Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 083_རྒྱུད་འབུམ།_ཇ
Văn bản gốc(Tây Tạng)
Trang 20 / 21 (50.000 ký tự/trang)
ན་ཡའི་གནས་སུ་ཨཱ་ཀཪྵ་ཡ་ཧཱུྃ་ཞེས་པ་དང་། ཧོཿཡིག་གི་གནས་སུ་ཛཿཞེས་པ་ནི་ཁྱད་པར་རོ། །ཨོཾ་མརྨེ་མརྨཱ་ཨ་བི་གྷཱ་ཏེ་ཨོཾ་ཙརྩི་ཀེ་ཧ་ར་ཧ་ར་པུཀྐཾ་མཱ་ར་ཡ་མཱ་ར་ཡ་ཆེ་གེ་མོའི་ཆེད་དུ་ཛཿ ཨོཾ་གཾ་བྷི་རེ་ཙརྩི་ཀེ་པདྨ་ ཧུྃ་ཤོ་ཎི་ཏ་པྲཱི་ཡེ་གཾ་བྷཱི་རེ་ཆེ་གེ་མོ་ལ་ཛཿ། ཤིང་གཅིག་གམ། དུར་ཁྲོད་དམ། རི་བོ་རུ། ལྷོར་མངོན་པར་ཕྱོགས་པས་གཅེར་བུར་བྱུང་ནས་བརྒྱ་རྩ་བརྒྱད་དུ་བཟླས་པར་བྱའོ། །དེ་ནས་འགྲུབ་པར་ཐེ་ཚོམ་མེད་དོ། །བཅོམ་ལྡན་འདས་སྔགས་ཀྱི་ཆོ་ག་ཇི་ལྟ་བུ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དབེན་པར་གཅིག་པུ་ཅན་དུ་གྱུར་པས་རྗེ་བཙུན་གྱི་བྲིས་སྐུ་རབ་ཏུ་གསལ་བ་དང་ཕྱོགས་བཅུར་གནས་པའི་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་བྱས་ནས་མིའི་རུས་པ་བཅད་པས ཁྲག་ཆེན་པོ་ དང་། བྱ་རོག་གི་ཁྲག་གིས་སོར་མོ་བཅུ་གཉིས་པའི་རྩིབས་བཅུ་གཉིས་པའི་རྣམ་པའི་འཁོར་ལོའི་དབུས་སུ་རླུང་གི་ས་བོན་ནོ། །དེའི་ཁོངས་སུ་དགྲའི་མིང་རྣམ་པར་བཅད་པ་དང་བཅས་པ་ཁ་སྦྱར་ལ། བྱ་རོག་གི་མགྲིན་པ་ལ་བཅིངས་ནས་གལ་ཏེ་མ་བཀྲོལ་བ་དེའི་ཚེ་ཚར་གཅོད་ དོ། །དེའི་ཚེ་ཚར་མ་ཆོད་ན་དེ་ལ་ས་བོན་བཅུ་གཉིས་བྲི་བར་བྱའོ། །ཕཊ་ཕཊ་ཧཱུྃ་ཧཱུྃ་ན་ན་ཏ་ཀྲྀ་བི་ཥྚྲཱིཿཧྲཱིཿཨོཾ། ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་སྟོབས་པོ་ཆེ་ཡིས་བདུག་པ་བྱིན་ནས་གལ་ཏེ་རྒྱུན་ལ་བསྐུར་བར་བྱའོ། །གལ་ཏེ་མ་ཡིན་ན་ཁྭ་ཏའི་གཤོག་པ་ལ་ལན་ བདུན་དུ་བསྔགས་ཏེ་ཁྱིམ་གྱི་སྒོ་རུ་མིང་ནས་སྨོས་ན་འཕྲལ་དུ་སྐྲོད་པར་བྱེད་དེ་དེ་ཚར་གཅོད་དོ། །དེ་བཞིན་དུ་རྩིབས་བཅུ་གཉིས་པའི་འཁོར་ལོའི་དབུས་སུ་ཚ་བ་གསུམ་དང་། དུག་དང་། སྐེ་ཚེ་དང་། རུས་པ་ཆེན་པོ་དང་། བུད་ཤིང་གིས་མེའི་ས་བོན་གྱི་དབུས་སུ་རྣམ་པར་ བཅད་པ་དང་བཅས་པའི་ཡ་ཡིག་གཉིས་ཁ་སྦྱར་ལ་ཋ་ཡིག་གཉིས་ཀྱིས་ཕྱི་རོལ་ནས་བསྐོར་ཏེ་མེའི་ཤིང་གི་མེ་ལ་གདུང་བར་བྱའོ། །དེའི་སྐད་ཅིག་ལ་བུ་དང་ཆུང་མ་དང་བཅས་པ་དང་། འཁོར་དང་བཅས་པ་འཆི་བར་འགྱུར་རོ། །གལ་ཏེ་མ་ཡིན་ན་མིའི་རུས་པ་སོར་ བཞི་པ་ལ་ལན་བདུན་དུ་མངོན་པར་བསྔགས་པར་བྱས་ནས་དགྲའི་སྒོར་སྒོར་སྦ་བར་བྱས་ན། །དེ་ཡི་རིགས་འཇོམས་པར་བྱེད་དོ། །དེ་བཞིན་ཉིད་དུ་ས་བོན་བཅུ་གཉིས་ཡོངས་སུ་གྱུར་པས་རྩི་བས་བཅུ་གཉིས་པའི་འཁོར་ལོའི་དབུས་སུ་ཙནྡནལ་འཚོ་བའི་ཤིང་ངམ། གཞན་གྱིས་མི་ ཐུབ་པའི་འཁྲི་ཤིང་གིས་ཆུའི་ས་བོན་གྱི་དབུས་སུའོ། །དེ་ཉིད་གཉིས་ཀྱིས་ཁ་སྦྱར་ལ་ཋ་ཡིག་གཉིས་ཀྱིས་ཕྱི་རོལ་དུ་བསྐོར་བར་བྱའོ། །བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་སྔ་མ་བཞིན་དུ་མེ་ཏོག་དམར་པོ་འབུམ་ཕྲག་གཅིག་གིས་རྒྱལ་པོ་འཆི་བར་བྱེད་ཅིང་དེ་ལས་གཞན་དུ་ཡང་ རྒྱལ་པོ་བྲན་གྱི་དངོས་པོར་མི་འགྲོ་བ། །དེའི་ཚེ་བདག་ཉིད་མཚམས་མེད་པ་ལྔ་བྱེད་པར་འགྱུར་ཏེ་ངེས་པའོ། །ཡང་ན་ཤིང་སེ་ཕ་ལི་ཀའམ། དེ་དང་འདྲ་བའི་མེ་ཏོག་དམར་པོ་རྣམས་ཀྱིས་སོ། །དེ་བཞིན་ཉིད་དུ་ས་བོན་བཅུ་གཉིས་ཀྱིས་ཡོངས་སུ་ གང་བའི་ཁམ་ཕོར་དུ་བཞག་ནས་བཟླས་པར་བྱའོ། །ལྷ་དང་། ལྷ་མ་ཡིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྦྲུལ་གདུག་པ་དང་། མཁའ་འགྲོ་དང་། མཁའ་འགྲོ་མ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གདུལ་དཀའ་བའི་མི་དང་། མི་ བདག་རྒྱལ་པོ་ལ་སོགས་པ་རྣམས་འབངས་དང་འབངས་མོའི་དངོས་པོར་འགྲོ་བར་བྱེད་དོ། །གཤིན་རྗེའི་གཤེད་དམར་པོའི་རྒྱུད་དུ་ཐུན་མོང་གི་ཞི་བ་ཅན་ལ་སོགས་པའི་ཆོ་གའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་མངའ་བདག་དམ་འཁྱུད་ཅིང་། ། ཚེམས་ཀྱིས་མ་མཆུ་བཙིར་མཛད་ནས། །སེམས་ཅན་དོན་ཕྱིར་ཕན་པའི་དངོས། །བདག་མེད་མ་ཡིས་ཞུས་པ་ནི། །བཅོམ་ལྡན་ཇི་ལྟར་སེམས་ཅན་རྣམས། །ཇི་ལྟར་རྒྱལ་པོ་རྣམས་སུ་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ངོ་མ་ཆོགས་ པའི་ཕྱིར་ལྷ་མོ་ཁྱོད་ལ་བཤད་པར་བྱའོ། །ཨ་ཡིག་དང་བ་ཡིག་དག་ལས་ཀྱང་གཞན་དུ་མེ་ཏོག་བཞི་ལ་བ་ཊི་ཀ་བྱེད་དུ་བཅུག་ལ་སྐར་མ་རྒྱལ་ལ་ས་གསུམ་པོ་བསྒྲུབ་པར་བྱའོ། །རྒྱལ་རིགས་ཀྱི་རིགས་ཀྱི་ཁྱིམ་ལྔ་རུ་གསང་སྔགས་སྟོང་ཕྲག་བཟླས་པར་བྱའོ། །རྣལ་ འབྱོར་མའི་རྡོ་རྗེ་ཉི་མས་རང་གི་སྔགས་ཀྱིས་བསང་གཏོར་དང་། རང་གི་གསང་སྔགས་སྒྲུབ་པ་ནི་སྡོན་དུ་ཁྲི་བཟླས་པའི་སྒྲུབ་པ་ལས་སོ། །གསེར་དང་། དངུལ་དང་། བྱི་རུ་དང་། བཻཌཱུརྱ་དང་། མཱ་ལི་ཀ་ལ་བསྙེན་པ་འབུམ་ཕྲག་གཅིག་བྱས་ནས། དེ་བཞིན་དུ་བཅུའི་ཆ་ཤས་ ཀྱི་སྦྱིན་སྲེག་བྱའོ། །རྡོ་རྗེའི་ས་ལ་འབད་པ་ལས་སླར་ཡང་། རྟྃ་པྃ་ཙྃ་པྃ་རྃ། ཕྱོགས་རྣམས་སུ་རྣམ་པར་གཞག་པར་བྱའོ། །དབུས་སུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གསང་སྔགས་ལ་བརྩོན་པ་མཉམ་པར་བཞག་པའི་རྣལ་འབྱོར་པས་གང་སྔགས་ཀྱི་ལྷའི་བདག་ཉིད་ རྣམས་ལ་ཉེར་སྤྱོད་ལྔའི་མཆོད་པ་རྣམས་ཀྱིས་དང་། ཕྱོགས་བཞིར་རྡོ་རྗེ་ཐོད་པ་རྣམས་སུ་ཡང་དག་པར་གང་བའི་གཏོར་མ་བྱས་ཏེ་ཕྱི་རོལ་ཏུ་ཕྱོགས་ཀྱི་གཏོར་མ་བཅུ་བྱས་ནས་དེ་བཞིན་དུ་མཆོད་སྦྱིན་གྱི་ཤིང་ལས་བྱུང་བའི་དབྱུག་པ་རྣམས་ཀྱིས་བགེགས་ལ་ཕུར་བུས་འདེབས་ ཤིང་འགྱིང་བ་དང་བཅས་པས་གསང་སྔགས་ཀློག་པའམ། ཕྱི་རོལ་དུ་ཡང་དེ་ཉིད་ཀྱི་ངོས་བཞིའི་ཕྱི་རོལ་དུ་ཨྃ་ཡྃ་བྲྃ་ཤྲྃའོ། །གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཏེ། དེ་བཞིན་དུ་ཀློག་པར་བྱེད་པའི་ཀློག་པ་པོ་དང་། སྒྲུབ་པ་པོ་བཞི་ཡིས་གར་བྱེད་པ་ལ་བརྩོན་པའོ། ། ཤ་བཀག་པའི་ཕྱིར་བཟའ་བ་མ་ཡིན་པ་མེད་དོ་ཞེས་ས་ལུ་ལ་སོགས་པ་ལྔ་བཟའོ། །བསོད་ནམས་རྣམ་པ་བཞི་ཞེས་ཤེས་པར་བྱ་སྟེ། །དབྱེ་བ་ཇི་ལྟ་བ་ཤེས་པར་བྱའོ། །ཡོངས་སུ་གང་བའི་ཐོད་པ་རུ་ཆང་གི་བཏུང་བ་ཅུང་ཟད་བྱའོ། །ཐབ་ཏུ་ཡང་བློ་དང་ལྡན་པས་སྦྱིན་སྲེག་བྱའོ། །ཇི་ ལྟར་གསང་སྔགས་མཉམ་པར་གཞག་པས་དཔའ་བོའི་དབང་པོ་ཉིད་བསྒྲུབ་པར་བྱའོ། །དེ་ནས་སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན་གལ་ཏེ་འདོད་ན་ཐུན་མོང་དུ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་བོ། །འདི་ཉིད་ཀྱིས་ཉིས་འགྱུར་གྱིས་འགྱུར་བ་འདིར་ཐེ་ཚོམ་མེད་དོ། །དེ་ ནས་ལྷ་མོས་གསོལ་པ། ཕྲ་མོའི་རྒྱལ་སྲིད་ཐོབ་པ་ལ་དགྲ་འབྱུང་སྟེ། ཐབས་ཆེས་མང་པོ་ཅི་ཞིག་གིས་ལྷའི་དབང་པོ་ཡིད་ཀྱི་ཤིང་རྟ་ཡང་དག་པར་གང་བར་འགྲོ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་སྙིང་རྗེ་དང་ལྡན་པས་སེམས་ཅན་ གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བ་དང་། གལ་ཏེ་དགེ་འདུན་མཆོད་པའི་ཚོགས་ཀྱི་བཟའ་བར་བྱ་བ་ཡང་རྗེས་སུ་ཉིན་རེར་བྱེད་པ་དང་། དེའི་དོན་ཡང་བྱ་སྟེ་སེམས་ཅན་མཆོད་པར་བྱས་པར་འགྱུར་རོ། །སྔགས་ཀྱི་བསམ་གཏན་ལ་བརྩོན་པས་ དང་པོར་དབང་བསྐུར་བར་བྱ་སྟེ། རང་གི་སྙིང་པོ་དང་ཉེ་བའི་སྙིང་པོའི་གསང་བའི་སྔགས་རབ་ཏུ་སྦྱིན་པར་བྱའོ། །ཐུན་མཚམས་གསུམ་དུ་གཏོར་མ་དྲུག་ཅུ་རྩ་བཞི་པ་བྱིན་ནས་ཇི་ལྟ་བ་བཞིན་དུ་བྱའོ། །བྱ་བའི་རང་བཞིན་དེས་སེམས་ཅན་མཆོད་པ་ཇི་ལྟ་བ་བཞིན་དུ་འགྱུར་རོ། ། བཀད་ས་ལྔ་བྱས་ཏེ། གསང་བར་བྱས་ནས་རང་གི་མཆོད་སྦྱིན་གྱི་མཐར་གཏོར་མ་དབུལ་བར་བྱའོ། །སྔགས་ཀྱི་བསམ་གཏན་ལ་བརྩོན་པས་སློབ་དཔོན་བཞི་དང་རྣལ་འབྱོར་མ་མང་པོ་དང་ལྡན་པས་ལེགས་པར་དབང་བསྐུར་བར་ཡང་བྱའོ། །རྒྱན་ལྔ་ དང་ནི་ཡང་དག་ལྡན། །རྟག་ཏུ་མྱོས་བྱེད་མང་པོ་དང་། །གྲི་གུག་དང་ནི་ཐོད་པར་ལྡན། །ཀུན་ཏུ་སྟག་ལྤགས་ཤམ་ཐབས་དང་། །སཱ་ལི་རྣམས་ཀྱིས་ཁ་བཀང་ནས། །ཁ་ནས་ཁ་ཡི་ནང་དུ་སྦྱིན། །སྒྲུབ་པོ་གཅིག་ནི་རྒྱན་ཀུན་བརྒྱན། །གཡོན་པས་དྲིལ་བུ་དཀྲོལ་ བྱེད་ཅིང་། །གཡས་ཉིད་རྡོ་རྗེ་གསོར་བར་བྱེད། །ཁྲུ་ལྔ་ཡི་ནི་ཚད་ཀྱིས་ནི། །བྲིས་སྐུ་ལྔ་པོ་བྲི་བྱ་སྟེ། གཏི་མུག་ཕྲ་མ་འདོད་ཆགས་དང་། །ཕྲག་དོག་ཁ་དོག་དབྱེ་བས་བྲི། །དཀར་པོ་སེར་དམར་སྔོ་བསངས་རྣམས། །རང་རང་གཟུགས་ཀྱིས་བྲི་བར་བྱ། །དབུས་སུ་ གཤིན་རྗེའི་གཤེད་བྲིའོ། །སྔགས་ལ་མཆོག་ཏུ་གཞོལ་བ་ཡིས། །སྦྲང་ཆེན་སྣག་ཚ་བྱས་ནས་ནི། །མཆོག་གི་རུས་པས་བྲི་བར་བྱ། །ཨ་ཡིག་དང་ནི་བ་ཡིག་དག །འབུམ་ཕྲག་བཞི་པོ་ཡང་དག་རྫོགས། །ཐབ་ཁུང་གྲུ་གསུམ་པའི་དབུས་སུ། །སྦྱིན་སྲེག་ སྔགས་ལ་མཆོག་གཞོལ་བ་ས། །ཕྱི་རོལ་ཏུ་ནི་སློབ་དཔོན་གཞན། །བཞི་པོ་རྣམས་ཀྱིས་དེ་བཞིན་དུ། །ཐབ་ཏུ་འཁྲུལ་འཁོར་གསུམ་ཡང་བྱ། །ཕྱི་ནས་ས་བོན་བཅུ་གཉིས་དང་། །དེ་བཞིན་འཁོར་ལོ་བཅུ་གཉིས་ལ། དྲུག །སྔགས་ཀྱིས་བོན་བྲི་བར་ བྱ། །གྲོ་ག་སོར་བཅུ་དྲུག་ཉིད་ལའང་། །མིང་མེད་ཀྱི་ནི་ཁྲག་ཉིད་ལ། །སེན་རྩི་ཡིས་ནི་བསྲེས་པས་སམ། །ཡང་ན་རྒྱ་སྐྱེགས་ཁུ་བས་སོ། །ཡམ་རཱ་ཛ་ས་དོ་མེ་ཡ། །ཡ་མེ་དོ་རུ་ཎ་ཡོ་ད་ཡ། །ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ ཡ། །ལྷ་མོ་གསང་སྔགས་རྙེད་དཀའ་འ་འདི། །བདག་གིས་ངོ་མ་ཆོགས་པས་བཤད། །འདི་ཡི་སྔགས་ཀྱི་མཐུ་སྟོབས་ཀྱིས། །བདག་གིས་སངས་རྒྱས་ཉིད་སྒྲུབ་སྟེ། །འཇིག་རྟེན་གསུམ་གྱི་དབང་ཕྱུག་འགྲོར། །གསང་སྔགས་བརྩོན་པས་སྦྱར་བྱས་ན། ། སྡེ་དང་བཅས་པ་བར་སྣང་ལ། །འགྲོ་འགྱུར་འདི་ནི་ཐེ་ཚོམ་མེད། །གཤིན་རྗེའི་གཤེད་དམར་རྣལ་འབྱོར་པ། །ཁ་ཅིག་རྟག་ཏུ་དམ་ཚིག་བརྩོན། །རིགས་ལྔའི་བསྙེན་པ་ལྡན་པས་ཀྱང་། །འབུམ་དུ་བཟླས་པས་བྲི་བར་བྱ། །ཤར་དུ་བྱས་པའི་བཀད་ས་ རུ། །ཁམ་ཕོར་གཉིས་ཀྱི་དབུས་སུ་མར་དང་སྦྲང་རྩིས་ཡང་དག་པར་གང་བ་ལ་བཞག་ནས་ཞོའི་ཟན་དང་། ཡུངས་ཀར་དཀར་པོ་དང་། ལན་ཚྭའི་སྦྱིན་སྲེག་བྱའོ། །ནུབ་ཀྱི་འདབ་མ་ལ་དེ་དང་མཚུངས་པའི་ཁམ་ཕོར་ལ། མེ་ཏོག་དམར་པོ་དང་། སེན་རྩི་དང་། རྒྱ་ སྐྱེགས་ཀྱི་ཁུ་བ་བསྲེས་བས་སྦྱིན་སྲེག་བྱའོ། །བྱང་ཕྱོགས་ཀྱི་འདབ་མ་ལ་སྦྲང་ཆེན་གྱིས་གང་བའི་ཁམ་ཕོར་ལ་ཡང་དག་པར་བཞག་ནས་ཐབ་ཁུང་གྲུ་གསུམ་དུ་ཤིང་སིཏྠ་ཀ་ཤུ་དང་། ཤིང་སཾ་ཀོ་ཙ་ཀཎྜ་ཀ་དང་། དུག་དང་། སྐེ་ཚེ་རྣམས་ཀྱིས་སྦྱིན་སྲེག་བྱའོ། ། དགུ་ཡི་བདག་ཉིད་ཅན་འབད་པས། །དང་པོར་དམ་ཚིག་བྱས་ནས་ནི། །རྒྱན་ལྔ་ཡིས་ནི་བརྒྱན་པ་ཡིས། །རྣལ་འབྱོར་མ་ཡང་དེ་དང་མཚུངས། །སྣ་ཚོགས་རིན་ཆེན་རང་བཞིན་བརྒྱན། །རྔ་ཡབ་དཀར་པོས་བརྒྱན་པ་ཡི། །རྡོ་རྗེ་དྲིལ་བུའི་ལག་དག་ གིས། །ཡང་ནས་ཡང་དུ་གཏོར་མ་སྦྱིན། །ཇི་ལྟར་འོས་པའི་ཡོན་ཕུལ་བྱ། །གང་གིས་མཉེས་པར་འགྱུར་བ་ཡིན། །དབུས་སུའང་དེ་དང་མཚུངས་པར་བྱ། །མཐའ་རུ་བཞི་འགྱུར་དུ་བྱའོ། །དགེ་འདུན་བཟའ་བ་ཡང་བྱའོ། །དམན་དང་ཞན་ལ་རྗེས་བརྩེ་བ། ། སོ་སོར་བ་དག་ནི་དམ་ཚིག་མཆོད། །ཤེས་རབ་བཅས་ཤིང་ཡོན་དང་བཅས། །རིགས་ནི་ལྔ་པོ་རྣམས་ཀྱི་ནི། །བསྒྲུབས་པའི་བཟའ་བ་དེ་དག་གིས། །མེ་ལ་སྦྱིན་སྲེག་བྱ་བ་སྟེ། །བློ་བཟང་འབད་པས་བཞག་མི་བྱ། །དབྱུག་གུར་བབ་པས་དེ་སྒོ་བཞིར། །རྔ་བོ་ ཆེ་ཡི་སྒྲ་བྱའོ། །གང་དང་གང་དུ་སྒྲ་ཐོས་པའི། །ཕ་རོལ་སྡེ་ནི་རབ་བྲོས་ནས། །རྣ་བ་རྣམས་ནི་དགས་པར་བྱེད། །མིག་གིས་མཐོང་བར་མི་བྱེད་ཅིང་། །སྡེ་རྣམས་དབང་དུ་བྱེད་པ་དང་། །མགོ་ལ་ཟུག་རྔུར་འགྱུར་བ་དང་། །སྐྲིད་པ་དག་ནི་བྱེད་པ་ཡིན། ། ཡང་ན་བྱའི་གཤོག་པ་ལ་བཅིངས་ནས་གཏོང་བར་བྱ་སྟེ། གང་དང་གང་དུ་འགྲོ་བ་དེ་དང་དེ་ཉིད་དུ་ཕ་རོལ་གྱི་སྡེ་རྣམས་ནི་རང་གི་ཆུང་མ་ཡང་ཡོངས་སུ་དོར་ནས་སྨྱོ་བར་འགྱུར་རོ། །བདག་ཉིད་གཡུལ་ལ་མཆོག་ཏུ་གཞོལ་བར་འགྱུར་རོ། ། གླང་པོ་ཆེ་རྣམས་དང་། རྟ་ལ་སོགས་པ་རྣམས་ལྡོག་སྟེ་བདག་ཉིད་ཀྱི་སྡེ་ཡིས་འགྲོ་བར་བྱེད་དོ། །གང་གི་ཚེ་སྡེ་ལས་བརྒལ་བའི་གཡུལ་བྱས་ནས་དུམ་བུ་དུམ་བུར་ལྟུང་བར་བྱེད་དོ། །ཕོ་ཉ་གཅིག་པུས་གནས་པས་ཇི་ལྟ་བ་བཞིན་དུ་འཚོ་བཅོམ་གྱིས་འཚོ་བར་བྱེད་དོ། །དེའི་ཐལ་བས་ ཕ་རོལ་གྱི་སྡེའི་རྒྱལ་མཚན་རླུང་གིས་ཀུན་ཏུ་བསྐོར་བས་སྒྲིབ་པར་བྱེད་དོ། །ཀློ་བུར་དུ་གླང་པོ་ཆེའི་ཚད་ཀྱི་རྡོ་བ་འབེབ་པར་བྱེད་དོ། །ཆར་ཆེན་པོ་འབེབ་པར་འགྱུར་རོ། །ཀླུའི་ཚུལ་གྱི་སྒྲུབ་པས་སྦྱིན་སྲེག་འབུམ་གྱིས་འདོད་པ་རྙེད་དོ། །ཤི་བའི་ཕ་རོལ་ཏུ་ཡང་དགྲ་བོ་ དེ་རྣམས་འབངས་སུ་འགྱུར་རོ། །འདིས་ནི་སུམ་འགྱུར་གྱིས་ས་དང་འཇིག་རྟེན་གསུམ་ལ་དབང་བྱེད་པར་འགྱུར་རོ། །དེ་ནས་ཤིང་སེ་ཕཱ་ལི་ཀཱའི་འབྲས་བུ་འབུམ་ཕྲག་གཅིག་གིས་དེའི་འབྲས་བུར་འགྱུར་རོ། །ཞེས་པ་གཤིན་རྗེའི་གཤེད་དམར་པོའི་རྒྱུད་དུ་དངོས་གྲུབ་ ཕྲན་ཚེགས་ཀྱི་ལས་རབ་འབྱམས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་མས་གསོལ་པ། དེ་ནས་བྷ་ག་ལ་རྟགས་ཡང་དག་པར་སྦྱོར་བའི་ཁུ་བ་འདི་ནུ་མ་རབ་ཏུ་འཕེལ་བར་བྱ་བ་ལ་ནད་ཉམས་པ་ལས་དང་། ཡིད་བུད་མེད་ཀྱི་དབང་དུ་ གྱུར་པ་མེད་པ་ལས་དང་། དེ་འཆིང་བར་བྱེད་པ་ལས་ཀྱང་ཁུ་བ་ཡིས་ནུ་མ་ལ་བསྲུང་བ་དང་བསྐྱབ་པའི་སྦྱོར་བ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་ང་ལ་ཞུས་པ་ལེགས་སོ་ཞེས་གནང་ནས། དང་པོར་ཕུང་པོ་སྦྱང་བྱ་སྟེ། ། ཕྱིས་ནས་རབ་འབྱམས་ལས་བརྩམ་བྱ། །འབྲས་བུ་གསུམ་གྱི་ཕྱེ་མ་གཟུང་། །ཡ་བཀྵ་ར་པཱ་ལཱ་ཤ། །ཟོས་ནས་བུ་རམ་འཐུངས་པ་ལས། །སྲིན་དང་འཁོགས་པ་རབ་ཏུ་འཇོམས། །ཏིལ་མར་ཀྃ་ཏ་ཀའི་ཁུ་བ། །ཧི་ལ་མོ་ཙེའི་ཁུ་བ་ དང་། །རྒྱམ་ཚ་འཐུངས་ཤིང་བྱུགས་པ་དེས། །དྲག་མོ་ཤིག་རྣམས་འཇོམས་པར་འགྱུར། །ཏིལ་མར་ཀཾ་ཏ་ཀའི་ཁུ་བ། །ཏྲ་ལན་ཚྭ་ཡང་དག་ལྡན་འཐུང་ཞིང་། །དྲག་མོ་བྷྲ་མ་ཎ་སྦྱོར་བས། །ལན་ཚྭ་ཡི་ནི་འཇོམས་བྱེད་འགྱུར། །ཧི་ལ་མོ་ཙིའི་ཁུ་བ་དང་། ། རྒྱམ་ཚ་ཅུང་ཟད་ཡང་དག་ལྡན། །གྲིབ་མར་རབ་ཏུ་བཅུག་བྱས་ནས། །འཐུངས་ན་མཁྲིས་པ་འཇོམས་པར་བྱེད། །ཏིལ་མར་ཀ་ཏ་ཀའི་ཁུ་བ། །རྒྱ་སྐྱེགས་རྩ་བར་སྦས་བྱས་ནས། །འཐུང་བའི་སྦྱོར་བས་ཏིལ་མར་འཇོམས། །ཀུཥྨཱཎྜ་ཡི་རྐང་མར་ཁུ། །ལན་ཚྭ་ ཡང་དག་ལྡན་འཐུངས་ན། །ཕྱེ་མ་འཇོམས་ཤིང་འཐུངས་པ་ལས། །བད་ཀན་རྣམས་ཀྱི་མངར་བ་འཇོམས། །ཉི་མ་རེ་རེར་བྱ་བའོ། །ཕྱི་ནས་སྨན་ནི་བརྩམ་པར་བྱའོ། །དེས་ནི་འབྲས་བུ་བརྟན་པ་སྦྱིན། །གཞན་དུ་འབྲས་བུ་མེད་ལ་དགའ། །ཤཱ་ལ་མ་ལཱི་ཤུན་ ཕྱེ་མ་ནི། །བསྐམས་པ་ཉིང་ཁུས་བཟའ་བར་བྱ། །རྣམ་པ་བདུན་དུ་བསྔགས་བྱས་ཏེ། །ཐོ་རངས་བཟའ་བ་ཟ་བྱེད་ན། །སླར་བ་དག་ཇི་སྲིད་འཚོ་ཡི་བར། །ཁྲག་དང་ཁུ་བ་འཕེལ་བར་བྱེད། །ཨོྃ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨི་མཾ་དི་བྱ་ཨ་མྲྀ་རྟྃ་མེ་ཀུ་རུ་ཧཱུྃ་ཕཊ། སཱ་ ཊ་ཏི་དང་མ་ཧི་ཥཾ། །ན་རི་ཀེ་ལ་དག་ལ་ཡང་། །ཝཱ་ཤཱིའི་ཉིང་ཁུ་ཡང་དག་ལྡན། །ཕག་ལས་བྱུང་བའི་ཆིལ་བུ་ཡིས། །རྟགས་དང་རྣ་བ་ནུ་མ་དང་། །བྷ་ག་ཡང་ནི་རྣམ་པར་མཉེས། །ལུས་ཀུན་རྣམ་པར་མཉེས་པ་ཡིས། །འཕེལ་བར་འགྱུར་བར་ཐེ་ཚོམ་ མེད། །སེན་མོ་མེད་པའི་མཛུབ་མོ་ནི། །བཀྲུ་བར་བྱས་ནས་དེ་ཉིད་ཀྱིས། །སྐྱེ་གནས་དབུས་སུ་རབ་གཞུག་བྱ། །དགས་པས་སྐྱེ་གནས་འཕེལ་བར་འགྱུར། །སེ་འབྲུའི་པགས་པ་སྙིགས་མ་ནི། །ཡུངས་ཀར་སྣུམ་ལ་བཙོ་བར་བྱ། །ནུ་མ་མཉེས་ པས་འཕེལ་བར་བྱེད། །མགོ་སྐྱེས་འགྱུར་བ་ཉམས་པར་བྱེད། །ཡུངས་ཀར་དཀར་པོ་ཤུ་དག་དང་། །དྲི་བཟང་པྲྀ་ཧ་ཏཱི་བྱས་པའི། །སྙིགས་མས་མཉེས་པས་ལིང་ག་འཕེལ། །ནུ་མ་རྣ་བ་འཕེལ་བར་འགྱུར། །གཞན་གྱིས་མི་ཐུབ་དཀར་པོ་དང་། །ལག་ལྡན་པི་པི་ ལིང་བྱས་པས། །མ་ཧེ་ཡི་ཡང་མར་སར་བཅས། །འཐུངས་པས་ལིང་ག་འཕེལ་བར་བྱེད། །ད་དྷུར་ཁུ་བར་ཨ་ཤྭ་གན། །རྩ་བ་བཅུག་ནས་མ་ཧེ་ཡི། །མར་གསར་དང་ནི་བསྲེས་པ་དང་། །ད་དྷུར་འབྲས་བུ་གོ་ཌ་ཀར། །ཉིན་དང་ མཚན་དུ་གདུང་བར་བྱ། །དེ་ནས་མ་ཧེའི་སཾ་གུ་ཌྷ་མཉེས་ནས་སྔར་བརྗོད་པས་མཚན་མོ་གསུམ་དུ་བྱུགས་ནས་མཉེས་པར་བྱ་སྟེ་འཕེལ་བར་འགྱུར་རོ། །ལྷམ་བུ་ཆུ་ཤེལ་གྱི་ཕྱེ་མ་ཡིས་མར་བསྒྲུབས་ནས་བཙུན་མོའི་སྐྱེ་གནས་ཀྱི་ནང་དུ་བྱུགས་པར་བྱའོ། ། སྐྱེ་གནས་ལྷོད་པ་དམ་པོར་འགྱུར་རོ། །པདྨའི་ས་བོན་དང་། ཨུཏྤ་ལའི་ས་བོན་དང་། པདྨའི་རྩ་ལག་དང་། པུ་ཤེལ་ཙེ་དང་། གླ་སྒང་རྣམས་ཏིལ་གྱི་ཏིལ་མར་ལ་བཙོ་བར་བྱའོ། །དེས་བྷ་ག་ལ་བསྐུས་པ་ལས་དྲི་ངན་པ་དང་། ལྷོད་པ་དང་། ཉམ་ང་བ་དང་། གཟིར་ བ་ལ་སོགས་པ་འཇོམས་པར་བྱེད་དོ། །ནི་མྦའི་ཤུན་པ་བསྐོལ་བ་ཡིས་བྷ་ག་བཀྲུ་བར་བྱའོ། །ནི་མྦའི་ཤུན་པས་བདུག་པར་བྱའོ། །གཞོན་ནུ་མ་བཟང་མོ་ཉིད་དྲི་བཟང་པོ་ཅན། བྷ་ག་བཟང་མོ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །བ་བླ་ཆ་ཤས་ ལྔ་དང་། ཀི་ཤུ་ཀའི་ཤིང་གི་འགྱུར་བྱེད་ཆ་ཤས་གཅིག་དང་། ཆུ་ཤིང་གི་འགྱུར་བྱེད་ཆ་ཤས་གཅིག་ཆུ་ཡིས་བཏགས་ནས་བྱུགས་པ་ཙམ་གྱིས་བྷ་ག་དང་། མཆན་ཁུང་དང་། རྟགས་རྣམས་ཀྱིསྤུ་རྣམས་འབྱི་བར་བྱེད་དོ། །ཧ་ལཱ་ཧ་ལ་དང་། གསེར་གྱི་ཕུད་ བུ་བསྲེས་པ་ཚ་བའི་ཏིལ་མར་དུ། ཞག་བདུན་དུ་བཞག་པ་དེས་ལིང་ག་ལ་སོགས་པ་ལ་བྱུག་པར་བྱ་སྟེ། སླར་ཡང་སྒྲ་རྣམས་འབྱུང་བར་འགྱུར་རོ། །མ་ཧེ་དང་། ཕག་པ་དང་། གླང་པོ་ཆེ་དང་། ཁྱིམ་བྱ་རྣམས་ཀྱི་མར་ཁུ་དག་གིས་མཉེས་པས་ནུ་མ་ ལ་སོགས་པ་རྣམས་འཕེལ་ལོ། །ཛཱ་ཏིའི་མེ་ཏོག་ཏིལ་མར་གྱིས་བཏགས་པས་མཉེས་ན་བྷ་ག་འཕེལ་བར་འགྱུར་རོ། །མ་ཧེའི་མར་གསར་དང་། ཤུ་དག་དང་། ཤིང་ཀུ་ཊ་རྣམས་ལྟེ་བར་མཉེ་བར་བྱ་སྟེ་ནུ་མ་འཕེལ་བར་འགྱུར་རོ། །ཆུ་དྲོན་མོས་བཀྲུས་པ་ལས་ལིང་ག་འཕེལ་བར་འགྱུར་བ་དེ་དང་འདྲ་འོ། །ད་ཎྜོད་པ་ལའི་རྩ་བ་དང་། བ་ལས་བྱུང་བའི་མར་གྱིས་བཏུང་བར་བྱ་སྟེ། སྦྲུམ་པར་འགྱུར་རོ། །བ་ལ་དང་། ཨ་ཏི་བ་ལ་དང་། ཤརྐ་རཱ་དཀར་པོ་དང་། ཏིལ་དང་། སྦྲང་བུའི་སྦྲང་རྩི་དང་ལྡན་པ་བཏུང་བར་བྱ་སྟེ། སྦྲུམ་པར་འགྱུར་རོ། །བ་ལཱའི་རྩ་བའི་ཆུས་བཏགས་ནས་འཐུངས་ན། ཁྲག་འབབ་པ་འཇོམས་པར་བྱེད་དོ། ། ནས་ཀྱི་ཕྱེ་མ་དང་། བ་ལང་གི་གཅིན་དང་། སྲ་རྩི་པོག་དང་། ཤིང་མངར་དང་། མར་གྱི་དྲིལ་ཕྱིས་བྱས་ན་ལུས་ཐམས་ཅད་བཟང་པོར་འགྱུར་རོ། །ཟླ་མཚན་གྱི་དུས་སུ་ཕག་གནོན་པའི་རྩ་བ་རྣ་བ་ལ་བཅིང་བ་ལས་སྦྲུམ་པར་འགྱུར་རོ། །ཀ་ལམྦཱིའི་ལྡུམ་བུ་ བཟའ་བར་བྱས་ན་ཁུ་བ་འཕེལ་ལོ། །ལི་ཁྲི་དང་། ཞོ་ཟོས་པས་ཁུ་བ་འཕེལ་ལོ། །བུད་མེད་ཀྱི་བཤང་བ་དང་། བུད་མེད་ཀྱི་གཅི་བ་སྦགས་ནས་བཏུང་བར་བྱ་སྟེ་ཁུ་བ་འཕེལ་ལོ། །སྐྱུ་རུ་ར་འི་ཕྱེ་མ་ཆུའམ་མར་རམ། སྦྲང་རྩིས་ཐ་མའི་དུས་སུ་བཟའ་བར་བྱའོ། །མིག་ ལ་སྡུག་པ་དང་། ལང་ཚོ་དང་། ཤེས་རབ་ཀྱང་སྐྱེ་བར་བྱེད་དོ། །སྐྱུ་རུ་ར་འི་ཕྱེ་མ་དང་། འོ་མ་ལ་སོགས་པས་བཟའ་བར་བྱ་སྟེ། ལོའི་སྦྱོར་བས་ཚེ་བརྒྱ་འོ། །སྐྱུ་རུ་ར་འི་ཁུ་བ་སྲང་གཅིག་དང་། ཝཱ་གུ་ཙཱིའི་ཕྱེ་མ་ཞོ་གཅིག་བཏུང་བར་བྱའོ། །འཁོགས་པ་ལ་ཐོ་ རང་ས་འོ་མ་ཟླ་བ་གཅིག་ཏུ་ཟོས་ན་ལོ་ལྔ་བརྒྱའི་ཚེ་རུ་འགྱུར་རོ། །ཝཱ་གུ་ཙཱི་ཞོ་གཅིག་དང་། དར་བ་དང་། ཆུ་དང་། ཕབས་དང་། འོ་མས་ཀྱང་རུང་སྟེ་འཐུངས་ན་ཟླ་བ་དྲུག་གིས་ལང་ཚོ་ལ་སོགས་པ་དང་ལྡན་ནོ།།མུཎྜི་ར་འི་ཕྱེ་མ་མར་གྱིས་བཟའ་བར་བྱ་སྟེ། ཉི་མ་ཉི་ ཤུ་རྩ་གཅིག་གིས་ལོ་བཅུ་དྲུག་གི་རྣམ་པར་བྱེད་དོ། །ཥ་ཎའི་ས་བོན་གྱི་ཕྱེ་མ་སྲང་གཅིག་དང་། སཱ་ལུ་དམར་པོ་སྲང་གཅིག་པ་ཁ་དོག་གཅིག་པའི་འོ་མ་ཁམ་ཕོར་གཉིས་ཀྱིས་བཟའ་བར་བྱ་སྟེ། ཐོག་མར་འོ་མ་ཁམ་ཕོར་གཅིག་ཟད་པར་འཐུངས་ནས་པ་ཎ་ལ་སོགས་ པ་དེ་ལ་བྱིན་ནས་བཏུང་བར་བྱའོ། །དེ་ནས་བཟའ་བར་བྱའོ། །འཁོགས་པས་འོ་མས་བཏུང་བར་བྱ་སྟེ། ཉི་མ་བདུན་ཕྲག་གསུམ་གྱི་བར་ཇི་སྲིད་བར་རླུང་དང་ཚད་པ་སྤང་ངོ་། །བྱ་བ་ཇི་ལྟ་བའི་བྱ་བ་ཕྱི་མ་དེ་ལྟ་བུས་དེའི་སྐྲ་ལ་སོགས་པ་ལྟུང་བར་བྱེད་དོ། །དེ་ནས་སྐྲ་དཀར་ དང་གཉེར་མ་སྤངས་ཏེ་ལོ་བརྒྱ་ཕྲག་ལྔར་འཚོ་བར་བྱེད་དོ། །ཁྲག་སྐྲོད་པའི་རྩ་བ་མར་དང་སྦྲང་རྩིས་བྱི་ལའི་རྐང་པ་ཙམ་བཟའ་བར་བྱ་སྟེ། འབྲས་བུ་ནི་དེ་ལྟ་བུ་ཁོ་ནའོ། །སྐྱུ་རུ་ར་དང་། ཨ་རུ་ར་དང་། བུང་བའི་རྒྱལ་བ་དང་། པི་པི་ལིང་དང་། ན་ལེ་ཤམ་དང་། ལྕགས་ ཀྱི་ཕྱེ་མ་རྣམས། སྦྲང་རྩི་དང་། ཤ་ཁ་ར་དག་གིས་ཨུ་དུམ་བཱ་རའི་འབྲས་བུའི་ཚད་ཀྱི་རིལ་བུར་བྱའོ། །དེ་ནས་རིལ་བུ་བཟའ་བར་བྱ་སྟེ། ཟླ་བས་ཚེ་ལོ་སུམ་བརྒྱར་འགྱུར་རོ། །ཀུ་མཱ་རཱིའི་འབྲས་བུ་སྲང་གཅིག །མར་དང་། ཞོ་དང་ལྡན་པས་བཟའ་བར་བྱ་སྟེ། སྟོབས་ཆེན་པོར་འགྱུར་རོ། །བྷ་དྲཱ་ལཱི་དང་། ལི་ག་དུར་སུམ་འགྱུར་གྱི་ཨ་རུ་ར། ཆུ་ཆ་གཅིག་ལ་སོགས་པས་ཟོས་པས་སྟོབས་ཆེན་པོར་འགྱུར་རོ། །ཐམས་ཅད་དུ་བདག་ཉིད་ལྷའི་རྣམ་པས་བཟའ་བར་བྱའོ། །སྔགས་ཀྱིས་ཆུ་བྱིན་གྱིས་བརླབ་པར་བྱའོ། ། ཁུ་བ་རེངས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དན་དའི་ཤིང་གི་རྩ་བ་ཕབས་ཀྱིས་བཏགས་ནས་མགོ་ལ་མཉེ་བར་བྱ་སྟེ། མགོ་བོའི་གཟེར་འཇོམས་པར་བྱེད་དོ། །སྦྲང་དང་། མར་དག་གིས་མིག་སྨན་དུ་བྱ་སྟེ། མཚན་མོ་ལོང་བ་འཇོམས་སོ། ། ཤིང་སེ་ཕཱ་ལི་ཀཱའི་རྩ་བ་ཟོས་པ་ལས་ལྦ་བ་འཇོམས་པར་བྱེད་དོ། །ལ་ཕུག་གི་ས་བོན་དང་། པྲི་ཡང་ཀུ་དང་། ཙནྡན་དམར་པོ་དང་། རུ་རྟ་བཏགས་ནས་དྲིལ་ཕྱིས་བྱས་པ་ལས་སྤྲེའུ་ལ་སོགས་པ་རྣམ་པར་འཇོམས་སོ། །རི་དྭགས་ཀྱི་ཤ་སྐམ་པོ་ར་འི་འོ་མས་བཏུང་བར་ བྱ་སྟེ། གཟའ་རྣམས་འཇོམས་སོ། །སྐྱུ་རུ་ར་དང་། པི་པི་ལིང་དང་། ཙི་ཏྲ་ཀ་དང་། སྒེའུ་གཤེར་དང་། བུ་རམ་རྙིང་པ་དང་། མར་དང་སྦྲང་རྩི་མཉམ་པར་བཟའ་བར་བྱ་སྟེ། དུས་མ་ཡིན་པའི་ལུད་པ་དང་དབུགས་མི་བདེ་བ་འཇོམས་སོ། །སྒེའུ་གཤེར་དང་། ཟི་ ར་ནག་པོ་དག་ཞོའི་ཉིང་ཁུས་ཀྱང་རུང་སྟེ། ལན་ཚྭ་དང་ལྷན་ཅིག་ཏུ་བཏུང་བར་བྱའོ། །དེས་ཁྲག་སྲི་བ་རྣམ་པར་འཇོམས་སོ། །ལི་ཁར་དང་། ཡ་བཀྵཱ་ར་མཉམ་པར་བཟའ་བར་བྱའོ། །སོ་བྷཱཉྫ་ན་བསྐོལ་བ་བཏུང་བར་བྱ་བ་འམ། ཡང་ན་རྡེའུ་འཇོམས་པ་བཏུང་བར་ བྱའོ། །ཨ་རུ་ར་དང་། ཙི་ཏྲ་ཀ་ཆུས་བཏུང་བར་བྱ་སྟེ། མཆིན་པའི་ནད་འཇོམས་སོ། །ཟི་ར་ནག་པོ་བུ་རམ་གྱིས་བཟའ་བར་བྱ་སྟེ། རིམས་འཁོར་མ་འཇོམས་སོ། །ཡ་བཀྵཱ་རའམ། ཞོ་བཏུང་བར་བྱ་སྟེ། རླུང་ནད་རྣམ་པར་འཇོམས་སོ། །ཚ་བའི་ཏིལ་མར་ལ་ བྱི་ཏང་ཀ་དང་། རྒྱམ་ཚ་བྱིན་ནས་ཅུང་ཟད་བསྲོས་པའི་ཉིང་ཁུ་བཏུང་བར་བྱ་སྟེ། མེ་སྦར་ཞིང་། སྲིན་བུ་རྣམས་རྣམ་པར་འཇོམས་སོ། །ཨ་རུ་ར་དང་བུ་རམ་གྱིས་བཟའ་བར་བྱ་སྟེ། ཁྱི་རྔོ་རྣམ་པར་འཇོམས་སོ། །ཨ་རུ་ར་དང་། སྒ་སྐྱ་བཟའ་བར་བྱ་སྟེ། རླུང་ནད་ འཇོམས་སོ། །རྩྭ་དུར་བ་ལ་ཡུང་བས་བཏགས་ནས་བྱུག་པར་བྱ་སྟེ་རྔོ་འཇོམས་སོ། །འདི་ཉིད་ཀྱིས་ཀུཀྐ་ར་དང་། ཤུ་བ་དང་། འབྲུམ་བུ་དང་། ཀུ་རཱ་འཇོམས་པ་ལ་སོགས་པ་རྣམས་འཇོམས་སོ། །བུ་རམ་དང་ཚ་བའི་ཏིལ་མར་བཏུང་བར་བྱ་སྟེ། དབུགས་མི་བདེ་བ་ རྣམ་པར་འཇོམས་སོ། །ཨརྫུ་ན་དང་། ཤིང་ཚ་མར་ལ་སོགས་པ་རྣམས་ཀྱིས་བཟའ་བར་བྱ་སྟེ། སྙིང་གི་ཟུག་རྔུ་འཇོམས་སོ། །བིལ་བ་བསྲེགས་པ་བུ་རམ་གྱིས་བཟའ་བར་བྱ་སྟེ། ཁྲག་འབྱམས་པ་འཇོམས་སོ། །བུ་རམ་དང་མར་བཟའ་བར་བྱ་སྟེ། རླུང་དང་། མཁྲིས་པ་དང་། བད་ཀན་དང་། མཛེ་ལ་སོགས་པ་རྣམས་འཇོམས་པར་བྱེད་དོ། །འབྲས་བུ་གསུམ་གྱི་ཕྱེ་མ་དང་། མར་དང་སྦྲང་རྩི་རྣམས་བཏུང་བར་བྱ་སྟེ། ནད་ཐམས་ཅད་འཇོམས་སོ། །ཨ་རུ་ར་འི་ཕྱེ་མ་དང་། མར་དང་སྦྲང་རྩི་དུས་གསུམ་ཀུན་ཏུ་བཟའ་བར་བྱ་སྟེ། རླུང་དང་། བད་ཀན་རྣམ་པར་འཇོམས་སོ། །བ་ཤ་ཀའི་ཡན་ལག་ལྔ་དང་། ཤུ་དག་དང་། ཚངས་མའི་ཤིང་དང་། པི་པི་ལིངསྐམ་པོ་ཕྱེ་མར་བྱས་ནས་རྒྱམ་ཚ་དང་སྦྲང་རྩི་ཡིས་ཝ་ཌྷི་རུ་བྱ་སྟེ། དེ་ནས་བཟའ་བར་བྱའོ། །དུས་མ་ཡིན་པའི་རླུང་དང་བད་ཀན་འཇོམས་ སོ། །ཤཱལྨཱ་ལི་དཀར་པོའི་ཤིང་ཤུན་ཕྱེ་མར་བྱས་ནས་པདྨའི་ས་བོན་དང་། ཀུ་མུ་དའི་འབྲས་བུ་ལྷན་ཅིག་གཅིག་ཏུ་བྱས་ནས་བཏགས་ཏེ། རྩ་བའི་སྔགས་སྟོང་ཕྲག་གཅིག་ཏུ་བཟླས་ནས་ལ་དུའི་རིལ་བུའི་ཚད་ཀྱི་རིལ་བུ་བྱས་ཏེ། གྲིབ་བསྐམས་བྱས་ནས་བན་པོ་ ཌུའི་ཁུ་བས་བསྐམ་པར་བྱའོ། །ཐོ་རངས་ཐོས་ནས་ཇི་སྲིད་འདོད་པར་བཏུང་བར་བྱ་སྟེ། རྨོངས་བྱེད་མེད་པར་འགྱུར་རོ། །དབྱངས་ཀྱང་སྙན་པར་བྱེད་དོ། །ཚངས་མའི་ཤིང་དང་། ཤུ་དག་དང་། སྒ་སྐྱ་དང་། པི་པི་ལིང་དང་། ཨ་རུ་ར་དང་། བ་ཤ་ཀ་ དང་། སེང་ལྡེང་རྣམས་སྦྲང་རྩིས་རིལ་བུར་བྱས་ནས་བཟའ་བར་བྱ་སྟེ་འབྲས་བུ་ནི་དེ་ཁོ་ན་བཞིན་ནོ། །གཤིན་རྗེ་མོ་དང་། ཨ་རུ་ར་དང་། སྒ་སྐྱ་དང་། རྒྱམ་ཚ་དང་། མཱ་ནས་མ་ན་རྣམས་བཟའ་བར་བྱ་སྟེ། འཁོགས་པ་ཐམས་ཅད་འཇོམས་སོ། །སླེ་ཏྲེས་ཀྱི་ཁུ་བ་དང་། སྦྲང་རྩི་བཏུང་བར་བྱ་སྟེ་གཅིན་ནད་འཇོམས་སོ། །མཱ་ཏྲ་ལ་འོ་མ་དང་། པི་པི་ལིང་གི་ཕྱེ་མ་དང་། མར་དང་སྦྲང་རྩི་རྣམས་བཏུང་བར་བྱ་སྟེ། རིམས་ཕྲ་མོ་དང་ལུདཔལ་སོགས་པ་རྣམ་པར་འཇོམས་པར་བྱེད་དོ། །ངོ་ཚ་ཅན་དང་། དེ་བཞིན་དུ་མདའ་ལྟོང་དག་གི་རྩ་བ་ མིག་ཆུའི་ཆུ་ཡིས་བཏོགས་ནས་རབ་ཏུ་བྱུག་པར་བྱའོ། །སླེ་ཏྲེས་ཀྱི་རྩ་བ་ཡང་བཟའ་བར་བྱ་སྟེ། རྩའི་རྨ་འཇོམས་པར་བྱེད་དོ། །སྒ་སྐྱ་ཡ་བཀྵཱ་ར་ཡིས་བཟའ་བར་བྱ་སྟེ། དང་ཁ་བདེ་བར་འགྱུར་རོ། །ཛ་ཡན་ཏིའི་ས་བོན། ན་ལེ་ཤམ་དང་ལྷན་ཅིག་བཏུང་བར་བྱ་སྟེ། སྡིག་པའི་ནད་འཇོམས་སོ། །འབྲས་བུ་གསུམ་དང་། བོ་ལི་ཀ་ནག་པོ་དང་། སའི་འཇིམ་པ་དང་། དྷྲྀངྒ་རཱ་ཛ་དང་། ས་ཧ་ཀཱ་ར་འི་ས་བོན་དང་། ལྕགས་ཕྱེ་དང་། ཙབ་མོ་སྟེ་འདི་རྣམས་ཀྱིས་བསྡམ་པར་བྱའོ། །དེ་ནས་གུ་གུལ་གྱིས་སྐྲ་ལ་བདུགས་ནས་དེས་དེས་མཉེ་ བར་བྱའོ། །དེ་ནས་ཉི་མ་བདུན་དུ་བཅིངས་ནས་གདུང་བར་བྱ་སྟེ། སྐྲའི་མིག་སྨན་ནོ། །རྨ་བྱའི་མཁྲིས་པ་དང་། བྷྲྀངྒ་རཱ་ཛ་ད་ག །བ་ལས་བྱུང་བའི་མར་ལ་བཅོས་ནས་སྣ་ལ་སྦྱིན་པར་བྱ་སྟེ། སྐྲའི་མིག་སྨན་ནོ། །སའི་རྣམ་འཇོམས་ཤིང་དང་། ཚ་བ་གསུམ་ཆ་ མཉམ་པར་ཕྱེ་མར་བྱས་ནས་ལུག་ཀོང་གི་དབུས་སུ་སྐུར་ཞིང་རིམ་པས་ལུག་ཀོང་ཁ་སྦུབ་བོ། །ཀ་པིཏའི་ཏིལ་མར་བཟུང་ནས་རྟག་ཏུ་ཐིགས་པ་གཉིས་སྣར་བླུགས་པས་གཉེར་མ་དང་སྐྲ་དཀར་པོ་སྤོང་ངོ་། །འདིས་མཉེས་པའི་ཁུ་བས་མཛེ་ལ་བྱུགས་པས་ཞི་བར་ འགྱུར་རོ། །འཕྲལ་གྱི་མར་གསར་གྱིས་མ་ཉེས་པའི་མུ་ཟི་དང་། མཱ་ས་ཀཱ་ལྷན་ཅིག་པའི་ཁུ་བ་ཏོ་ལ་གཅིག་དང་། འབྲས་སཱ་ལུ་དང་། ཙཱི་ལོ་ནི་ཨཱ་སའི་གོང་བུས་བུམ་པའི་འཁྲུལ་འཁོར་གྱི་བུམ་པའི་ནང་དུ་མཱུ་ཥི་ཀཱ་ཡིས་བཀབ་ལ་བྱེ་མ་དང་ལྷན་ཅིག་མེ་ལ་བྱིན་པ་ ལས་རོ་འཆིང་ངོ་། །ཟ་བ་ལས་ནི་ཉི་མའི་ཚོགས་ཀྱི་བེའུའི་བྲུན་བཟུང་ནས་རིལ་བུར་བྱའོ། །རྒྱ་སྤོས་ཀྱི་རྩ་བས་བསབ་ཏགས་ནས་དཀྲི་བར་བྱའོ། །རིལ་བུ་རེ་རེ་ཟོས་ནས་དུག་བཟའ་སྟེ། དུག་རབ་ཏུ་མེད་པར་འགྱུར་རོ། །ཞེས་པ་རྒས་པ་འཇོམས་པའི་ལེའུ་སྟེ་དྲུག་པའོ། ། ཀྱེ་བཅོམ་ལྡན་འདས་དབང་དུ་བྱེད་པའི་ཆོ་ག་གསུངས་ཤིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་གྱིས་མི་ཐུབ་པ་དཀར་པོའི་རྩ་བ་ལ་ཁུ་བས་བ་ཌྷི་ཀཱ་བྱས་པའི་ཐིག་ལེས་བུད་མེད་དབང་དུ་བྱེད་པར་འགྱུར་རོ། །ཚངས་པའི་དབྱུག་པ་དང་། ཤུ་དག་དང་། རུ་རྟ་ དང་། སྦྲང་རྩིས་བཏགསལ་དྲིལ་ཕྱིས་བྱས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །ད་ཎྜོད་པ་ལའི་རྩ་བ་དང་ཏམྦུ་ལ་ཡིས་སྦྱིན་པར་བྱའོ། །དེ་བཞིན་དུ་ཚངས་པའི་དབྱུག་པ་དང་། ཤུ་དག་དང་། རུ་རྟ་དང་། ནག་གེ་སར་དང་། ཏམྦུ་ལ་བྱིན་ན་དབང་དུ་འགྱུར་རོ། ། གི་ཝཾ་དང་རང་བྱུང་གི་མེ་ཏོག་གི་ཐིག་ལེས་སྐལ་བ་དང་ལྡན་པ་དབང་དུ་འགྱུར་རོ། །གི་ཝཾ་དང་། ཤི་ཤུ་ལོ་ལ་དང་། བྷྲྀངྒ་རཱ་ཛས་ལྷན་ཅིག་སྐར་མ་རྒྱལ་ལ་ཝ་ཌྷི་ཀ་བྱ་སྟེ་ཐིག་ལེས་དབང་དུ་བྱེད་པར་འགྱུར་རོ། །བྷྲྀངྒ་རཱ་ཛའི་རྩ་བ་ལ་བདག་ཉིད་ཀྱི་ཁུ་བས་མིག་སྨན་ བྱའོ། །དེ་བཞིན་དུ་རྨ་བྱའི་གཙུག་ཕུད་དང་། ཤི་བའི་ཕྲེང་བ་དང་། ཁྭ་ཏའི་ལྕེ་སྐམ་པོའི་ཕྱེ་མ་གང་གི་མགོ་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །བ་ལང་གི་སོ་དང་བཟའ་བ་དང་བཏུང་བ་བཏགས་ནས་བྱིན་ན་དབང་དུ་འགྱུར་རོ། །ཁྱབ་འཇུག་གནོན་པའི་རྩ་བ་ རྟགསལ་བྱུགས་ནས་དགའ་བར་བྱེད་པས་དེ་བཞིན་ནོ། །སྐར་མ་རྒྱལ་ལ་ད་དྷུ་ར་འི་འབྲས་བུ་བཟུང་ནས་སྐར་མ་སྐག་ལ་ཤིང་ཤུན་ནོ། །མེ་བཞི་ལ་འདབ་མའོ། །ནག་པ་ལ་མེ་ཏོག་གོ །སྣྲུབས་ལ་རྩ་བའོ། །ཆ་མཉམ་པའི་ཕྱེ་མ་ལ་སྦྲང་རྩིས་བ་ཌྷི་ཀཱ་རུ་བྱའོ། ། རས་བལ་ལ་བཏུམས་ནས་བསྐམ་པར་བྱས་ཏེ། ཏམྦུ་ལ་ལ་བྱིན་ནས་དུང་གི་ཕྱེ་མས་དབང་དུ་འགྱུར་རོ། །ཤིང་ཨརྐའི་སོལ་བ་དང་། ཁྱི་སྨྱོན་གྱི་རྐང་པ་གཡས་པའི་མཐེ་བོས་གང་གི་མིང་བྲིས་ཏེ་ཆེ་གེ་མོ་ཤོག་ཅིག །ཅེས་བརྗོད་པས་འོང་ བར་བྱེད་དོ། །དུ་བ་མེད་པའི་མེ་ལ་གདུང་བར་བྱའོ། །སྐར་མ་རྒྱལ་ལ་མིའི་སྣུམ་གྱིས་གཞན་གྱིས་མི་ཐུབ་པའི་རྩ་བ་བསྐྱེད་དེ་མར་ཁུས་དེ་ལ་བསྐུས་ནས་ཐོད་པ་རུ་དུད་པ་ཆགས་པར་བྱའོ། །མིག་སྨན་དེས་བུད་མེད་དང་སྐྱེས་པ་དབང་དུ་བྱེད་དོ། །རྒྱ་སྤོས་དང་། བྱི་ ཏང་ཀ་དང་། སེང་ལྡེང་དང་རུ་རྟ་བྱིན་ན་མི་འདོད་པ་འཇོམས་པར་བྱེད་དོ། །པྲི་ཡང་ཀུ་དང་། གི་ཝཾ་དང་། ལྡོང་རོས་དང་། ནཱ་ག་གེ་སར་གྱིས་མིག་ལ་མིག་སྨན་དུ་བྱས་ན་དབང་དུ་བྱེད་དོ། །གླ་རྩི་དང་། ངོ་ཚ་ཅན་དང་། ད་དྷུ་ར་དང་། ས་ཧ་དེ་བ་རྣམས་དང་བཅས། ཚ་ བའི་ཏིལ་མར་གྱིས་དབང་དུ་བྱེད་དོ། །ན་མཤྩཎྜཱ་ལཱི་ཆེ་གེ་མོ་མེ་ཝ་ཤ་མཱ་ན་ཡ་སྭཱ་ཧཱ། སྟོང་ཕྲག་བཅུ་བཅུ་བཟླས་པས་སྔོན་དུ་བསྙེན་པ་བྱས་ནས་བསྙེན་པ་ཁྲིའོ། །དུར་ཁྲོད་ཀྱི་ཐལ་བ་ལ་བཅུ་བཞི་ལ་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་ཏེ། བུད་མེད་ཀྱི་མགོ་ལ་བྱིན་ན་ དབང་དུ་འགྱུར་ཏེ། རྟག་ཏུ་ངེས་པར་སེམས་པས་སླར་ཡང་དགའ་བཞིན་པའི་སེམས་དང་ལྡན་ནོ།།ཁུ་བ་རེངས་པའོ། །ཤིང་ཁུ་བྱུག་གི་མིག་དང་། ཤི་ཏའི་རྩ་བ་དང་། ད་དྷུ་ར་དང་། གཞན་ཡང་བྱང་གི་མུཀྟ་ཤི་ཁ་རྐེདཔལ་བཅིངས་ན་ཁུ་བ་རེངས་པར་ བྱེད་དོ། །སྲ་རྩི་པོག་དང་། ཝཱ་མཱ་དཱ་ཏི་དང་། ཡང་ནམདའ་ལྟོང་དཀར་པོའི་རྩ་བས་ཀྱང་འཁྲིག་པ་ལས་ཁུ་བ་རེངས་པར་བྱེད་དོ། །འཇམ་འབྲས་ལ་སྦུབས་བྱས་ནས་དངུལ་ཆུས་བཀང་སྟེ་སྲད་བུས་རྐེདཔལ་བཅིངས་ན་ཁུ་བ་འཛིན་ནོ། །ཕག་པའི་སྣུམ་ དང་། རྒྱ་སྐྱེགས་དང་། ར་ཉྫི་ཏ་དང་། ཨརྐ་དཀར་པོའི་ཤིང་བལ་གྱིས་དཀྲིས་ནས་སྦར་ན་ཁུ་བ་རེངས་སོ། །སའི་འཁྲི་ཤིང་གི་ཕྱེ་མའི་དབུས་སུ་བཅུག་ནས་ཏིལ་གྱི་ཏིལ་མར་གྱིས་བསྲེག་པར་བྱ་སྟེ། ཁུ་བ་རེངས་སོ། །ཏིལ་གྱི་ཏིལ་མར་དང་། སའི་འཁྲི་ཤིང་ ཕྱེ་མར་བྱས་ནས་སམ། མེ་ཏོག་གི་མར་ཁུ་བཏུང་བར་བྱའོ། །དེས་རྐང་པའི་མཐིལ་ལ་བསྐུས་ན་ཁུ་བ་རེངས་སོ། །ཁྭ་ཏ་དཀར་པོའི་རྗེ་ངར་གྱི་རྩ་བ་དང་། པདྨ་དཀར་པོའི་གེ་སར་དང་། སྦྲང་རྩི་རྣམས་ཀྱིས་ལྟེ་བར་བྱུགས་ན་ཁུ་བ་རེངས་སོ། །པདྨའི་འདབ་མས་ཁྱབ་འཇུག་ གནོན་པའི་རྩ་བར་འདབ་མས་དཀྲིས་ནས་ཝ་ཌྷི་དཀྲི་བར་བྱ་སྟེ། ཁུ་བ་རེངས་སོ། །པ་བླའི་ཁུ་བའི་མིག་སྨན་དང་། དངུལ་ཆུ་དང་། པི་པི་ལིང་དང་། རྒྱམ་ཚྭ་དང་། རུ་རྟ་དང་། ཕུག་རོན་གྱི་བྲུན་རྣམས་ཀྱིས་ལིང་ག་ལ་བསྐུས་ནས་དྲིལ་ཕྱིས་བྱས་པ་ལས་ཁུ་བ་རེངས་སོ། ། གླང་གི་རྭ་བཟུང་ནས་བྱུགས་ན་སྟེང་དུ་འགྱུར་རོ། །ཤིང་ཀ་པི་ཏའི་རྩ་བ་དང་། དརྦི་དང་། རའི་གཅིན་གྱིས་བཏགས་ནས་ལིང་ག་ལ་བྱུགས་ནས་པདྨ་དབྱེ་བར་བྱ་སྟེ། ལན་གསུམ་དུ་སྟེང་དུ་འགྱུར་རོ། །བྷ་གའི་ཆུ་ཡིས་བཀྲུས་ན་རབ་ཏུ་ཞི་བར་བྱེད་དོ། །འགྲོན་བུའི་ནང་དུ་ དངུལ་ཆུས་བཀང་ནས་ཁ་རུ་བཞག་ན་ཁུ་བ་རེངས་སོ། །ར་འི་གཅིན་གྱིས་དབང་པོ་ཆུ་ལྷ་མོ་ལ་ཉི་མ་བདུན་དུ་བགོ་བར་བྱའོ། །དེས་དྲིལ་ཕྱིས་བྱས་པ་ལས་ལིང་ག་རེངས་པར་འགྱུར་རོ། །ད་དྷུ་ར་འི་རྩ་བ་དང་། ཀ་མཱ་ཙཱིའི་རྩ་བ་དང་། ཨོ་ཥ་ཎའི་རྩ་བ་དང་། ག་བུར་ གྱི་ཁུ་བས་བསབ་ཏགས་ནས་ལིང་ག་ལ་བྱུགས་ན་འདོད་པའི་བུད་མེད་འཛག་པར་བྱེད་དོ། །རྒྱམ་ཚྭ་དང་། ཚ་ལ་དང་། ག་བུར་དང་། གྷོ་ཥའི་ཕྱེ་མ་སྦྲང་རྩིས་བཏགས་ནས་ལིང་ག་ལ་བྱུགས་ནའང་དེ་བཞིན་ནོ། །ཕུག་རོན་གྱི་བྲུན་སྦྲང་རྩིས་བཏགས་ནས་ལིང་ག་ ལ་བསྐུས་ན་འདོད་པའི་བུད་མེད་འཛག་པར་བྱེད་དོ། །ཀཱ་མཱ་ཙཱིའི་རྩ་བ་དང་། ཏམཱུ་ལ་ཤིན་ཏུ་དགའ་བའི་དུས་སུ་ཟོས་ན་བུད་མེད་དེ་འཛག་པར་བྱེད་དོ། །ཏིནྟི་ཌཱི་སྨིན་པ་དང་མལླི་ཀཱ་རྒྱམ་ཚྭ་བསྲེས་པར་བྱས་ནས་རང་གི་མཛུབ་མོའི་སོར་མོར་བགོས་ཏེ། དེའི་བྷ་གར་ བཅུག་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་ཇི་སྲིད་དུ་དེ་འཛག་པར་བྱེད་ཀྱི་བར་དུ་བསྐྱོད་པར་བྱའོ། །ག་བུར་དང་། དངུལ་ཆུ་དང་། ཚ་ལ་དང་། གླང་པོའི་པི་པི་ལིང་དང་། སྦྲང་རྩི་རྣམས་ཀྱིས་བྱུགས་ན་བུད་མེད་འཛག་པར་བྱེད་དོ། །ཤིང་ཛ་ཡནྟིའི་རྩ་བས་ བཏགས་ནས་འབྲས་ཐུག་པོ་ཆེ་དང་། ཆུ་བསྲེས་པ་ཟླ་མཚན་གྱི་དུས་སུ་དེའི་སྐྱེ་གནས་ལ་རབ་ཏུ་བྱུགས་ན་བུད་མེད་མོ་ཤམ་དུ་འགྱུར་བར་ཐེ་ཚོམ་མེད་དོ། །པཱ་ལ་ཤའི་ས་བོན་བཏགས་ནས་བྱུག་པར་བྱ་ཞིང་། མར་དང་། སྦྲང་རྩི་འཐུངས་ པ་ལས་ཁྲག་གི་མཚན་མའི་བུད་མེད་མོ་ཤམ་དུ་འགྱུར་རོ། །ཆ་ག་པ་དང་། ཕྱེ་མ་ལེབ་ཀྱི་ཕྱེ་མ་སྐྱེ་གནས་ལྷོ་དཔལ་བྱིན་ན་དམ་པོར་འགྱུར་རོ། །ཁུ་བ་རེངས་པའི་ལེའུ་སྟེ་བདུན་པའོ།། །།མགྲིན་པ་བཏེག་ནས་དམ་འཁྱུད་ཅིང་། །ལྷ་ལ་ཡང་ ཡང་འོ་བྱས་ནས། །རྒྱལ་པོའི་དངོས་པོར་བྱས་པ་གཅིག །འཁོར་ལོས་སྒྱུར་བར་ཇི་ལྟར་འགྱུར། །གང་ཞིག་གིས་ནི་ཉེར་ཞུགས་ནས། །གནས་ཅིག་ཏུ་ནི་རྒྱལ་སྲིད་འགྱུར། །དགྲ་བོ་གཡོ་མེད་འགྱུར་བ་དང་། །དགའ་ཞིང་ཞབས་ལ་འདུད་པ་འམ། །ཀུན་དུ་ འགུགས་ཤིང་འདྲེན་པ་དང་། །མངའ་བདག་དེ་བཞིན་དེར་རྒྱལ་བ། །སེམས་ཅན་དོན་དུ་བདག་ལ་ཤོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བྲིས་སྐུ་དང་ནི་གཟུགས་བརྙན་ལ། །ཉེར་སྤྱོད་ལྔ་རྣམས་ཀྱིས་མཆོད་ནས། །དྲུག་ཅུ་རྩ་བཞི་ཡོངས་རྫོགས་པའི། ། གཏོར་མ་ཐུན་མཚམས་གསུམ་དུ་སྦྱིན། །གསེར་བུམ་དེ་བཞིན་ཁམ་ཕོར་བརྒྱད། །འཁྲུལ་འཁོར་རྒྱས་པའི་སྦྱོར་བ་ཡིས། །དེ་བཞིན་བསྔགས་ལ་མཆོག་གཞོལ་བ། །སླར་ཡང་ཤིང་རྟ་ཁམ་ཕོར་སོགས། །མར་དང་སྦྲང་རྩིས་བཀང་བྱས་ནས། །གཙོ་བོ་དཔལ་གྱི་ ཁྱིམ་དུ་ནི། །གཙུག་ཏུ་བཅིང་བྱ་རྫས་མེད་པའི། །ཕོ་བྲང་དུ་ནི་ཧྲཱིཿཥྚྲཱི་སོགས། །སྔགས་རིག་བློ་ལྡན་དུས་གསུམ་མཆོད། །ཀ་ཌ་ཀ་ཡི་བྱང་གི་ཆར། །འདུན་ཁང་ལྔ་པོ་བྱས་ནས་ནི། །ལེགས་པར་དཀྲི་བ་བྱིན་ནས་ནི། །འབད་པས་ས་ཀུན་སྦྱང་བར་བྱ། ། ས་གཞི་ཡོངས་སུ་བཟུང་བྱས་ནས། །དཀྱིལ་འཁོར་མཆོག་ནི་བྱ་བ་ཡིན། །རྡུལ་ཚོན་མཛེས་པས་བྲི་བའམ། །ཡང་ན་འབྲས་ནི་ཐུག་པོ་ཆེ། །ཁ་དོག་ལྔ་པོ་དེ་བཞིན་ལྡན། །དེ་བཞིན་སློབ་དཔོན་ལྔ་རྣམས་ཀྱིས། །ཅུང་ཟད་མྱོས་བྱེད་འཐུངས་ནས་ནི། །སྟེང་གི་རི་ མོའི་སྟེང་དུ་ནི། །དགུ་བདག་དཀྱིལ་འཁོར་ཡིད་འོང་བ། །གྲྭ་བཞི་རུ་ནི་ཐོད་པའོ། །རང་གི་འདོད་ལྷའི་རྣལ་འབྱོར་ལྡན། །སྲད་བུས་ཐིག་གདབ་ཤེས་རབ་ཅན། །ལྷ་མོའི་དཀྱིལ་འཁོར་ཆེས་མང་བ། །རྣམ་པ་ཇི་བཞིན་མངོན་བྲི་བྱ། །འདབ་བཞིར་དེ་བཞིན་བྲི་ བྱ་བ། །ཁྱད་པར་དབྱུག་པ་དཀར་པོའོ། །དབུས་སུ་དབྱུག་པ་དཀར་པོ་ནི། །སྣ་ཚོགས་རྡོ་རྗེ་བཞིན་བྲི་བྱ། །རིགས་ནི་ལྔ་པོ་མཚུངས་པར་བྱ། །སྐལ་ལྡན་ལེགས་པར་བསླབ་བྱས་ནས། །རྒྱུད་ལ་སོགས་པའི་སྦྱོར་བས་འདིར། །རབ་ཏུ་འབད་པས་དབང་བསྐུར་སྦྱིན། ། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་སླར་དེ་བཞིན་ནོ། །སློབ་དཔོན་བཞི་པོ་རྣམས་ཉིད་ཀྱིས། །ཡང་དང་ཡང་དུ་གཏོར་མ་སྦྱིན། །དྲིལ་བུ་རྡོ་རྗེ་མཉམ་པར་གནས། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་ཡི། །ཀུན་ཏུ་སེར་པོའི་གོས་ཉིད་དང་། །མི་ཡི་རྒྱན་ གྱིས་བརྒྱན་པའོ། །གསེར་དངུལ་ཟངས་ལྕགས་བཞི་ཡིས་ནི། །བུམ་པ་དཀྱིལ་འཁོར་ཡང་དག་དགོད། །དབུས་སུ་གསེར་གྱི་བུམ་པ་ཡང་། །སྣ་ཚོགས་རིན་ཆེན་ལེགས་པར་མཛེས། །གསེར་དངུལ་ཟངས་ལྕགས་ལས་བྱུང་བ། །འཁྲུལ་འཁོར་བཞི་པོ་ རྣམས་དང་ནི། །དབུས་སུ་གསེར་གྱི་འཁྲུལ་འཁོར་ནི། །མེ་ཏོག་དམར་པོས་ལེགས་མཛེས་པའོ། །སླར་ཡང་ཕྱིར་གཞན་དཀྱིལ་འཁོར་བཞིར། །སྡོང་པོ་བཀོད་སོགས་འབད་པས་བཀླག །ཕྱི་རུ་ཟས་ཀྱི་ཁང་པ་མལ། །བཟའ་བ་འདུས་པའི་ལོངས་སྤྱོད་ ཀྱང་། །དེ་བཞིན་ཁུར་བ་དང་བཅས་གཞན། །ཡོན་བཅས་དགེ་འདུན་བཟའ་བ་ཡང་། །བློ་བཟང་འབད་པས་བྱ་བ་ཡིན། །ཤར་དུ་ཝ་ཊ་ལྷོ་རུ་ནི། །ཨ་ཤྭ་ཏྠ་ནུབ་བ་ཀུ་ལ། །བྱང་དུ་ནག་གེ་སར་རོ། །ཤར་དུ་མེ་ཏོག་དཀར་ལྷོར་སེར། །དེ་བཞིན་ནུབ་དམར་ བྱང་དུ་ཡང་། །ལྗང་གུ་དེ་བཞིན་སྟེང་དུ་ཡང་། །མ་རུ་ལ་ཌ་རྗེ་རིགས་དང་། །བྲམ་ཟེ་རྡོ་རྗེ་རིན་ཆེན་དབྱིག །ཤར་སོགས་གཡས་བསྐོར་བགྲོད་པ་ཡིས། །འདི་དག་ས་ག་ཟླ་བ་ལ། །སྣ་ཚོགས་རྒྱན་ཀུན་གྱིས་བརྒྱན་པའི། །མི་བདག་གིས་ནི་ངོས་བཞི་རུ། ། བཞི་འགྱུར་འདྲེན་པ་རྣམས་དང་ནི། །ལྷན་ཅིག་མཆོད་སྦྱིན་འདུན་ས་རུ། །བརྒྱ་རྩ་བརྒྱད་དུ་བསྐོར་བྱས་ནས། །པུས་མོ་གཡས་པའི་ལྷ་ང་ནི། །སར་བཙུགས་ལག་པ་སྦྱར་བྱས་ནས། །སྣ་ཚོགས་རིན་ཆེན་ལ་སོགས་རྒྱན། །སྤྲས་ པའི་སྣོད་ནི་གསེར་གྱིས་ཀྱང་། །བཀང་བའི་སྣོད་བཅས་དེས་བརྗོད་པ། །ས་སྟེང་ཐམས་ཅད་གནོད་མེད་པའི། །ལྷ་ཡི་རྒྱལ་སྲིད་བདག་ལ་སྩོལ། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། །དབང་པོ་ཉིད་ཀྱང་བདག་ལ་གསོལ། །དེ་ནས་དཔལ་ལྡན་གཤིན་རྗེའི་གཤེད། ། དམར་པོའི་སློབ་དཔོན་བདེན་པ་ཡིས། །འདི་ལྟར་རྒྱལ་པོ་ཆེན་པོ་ཡི། །ཡིད་ཀྱི་ཤིང་རྟ་རྫོགས་པར་བགྱི། །འོན་ཀྱང་བློ་ལྡན་གུས་པས་ཉོན། །གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ། །སྔགས་དང་བསམ་གཏན་མཆོག་གཞོལ་བས། །ཤེས་རབ་ཕ་རོལ་ཕྱིན་པ་བཀླག ། ཛམྦྷ་ལ་ལ་ཆུ་སྦྱིན་དང་། །ཡི་དྭགས་གཏོར་མ་དེ་བཞིན་སྟོན། །བརྩེ་བའི་ངང་ཚུལ་འཇིག་རྟེན་སྐྱོང་། །དེས་ཁྱོད་ལ་སོགས་བརྗོད་པར་བྱ། །མི་བདག་བདག་ལ་བདེན་པར་སྨྲོས། །མངའ་བདག་བདེན་ལས་གཞན་མིན་པས། །མི་བདག་གིས་བདེན་བརྗོད་པར་བྱ། ། མགོ་དང་སྙིང་གར་རྡོ་རྗེ་ནི། །ལན་གསུམ་བྱིན་ནས་རྒྱལ་སྲིད་བྱ། །དཀྱིལ་འཁོར་བསྟན་པར་བྱ་བའོ། །སྡུག་གུ་བདག་ལ་སྨྲ་བར་བར་བྱོས། །དེང་བདག་སྐྱེ་བ་འབྲས་བུར་བཅས། །མི་ཡི་འགྲོ་བ་ལེགས་པར་ཐོབ། །དེང་ནས་དཔལ་ལྡན་གཤིན་རྗེའི་གཤེད། །དམར་ པོའི་རྣལ་འབྱོར་པ་བདག་ནི། །འཇིག་རྟེན་གསུམ་རྒྱལ་སྲིད་བྱས་ནས། །ཕྱིས་ནས་དབང་པོ་ལ་སོགས་པ། །བཟློག་པ་བདག་གིས་བྱེད་པ་ཡིན། །དེ་བཞིན་སླར་ཡང་ཀི་ལཱ་ཤར། །བུད་མེད་རྒྱལ་སྲིད་བྱས་ནས་ནི། །རྒྱལ་སྲིད་འབྱོར་གྲུབ་ཆེས་མང་དང་། །མཐའ་ དག་རྒྱལ་སྲིད་ཁུར་བཟུང་ནས། །མི་བདག་འཕྲོག་བྱེད་ཟླ་བ་ལྟར། །སངས་རྒྱས་ཀུན་དང་དངོས་གྲུབ་ཀུན། །གང་གིས་མྱུར་དུ་འབྱུང་འགྱུར་བ། །ད་ལྟར་ལྷ་ཡིས་དེ་མཛོད་ལ། །མངའ་བདག་བདག་ལ་མཆོག་སྩོལ་ཅིག །དེ་བཞིན་ཁོ་ནར་བདེན་དང་བདེན། ། མཉེན་གཤིན་པས་ནི་ཕྱག་བྱས་ནས། །བཟོད་པར་གསོལ་ནས་ཁྱིམ་འགྲོ་བྱ། །དེ་བཞིན་སྣ་ཚོགས་གླུ་དང་ནི། །རོལ་མོ་ལ་སོགས་པ་རྣམས་ཀྱིས། །སྤྲོ་བར་བཅས་པས་སྦྱིན་སྲེག་བྱ། །ཉི་མ་སོ་སོར་ཉེར་སྤྱོད་བཅས། །མཚན་མོ་བྱེད་ནས་ཚོགས་འཁོར་དང་། ། ཤེས་རབ་བཅས་ཤིང་ཡོན་དང་བཅས། །རིམ་འདིས་ཉི་མ་ཉི་ཤུ་ལྡན། །ཟླ་བ་དྲུག་གིས་མཆོད་སྦྱིན་རྫོགས། །དེ་བཞིན་མི་བདག་ཡང་དག་འོངས། །གླང་པོ་རྟ་ལ་སོགས་པའི་ཡོན། །བྱིན་ནས་མཆོག་ནི་སློང་བར་བྱེད། །ཡང་ནས་ཡང་དུ་མི་བདག་རྣམས། །གང་ གང་དེ་ལ་སོགས་པས་སོ། །གཞན་དུ་ཕོ་ཉར་རབ་ཏུ་འཇོག །རྒྱལ་སྲིད་བདག་གིས་བཟུང་བ་ཉིད། །གལ་ཏེ་མིན་ན་ཆད་པ་ལ། །རབ་ཏུ་བཞག་ནས་སྦྱིན་པར་བྱེད། །སྣ་ཚོགས་རིན་ཆེན་ལ་སོགས་པ། །མྱུར་འགྲོ་རྣམས་ནི་འབུལ་བར་བྱེད། །རང་ཕན་སྐལ་བ་ བཟང་པོ་ལ། །གལ་ཏེ་འཇོག་པར་བྱེད་འདོད་ན། །དེ་ཡིས་རྒྱལ་སྲིད་སྦྱིན་པར་བྱེད། །གང་གང་འོང་བར་མི་བྱེད་ན། །དེ་ཡི་མིང་གིས་འཁྲུལ་འཁོར་ནི། །སེང་ལྡེང་མེ་ལ་གདུང་བར་བྱ། །སྐད་ཅིག་དེ་ལ་དེ་རྨོངས་ཏེ། །གཞན་གྱི་ཡུལ་དུ་འགྲོ་བར་འགྱུར། །གཙོ་ བོའི་ཐབ་ཀྱི་ཐལ་བ་གང་། །གང་གི་ནད་སོགས་ལ་བྱིན་པ། །དེ་དག་ཉེ་བར་ཞི་བར་བྱེད། །གལ་ཏེ་གསོ་སྦྱོང་བྱས་པ་ཡིས། །འདི་ལྟར་བཞི་འགྱུར་སྦྱིན་སྲེག་གིས། །དབང་པོ་ཉིད་ནི་ཐོབ་པར་བྱེད། །བཅོམ་ལྡན་འདས་མ་ཀྱ་ཁྱོད་ལ། །ངོ་མ་ཆོགས་པས་བཤད་པ་ ཡིན། །ཅི་ཞིག་རྒྱུད་ཀྱི་མཆོག་འདི་ནི། །འཇིག་རྟེན་གསུམ་དུ་རྙེད་པར་དཀའ། །ལྷ་མོ་དཔལ་ལྡན་ཀྱེ་རྡོ་རྗེར། །ཐར་པ་མཆོག་ནི་བསྟན་པ་སྟེ། །དཔལ་ལྡན་བདེ་མཆོག་རྒྱུད་དུ་ཡང་། །རྣལ་འབྱོར་མ་ཡི་འཁོར་ལོ་རྒྱས། །ལྷ་མོ་དཔལ་ལྡན་འདུས་པ་དང་། ། རྣལ་འབྱོར་རྒྱུད་དུའང་རྒྱས་པའོ། །དགའ་མ་གཤིན་རྗེའི་གཤེད་དམར་པོའི། །རྒྱུད་དུ་གངྒཱའི་ཀླུང་གི་ནི། །བྱེ་སྙེད་དངོས་གྲུབ་ཆེས་མང་ངོ་། །ལྷ་མོ་གུས་དང་བཅས་པས་ཉོན། །ལྷ་མོ་བདག་ནི་མྱ་ངན་འདས། །དབང་པོ་སོགས་ཀྱིས་མི་མཐོང་ངོ་། །བི་རཱུ་པཱ་ཀྵ་རྣལ་འབྱོར་དབང་། ། བྲམ་ཟེའི་རིགས་སུ་འབྱུང་བར་འགྱུར། །བརྩོན་འགྲུས་ཆེན་པོ་སྟོབས་ཆེན་ལྡན། །བདག་གི་ཆོས་ནི་སྟོན་པ་པོ། །འགའ་ཞིག་གིས་ནི་སྦས་པའི་རྒྱུད། །འདི་ནི་ཐོབ་ནས་ལེགས་སྦེད་ཅིང་། །གསང་སྔགས་འབུམ་ཕྲག་གཅིག་ཅིག་བཟླས་ནས། ། བདག་ནི་སྒྲུབ་པར་བྱེད་པར་འགྱུར། །འཛམཱུའི་གླིང་ན་སྣ་ཚོགས་པའི། །དངོས་གྲུབ་རབ་ཏུ་སྟེར་བར་བྱེད། །ཀྲྀ་ཤུ་བཱི་ཛཾ་མཱས་ཀཾ། །འདི་དག་བདུན་གྱི་རྣལ་འབྱོར་པས། །ཉེ་བར་དམིགས་པར་བྱེད་པར་འགྱུར། །སླར་ཡང་རྩོདཔའི་དུས་སུ་ནི། །བཱ་ལའི་རིགས་ ལ་ས་སྤྱོད་ཀྱིས། །རྙེད་ནས་བྲན་ལ་སོགས་པ་རྣམས། །རྣལ་འབྱོར་ཅན་རྣམས་འབྱུང་བར་འགྱུར། །ཀ་ལིངྒ་དང་བངྒ་དང་། །གོ་ཌ་དང་ནི་མ་ག་དྷ། །སུ་ར་ཀ་རྒྱལ་ཨུ་བི་ཀྲྀ། །བི་ཛི་ཀ་ལའི་རྒྱལ་པོ་དང་། །གོ་ད་ར་མ་ཀ་ལིངྒ། །བི་མོ་ཛི་ཞེས་བྱ་སོགས་ཀྱི། ། རྒྱལ་པོ་དཔལ་ལྡན་གཤིན་རྗེའི་གཤེད། །དམར་པོའི་རྣལ་འབྱོར་པ་འབྱུང་འགྱུར། །འགའ་ཞིག་གཟི་བརྗིད་ལྡན་པ་དང་། །འགའ་ཡང་བརྩོན་འགྲུས་ལྡན་པ་དང་། །འགའ་ཡང་ཕ་རོལ་གནོན་པ་ཆེ། །འགའ་འདིར་དང་པོར་འཇིག་རྟེན་པ། །སླར་ཡང་སྔགས་ ལ་མཆོག་གཞོལ་པས། །སླར་ཡང་རྒྱལ་སྲིད་དབང་པོ་སོགས། །འཁོར་ལོས་སྒྱུར་བར་འགྱུར་བ་ཡིན། །གསང་སྔགས་ཆེན་པོ་ལེགས་སྦས་པ། །བྱིས་པའི་རྣལ་འབྱོར་ལ་མི་བསྟན། །བདེན་པར་སངས་རྒྱས་ཉིད་འདོད་པ། །རྒྱུད་ལ་འཇུག་པ་ལ་བསྟན་ བྱ། །བདག་གིས་བཤད་པའི་རྒྱུད་འདི་ལ། །དང་པོར་དབང་བསྐུར་བྱ་བ་སྟེ། །ཕྱི་ནས་འདི་ནི་བསྟན་པར་བྱ། །རྒྱུད་རྒྱལ་རྒྱུད་ཀྱི་མཆོག་གྱུར་པ། །སྔགས་དང་བསམ་གཏན་བརྗོད་ཉུང་བ། །བཀླག་པ་ཙམ་གྱིས་འགྲུབ་པར་འགྱུར། །གང་སྡིག་ལས་ལ་དགའ་ བ་དང་། །དད་པ་དམན་པས་འགྲུབ་མི་འགྱུར། །གང་ཡང་སྡིག་པ་བྱེད་པ་ཡང་། །བསླབ་པ་འཛིན་པར་བྱེད་ན་ནི། །འབད་མེད་དངོས་གྲུབ་ཉིད་འགྲུབ་པར། །འགྱུར་བར་འདི་ནི་ཐེ་ཚོམ་མེད། །དགེ་བ་བཅུ་ལས་བརྩམས་ནས་ནི། །ཕྱི་ནས་ཆོས་ནི་རབ་གསལ་བྱ། ། དེ་བཞིན་དེ་ཡི་བྱ་བ་ནི། །ཇི་ལྟ་བ་བཞིན་འགྱུར་བ་ཡིན། །ཞེས་པ་རྒྱལ་སྲིད་ཀྱི་བསླབ་པའི་ལེའུ་སྟེ་བརྒྱད་པའོ།། །།བཅོམ་ལྡན་འདས་ཀྱེ་རྒྱལ་པོ་རུ། །གྱུར་པ་ཆོས་ལྡན་ལེགས་འགྱུར་ན། །ཆོས་དེ་ཡང་ནི་བདག་ལ་གསུངས། །སྔགས་ཀྱི་དེ་ཉིད་ མི་ཤེས་དང་། །འདིར་མི་བསམ་གཏན་མེད་ཉིད་ཀྱི། སེམས་ཅན་ཐམས་ཅད་བསྒྲལ་དོན་དུ། །སྔགས་ཀྱི་དེ་ཉིད་རབ་གསལ་བྱས། །བསམ་གཏན་མེད་པར་འགྲུབ་མི་འགྱུར། །བསམ་གཏན་མེད་ན་དེ་ཉིད་ལས། །རྣམ་པ་གཞན་དུ་རྒྱུར་འགྱུར་བ། །བྱིས་པ་རྣམས་ནི་སྐྱོ་ བར་བྱེད། །དང་པོ་ལྷ་ཡི་གཟུགས་ཀྱིས་ནི། །ལུས་ནི་རྣམ་པར་དག་པར་བྱ། །གཉིས་པར་གསང་སྔགས་བཟླས་པ་སྟེ། །ཨཱ་ལི་ཀཱ་ལི་བཟླས་པ་དང་། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །བློ་ལྡན་ཡི་གེ་གསུམ་བཟླས་བྱ། །དེ་བཞིན་བློ་ལྡན་ཁྲི་ཕྲག་གཉིས། །བརྒྱ་ ཕྲག་བཅུ་དྲུག་བཟླས་པར་བྱ། །ཉིན་དང་མཚན་མོའི་གྲངས་ཀྱིས་ནི། །གསང་སྔགས་བཟླས་པ་བྱེད་པ་ཡིན། །དེ་ནས་དེ་ལ་སྣ་ཡི་རྩེ། །ཁོ་ནར་ས་བོན་མཚན་མའི་རིམ། །ཡུངས་ཀར་དུ་ཡང་བསམ་པར་བྱ། །རྡོ་རྗེ་སྐྱིལ་ཀྲུངསྦྱོར་བ་ལས། །སེམས་ནི་བརྟན་པར་ བྱས་ཉིད་ཀྱིས། །རང་བྱིན་རློབ་པར་ཡང་འགྱུར་རོ། །ཇི་ལྟར་སྒྱུ་མ་ཇི་ལྟར་རྨི། །དེ་བཞིན་སླར་ཡང་ཆུའི་ཟླ་བ། །ཇི་ལྟར་བླ་མའི་མན་ངག་ལས། །འདི་ལྟ་བུ་ཡི་རང་བཞིན་བསྒོམ། །ཆུ་ལ་ཆུ་ནི་འཕྲད་པ་བཞིན། །ཆུ་དང་ཆུ་འདུས་གཅིག་པ་བཞིན། །སྒྱུ་མ་སྟོང་པ་ གཅིག་སྦྱོར་བས། །གཉིས་པོ་འདི་དག་སྦྱོར་བ་ཡིས། །ཟུང་དུ་འཇུག་པ་རབ་སྒྲུབ་བྱེད། །རྣལ་འབྱོར་ཅུང་ཟད་བསམ་མི་བྱ། །བཏང་སྙོམས་མཆོག་ཏུ་འགྱུར་བ་ཡིན། །ཅུང་ཟད་བསམ་པ་མེད་ཉིད་ལས། །རང་གི་དེ་ཉིད་གསལ་བར་འགྱུར། །བསམ་བྱ་མེད་ཅིང་ བསམ་མེད་གང་། །དེ་ཡང་གང་དུ་ཡོད་མ་ཡིན། །དེ་འདིར་བསམ་མི་ཁྱབ་པར་བརྗོད། །སྲིད་པའི་ཤིང་གི་སྟ་རི་སྟེ། །ལ་ལར་རྒོད་དང་བརྗོད་དང་གནས། །ལ་ལར་རབ་ཏུ་འཇུག་པར་བྱ། །སྒོམ་པར་མི་ནུས་པའི་སེམས་ནི། །ཇི་ལྟའི་དབྱེ་བ་ཤེས་མ་ཡིན། ། སྣ་ཚོགས་དངོས་གྲུབ་སྒྲུབ་བྱེད་པ། །དེ་བཞིན་རྣལ་འབྱོར་རིམ་པས་འགྱུར། །རང་བློ་གཡོ་བས་འཇིག་རྟེན་པ། །འདོད་པས་མཐོ་རིས་རབ་ཏུ་སྐྱེ། །བཙུན་མོ་ཐམས་ཅད་དགའ་བར་བྱེད། །སྲུང་བ་སོགས་ཀྱི་ཉི་མ་མཆོག །ལ་ལར་རྒྱན་མང་ ཟླ་བ་ཡིས། །ལུས་བྱུགས་ཁ་ཅིག་འདམ་གྱིས་བྱུགས། །ལ་ལར་རྒྱན་མང་ཅི་སྒྲུབ་ཅེས། །འདི་ལས་གནས་པ་རབ་དགའ་དང་། །ཐེ་ཚོམ་བྱེད་རྣམས་སྡུག་བསྔལ་དང་། །བདེ་བས་གནོད་པ་མེད་པ་ཡིན། །དེ་རྣམས་འདོད་ན་རྣལ་འབྱོར་པས། །རྣམ་དཔྱོད་ མེད་པར་དེ་བྱའོ། །འདོད་པ་ལྔ་ལ་ལོངས་སྤྱོད་ཅིང་། །འདོད་པའི་ཡོན་ཏན་ལྔ་རྣམས་ལྡན། །རྟག་ཏུ་རྩེ་བར་བྱ་བ་སྟེ། །འཁོར་བར་འགྲོལ་ཞིང་གྲོལ་བའོ། །དངོས་དང་དངོས་མེད་རྣམ་པར་གྲོལ། །ངོ་ཚའི་བྱ་བ་རྣམ་པར་སྤངས། །བློ་གྲོས་སྦྱོར་བ་ལས་འདས་ པ། །ལས་རྣམས་ཐམས་ཅད་རིག་པའི་མཆོག །ཅེས་པ་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་དགུ་པའོ།། །།ཀྱེ་བཅོམ་ལྡན་འདས། མངོན་པར་དབང་བསྐུར་ཇི་ལྟ་ཞིག །མངའ་བདག་བདག་ལ་དེ་གསུངས་ཤིག །དགའ་མ་དབང་བསྐུར་རྣམ་པ་བཞི། ། སེམས་ཅན་སྒྲོལ་བྱེད་དེ་ཉོན་ཅིག །གཏོར་བས་དྲི་མ་མེད་བྱེད་ཕྱིར། །རྡོ་རྗེ་སྐྱིལ་མོ་ཀྲུང་འཆིང་བྱེད། །དེ་ནི་ཡང་དག་འདོད་པ་ཡིན། །འཛག་མེད་ལ་སོགས་བདེ་བས་གང་། །འདི་དག་ཇི་སྲིད་དྲི་མེད་གྱུར། །བྱང་ཆུབ་སེམས་ནི་སྤོང་བྱེད་པ། །ཇི་སྲིད་རྣལ་འབྱོར་པས་ མི་བྱ། །སྐྱེ་གནས་ཕྱིན་པ་རྣམ་པར་གཅོད། །ཇི་སྲིད་ཀུན་ཏུ་དགའ་བའི་མཆོག །བདེ་བའི་གཟུགས་ནི་དེ་ཉིད་ཀྱིས། །ཡང་དག་ལྡན་པའི་སངས་རྒྱས་གཟུགས། །ཇི་སྲིད་ཁུ་བ་བརྟན་གྱུར་པར། །བདག་ཉིད་རྟག་ཏུ་བསྒོམ་པར་བྱ། །དེ་ནི་འཇིག་རྟེན་བདེན་པར་གྲག ། དམ་པའི་དོན་ནི་དེ་མ་ཡིན། །ཅི་ཕྱིར་བཞི་པ་སླར་སྦྱིན་ཕྱིར། །འདིར་ནི་ཤེས་རབ་ཡེ་ཤེས་གང་། །དེ་ཉིད་དབང་བསྐུར་བཞི་བ་རུ། །བྱིས་པའི་སྐྱེ་བོ་སྨ་བར་འགྱུར། །དེ་ནི་སླར་ཡང་དེ་བཞིན་ཞེས། །བཞི་པ་དེ་ཉིད་གསུམ་པ་རུ། །དེ་བཞིན་བྱས་པར་མི་འགྱུར་ཏེ། ། དང་པོའི་ཡན་ལག་ལས་སླར་ཡང་། །སྨོས་པ་སྐྱོན་འགྱུར་དེ་བཞིན་དུ། །བྱིས་པ་རྣམས་ཀྱི་རྒྱུ་གསུམ་པ། །གང་ཡིན་འབྲས་བུ་བཞི་པ་སྟེ། །རྒྱུ་འབྲས་དབྱེ་བ་མེད་པའི་ཕྱིར། །བཞི་པའང་གསུམ་པར་གྲུབ་པོ་ཞེས། །སྔར་བརྗོད་དོན་དམ་བདེན་པ་ཉིད། ། གང་ལས་ཕྱག་རྒྱ་གསུམ་གྱིས་ནི། །འབྲས་བུ་གསུམ་ནི་སྒྲུབ་པའི་ཕྱིར། །གསང་སྔགས་ཚུལ་འདིར་སྦྱིན་སྲེག་འབྲས། །ཕྱག་རྒྱ་གཉིས་དང་བྲལ་བ་རྨད། །ཕྱག་རྒྱ་གཉིས་ཀྱི་འབྲས་སྒྲུབ་ལ། །ལས་རྒྱ་ཡེ་ཤེས་ཕྱག་རྒྱ་ནི། །རྒྱུ་རུ་མི་འགྱུར་རོ་ཞེས་པ། ། ལས་རྒྱ་ཡེ་ཤེས་ཕྱག་རྒྱ་ནི། །སྒོམ་པ་ཡོངས་སུ་སྤངས་པ་ལས། །ཕྱག་རྒྱ་ཆེན་པོ་ངེས་པར་སྒོམ། །འདི་ནི་དབང་པོ་གཉིས་སྦྱོར་བདེ། །འདོད་པ་ཀུན་སྤྱོད་བདེ་བ་ཞེས། །འཛག་དང་མི་འཛག་མཚན་ཉིད། །ངོ་བོའི་ཀུན་སྤྱོད་བདེར་མི་འགྱུར། ། གསུམ་པ་རྒྱུ་ཡིས་བསྐྱེད་པ་ཡི། །རིགས་ཀྱི་འཛག་པ་གསུམ་པའི་འབྲས། །དོན་དམ་བཞི་པར་མི་འགྱུར་རོ། །ཞེས་པས་ཁོང་དུ་ཆུད་པར་བྱའོ། །དབང་བསྐུར་བའི་ཆོ་གའི་ལེའུ་སྟེ་བཅུ་པའོ།། །།བཅོམ་ལྡན་འདས་བྲིས་སྐུའི་ཆོ་ག་གསུང་དུ་ གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམར་ཞིང་དཀར་བའི་བུད་མེད་དེ་ལ་འབད་པས་མཆེད་པ་བྱའོ། །སྐར་མ་རྒྱལ་ལ་བརྩམ་པར་བྱ་སྟེ། དེ་ཡང་མངོན་པར་དབང་བསྐུར་བར་བྱའོ། །དེ་ལ་དོག་པ་དམར་ཞིང་དཀར་བ་ཐག་པས་འབད་པས་འཐག་པའི་རྒྱུ་དང་ སྤུན་དེ་ལ་སྦྱིན་པར་བྱའོ། །ཉི་མ་སོ་སོར་དམ་ཚིག་བསྟེན་པས་ཤེས་རབ་དང་བཅས་པས་བཏགས་ནས། རས་དེ་དམར་ཞིང་དཀར་བའི་བུད་མེད་རྡུལ་དང་ལྡན་པའི་དུས་སུ་མ་ལ་ཆར་སྦྱིན་པར་བྱའོ། །ཉི་མ་གསུམ་གྱི་ཕྱི་ནས་རི་མོ་མཁན་དམ་ཚིག་དང་ལྡན་པ་མངོན་པར་བོས་ ཏེ། དཔའ་བོའི་ཚོང་གི་གང་སྨྲ་བར་བྱེད་པ་དེ། དེ་ལ་སྦྱིན་པར་བྱའོ། །སྦྲང་རྩི་ཆེན་པོས་སྣག་ཚ་བྱས་ནས་མིའི་རུས་པའི་སྨྱུ་གུས་བྲི་བར་བྱའོ། །ཇི་སྲིད་འདྲི་བར་བྱེད་པ་དེ་སྲིད་དུ་མྱོས་བྱེད་ཅུང་ཟད་འཐུངས་ནས་ཉི་མ་སོ་སོར་ཐུན་མཚམས་བཞིར་གཏོར་མ་དང་། གསང་ སྔགས་བརྒྱ་ཕྲག་གཅིག་ཏུ་བཟླས་པར་བྱའོ། །རིགས་རྣམས་དམ་ཚིག་གིས་གཅིག་ཏུ་གདོན་མི་ཟ་བར་བྱའོ། །དཔའ་བོའི་རིམ་པས་ཤིན་ཏུ་གསང་ལ་རབ་ཏུ་གནས་པ་ཡང་ངོ་ཞེས་སོ། །དེའང་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་ པ་དམ་ཚིག་དང་ལྡན་པས་གྲོ་ག་ལ་གླེགས་བམ་སོར་བཅུ་གཉིས་པ་བྱའོ་ཞེས་སོ། །ཞེས་པ་བྲིས་སྐུ་དང་གླེགས་བམ་གྱི་ཆོ་གའི་ལེའུ་སྟེ་བཅུ་གཅིག་པའོ།། །།མངའ་བདག་རླུངསྦྱོར་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། །སྙིང་གར་སྲོག་དང་ཐུར་སེལ་བཤད། །ལྟེ་བའི་ཕྱོགས་སུ་མཉམ་གནས་སོ། །མགྲིན་པའི་ཕྱོགས་ན་གྱེན་རྒྱུ་སྟེ། །ལུས་ཀུན་སོན་པ་ཁྱབ་བྱེད་དོ། །འདི་རྣམས་དབུས་སུ་གཙོ་བོ་གང་། །སྲོག་རླུང་སྙིང་གར་གནས་པའོ། །དབུགས་དབྱུང་དབུགས་རྔུབ་དབྱེ་བ་ ཡིས། །འཚོ་བ་འཕོ་བ་བཅུ་དྲུག་གོ །སྦྱོར་བས་སོ་སོ་རེ་རེ་ལ། །དཀྱིལ་འཁོར་བཞི་སྟེ་རེ་རེ་ལ། །དབྱུ་གུ་རེ་རེ་འབབ་པ་ཡིས། །ཉི་ཁྲི་བརྒྱ་ཕྲག་བཅུ་དྲུག་གོ །གཡས་ནས་རེག་ཅིང་འབབ་པ་ཡིས། །མི་ཡི་དཀྱིལ་འཁོར་བརྗོད་བྱ་སྟེ། །གཡོན་དང་གཡས་ ལ་རེག་པ་ལས། །དབང་ཆེན་གྱི་ནི་འཁོར་ལོར་འགྱུར། །བརྟན་ཐོབ་དལ་བའི་དཀྱིལ་འཁོར་འགྱུར། །རྐྱང་མ་དང་ནི་རོ་མ་དག །གཡོན་དང་གཡས་སུ་གནས་པའོ། །ཀུན་འདར་མ་ནི་དབུས་ཕྱོགས་སུ། །ལྷན་ཅིག་སྐྱེས་པ་རྗེས་སུ་བྱེད། །འཇུག་པར་འགྱུར་དང་ འབྱིན་པ་དང་། །གནས་པ་གཡོ་མེད་ངོ་བོ་ལ། །རྣམ་འཇོམས་ཞེས་པ་སྲད་བུའི་རླུང་། །ཇི་སྲིད་འཚོ་བར་འཇུག་པར་འགྱུར། །འཇུག་པ་བུམ་པ་ཅན་ཞེས་བྱ། །དེ་ཡི་འཛིན་ལས་གང་བ་ཅན། །དབྱུང་བ་རེ་ཙ་ཀར་ཤེས་བྱ། །གཡོ་མེད་བུམ་པ་ཅན་དུ་འགྱུར། ། རླུང་ནི་རབ་ཏུ་འཇུག་པའི་ཚོགས། །སྟོང་ཕྲག་བརྒྱ་ལ་སོགས་པའི་གྲངས། །སངས་རྒྱས་མགོན་པོའི་གསུང་ཇི་བཞིན། །སྐད་ཅིག་དེ་ལས་འགྲུབ་པར་འགྱུར། །རླུང་ཚོགས་གཅིག་གྱུར་གང་ཡིན་ནི། །ཤེས་རབ་ལ་ནི་དམ་འཁྱུད་པས། །ཟླ་ཕྱེད་ཙམ་གྱིས་འགྲུབ་ པར་འགྱུར། །རང་གི་ལྷག་པའི་ལྷ་སྦྱོར་བས། །སངས་རྒྱས་ཡེ་ཤེས་ཡང་དག་ལྡན། །མངོན་ཤེས་ལྔ་ནི་ཤེས་པར་འགྱུར། །རང་གི་ལྷག་པའི་ལྷ་སྦྱོར་བས། །རང་གི་བུད་མེད་དམ་དུ་འཁྱུད། །སྙིང་ག་ཡིས་ནི་སྙིང་ག་རུ། །གསང་བར་གསང་བས་ཡང་དག་སྦྱོར། ། ཁ་ཡིས་ཀྱང་ནི་ཁར་བྱས་ནས། །བྱེད་པ་མེད་པ་ལྷུར་ལེན་པས། །སྙིང་གར་གནས་པའི་ས་བོན་བཞི། །ཀུན་ཏུ་གང་བར་བསྒོམ་པར་བྱ། །དེར་ནི་བརྟན་གང་དེ་ཉིད་ཀྱིས། །མིས་ནི་ཐམས་ཅད་ཤེས་པར་འགྱུར། །ཀུན་ཏུ་དགོངས་པ་ཙམ་གྱིས་ནི། །བྱུང་དང་འབྱུང་ འགྱུར་ད་ལྟ་བ། །ཕ་རོལ་སེམས་ཀྱང་ཤེས་པར་བྱེད། །བདེན་པ་བདེན་པར་སྨྲ་བར་བྱེད། །དེ་བཞིན་སྦྱོར་བ་དེ་ཉིད་ཀྱིས། །རྣ་བ་ལ་ནི་རྣམ་བསྒོམ་བྱ། །དྲུང་ན་གནས་པའི་སྒྲ་ཇི་བཞིན། །ཕྱོགས་གནས་ཐམས་ཅད་ཉན་པར་བྱེད། །དེ་བཞིན་མིག་ལ་རབ་བསྒོམས་ནས། ། འཇིག་རྟེན་གསུམ་ཡང་ངེས་ལྟ་བྱེད། །སྣ་ལ་དེ་བཞིན་བསམས་ནས་ནི། །དྲི་རྣམས་ཐམས་ཅད་ཤེས་པར་བྱེད། །ལྕེ་ལ་དེ་བཞིན་བསམས་ནས་ནི། །ཐག་རིངས་མྱང་བྱ་རབ་རྟོགས་བྱེད། །རང་གི་རྟགས་རྩེར་དེ་བཞིན་བསམ། །རེག་བྱ་ཐམས་ཅད་ཤེས་པར་བྱེད། །དེ་ བཞིན་མགོ་བོའི་དབུས་བསམས་ནས། །ནུས་པ་ཐམས་ཅད་རབ་འཕེལ་བྱེད། །གང་དང་གང་དུ་རླུང་གནས་པ། །རོ་མཉམ་གྱུར་པར་བྱས་པས་ནི། །དེ་དང་དེ་ཉིད་ལ་འགགས་པ། །དེ་ཉིད་སོ་སོར་རྟོགས་པར་བྱེད། །ཞི་དང་རྒྱས་པ་ཅན་དང་དབང་། །དེ་བཞིན་ འགུགས་དང་གསོད་པ་དང་། །སྐྲོད་པར་བྱེད་དང་ཐམས་ཅད་ཉིད། །སྒོམ་པ་ཁོ་ནས་རབ་སྒྲུབ་བྱེད། །བུམ་པ་ཅན་སོགས་རབ་སྦྱོར་བས། །ལྟ་སྟངས་བཞི་ནི་ངེས་སྦྱོར་བྱ། །གཡོན་དུའང་ལྟ་བའི་ལྟ་སྟངས་ནི། །བུམ་པ་ཅན་གྱིས་དབང་དུ་བྱེད། །གཡས་ནས་དགུག་ པར་ཤེས་བྱ་སྟེ། །གང་བ་ཅན་གྱིས་ངེས་པར་སྦྱོར། །དཔྲལ་བར་གནས་པའི་ལྟ་སྟངས་གང་། །རེ་ཙ་ཀ་ཡིས་གསོད་པར་བྱེད། །སྣ་རྩེར་གནས་པའི་ལྟ་སྟངས་ནི། །བུམ་པ་ཅན་གྱིས་རེངས་པར་བྱེད། །གཡོ་བའི་མེ་ཏོག་བུམ་པ་ཅན། །སྣུ་ཧཱིའི་ཤིང་ལའང་རེ་ཙ་ཀས། །མཉམ་པར་ཟོས་ལ་རེ་ཙ་ཀས། ། གཡོ་བཅས་རྩ་ལ་བུམ་པ་ཅན། །སྔོན་དུ་ལྟ་སྟངས་ངེས་སྦྱོར་བ། །ཟླ་བ་དྲུག་ཏུ་བསམ་པར་བྱ། །ཀུན་གྱི་ནུས་པ་ལྡན་པ་ནི། །སེམས་འགོག་པ་ལས་འགྲུབ་པར་བྱེད། །སེམས་འགོག་པ་ལས་རླུང་འགོག་སྟེ། །འགོག་ལས་སེམས་ཀྱང་འགོག་ པར་འགྱུར། ལྟ་བས་བཅས་མཐོང་ལ་ཞེས་འབྱུང་། ཕན་ཚུན་སེམས་པར་བྱེད་པའོ། །ཤེས་རབ་ཐབས་ཀྱི་རྡོ་རྗེ་དང་། །པདྨ་གཅིག་ཏུ་འཕྲད་པའི་ཚ། །འགོག་པའི་བདེ་བ་ལོངས་སྤྱད་པས། །ཐམས་ཅད་ཡང་དག་གྲུབ་པར་འདོད། །ཚངས་པ་ཁྱབ་འཇུག་ལ་སོགས་ལྷ། །སྔགས་པ་དེ་ཡི་གྲོགས་ བྱེད་དེ། །འཇིག་རྟེན་པ་ཀུན་སླར་ཡང་ཅི། །དེ་རྣམས་ཅི་བགྱིར་འགྱུར་བ་ཡིན། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་དུ། །ཐམས་ཅད་མཁྱེན་པས་གསུངས་པ་ཡང་། །རྩོད་ལྡན་དུས་སུ་རབ་ཏུ་སྤྱོད། །དངོས་གྲུབ་མེད་པར་མི་བལྟ་སྟེ། །རྫོགས་ལྡན་གསུམ་ལྡན་ གཉིས་ལྡན་ལའང་། །དངོས་གྲུབ་རབ་ཏུ་བྱུང་བ་རྣམས། །སླར་ཡང་རྩོདཔའི་དུས་སུ་དེ། །ལྷ་མོ་མཆོག་གྲུབ་བལྟ་བར་བྱ། །སྦས་པ་ཀུན་མཁྱེན་སྤྱོད་ཡུལ་བ། །དེ་དོན་ཁྱོད་ལ་ང་ཡིས་བཤད། །གཤིན་རྗེའི་གཤེད་དཔལ་མི་ཤེས་གང་། །དེ་ཡི་ངལ་བ་འབྲས་ བུ་མེད། །ཅེས་སོ། །གཤིན་རྗེའི་གཤེད་དམར་པོའི་རྒྱུད་དུ་རླུང་གི་དེ་ཉིད་ཅེས་བྱ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།བཅོམ་ལྡན་གཤིན་རྗེའི་གཤེད་ཀྱི་མིང་། །དམར་པོ་བརྗོད་པའི་མིང་ཅན་ལ། །ཡ་ཡིག་གིས་ནི་ཅི་ཞིག་བརྗོད། །དེ་བཞིན་མ་ཡིག་ གིས་ཀྱང་ཅི། །སླར་ཡང་དེ་ཡི་ཨ་ཡིག་གིས། །རི་ཡིག་གིས་ཅི་བརྗོད་པར་བྱ། །རཀྟ་ཉིད་ནི་ཅི་ཡི་མིང་། །མངའ་བདག་བདེན་པས་གསུང་དུ་གསོལ། །ལེགས་སོ་ལེགས་སོ་གང་དྲིས་པ། །དེ་ནི་བཤད་ཀྱིས་ཉོན་ཅིག་དང་། །ཡ་ཡིག་གིས་ནི་རླུང་ཡང་སྟེ། །གཤིན་ རྗེའི་གཤེད་དམར་པོར་བརྗོད་བྱ། །དེ་ནས་ཡ་ཡིག་མཆོག་ཏུ་དགའ། །མ་ཡིག་གཉིས་པར་བརྗོད་པར་བྱ། །ཨཱ་རི་དགའ་བ་གསུམ་པའོ། །རཀྟ་བཞི་པའི་མིང་ཅན་ནོ། །ཡང་ན་རླུང་དང་ལྡན་པ་ལ། །དེ་ཡི་ཐབས་ནི་ཨ་ཡིག་སྟེ། །ཨི་ཡིག་རེག་པའི་དབང་པོའོ། ། རཀྟ་གཉིས་མེད་སྦྱོར་བའོ། །ཡང་ན་རཀྟ་འདོད་ཆགས་རྒྱལ། །རླུང་གིས་མདའ་བསྐུལ་དེར་སོན་སེམས། །ཨཱ་རི་སྟོང་ཉིད་སྙིང་རྗེ་གཅིག །རཀྟ་ཡ་མཱ་རི་ཞེས་བརྗོད། །དགའ་བ་བཞི་ཡི་མིང་ལྔ་པོ། །སྐད་ཅིག་བཞི་རུ་ཤེས་པར་བྱ། །དེ་ནས་གཏི་མུག་ལ་སོགས་པའི། ། དོན་ནི་མངའ་བདག་ཁྱོད་གསུངས་ཤིག །གཏི་མུག་གཤིན་རྗེ་མཐར་བྱེད་ནི། །རྣམ་སྣང་མཛད་དོ་ཕྲ་མ་ཡི། །གཤིན་རྗེ་མཐར་བྱེད་རིན་ཆེན་འབྱུང་། །འདོད་ཆགས་གཤིན་རྗེ་མཐར་བྱེད་ནི། །སྣང་མཐའ་ཕྲག་དོག་གཤིན་མཐར་བྱེད། །དོན་གྲུབ་དབུས་སུ་མི་བསྐྱོད་ པ། །གཤིན་རྗེ་མཐར་བྱེད་དམར་པོའོ། །ཙརྩི་ཀཱ་སོགས་ངོ་བོ་ཅི། །ས་ཁམས་སྤྱན་མ་ཙརྩི་ཀཱ། །ཆུ་ཁམས་མཱ་མ་ཀཱི་ཕག་མོ། །མེ་ཁམས་དཀར་མོ་དབྱངས་ཅན་མ། །རླུང་ཁམས་སྒྲོལ་མ་གཽ་རཱིའོ། །མཁའ་ཁམས་རྡོ་རྗེ་རོ་ལངས་མ། །བཅོམ་ལྡན་ འདས་ལ་འཁྱུད་པའོ། །འདོད་ཆགས་ཆེན་པོའི་རྗེས་ཆགས་ལས། །བདེ་བ་ཆེན་པོའི་རོ་ཡིས་ནི། །གཉིས་མེད་ངོ་བོ་དཔའ་བོ་སྟེ། །བཅུ་དྲུག་ཆ་རྫོགས་ཟླ་བ་བཞིན། །ཞེས་པ། གཤིན་རྗེའི་གཤེད་དམར་པོའི་རྒྱུད་དུ་མིང་མདོར་བསྟན་པའི་ལེའུ་སྟེ་བཅུ་གསུམ་ པའོ།། །།རོ་ལངས་མས་ནི་དམ་འཁྱུད་ནས། །ཚེམས་ཀྱིས་མ་མཆུ་བཙིར་བྱས་ནས། །སེམས་ཅན་དོན་ཕྱིར་གཏོར་མ་ཆེ། །ལྷ་མོ་དེ་ཡིས་དེ་ལ་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་གཤིན་རྗེའི་གཤེད་དམར་པོའི་ང་རྒྱལ་བྱས་ནས། སྟེང་དུ་བླ་རེ་དང་། རྔ་ཡབ་དཀར་པོ་དང་། ཕྱི་རོལ་ཏུ་གར་དང་། གླུས་ཉེ་བར་མཛེས་པར་བྱས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡོན་པ་དང་ཅིག་ཤོས་དྲིལ་བུ་དང་རྡོ་རྗེའི་སྒྲ་དབྱངས་ཀྱིས་ཡོངས་སུ་གང་ལ་འབར་ཞིང་གསལ་ལ་རྒྱས་པའི་སྣོད་ཀྱི་གཏོར་མ་དོར་བར་ བྱ་སྟེ་སྣོད་གཉིས་གཞག་པར་བྱའོ། །སྣོད་གཅིག་ཏུ་གོ་ཀུ་ད་ཧ་ན་དང་། བི་ར་ཤུ་མཱ་མུ་བདུད་རྩི་ལྔ་དང་བཅས་པའི་ཤ་དང་། ཞོ་དང་། ཉ་ཤས་ཡང་དག་པར་གང་བར་བྱའོ། །གཞན་དུ་ཁྱིམ་ལ་སོགས་པའི་ལྷ་རྣམས་གཞག་པར་བྱས་ནས། ཨོཾ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ནན་ཧཱུྃ་ སརྦ་བིགྷཱ་ག་ཎཱཾ་ས་པ་རི་ཝཱ་རཱ་ན་ཨཱ་ཀཪྵ་ཡ་ཛཿ། ཞེས་པའི་སྔགས་འདིས་ཤར་ཕྱོགས་ཀྱི་ཆ་པ་རྣམས་ལ་བཀའ་བསྒོ་བ་དང་། རང་ཉིད་སོང་ནས་བགེགས་ཀྱི་ཚོགས་རྣམས་ཀྱི་མགྲིན་པར་ཞགས་པས་བཅིངས་ནས། སྙིང་གར་ལྕགས་ཀྱུས་ ཕུག་སྟེ་འགུགས་བཞིན་པར་བསམ་པར་བྱའོ། །དབང་པོ་དཀར་པོ་སྤྱན་སྟོང་པ་ཕྱག་ན་རྡོ་རྗེ་འཛིན་པས་སྲུང་དཀར་པོ་ལ་ཞོན་པའོ། །ལྷོ་རུ་གཤིན་རྗེ་ནག་པོ་ལག་ན་དབྱུག་པ་ཅན་མ་ཧེ་ལ་ཞོན་པའོ། །ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་མ་ཀ་ར་ལ་ཞོན་པ་ལག་ན་ཀུ་མུ་ད་ ཅན་ནོ།།བྱང་གི་འདབ་མར་གནོད་སྦྱིན་སེར་པོ་མི་ལ་ཞོན་པ་ལག་ན་དཔལ་འབྲས་ཐོགས་པའོ། །འདི་རྣམས་ཐམས་ཅད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རིན་པོ་ཆེའི་ཅོད་པན་ཅན། གཤིན་རྗེ་ནི་ཉི་མའི་གདན་དང་ཉི་མའི་འོད་ཅན་ནོ།།ལྷག་མ་རྣམས་ཟླ་བའི་གདན་ དང་ཟླ་བའི་འོད་ཅན་ནོ།།དབང་ལྡན་གྱི་འདབ་མར་འབྱུང་པོའི་བདག་པོ་དཀར་པོ་མིག་གསུམ་པ་རལ་པའི་ཅོད་པན་ཅན་ཁྱུ་མཆོག་ལ་ཞོན་པ། ལག་ན་མདུང་ཐོགས་པ་སྟག་གི་པགས་པའི་གོས་འཛིན་པ་ལུས་ཐལ་བས་བྱུགས་པ། རུས་པའི་རྒྱན་ཐམས་ཅད་ཀྱིས་ བརྒྱན་པ། ཟླ་བའི་གདན་དང་ཟླ་བའི་འོད་དོ། །མེའི་འདབ་མ་ལ་མེ་ལྷ་སེར་པོ་བོང་ཐུང་ཞིང་གསུས་པ་འཕྱང་བར་ལ་ཞོན་པ་བགྲང་ཕྲེང་དང་རིལ་པ་སྤྱི་བླུགས་འཛིན་པ། རལ་པའི་ཅོད་པན་ཅན་ཉི་མའི་གདན་དང་ཉི་མའི་འོད་དཔའ་བོའི་གོས་སོ། །བདེན་བྲལ་གྱི་ འདབ་མ་ལ་སྲིན་པོ་སྐྲ་གྲོལ་བ་ཅན། ལག་ན་ཐོད་པའི་ཕྲེང་བ་འཛིན་པ། ཁྲོས་པ་སྨིན་མ་ཁྲོ་གཉེར་དང་བཅས་པ་ནག་པོ་རོའི་སྟེང་ན་ཉི་མའི་གདན་དང་ཉི་མའི་འོད་མངའ་བའོ། །རླུང་ཕྱོགས་ཀྱི་འདབ་མ་ལ་རླུང་ལྷ་ལྗང་ཞིང་དམར་བ་ལག་ན་བ་དན་ཐོགས་པ། རིན་ པོ་ཆེའི་ཅོད་པན་ཅན། རི་དྭགས་ལ་ཞོན་པ། ཟླ་བའི་གདན་དང་ཟླ་བའི་འོད་ཅན། རྒྱན་ཐམས་ཅད་འཛིན་པའོ། །ལྟེ་བ་ལ་སའི་ལྷ་མོ་སེར་མོ་ལྷའི་གོས་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟླ་བའི་གདན་དང་ཟླ་བའི་འོད་ཅན། ཡི་དྭགས་དང་སའི་ལྷས་ ཀུན་ནས་བསྐོར་ཏེ་གནས་པའོ། །དབང་པོ་ལ་སོགས་པ་རྣམས་གཡོན་ན་ཀླུའི་ཞགས་པ་འཆང་བ་ཐམས་ཅད་ཀྱང་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པའོ། །སྟེང་དུ་ཆོས་འབྱུང་ལ་གནས་པའི་པདྨ་འདབ་མ་བརྒྱད་ལ། ཤར་གྱི་འདབ་མ་ལ་ཟླ་བ་དཀར་པོ་རྟ་ ལ་ཞོན་པ། །རིན་པོ་ཆེ་དཀར་པོའི་ཅོད་པན་ཅན་ཟླ་བའི་འོད་དོ། །ལྷོའི་འདབ་མ་ལ་ཉི་མ་དམར་པོ་ཕྱག་གཉིས་པ་པདྨ་འཛིན་པ། རྟ་ལྗང་གུ་ལ་ཞོན་པ། རིན་པོ་ཆེའི་ཅོད་པན་དང་རྒྱན་ཐམས་ཅད་དང་ལྡན་པ་འོད་སྔོ་བསངས་ཅན་ནོ། །ནུབ་ཀྱི་འདབ་མ་ལ་ལྷག་པ་ སེར་པོ་ཁྱུ་མཆོག་ལ་ཞོན་པ། ཉི་མའི་གདན་དང་ཉི་མའི་འོད་ཅན་རྩེ་གསུམ་འཛིན་པའོ། །རླུང་གི་འདབ་མ་ལ་སྒྲ་གཅན་དང་མཇུག་རིངས་ཉི་མའི་གདན་དང་། ཉི་མའི་འོད་ཅན་ཆེར་གནག་པ་དང་དུ་བའི་མདོག་ཅན་འཁོར་བའི་འཁོར་ལོ་བཀུག་ནས་ཟ་བའི་ཚུལ་འཛིན་ པའི་སྒྲ་གཅན་དང་ཐལ་མོ་སྦྱར་བ་འཛིན་པའི་མཇུག་རིངས་སོ། །དེའི་དབུས་ཀྱི་ལྟེ་བ་ལ་ཚངས་པ་གདོང་བཞི་པ་ལག་པ་བཞི་པ་དབྱུ་གུ་གསུམ་འཆང་བ་དང་། མི་འཇིགས་པའི་ཕྱག་ཅན་ཕྱག་ལྷག་མ་དག་གིས་བགྲང་ཕྲེང་དང་རིལ་པ་སྤྱི་བླུགས་འཆང་བ་སེར་པོ་ངང་པ་ལ་ཞོན་པ། ཟླ་བའི་གདན་དང་ཟླ་བའི་འོད་ཅན་མཆོད་ཕྱིར་ཐོགས་པ་ཅན་རལ་པ་སེར་པོ། གཟུགས་ཐུང་བ་ཚངས་པའི་བུ་ཡིས་བསྐོར་བ་སྟེ། ཚངས་རིས་ཀྱི་ལྷ་དང་། ཚངས་པ་མདུན་ན་འདོན་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། འོག་མིན་ལ་ སོགས་པའི་མིང་ཅན་རྣམས་སོ། །འོག་གི་ཆོས་འབྱུང་གི་ཕྱོགས་ཀྱི་འདབ་མ་ལ། ནོར་རྒྱས་ཀྱི་བུ་སེར་པོ། ཀླུ་པདྨ་དཀར་པོ། ཀླུ་སྟོབས་ཀྱི་རྒྱུ་དམར་པོ། ཀླུ་འཇོག་པོ་ནག་པོ། ཀླུ་དུངསྐྱོང་རྣམས་མིའི་གདོང་པ་ཅན། རྒྱན་ཐམས་ཅད་འཆང་བ། མགོ་བོར་གདེངས་ ཀ་དང་བཅས་པས་མཚན་པ། ལྷ་མ་ཡིན་དང་དམྱལ་བའི་སེམས་ཅན་དང་ལྷན་ཅིག་པའོ། །ལྟེ་བ་ལ་ལྷག་མ་ཅན་དཀར་པོ་རིན་པོ་ཆེའི་ཅོད་པན་ཅན། མིའི་གདོང་པ་ཅན་ནོ། །འདི་ལྟར་གདེངས་ཅན་འདི་དག་བརྟན་པར་བྱས་ནས་སླང་དེ་དག་ཡོངས་སུ་གྱུར་པས་དཔལ་ གཤིན་རྗེ་མཐར་བྱེད་ཀྱི་གཟུགས་ཀྱིས་རྫོགས་པར་བྱས་ཏེ། སྐུ་གསུང་ཐུགས་ཀྱི་རབ་ཏུ་སྦྱོར་བ་ལས་སྟེང་དུ་གནས་པ་ནི་སྐུའི་རྣམ་པའོ། །དབུས་སུ་གནས་པ་ནི་སླར་ཡང་མི་བསྐྱོད་པའི་རྣམ་པའོ། །འོག་ཏུ་གནས་པ་ནི་གསུང་རྡོ་རྗེའི་རྣམ་པར་ བལྟ་བར་བྱའོ། །ལས་ཐམས་ཅད་ཀྱི་དོན་དུ་སླར་ཡང་ཕྱག་དང་ཞལ་ཇི་ལྟ་བ་དེ་ལྟ་བུའི་ང་རྒྱལ་ཇི་ལྟར་རིགས་པར་བྱའོ། །ཡང་ན་ཐམས་ཅད་དུ་བདག་ཉིད་ཀྱི་གཟུགས་ཇི་ལྟ་བ་དེ་བཞིན་ནོ། །དེའི་རྗེས་སུ། ཨོྃ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆེ་བའི་ཕྱག་རྒྱས་ཞབས་དག་ལ་ ཞབས་བསིལ་ཕུལ་ནས་སྔར་བརྗོད་པའི་བདུད་རྩི་མྱང་བས་གཏོར་མའི་ཀུན་སྤྱོད་བྱའོ། །ཨོྃ་ར་ཀྟ་མུ་ཀུ་ཊཱ་ཡ། རཀྟ་ཛ་ཊཱ་ཡ། རཀྟ་མུ་ཁཱ་ཡ། ར་ཀྟ་བྷུ་ཛཱ་ཡ། ར་ཀྟ་ཤ་རཱི་རཱ་ཡ། རཀྟ་མུཎྜ་མཱ་ལཱ་བྷ་ར་ཎཱ་ཡ། ར་ཀྟ་པདྨཱ་ས་ནཱ་ཡ། རགྟཱ་བྷཱ་ར་ཎ་བྷུ་ཥ་ཎཱ་ཡ། ཨི་མཾ་ བ་ལིཾ་གྲྀཧྞ་གྲྀཧྞ་ཙ་ཏུ་རྨྨཱ་རཱནྣིབཱ་ར་ཡ་ནི་བཱ་ར་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ནཱ་ཤ་ཡ་ནཱ་ཤ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཙྪེ་ད་ཙྪེ་ད། བྷེ་ད་བྷེ་ད། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧ། ཨོཾ་ཨིནྡཱ་ཡ་ཧྲཱིཿ། ཡ་མཱ་ཡཥྚྲིཿ། བ་རུ་ཎཱ་ཡ་བི། ཀུ་བེ་རཱ་ཡ་ཀྲྀ། ཨཱི་ ཤ་ནཱ་ཡ་ཏ། ཨནྒ་ཡེ་ཨཱ། ནཻརྀ་ཏྱཱ་ཡ་ན། བཱ་ཡ་བེ་ན། ཙནྡཱ་ཡ་ཧུྃ། ཨརྐ་ཡ་ཧཱུྃ། བྲཧྨ་ཎེ་ཕཊ། བ་སུནྡྷ་རཱ་ཡི་ཕཊ། བེ་མ་ཙི་ཏྲི་ཎེ་སྭཱ། སརྦ་བྷུ་ཏེ་བྷྱོ་ཧཱ། ཧཱ་ཧཱ་ཧཱ་ཧཱི་ཧཱི་ཧཱི་ཧཱུྃ་ཧཱུྃ་ཧཱུྃ། ཕེཾ་ཕེཾ་ཕེཾ་ཕཊ་སྭཱ་ཧཱ། ཨོྃ་མོ་ཧ་ཡ་མཱནྟ་ཀཱ་ཡ་སྭཱ་ཧཱ། ཨོྃ་པི་ཤུ་ན་ཡ་མཱནྟ་ ཀཱ་ཡ་སྭཱ་ཧཱ། ཨོྃ་རཱ་ག་ཡ་མཱནྟ་ཀཱ་ཡ་སྭཱ་ཧཱ། ཨོྃ་ཨཱིརྵྱ་ཡ་མཱནྟ་ཀཱ་ཡ་སྭཱ་ཧཱ། ཨོྃ་བཛྲ་ཙརྩི་ཀཱ་ཡེ་སྭཱ་ཧཱ། ཨོཾ་བཛྲ་བཱ་རཱཧྱི་སྭཱ་ཧཱ། ཨོྃ་བཛྲ་སྭ་ར་སྭ་ཏྱཻ་སྭཱ་ཧཱ། ཨོྃ་བཛྲ་གཽ་རྱཻ་སྭཱ་ཧཱ། ཨོྃ་བཛྲ་བེཏྟཱ་ལི་བ་ལི་པྲ་ཏཱིཙྪ་སྭཱ་ཧཱ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། ། གཤིན་རྗེའི་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲ་མ་རྡོ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་གཤེད་པོ་ཤིན་ཏུ་འཇིགས། །ཐུགས་ཀྱི་རྡོ་རྗེ་རབ་གསལ་བ། །རྡོ་རྗེ་རིན་ཆེན་ཁྱོད་ཕྱག་འཚལ། ། འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །མངའ་བདག་ཆགས་པའི་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་ རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ཧོ་བྷ་ག་ཝཱན་ཏྭེ་ནོ་པ་ཏིཥྛ་དྲྀ་ ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་ར་ཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། བཅོམ་ལྡན་འདས་སྐུ་བཞི་པོ་གསུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ ཅིག་བྷ་གར་འཇིག་རྟེན་འདས། །སངས་རྒྱས་ཀྱི་ནི་སྐུ་བཞི་པོ། །འཇིག་རྟེན་རྣམས་ལ་ཕན་དོན་དུ། །ཧེ་རུ་ཀ་ངས་བསྟན་པ་ཡིན། །བླ་མ་དམ་པའི་གདམས་པས་དམན། །སངས་རྒྱས་སྐུ་ནི་རྣམ་པར་སྤངས། །རྡོ་རྗེ་ཐེག་པས་རྣམ་དམན་པ། །དེ་རྣམས་རྒྱུད་ འདིར་ཁ་ཕྱིར་ཕྱོགས། །གང་གིས་ཧོ་ཡིག་མི་ཤེས་པ། །སྲིད་པར་འདུས་པའི་རྣལ་འབྱོར་པས། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །རྣལ་འབྱོར་པ་ཉིད་གཤིན་རྗེའི་གཤེད། །དམར་པོའི་རྒྱུད་ཆེན་ཚིག་ཉུང་བ། །མི་ཤེས་གང་དེ་ཡོངས་སུ་ངལ། །ཅི་ ཕྱིར་དེ་ཡི་བདེ་བ་ཆེ། །བདེ་བ་ཐམས་ཅད་ཀུན་བསྡུས་པའོ། །པད་འདབ་དྲུག་ཅུ་རྩ་བཞི་པ། །རྒྱུ་བཅས་ཆེད་དུ་རྣལ་འབྱོར་མའི། །ལོངས་སྤྱོད་རྫོགས་ལས་བདེ་བ་ཐོབ། །སྤྱོད་ཅིང་སྤྱོད་ལ་དེ་རྩེའོ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །སྲིད་གསུམ་ སྤྱོད་པས་སྤྱོད་པར་བྱེད། །འདི་ནི་སྐུ་ནི་བཞི་བོ་སྟེ། །སངས་རྒྱས་རྣམས་ཀྱི་འངསྤྱོད་ཡུལ་མིན། །འཇིག་རྟེན་འདས་པའི་ཐ་སྙད་ཀྱིས། །རྣལ་འབྱོར་དམ་པའི་རྣམ་པས་བསྟན། །འཁོར་ལོ་བཞི་ཡི་རྣམ་པ་ཡིས། །ཀྱེ་ཡི་རྡོ་རྗེར་བདག་གིས་བསྟན། ། སྒོམ་པའི་སྦྱོར་བ་འདུས་པ་རུ། །རྩ་རྣམས་མཁའ་འགྲོ་མ་ཀུན་གྱིས། །འབྲས་བུའི་སྒྲུབ་ཐབས་ཀྱེ་རྡོ་རྗེར། །གང་དུ་རླུང་གི་སྒྲུབ་ཐབས་ནི། །ཉིན་དང་མཚན་མོའི་རབ་དབྱེ་ལས། །འདབ་མ་དྲུག་ཅུ་བཞིར་དབྱུ་གུ། །ཞེས་པ་ འདི་དག་ཐུན་མོང་གི །རབ་ཏུ་དབྱེ་བས་བརྗོད་པར་བྱ། །ལྷ་ཡི་གཟུགས་ཀྱི་བདག་ཉིད་ཅན། །སླར་ཡང་སྐུ་གསུང་ཐུགས་དབྱེ་བས། །ཡིག་གསུམ་ཉིད་ཀྱི་མཉམ་བཞག་པའི། །ཡིད་ཀྱིས་ཁོང་དུ་ཆུད་པར་བྱ། །ཨོཾ་ཡིག་གིས་ནི་འཇུག་པ་དང་། །ཨཱཿ ཡིག་གིས་ནི་དེ་བཞིན་གནས། །ཧཱུྃ་ཡིག་གིས་ནི་དབྱུང་བ་ཡང་། །རྣལ་འབྱོར་མན་ངག་ལས་བྱའོ། །ཨོྃ་ཨཱཿཧཱུྃ་ཞེས་བྱ་བ་འདིས། །གཡོ་ཞིང་གཡོ་བ་བརྟན་པར་འགྱུར། །དེ་ལས་ས་བོན་མཚན་མའང་སླར། །སྣ་རྩེར་མཆོག་ཏུ་བསམ་པར་བྱ། ། འོད་གསལ་བ་ཡི་རང་བཞིན་བྱ། །དེ་བཞིན་བདག་གཞན་མཉམ་པ་ཉིད། །བྱེད་མེད་གཟུགས་ནི་ཀུན་དམིགས་ན། །ཡང་ཡང་སྐད་ཅིག་སྐད་ཅིག་མ། །གཅིག་ལས་སླར་ཡང་ལྡང་ནས་ནི། །སྔགས་པས་གྲིབ་མ་སྒྱུ་མ་ལྟའི། །དབྱེ་བས་ཀུན་ཏུ་བསམ་ པར་བྱ། །དག་པའི་སྐུ་འདི་ཡིས་ནི་གང་། །ཡེ་ཤེས་བརྩོན་པས་བསྒོམ་པར་བྱ། །དེས་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཉིད་དུ་ནི་བྱེད་པ་སྟེ། །ལྷ་ཡི་རྣལ་འབྱོར་འདི་ཉིད་ནི། །བླ་མའི་མན་ངག་ལས་རྟོགས་བྱ། །སླར་ཡང་སྔགས་པས་འཇིག་རྟེན་ དོན། །སླར་ཡང་ཡི་གེ་བསྒོམ་པར་བྱ། །ལན་གྲངས་ཀུན་ཏུ་རྒྱུན་ཆགས་སུ། །བཅིང་བྱ་ལོངས་སྤྱོད་རྫོགས་པའི་སར། །ལག་པས་ངེས་སྦྱར་སྟེང་གི་ནི། །ཡི་གེ་བརྟན་པའི་འཁྲུལ་འཁོར་ལས། །རྐྱང་མ་དང་ནི་རོ་མ་ཡི། །དབུས་སུ་གཡོ་མེད་འཇུག་པར་ གྱིས། །སྐུ་གསུང་ཐུགས་སུ་ངེས་སྦྱར་ནས། །ཕྱག་རྒྱ་མཆོག་ཏུ་བསམ་པར་བྱ། །སྐད་ཅིག་དེ་ལས་ལྷན་སྐྱེས་འཆར། །བསྒོམ་བྱ་འདིར་ནི་ཐེ་ཚོམ་མེད། །དོན་འདི་གང་གིས་ཤེས་བྱེད་པ། །བློ་བཟང་ཡིད་ནི་མཉམ་པར་གཞག ། ཆོས་རྣམས་ཐམས་ཅད་དེས་ཤེས་བྱེད། །སངས་རྒྱས་ལམ་གྱི་མན་ངག་གོ །འཇུག་ངོགས་ཆེན་པོར་དེས་བཀྲུས་ཏེ། །དེ་བཞིན་གཤེགས་པས་མངོན་དབང་བསྐུར། །དེ་ཡང་གང་དང་གང་འགྲོ་བ། །དེར་ནི་སངས་རྒྱས་འོང་བར་བྱེད། །ཀུན་ཏུ་བྱང་ ཆུབ་སེམས་དཔའ་ཉིད། །སྣ་ཚོགས་སེམས་ཅན་ཕན་པར་བྱེད། །ཧཱ་ཧཱའི་ཡི་གེ་སྒྲོགས་བྱེད་ཅིང་། །ཡང་ནས་ཡང་དུ་ཅི་ཞེས་པས། །ཕྱོགས་བཅུར་རྣམ་པར་གནས་པ་ཡི། །བདུད་རྣམས་ཀུན་ཏུ་འབྲོས་པར་བྱེད། །ཐལ་མོ་སྦྱར་བར་བྱས་ནས་དེའི། ། ཞབས་ལ་ཀུན་གྱིས་འདུད་པར་བྱེད། །སྣ་ཚོགས་གཟུགས་འཆང་བུད་མེད་ནི། །སྣ་ཚོགས་འདོད་པས་གླག་ཚོལ་ཏེ། །ཆུ་ཤིང་ཏིལ་མཆོག་མ་ལ་སོགས། །བཀུག་ནས་རྫོགས་པར་ལོངས་སྤྱོད་བྱེད། །ཅེས་པ་གཤིན་རྗེའི་གཤེད་དམར་པོའི་རྒྱུད་དུ་རླུང་ གི་དེ་ཉིད་དེ་ལེའུ་བཅུ་བཞི་པའོ།། །།དེ་ནས་རླུང་གི་རྣམ་གྲངས་ནི། །བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། །རབ་ཏུ་ཕྱེ་ནས་བཤད་ཀྱིས་ཉོན། །རིགས་ཀྱི་དབྱུ་གུ་སོ་གཉིས་ལ། །ཐུན་ཚོད་བཞི་རུ་འགྱུར་བ་ཡིན། །བཅུ་དྲུག་གཉིས་ཀྱིས་ རྣམ་པར་འགྱུར། །ཐུན་གཅིག་དབྱུ་གུ་ལྷག་པ་ལ། །ཐུན་ཕྱེད་དབྱུ་གུ་བཞི་ཡིན་ཏེ། །དེས་ན་རིམ་པ་བཞིན་འགྱུར་རོ། །ཉིན་དང་མཚན་མོར་རིམ་པས་ཀྱང་། །འཕོ་བ་བཅུ་དྲུག་རབ་ཏུ་བརྗོད། །མེ་དང་རླུང་དང་ཆུ་དང་ནི། །དབང་ཆེན་དཀྱིལ་འཁོར་བཞི་ པོ་ནི། །འབབ་པས་དབྱུ་གུ་བཞིར་རབ་གྲགས། །རླུང་ནི་བཞི་པོ་རྣམ་འཕེལ་ལས། །འཁོར་ལོ་བཞི་རུ་རབ་ཏུ་བརྗོད། །རྣམ་པ་སྣ་ཚོགས་ལ་སོགས་བཞི། །སྐད་ཅིག་ཐང་ཅིག་སོགས་དབྱེ་ལས། །རྣམ་པ་བཞི་རུ་དེ་བརྗོད་དོ། །དེ་བཞིན་དགའ་བ་བཞི་པ་སྟེ། ། གནས་ནི་བཞིར་ཡང་རབ་ཏུ་བརྗོད། །སྐུ་གསུམ་དེ་ལ་སྐུ་བཞི་པ། །དེ་བཞིན་ཐམས་ཅད་བཞི་རུ་ཡང་། །ཕྱི་སོགས་རིམ་པ་དེ་བཞིན་ནོ། །རྣལ་འབྱོར་བཞི་དང་བཞི་པ་ནི། །སྐུ་ནི་བཞི་རུ་ཡང་དག་བརྗོད། །འདིས་ནི་དབྱུ་གུ་བཞིར་འགྱུར་ཏེ། །རབ་ཏུ་དབྱེ་བས་དྲུག་ཅུ་བཞི། ། ཀྱེ་ཡི་རྡོ་རྗེར་བསྟན་དང་འདིར། །དེ་བཞིན་ངེས་བསྟན་ལུས་ཀྱི་ནི། །གཞི་ལ་འཁོར་ལོ་བཞི་ཡོད་དེ། །དེ་ཡང་སྐུ་ནི་བཞི་པོ་ཡིན། །དགའ་བ་བཞི་ཡིས་དགའ་བ་ཡང་། །སྐུ་བཞི་པོར་ནི་རབ་ཏུ་བརྗོད། །དཔལ་གཤིན་རྗེའི་གཤེད་དམར་པོའི་རྒྱུད་མདོར་ བསྟན་པ་སྟེ་ལེའུ་བཅོ་ལྔ་པའོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྲིད་པའི་འཁོར་ལོར་བརྗོད་བྱ་ཅི། །ལྷ་ཡི་གསང་ལས་ཆེས་གསང་དྲིས། །སྲིད་གསུམ་སེམས་ཅན་རྨོངས་པ་རྣམས། །ཉམས་བྱེད་སྙིང་པོ་འདི་ཉོན་ཅིག ། འདིས་ནི་བདུད་རྣམས་ངེས་འཇོམས་ཞེས། །རྟག་ཏུ་སངས་རྒྱས་ཉིད་སྒྲུབ་པ། །དེ་ལྟར་རྣལ་འབྱོར་འཁོར་བར་འཁྱམ། །འཁོར་བར་མཆོག་ཏུ་རྩེ་བར་བྱེད། །ཆུ་ལ་པདྨའི་འདབ་མ་བཞིན། །སྐྱོན་གྱིས་ཅི་ཡང་གོས་པ་མེད། །བཅུ་གཉིས་རྣམ་པའི་ འཁོར་ལོ་འདི། །བཅུ་གཉིས་དོན་ཞེས་རབ་ཏུ་གནས། །འཁོར་ལོ་འདི་ཉིད་ཁོ་ན་ཡང་། །ཡན་ལག་བཅུ་གཉིས་རབ་ཏུ་གྲགས། །གང་གིས་འཁོར་ལོ་འདི་ཤེས་བྱེད། །སངས་རྒྱས་ཀུན་གྱིས་རབ་གྲགས་པའི། །ཆོས་རྣམས་མ་ལུས་ཤེས་བྱེད་ཅིང་། ། ཆོས་ཀྱི་འཁོར་ལོ་རབ་བསྐོར་བྱེད། །དེ་ཕྱིར་ཡན་ལག་བཅུ་གཉིས་པའི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །བདག་གིས་བཤད་པར་བྱ་ཡིས་ཉོན། །མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་ དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ཉེ་བར་ལེན་པ་དང་། སྲིད་པ་དང་