབས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནོར་བུ་བཟང་པོ་རྣམ་པར་བཀྲ་བ་རབ་གནས་གཙང་མ་དེའི་དྲུང་དུ་གཤེགས་སོ། །དེར་གཤེགས་ནས་བཅོམ་ལྡན་

འདས་གནོད་པ་མི་མངའ་འམ། བསྐྱོད་པ་ཡང་ངམ། བདེ་བ་ལ་རེག་པར་གནས་སམ་ཞེས་གསུངས་ནས། རིན་པོ་ཆེ་སྣ་བདུན་གྱི་པདྨ་འདབ་མ་སྟོང་པ་ཞིག་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ལྷའི་གཞལ་མེད་ཁང་ན་འཁོར་དང་བཅས་པ་བཞུགས་
པ་དང་། དེས་ཕྱག་གསེར་གྱི་ཁ་དོག་ཅན་བརྐྱང་ནས། ཟབ་ཅིང་ཟབ་པས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཡང་དག་པར་དགྱེས་པར་མཛད་དེ། ཁང་པ་བརྩེགས་མ་དེ་ཉིད་དུ་བཞུགས་ནས། བཅོམ་
ལྡན་འདས་ཀྱིས་ཀྱང་ཞུས་པ། བཅོམ་ལྡན་འདས་ཁྱོད་ཀྱིས་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་ལགས་སམ། ཁྱོད་ཀྱིས་བདུད་དཔུང་དང་བཞོན་པར་བཅས་པ་བཅོམ་ལགས་སམ། ཁྱེད་ཀྱིས་ཆོས་ཀྱི་སྒྲོན་མ་མ་སྤར་ལགས་སམ། ཆོས་ཀྱི་རྒྱལ་མཚན་བསྒྲེང་ལགས་
སམ། ཆོས་ཀྱི་རྔ་བརྡུངས་ལགས་སམ། ཆོས་ཀྱི་དུང་རབ་ཏུ་བུས་ལགས་སམ། བཅོམ་ལྡན་འདས་ཁྱོད་ཀྱིས་འཇིག་རྟེན་དུ་སངས་རྒྱས་འབྱུང་བ་བླ་ན་མེད་པའི་ཐམས་ཅད་མཁྱེན་པ་མཁྱེན་པར་བགྱིས་ལགས་སམ། བཅོམ་ལྡན་འདས་ཁྱོད་ཀྱིས་དེང་འཛམ་བུའི་གླིང་དུ་
ཆོས་ཀྱི་འཁོར་ལོ་ཆོས་ཀྱི་གཏེར་ལན་གཉིས་སུ་བསྐོར་བ་མཛོད་ཅིག །བཅོམ་ལྡན་འདས་ཀྱིས་ཚིག་འདི་གསུངས་མ་ཐག་ཏུ་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ། རབ་
ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག །རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག །འུར་འུར། རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་སྟེ། མེ་ཏོག་གི་ཆར་ཆེན་པོ་ཡང་རབ་ཏུ་
འབབ། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་ཡང་སྣང་། སིལ་སྙན་རྣམས་ཀྱང་མ་དཀྲོལ་བར་སྒྲ་