Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 083_རྒྱུད་འབུམ།_ཇ
Văn bản gốc(Tây Tạng)
Trang 6 / 21 (50.000 ký tự/trang)
་དང་། ཨརྒ་གསུམ་ལ་ལན་བདུན་བདུན་བཟླས་ཏེ། །རྣ་བའི་འོག་ཏུ་བཅུག་ན་ཙཽ་ར་བ་ ཐམས་ཅད་ཀྱིས་གནོད་པར་བྱ་བར་མི་ནུས་སོ། །མི་རུས་ལ་བྱས་ཕུར་བུ་ནི། །བགེགས་ཀྱི་ལུས་ཅན་ཞལ་གཅིག་པ། །ཕྱག་བཞི་ཐོ་བ་ཞགས་པ་དང་། །དགྲ་སྟ་རྩེ་གསུམ་བསྣམས་པ་སྟེ། །དུག་ཁྲག་ལན་ཚྭ་སྐེ་ཚེ་དང་། །རྒྱ་ཚྭ་མར་ནག་ནང་དུ་བཙོ། །སྟོབས་ཆེན་ སྔགས་བྲིས་རས་མས་གཏུམ། །ཁྱིམ་སྒོར་སྦས་ན་འཆི་བར་འགྱུར། །ཨོྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བིདྷ་ནྶ་ཡ། ཨུད་སཱ་ད་ཡ་མཱ་ར་ཡ་ཧཱུྃ་ཕཊ། སྦྲུལ་མགོ་གཉིས་པའི་ཐོད་པར་ཁྱི་སྨྱོན་པའི་ལྕེ་ལ་དགྲའི་ལིང་ག་བྲིས་ཏེ་རྟའི་རྨིག་པའི་འོག་ཏུ་བཅུག་ལ་སྔགས་འདི་ བཟླས་ནས་གང་གི་སྒོར་སྦས་ན་བསྐྲད་པའམ་སྨྱོ་བར་འགྱུར་རོ། །ཨོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཆེ་གེ་མོ་མུ་པྟ་ཡ་ཕཊ་ཅེས་ཁྲི་བཟླས་སོ། །ཤིང་ལོ་དང་སྟག་པ་ལ་རྡོ་རྗེའི་རྣམ་པར་བྱས་ལ་ལྟེ་བར་ལས་ཀྱི་རིག་པ་བཅུག །དཔའ་བོ་གཡུལ་དུ་ཤི་བའི་སྐྲའི་ཐེ་གུས་རྐེད་པར་བཏགས་ ལ་ཀླད་ལ་བསྐོར་ན་བགེགས་འབྲོས་པར་འགྱུར་རོ། །གྲོ་གའི་འདབ་མ་ལ་རྡོ་རྗེའི་ནང་དུ་ཆུད་པའི་ལྟེ་བར་སྐུ་གསུང་ཐུགས་ཀྱི་སྔགས་དང་བསྲུང་བྱ་བྲི། །དེའི་མཐའ་མར་ལས་རབ་འབྱམ་བྲི། དེའི་ཉེ་བར་བསྟན་པའི་འཁོར་གྱི་སྔགས་བྲི། དེའི་མཐའ་མར་ཤེས་རབ་ཀྱི་ སྔགས་བྲི། དེའི་མཐའ་མར་མེའི་ཚོགས་བྲིས་ཏེ་དྲིལ་ལ་ལུས་ལ་བཅངས་ན་གདོན་ཐམས་ཅད་ཀྱིས་གླགས་མི་རྙེད་དོ། །བྱི་ཁུང་ཤར་བལྟས་ས་དང་ནི། །འུག་ཆུང་རུས་པ་ལང་ཀའི་རྩྭ། །སྒོ་ལྕགས་ཁུང་བུར་བླུགས་བྱས་ཏེ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཀུར་ཏྲི་ས་ནཱ་ ཀར་ཏི་ཚུམས་དང་ཕུཊ་ཕུཊ་སྭཱ་ཧཱ། སྔགས་དེ་བརྒྱ་དང་བརྒྱད་བཟླས་ན། །སྨྱིག་མས་ཡང་ཡང་དཀྲོག་པ་ནི། །སྒོ་ལྕགས་འབྱེ་བར་ཐེ་ཚོམ་མེད། །དུར་ཁྲོད་སོལ་བས་བསྲེགས་པས་ནི། །སླར་ཡང་སྔ་མ་དག་ཏུ་འགྱུར། །རྒྱ་གྲམ་ནང་དུ་ཆུད་པ་ཡི། །དམག་ གི་གཙོ་བོ་བྲི་བྱ་སྟེ། །སྔགས་དང་སྤེལ་ནས་སྙིང་ག་རུ། །སིང་ལྡེང་ཕུར་པ་བཏབ་ན་ནི། །ངེས་པར་དེ་ཉིད་རེངས་པར་འགྱུར། །བྱི་བ་ནག་པོའི་རྟུག་པ་དང་། །ཤ་ཅན་ར་ཡི་རྭ་དང་ནི། །ཁྱི་ནག་སྤུ་དག་བསྲེགས་གྱུར་ན། །འབྲུ་ཡི་རྣམ་པ་འཕེལ་བར་འགྱུར། ། དེ་སོགས་ལས་ཀྱི་རིམ་པ་ནི། །བསམ་གྱིས་མི་ཁྱབ་ཇི་སྙེད་པ། །ཁྱོད་ལ་བསྟན་པར་མི་ནུས་པས། །སྔགས་གྲུབ་དེ་ཡིས་རྟོགས་པར་འགྱུར། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་ལས་སྣ་ཚོགས་བསྟན་པའི་ ལེའུ་སྟེ་བཅུ་བདུན་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། རྡོ་རྗེ་འཆང་གི་ཆར་དབབ་པའི་ཆོ་ག་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། ། བདག་མེད་ཤེས་རབ་མ་ཡི་མཆོག །ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ཆུ་བདག་གནས་པའི་ས་ཡི་ཆར། །དཀྱིལ་འཁོར་པདྨ་བརྒྱད་པ་ལ། །སྒོ་དང་རྟ་བབས་སྦྲུལ་གྱིས་བརྒྱན། །མེ་ཏོག་མཆོད་པས་མཉེས་བྱ་བ། །བྲམ་ཟེའི་ཐོད་པ་གཙང་མ་ གཉིས། །ཆུ་བདག་དམ་ཚིག་ཀླུ་ཡི་གཟུགས། །གུར་གུམ་བཟང་པོས་བྲི་བར་བྱ། །ཁ་སྦྱར་བར་དུ་རྡོ་རྗེ་འཛིན། །ཞལ་བཞི་པ་ལ་ཕྱག་བརྒྱད་པ། །བཻ་ཌཱུརྱ་ལྟར་གནས་པ་ནི། །ཆུ་དར་ཡང་ན་རས་ལ་བྲི། །རྩ་བ་ཁྲོ་བོ་གཡས་གཡོན་རྒྱབ། །དཀར་དམར་དེ་ བཞིན་ལྗང་ཁུ་སྟེ། །རྩ་བ་ཁྱུང་ཆེན་ཟིལ་གྱིས་གནོན། །གཡས་ཀྱི་ཕྱག་ན་རིམ་པ་ལྟར། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །ལྕགས་ཀྱུ་རིགས་ལྡན་པདྨ་དང་། །པད་ཆེན་དུང་སྐྱོང་ཡུམ་དང་བཅས། །གཡོན་པ་དྲིལ་བུ་རྩེ་གསུམ་དང་། ། ཕུར་བུ་སྤྲིན་གྱི་ཞགས་པ་སྟེ། །མཐའ་ཡས་ནོར་རྒྱས་འཇོག་པོ་དང་། །སྟོབས་རྒྱུ་ཡུམ་གྱིས་བཅིངས་པ་ནི། །ཐམས་ཅད་གཙོ་ལ་ཐལ་སྦྱར་ཏེ། །སྦྲུལ་མགོ་སྤྲིན་ཆེན་བཞིན་དུ་གཏིབས། །འདབ་མར་ཀླུ་ཆེན་བརྒྱད་བསྐྱེད་ལ། །སྤྱན་དྲངས་མཆོད་ པ་བྱས་ནས་ཀྱང་། །ཆར་གྱི་རྒྱུན་ཆེན་འབབ་པར་བསམ། །ཀླུ་ཆེན་རྩ་བའི་སྔགས་རྣམས་ལ། །བྷ་རི་ཤ་ཡ་བཏགས་ཏེ་བཟླས། ངེས་པར་ཆར་རྒྱུན་འབབ་པར་འགྱུར། །གལ་ཏེ་འབབ་པར་མ་གྱུར་ན། །གུ་གུལ་དུད་པས་གཟིར་བྱས་ནས། །ཕྲིན་ ལས་སྔགས་ཀྱིས་སྲོག་ཀྱང་གཡོ། །གལ་ཏེ་མ་བབ་ན་རྡོ་རྗེ་འཛིན་པ་ཕྱུང་ལ་ཚ་བའི་མར་ནག་གིས་བླུགས་ལ་སྔགས་བཟླས་ན་འབབ་པར་འགྱུར་རོ། །ཡང་ན་ཁམ་ཕོར་ལ་སྦྲུལ་མགོ་གཉིས་པའི་ཁྲག་དང་ཤས་སྔར་ལྟར་བྱས་ལ་སྐྱེར་པའི་སོལ་བའི་མེ་ལ་སྔར་ལྟར་ བསྲོ་བར་བྱ་སྟེ། དེས་ངེས་པར་འབབ་པར་འགྱུར་རོ། །ཡང་ན་གཏུམ་པའི་འབྲས་བུ་ལ། །སྔགས་ཀྱིས་བཏབ་སྟེ་ཀླུ་ཡི་ཁྱིམ། །སྦྱིན་སྲེག་བྱས་པས་འབབ་པར་འགྱུར། །དེས་ཀྱང་འབབ་པར་མ་གྱུར་ན། །ཡུངས་ཀར་སྐྱེ་ཚེ་སྦྲང་རྒོད་དང་། །བྲ་མའི་མེ་ ཏོག་ཕྱེ་མར་བྱས། །ར་ཡི་འོ་མས་རིལ་བུ་སྦྱར། །སྔགས་བཟླས་མཚོ་འམ་ཆུ་མིག་ཏུ། །བརྒྱ་དང་བརྒྱད་དུ་བསྐྱུར་ན་འབབ། །དེས་ཀྱང་འབབ་པར་མ་གྱུར་ན། །སྟ་རུའི་ཁུ་བས་རིལ་བུ་བྱས། །མཚོར་བསྐྱུར་ངེས་པར་འབབ་པ་ཡིན། །གལ་ཏེ་དེས་ཀྱང་མ་བབ་ན། ། པདྨ་ཨུཏྤལ་སྔོན་པོ་དང་། །ཡུངས་ཀར་ཟངས་ཕྱེ་བ་བླ་དང་། །དབང་པོ་ལག་པ་རྒྱ་སྐྱེགས་ཤིང་། །བུ་རམ་ར་ཡི་འོ་མས་བསྡུས། །རྒྱ་ཤུག་འབྲུ་ཙམ་རིལ་བུ་ལ། །ལན་བདུན་བསྔགས་ཏེ་མཚོར་བསྐྱུར་ན། །ཆར་རྒྱུན་མཚུངས་པ་མེད་པར་འབབ། །མི་འབེབས་ཀླུ་རྣམས་ མགོ་གས་ཏེ། །ལུས་ནི་བསྐམས་ཏེ་འཚིག་པར་འགྱུར། །ང་ཡི་བཀའ་ལས་གང་འདའ་བ། །སྐད་ཅིག་ཉིད་ལ་བརླག་པར་འགྱུར། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་ཆར་དབབ་པའི་ལེའུ་སྟེ་བཅྭ་བརྒྱད་པའོ།། །། དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། རྡོ་རྗེ་འཆང་གི་སྦྱིན་སྲེག་གི་ཆོ་ག་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག །ཁྱོད་ལ་བཤད་ཀྱིས་ ལེགས་པར་ཉོན། །ཐབ་དང་རྫས་དང་ལྷ་དང་ནི། །སྔགས་ཀྱི་རིམ་པ་ཕན་ཡོན་རྣམས། །རིམ་པས་མཛེས་མ་ཁྱོད་ལ་བསྟན། །སྦྱང་བའི་ལས་ནི་སྔོན་འགྲོ་བས། །སོར་ནི་ཉི་ཤུ་རྩ་བརྒྱད་དང་། །བཅུ་དྲུག་བཅུ་བཞི་བཅུ་གཉིས་དང་། །བཅུ་དང་བརྒྱད་ལས་ཆུང་ བ་སྤང་། །རིམ་བཞིན་ནད་རྣམས་ཞི་ཞིང་ནོར་འཕེལ་དང་། །རིམས་རྣམས་ཞི་ཞིང་ཞི་ལས་འགྲུབ། །དབང་དུ་བསྡུ་དང་རྒྱས་པ་དང་། །གསོད་པའི་ཐབས་སུ་ཤེས་པར་བྱ། །ཐུར་དུ་རྐོ་བ་སུམ་གཉིས་ཏེ། །ཁ་ཁྱེར་བརྒྱད་ཆ་མཐོ་བའོ། །རིམ་བཞིན་ཕྱེད་ཕྱེད་ རྡོ་རྗེས་མཚན། །དཀར་སེར་དམར་ནག་ལྗང་ཁུ་སྟེ། །ལས་དང་འབྲེལ་བ་ཤེས་པར་བྱ། །མཆོད་པའི་རྫས་དང་ཡམ་ཤིང་དང་། །དཱུར་བ་ལ་སོགས་བསྲེག་པའི་རྫས། །གཡས་དང་གཡོན་གྱི་རིམ་པ་ཡིན། །རང་ཉིད་རྡོ་རྗེ་འཛིན་པར་བསྐྱེད། །རྒྱས་ལ་དགའ་དང་ཞི་ ལ་ཞི། །དབང་ལ་ཆགས་པ་ཁྲོ་ལ་བསད། །གཞན་རྩུབ་བསྐྲད་པ་ལ་སོགས་ཡིན། །དམར་བ་མེ་ཕྱོགས་གདུང་བའི་ལས། །བསྐྲད་པ་རླུང་སྟེ་གནོན་པ་ནི། །བདེན་བྲལ་དབང་དང་དགུག་པ་ཡང་། །ལྷོ་ཡི་ཕྱོགས་སུ་ལྟ་བ་ཡིན། །གསད་དང་དབྱེ་བའང་དེ་བཞིན་ ཏེ། །ཤར་ཞི་བྱང་ཕྱོགས་རྒྱས་པ་ཡིན། །ཧཱུྃ་ལས་སྐྱེས་པ་ཁ་དོག་དམར། །མཛེས་པའི་ཞལ་གདངས་ཅུང་ཟད་གནག །དབྱུག་གུ་རིལ་བ་སྤྱི་བླུགས་དང་། །བགྲང་ཕྲེང་གཡོན་དང་གཡས་སུ་བསམ། །རལ་པའི་ཅོད་པན་གསུས་པོ་ཆེ། །རྒྱན་དང་ལྡན་པ་ བསམས་ལ་བསྟིམ། །བསང་གཏོར་འཐོར་འཐུང་མཆོད་ཡོན་དང་། །ཞབས་བསིལ་ལ་སོགས་དབུལ་བར་བྱ། །མེ་ཏོག་ལ་སོགས་རིམ་པ་སྟེ། །གཟར་བུ་གཉིས་ཀྱིས་དགང་བླུགས་དབུལ། །ཨོྃ་ཨགྣ་ཡེ་སྭཱ་ཧཱ། དེ་རྗེས་མེ་ཡི་མཚན་མ་བརྟག ། མདོག་དང་སྒྲ་དང་དྲི་དང་རོ། །དབྱིབས་དང་ཁ་དོག་བལྟ་བར་བྱ། །མེ་ནི་རྩེ་གཅིག་འབར་གྱུར་ན། །བསམ་པ་ཐམས་ཅད་འགྲུབ་པར་སྟོན། །གཉིས་འབར་རྩེ་གསུམ་མི་གཡོ་ན། །འབར་བའི་འབྲས་བུ་ཐམས་ཅད་འཛིན། །རྩེ་བཞི་མཉམ་ཉིད་བརྟན་པ་སྟེ། །རྒྱས་ པའི་ལས་ལ་འབྲས་བུ་ཡོད། །ཟླ་འདྲ་སྣུམ་ལ་དྲི་མ་མེད། །དུ་བ་མེད་ཅིང་བཻ་ཌཱུ་ར་འདྲ། །ནད་མེད་རིགས་རྣམས་རྒྱས་པར་བྱེད། །ཆུ་ཤེལ་ནོར་བུ་སྤུང་པ་དང་། །པདྨ་རཱ་ག་གསལ་བ་ནི། །སྡིག་པ་མ་ལུས་ཟད་པར་འགྱུར། །དམར་སེར་པུཎྜ་རཱི་ཀ་དང་། །བན་ དུ་ཁ་དོག་གསལ་བ་ན། །རྒྱལ་སྲིད་དཔལ་རྣམས་འབྱོར་པ་ཡིན། །ཨུཏྤལ་མ་ལི་ཨུ་ཤིའི་དྲི། །ཙམ་པ་ཀ་དང་སིག་ཀར་དྲི། །ག་པུར་ཨ་ག་རུ་ཡི་དྲིས། །དགེ་ཞིང་ཚེ་རིང་དཔལ་གྱི་གནས། །ཟབ་པའི་སྐད་དང་དུང་དང་ནི། །རྫ་རྔ་པི་ཝང་ཌཱ་མ་རུ། །དེ་ཡི་སྒྲས་ནི་བདེ་ བ་འཕེལ། །དཔལ་བེའུ་བཀྲ་ཤིས་གཟུགས་སུ་འཆར། །རྒྱལ་མཚན་རྔ་ཡབ་ཕྱག་མཚན་རྣམས། །རིན་ཆེན་གདུགས་ཀྱི་དབྱིབས་སུ་འཆར། །དགེ་བ་མེ་ཡི་དབྱིབས་སུ་བསྟན། །ངན་པ་དེ་ལས་ཅི་རིགས་བཟློག །དེ་རྗེས་རྫས་ཀྱི་རིམ་པ་ནི། །ཨོཾ་ཨགྣ་ ཡེ་ཨ་མུ་ཀ་སྱ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བསྲེག་བླུགས་སོ། །ཨོྃ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཨ་ཤྭད་ཐའི་འོ། །ཨོྃ་བཛྲ་ཏ་ལཱ་ཡ་སྭཱ་ཧཱ། བླག་ཤའིའོ། །ཨོྃ་བཛྲ་ཀུ་བེ་ར་ཡེ་སྭཱ་ཧཱ། འོ་མ་ཅན་གྱི་ཤིང་གིའོ། །ཨོྃ་བཛྲ་ཤ་མ་ཛྭཱ་ལཱ་ཡ་སྭཱ་ཧཱ། ཨུ་དུམ་ཝཱ་རའིའོ། །ཨོྃ་སརྦ་བཱ་པཾ་ ད་ཧ་ན་བཛྲ་སྭཱ་ཧཱ། ཏིལ་གྱིའོ། །ཨོྃ་བཛྲ་དུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བའི་འོ། །ཨོྃ་བཛྲ་སྃ་པ་དེ་སྭཱ་ཧཱ། ཞོ་དང་ཟན་གྱིའོ། །ཨོྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའིའོ། །ཨོྃ་བཛྲ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའིའོ། །རྫས་རྣམས་རང་སྔགས་ཅི་རིགས་དབུལ། །བསྟོད་ ཅིང་གསོལ་བའི་ལས་བྱ་སྟེ། །མེ་ཡི་སྙིང་གར་དཀྱིལ་འཁོར་མཆོད། །གསད་ལ་སོགས་པ་རིམ་པ་བཞིན། །སྔར་བསྟན་པ་ལས་ཤེས་པར་བྱ། །དེ་རྗེས་ལྷག་མས་ཅི་རིགས་མཆོད། །ཞུ་བ་ལ་སོགས་རྫས་རྣམས་ནི། །ལྷ་ཡི་ཞལ་དུ་མཆོད་པར་བྱ། །ཡམ་ ཤིང་ཀུ་ཤ་ལ་སོགས་པ། །འོད་ལ་མཆོད་པར་བྱ་བ་ཡིན། །ཕྱག་ཏུ་ཞལ་ཟས་འཐོར་འཐུང་དབུལ། །མེ་ཏོག་བདུག་པ་དབུ་དང་འོད། །ཐིག་ལེ་སྙིང་ག་བསང་གཏོར་ཡང་། །སྐུ་ལ་ཕུལ་ཏེ་ཞབས་བསིལ་ཞབས། །མར་མེ་ལ་སོགས་རིམ་བཞིན་གནས། ། དཀྱིལ་འཁོར་བསྡུ་གཤེགས་རིམ་པ་རྣམས། །མཁས་པས་ཉེ་བར་བརྟགས་ཏེ་བྱ། །དཀྱིལ་འཁོར་ལྷས་ནི་མཆོག་སྟེར་ལ། །མེ་ཡིས་འདོད་པའི་དོན་སྒྲུབ་བྱེད། །ལག་པན་གྱིས་ནི་བདེ་བ་འབྱིན། །འོ་མ་སྦྲང་རྩིས་རིག་པ་འཕེལ། །གྲོ་དང་སྲན་མས་ ནད་ཀུན་སེལ། །དཱུར་བས་སྲོག་ནི་འཛིན་པར་བྱེད། །ནས་ཀྱིས་བརྩོན་འགྲུས་ལ་དབང་སྟེ། །སྟོབས་འཕེལ་མཱ་ཤཱ་ཀ་ཡིན་ནོ། །འབྲུ་འཕེལ་སོ་བའི་ལས་ཡིན་ཏེ། །སྡིག་པ་འདག་པ་ཏིལ་ཡིན་ནོ། །འབྲས་ཀྱིས་ནུས་པ་འཕེལ་བྱེད་པ། །ཞི་ལ་ཡུངས་ཀར་ ཀུ་ཤས་བསྲུང་། །དཔལ་བསྐྱེད་པ་ནི་བུད་ཤིང་སྟེ། །ཡམ་ཤིང་གཟི་བྱིན་སྟེར་བར་བྱེད། །འབྱོར་པ་འཕེལ་བ་མར་ཡིན་ནོ། །སྦྱིན་བདག་བཀྲ་ཤིས་ཐབ་ཡིན་ཏེ། །དངོས་གྲུབ་ཀུན་སྟེར་མཆོད་པའི་རྫས། །ཐབས་དང་ཤེས་རབ་གཟར་བུ་སྟེ། །བདུད་རྩི་མར་གྱིས་ཚིམ་ བྱེད་པ། །མཆོད་པ་གཞན་གྱིས་ཅི་ཞིག་བྱ། །འདི་ནི་མཛེས་མའི་ཡུལ་ཡིན་གྱིས། །གཞན་གྱིས་རྟོགས་པར་ག་ལ་འགྱུར། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་སྦྱིན་སྲེག་གི་ཆོ་ག་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །། དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། རྡོ་རྗེ་འཆང་ཁྱོད་ཀྱི་གསང་བའི་མཚན་ཉི་ཤུ་རྩ་གཅིག་གི་བསྟོད་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག ། ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ང་ཡི་མིང་ནི་ཉི་ཤུ་གཅིག །དུས་གསུམ་སངས་རྒྱས་རྣམས་ཀྱིས་གསུང་། །མི་འགྱུར་གཡུང་དྲུང་དབང་བསྐུར་ཏེ། །འདི་དག་མཛེས་མ་ཁྱོད་ལ་བསྟན། །ན་མོ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཙཎྜ་བཛྲ། ན་མོ་གྷ་ཛ་ཀརྞྞོ་ བྷོ་ཙཎྜ་བཛྲ་ན་མཿསུ་བྷུ་ཥ་ནི་ས་བྷྱོ་ཙཎྜ་བཛྲ། ན་མོ་རཏྣ་གུ་ཎ་ཀ་ར་སི་ཙཎྜ་བཛྲ། ན་མོ་བྷ་ག་བན་པྲཛྙཱ་དྷ་སཱི་ར་ཙཎྜ་བཛྲ། ན་མཿཨཱརྱ་གྷོ་ཥ་སཱནྣི་ཙཎྜ་བཛྲ། ན་མཿཔྲ་ས་རཱ་ཡི་ཏོ་སཱི་ཙཎྜ་བཛྲ། ན་མོ་བཛྲ་ལ་ཨར་ཙི་ཤི་སཱི་ཙཎྜ་བཛྲ། ན་མཿསཱ་རཱུ་པ་ནོ་ཕ་ལ་ཙཎྜ་བཛྲ། ན་མོ་དུར་དཱན་ཏ་ད་མ་ཀ་མ་བ་ རཿཙཎྜ་བཛྲ། ན་མཿབྷེ་ར་བ་བྷ་ས་ཏྭ་རཱུ་པི་བྷིཿཙཎྜ་བཛྲ། ན་མོ་དྲོ་མོ་ཀྲོ་དྷ་བི་གྲ་ཧ་རཱུ་པི་བྷིཿཙཎྜ་བཛྲ། ན་མཿཙ་ཏུར་སྨཱ་རཱ་རྀ་ཥྀ་སིནྣ་ཙཎྜ་བཛྲ། ན་མོ་མ་ཧཱ་བ་ལ་པ་རཱ་ཀྲ་མ་ཙཎྜ་བཛྲ། ན་མོ་ནི་རཱཏྨ་སིདྷ་ནིརྣ་ཏཱ་ཙཎྜ་བཛྲ། ན་མ་ན་མོ་ཨ་མོ་གྷ་ཛ་ག་དརྠ་ཀྲིད་ཙཎྜ་བཛྲ། ན་མོ་ད་ཤཱ་དིག་བི་ཤྭ་ནི་ར་མཱ་ཎཾ་ ཙཎྜ་བཛྲ། ན་མོ་ཧ་ཧཱ་སཏྭ་སོ་ནིར་གྷོ་ཥ་ཙཎྜ་བཛྲ། ན་མོ་ཨ་ཙ་ལོ་ཧི་ཀ་ཛ་ཏ་ཏོ་ཙཎྜ་བཛྲ། ན་མཿཔཉྩ་བུདྡྷཱུ་ཏ་མ་མུ་ཀུ་ཊ་ཙཎྜ་བཛྲ། ན་མོ་བཛྲ་མ་ཧཱ་བྷེ་ཤ་ཡུདྡྷ་རོད་ཙཎྜ་བཛྲ། རྡོ་རྗེ་གཏུམ་པོའི་མཚན་ཉི་ཤུ་རྩ་གཅིག་པོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཡིད་ལ་བྱེད་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་། གླེགས་བམ་དུ་བྱས་ཏེ་འཆང་བ་ལ་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་སྐྱོང་བར་འགྱུར་རོ། །སྲུང་བར་འགྱུར་རོ། །སྦེད་པར་འགྱུར་རོ། །སྐྱོབ་པར་འགྱུར་རོ། །མཚན་འདི་རྣམས་འཛིན་པ་དེ་མཚམས་མེད་པ་ལྔ་བྱས་ པའི་སྡིག་པ་ཡང་བྱང་བར་འགྱུར་རོ། །ལན་ཅིག་ཙམ་བརྗོད་པས་ཀྱང་བསྐལ་པ་བྱེ་བ་ཕྲག་དགུ་བཅུའི་བར་དུ་སེམས་ཅན་དམྱལ་བ་རྣམས་སུ་མི་སྐྱེའོ། །ངན་འགྲོ་གཞན་ཡང་སྤངས་པ་ཡིན་ནོ། །ཚེ་རབས་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །རྡོ་རྗེ་འཆང་ལྔ་ བརྒྱ་ཡང་རྟག་ཏུ་མཚན་འདི་འཛིན་པའི་ཕྱི་བཞིན་རྗེས་སུ་འབྲང་ངོ་། །གདུག་པ་ཅན་གྱི་ཀླུ་རྣམས་ཀྱིས་མི་འཚེ་ཞིང་སླར་ལོངས་སྤྱོད་སྣ་ཚོགས་སྦྱིན་ནོ། །འཆི་བའི་དུས་སུ་ཡང་བཻ་དཱུརྱ་ལྷ་བུའི་སྐུ་ལུས་བསྟན་ཏེ། རང་གི་གནས་སུ་ཁྲིད་པར་འགྱུར་རོ། །མཚན་འདི་ གནས་པའི་ས་དེ་ནི་ལྕང་ལོ་ཅན་དང་མཚུངས་པ་ཡིན་ནོ། །མི་དང་མི་མ་ཡིན་པ་གདུག་པ་ཅན་རྣམས་ཀྱིས་ནམ་ཡང་གནོད་པ་བྱེད་པར་མི་འགྱུར་རོ། །གྲུབ་པ་བརྒྱ་དང་སངས་རྒྱས་ཀྱང་སྟེར་བར་བྱེད་ན། གཞན་ལྟ་ཡང་ཅི་སྨོས་ཏེ། མཚན་འདི་དག་རིན་པོ་ཆེ་ དང་འདྲ་བར་བལྟ་བར་བྱའོ། །འདི་ནི་དུས་གསུམ་སངས་རྒྱས་ཀྱིས། །ཆེད་དུ་བརྗོད་པ་རིན་པོ་ཆེ། །གདུག་པ་ཐམས་ཅད་འཇོམས་པར་བྱེད། །དཔལ་དང་གཟི་བརྗིད་འཕེལ་བ་ཡིན། །ཕྲིན་ལས་སྒོ་རྣམས་ཐོགས་པ་མེད། །འདི་ནི་རྡོ་རྗེ་འཆང་ཡིན་པས། ། ཉིན་མཚན་དུས་གསུམ་ཀློག་པ་ཡི། །ཕྱི་བཞིན་རྟག་ཏུ་སྲུང་བར་བྱེད། །ནད་དང་གདོན་རྣམས་ཀུན་ལས་ཐར། །སྨན་ཆེན་ཉེས་པ་ཐམས་ཅད་འཇོམས། འབྱུང་པོ་ཀུན་གྱིས་བཀུར་བ་སྟེ། །མཛེས་མ་ཁྱོད་ལ་བསྟན་པ་ཡིན། །འདི་ནི་རྣམ་དག་ལེགས་པའི་ལམ། །སུ་ འཆང་ལག་ན་དཔལ་གནས་ཏེ། །རྟག་ཏུ་མཚན་འདི་བརྗོད་པར་གྱིས། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་མཚན་ཉི་ཤུ་རྩ་གཅིག་གིས་བསྟོད་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། རྡོ་རྗེ་འཆང་གི་རྒྱུད་འདི་བཤད་པ་དང་། སྦ་བ་དང་། ཇི་ལྟར་གཟུང་བའི་ཆོ་ག་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག །ཁྱོད་ལ་ བཤད་ཀྱིས་ལེགས་པར་ཉོན། །ཕྱི་མའི་དུས་སུ་ང་ཡི་རྒྱུད། །གསང་བ་སྐུ་གསུང་ཐུགས་ཀྱི་གཏེར། །བླ་མེད་རྒྱུད་རྒྱལ་རིན་ཆེན་འདི། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །ཐོས་མང་ཤེས་རབ་མཆོག་ཏུ་གསལ། །དད་པ་ཆེ་ཞིང་ལྷ་ལ་གུས། །བླ་མ་བསྟེན་ཅིང་ དབང་བསྐུར་ཐོབ། །དམ་ཚིག་སྡོམ་པ་མ་ལུས་ལྡན། །བརྩོན་འགྲུས་ཆེ་ལ་གཞན་དོན་དཔའ། །འཇིག་རྟེན་བདེ་ལ་མ་ཆགས་པས། །རྒྱུད་འདི་མཉན་དང་བཤད་པར་བྱ། །དེ་ལས་བཟློག་པའི་གང་ཟག་ལ། །མིང་ཙམ་བསྟན་པར་མི་བྱའོ། །གལ་ཏེ་བསྟན་པར་ གྱུར་པ་ན། །སྔགས་པ་དམ་ཚིག་ཉམས་གྱུར་ཏེ། །ནད་གདོན་འབྱུང་པོ་མ་ལུས་པས། །ཉེ་བར་གཙེས་ཏེ་འཆི་བར་འགྱུར། །དེ་ནས་མནར་མེད་སྡུག་བསྔལ་ནི། །གྲངས་མེད་འདས་ཀྱང་ཐར་མི་འགྱུར། །དེ་བས་གསང་བ་སྐུ་གསུང་ཐུགས། །སྙིང་པོ་ དམ་པ་འདི་དག་ལ། །རྒྱ་ཡིས་བཏབ་སྟེ་མཆོད་པ་དང་། །བསྟོད་ཅིང་སྦ་བ་བྱས་གྱུར་ན། །ཡིད་ལ་རེ་བ་ཀུན་རྫོགས་ཤིང་། །འཇིག་རྟེན་ཐམས་ཅད་བདེ་བར་འགྱུར། །གླེགས་བམ་སོར་ནི་བཅུ་དྲུག་ལ། །རིམ་བདུན་བརྒྱ་ཡིས་བཏབ་ནས་ཀྱང་། །རྟག་ཏུ་སྤྱི་བོའི་ གཙུག་ཏུ་གཟུང་། །འདི་དང་བྲལ་བར་མ་གྱུར་ན། །བསྙེན་པ་དེ་ཡིན་བསྒྲུབ་པ་དེ། །སྒྲུབ་པ་ཆེན་པོའང་དེ་ཡིན་ཏེ། །སྔགས་ཀྱང་དེ་ཡིན་ལྷ་ཡང་དེ། །བླ་མ་དེ་ཡིན་སློབ་དཔོན་ཡང་། །སངས་རྒྱས་ཆོས་དང་དགེ་འདུན་ཡང་། །དེ་ཡིན་བསྐྱེད་དང་རྫོགས་པ་དེ། །མ་ ལུས་དབང་ཡང་དེ་ཡིན་ཏེ། །འཇིག་རྟེན་བྱ་བ་ཀུན་སྤངས་ནས། །འདི་ལ་མཆོད་པར་གྱུར་པ་ནི། །ཚོགས་གཞན་ཅི་ཡོད་རྨོངས་པའི་རྒྱུ། །ཅི་ཕྱིར་འདི་ལ་འབད་མི་བྱེད། །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཡུམ་ལ་རྗེས་སུ་གཏད་པའི་དོན་བསྟན་པ་ནི། །སངས་ རྒྱས་ཀུན་གྱི་ཡུམ་ཆེན་མོ། །རྡོ་རྗེ་བདེ་མ་བདེ་སྟེར་མ། །རྟོག་པ་གཅོད་མཛད་ཡུམ་ཁྱོད་ལ། །རྒྱུད་འདི་གཏད་ཀྱིས་ལེགས་པར་ཟུང་། །གཟུངས་མ་ཡིད་འོང་རྒྱལ་བའི་ས། །རྣམ་དག་མཆོད་ཅིང་སྡུག་བསྔལ་འཇོམས། །མ་ལུས་འགྲོ་བ་འདྲེན་པའི་དཔལ། །རྡོ་རྗེ་ བདེ་མ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་རྒྱུད་གཏད་དོ། །དེ་ནས་ཡུམ་གྱིས་རྗེས་བཟུང་སྟེ། །དུས་གསུམ་བདེ་གཤེགས་མ་ལུས་པའི། །ཐུགས་ཀྱི་སྲས་པོ་སྡེ་དཔོན་ཆེ། །འཇིག་རྟེན་ཐམས་ཅད་འདུལ་མཛད་པ། །དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །གཏུམ་པོ་ དཔའ་བོ་འཇིགས་པར་བྱེད། །ཀླུ་འདུལ་གཞན་གྱིས་མི་ཐུབ་པ། །དྲག་པོ་འཇིགས་པར་བྱེད་པའི་ལྷ། །རྡོ་རྗེ་གཏུམ་པོ་ཁྱོད་ཕྱག་འཚལ། །ཞེས་བསྟོད་ནས་ཕྱག་དང་བསྐོར་བས་མཉེས་པར་བྱས་ནས། སླར་ཡབ་ཀྱི་ཐུགས་ཀའི་རྡོ་རྗེའི་ལྟེ་བར་ཐིམ་པར་གྱུར་ཏོ། །དེ་ནས་ འཁོར་ཐམས་ཅད་ཀྱིས་མཆོད་པས་མཆོད་ཅིང་བསྟོད་པས་བསྟོད་དེ། གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་གསུངས་པ་ལེགས་སོ་ལེགས་སོ། །ཞེས་མངོན་པར་མགྲིན་གཅིག་ཏུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། རྡོ་རྗེ་འཆང་ཆེན་པོས་གསུངས་པ་ལ་མངོན་པར་ དགའ་ནས་ཡི་རངས་ཏེ་མངོན་པར་བསྟོད་པར་གྱུར་ཏོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས། རྒྱུད་ཇི་ལྟར་བསྟན་ཅིང་སྦ་བ་དང་རྗེས་སུ་ཡི་རང་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཝ་ལ་ཙནྡྲ་གུ་རུ་ཆེན་པོ་དང་། བོད་ཀྱི་ལོ་ཙྪ་བ་གླན་ཆུང་དར་མ་ཚུལ་ཁྲིམས་ཀྱིས་བྱང་ཕྱོགས་ཤམྦྷ་ལའི་དཔེ་དང་བསྟུན་ཏེ་བསྒྱུར་བའོ། །སླད་ཀྱིས་ཡུལ་དབུས་ཀྱི་དཔེ་ དང་། ཁ་ཆེ་ནས་བྱུང་བ་དང་བསྟུན་ནས་ལེགས་པར་གཏན་ལ་ཕབ་པའོ། །༄༅༅། །རྒྱ་གར་སྐད་དུ། བཛྲ་སུ་ཁ་ཀྲོ་དྷ་ཏནྟྲ་རཱ་ཛ། བོད་སྐད་དུ། རྡོ་རྗེ་བདེ་ཁྲོས་རྒྱུད་ཀྱི་རྒྱལ་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདུད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་འོག་མིན་གྱི་གནས་གཞན་འཕྲུལ་དབང་བྱེད་ཀྱི་ཕོ་བྲང་ན་བཞུགས་སོ། །དེའི་ཚེ་འདུས་པ་རྣམས་ཀྱི་དང་པོ་སེམས་དཔའ་ཆེན་པོ་ཡིད་ཆེར་གཡོས་ཏེ། གུས་པས་བཀུར་སྟི་དང་། རིམ་གྲོ་དང་། ཕུ་དུད་དང་། བསྟི་སྟང་དུ་བྱས་ཏེ། ཨེ་མའོ་བྱམས་མགོན་ཐུགས་རྗེ་ཅན། །འགྲོ་བའི་སེམས་ཅན་ཐམས་ཅད་ཀུན། །མེ་ཡིས་ཚིག་ཅིང་མཚོན་གྱིས་ཕོག །མུན་པར་འཁྱམས་ནས་རི་ཡིས་ནོན། །རླུང་གིས་ཁྱེར་བ་སྙིང་ རེ་རྗེ། །སྐྱབས་ཀྱི་དམ་པ་བཀའ་སྩལ་འཚལ། །ཞེས་ཞུས་པས། དེར་ནི་མགོན་པོས་སྐུ་བསྟན་ཏེ། །ཞལ་གྱི་པདྨ་རབ་ཕྱེ་ནས། །སྤྱན་གྱི་གཟི་མདངས་ཀུན་ལ་གཟིགས། །ལྗགས་ཀྱི་དཀྱིལ་ནས་བཀའ་སྩལ་པ། །སྐྱོབ་པའི་དམ་པ་འདི་ཡིན་གྱིས། །རྡོ་རྗེ་བདེ་ དང་ཁྲོས་པ་ཡི། །དུམ་བུ་གསུམ་པ་ངས་བཤད་ཀྱིས། །ལེགས་པར་ཉོན་ལ་ཡིད་ལ་ཟུང་། །ཞེས་གསུངས་སོ། །རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས་གཏམ་རྒྱུད་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་མངོན་པར་བཤད་བྱ་བ། །བཀྲ་ཤིས་མཎྜལ་ ལེགས་བྱས་ལ། །ཚུལ་དང་མཐུན་པའི་བུམ་པ་དགོད། །དེ་ཡང་ཆུ་གཙང་སྣ་བདུན་བླུགས། །གཞན་ཡང་ཤིང་ཏོག་འབྲས་བུ་དང་། མངར་གྱི་རྣམ་པ་དང་། དྲིའི་རྣམ་པ་དང་། རིན་པོ་ཆེའི་མཆོག་དང་། འབྲུའི་བྱེ་བྲག་དང་། །སྨན་རྣམས་བླུགས་སོ། །བུམ་པ་དེའི་ མགྲིན་པ་དར་སྔོན་པོས་དཀྲིས་ཏེ། སྟེང་དུ་བླ་རེ་ཕུབ་ལ་གཞག་གོ། །རྡོ་རྗེ་བད་ཁྲོས་ཀྱི་རྒྱུད་ལས་སྒྲུབ་རྫས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་མངོན་པར་བཤད་བྱ་བ། །སྒྲུབ་བྱེད་རང་རྒྱུད་དག་པ་ཡིས། །བསྐྱེད་ཚུལ་རྒྱས་སམ་བསྡུས་ཀྱང་རུང་། །ཧུྃ་ལས་ཕྱག་ ན་རྡོ་རྗེ་ནི། །དབུ་གསུམ་མཐིང་ནག་ཕྱག་བཞི་མཛེས། །སྐུ་ནི་ཆེ་ཞིང་མཚུངས་པ་མེད། །ཞབས་ཀྱིས་རྒྱ་མཚོའི་ནང་དུ་ཡང་། །ཆུ་སྲིནསྦལ་བའི་སྟེང་དུ་བརྫིས། །གཡས་གཡོན་དང་པོའི་ཕྱག་གཉིས་ཀྱིས། །རྡོ་རྗེ་གསོར་ཞིང་དྲིལ་ཆེན་རྡུང་། །མཐའ་གཉིས་ དྲུག་པ་ཞལ་དུ་འདྲེན། །དབུ་གསུམ་གཡས་དཀར་རིགས་ལྔས་བརྒྱན། །དབུ་གཡོན་དམར་པོ་སྦྲུལ་གྱིས་མཛེས། །ཞལ་དབུས་མཐིང་ནག་ལྕགས་མཆུ་ཅན། །སྟེང་དུ་མཁའ་ལྡིང་ཚངས་པ་སྤྲུལ། །དཔའ་བོ་གདུག་པ་དཔུང་པའི་རྒྱན། །རིན་ཆེན་ལྷུན་པོའི་ རི་རབ་ལ། །སྟེགས་བཅས་ཞུམ་པ་མེད་པར་བཞུགས། །དེ་ལྟར་ལྷ་དང་རབ་སྦྱར་ནས། །དེ་ཉིད་བསྟན་པའི་ཡན་ལག་གིས། །རང་ལུས་ཚགས་སུ་གཞུག་པར་གྱིས། །རྡོ་རྗེ་བདེ་ཁྲོས་པའི་རྒྱུད་ལས་ལྷ་བསྒོམ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་མངོན་ པར་བཤད་བྱ་བ། །སྒོ་གསུམ་སྦྱོར་བ་ཤེས་པ་ཡིས། །གསང་བའི་སྙིང་པོ་འབུམ་དུ་བཟླས། །ཨོཾ་བཛྲ་ཙཎྜ་སརྦྦ་དུ་ཥྚཾ་ཏ་ཀ་ཧ་ན། ད་ཧ་པ་ཙ་ཧཱུྃ་ཕཊ། བཅོ་བརྒྱད་སྔགས་ཀྱི་རྒྱལ་པོ་འདི། །མ་བྱུང་མི་འབྱུང་འབྱུང་མི་འགྱུར། །འདི་བཟླས་སྔོན་དུ་གྲུབ་པར་འགྱུར། ། རྟག་ཏུ་མཚན་མ་བཟང་པོ་འབྱུང་། །གཞན་གྱི་སྦྱོར་བ་འོང་མི་འོང་། །རང་ལ་ངེས་པར་སྟོན་པར་འགྱུར། །བསྙེན་པའི་རིམ་པས་ཐུབ་མི་ཐུབ། །འབད་པས་ལེགས་པར་བརྟག་པར་བྱ། །དེ་ནས་གཏོར་མའི་སྦྱིན་པ་ནི། །ཨོཾ་ཨཿཧཱུྃ་ཞེས་རྒྱུན་དུ་གཏང་ངོ་། །རྡོ་རྗེ་བདེ་ ཁྲོས་ཀྱི་རྒྱུད་ལས་གསང་བའི་སྙིང་པོ་དང་མཚན་ལྟས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་མངོན་པར་བཤད་བྱ་བ། །རྟེན་ནི་རྡོ་རྗེའི་འོད་དུ་འབར། །བརྟེན་པ་འཕྲོ་ཚད་ཧཱུྃ་དུ་འབར། །འབར་བའི་འོད་ཟེར་ཀུན་ཏུ་འཕྲོ། །འཇིག་རྟེན་མ་ལུས་སྦྱངས་ནས་ ཀྱང་། །སླར་ལ་ཐིག་ལེ་ཉིད་ལ་འདུས། །སྒྲ་དང་བཅས་ཏེ་རང་གསལ་འབར། །བརྟན་པར་གྱུར་ན་སྤྲོ་བསྡུ་བྱ། །རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས་མེའི་བསམ་གཏན་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་མངོན་པར་བཤད་བྱ་བ། །མཐིང་གི་ཤོག་གུ་སྔོན་པོ་ལ། ། གསེར་གྱི་འཁོར་ལོ་བྲིས་པའི་སྟེང་། །བསྲུང་བའི་སྙིང་པོ་ལེགས་བཀོད་དེ། །གང་མིང་རཀྵ་སྦྱར་བར་གྱིས། །དེ་ཡང་ཏྲི་ཡིས་ཡོངས་བགོས་ཏེ། །སངས་རྒྱས་སེམས་ཅན་ཉིད་ལ་བསྟིམ། །དེ་ཉིད་བུམ་པར་ལེགས་བཞུ་གསལ། །མཆོད་ཅིང་བཟླས་བརྗོད་ གསོལ་བ་གདབ། །དེ་ནས་ཚེས་པའི་དུས་བཟང་ལ། །རང་ངམ་གཞན་ལ་བཏགས་གྱུར་ན། །བར་ཆད་ཐམས་ཅད་ཉེར་ཞི་ནས། །ཚེ་དཔལ་བསོད་ནམས་རྒྱས་པར་འགྱུར། །རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས་བསྲུང་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་མངོན་ པར་བཤད་བྱ་བ། །འགྲོ་བ་དུག་གིས་གདུངས་པ་ལ། །གདུག་པའི་དབང་ཆེན་ལ་སོགས་པ། །འཚེ་བ་འདི་ལྟར་འབྱུང་བར་འགྱུར། །མི་དགའ་སེམས་འཕྱོ་འགྲོ་སྙིང་འདོད། །ཉམ་ཆུང་འཐིབས་དང་ལྟས་ཀྱང་ངན། །ཡང་ཡང་ན་ཞིང་གཏམ་བསྣོལ་འོང་། །དེ་ནི་ཀླུ་ཡི་ གནོད་པ་སྟེ། །ཚོར་ནས་ལེགས་པར་བཅོས་ན་བཟློག །ས་སྲིན་མི་ལ་འདི་ལྟར་གནོད། །ལུས་སྦྲིད་ཤ་འཕྲིག་ཤ་རོ་འབྱུང་། །ཤ་བཀྲ་ཐོར་བུ་ངོ་ཡང་འགྱུར། །དེ་ཡང་ཚོར་ནས་བཅོས་ན་བཟློག །ས་བདག་གནོད་ན་འདི་ལྟར་འགྱུར། །གདོན་ཡང་ཤིན་ ཏུ་ལྡོག་འགྱུར་ཆེ། །ན་ཚའི་ཟུག་རྔུ་དྲག་པོར་འགྱུར། །རེས་འགའ་བདེ་བ་ལྟར་ཡང་བྱེད། །སྐབས་སུ་ཐིག་ལེ་ཁོ་ནར་ན། །དེ་ཡང་བཅོས་དཀའ་ཤེས་པས་བཟློག །གཉེན་གྱི་གནོད་པ་འདི་ཡིན་ཏེ། །ཤིན་ཏུ་ན་ཚའི་ཚབས་ཀྱང་ཆེ། །རྐང་ལག་ན་འཁུམས་ དྲི་མ་ལྡོག །ཤ་ཁྲག་ལུད་ནས་མིག་ཀྱང་སླེ། །ཁ་ཡོ་སྣ་ཡོ་ཆུ་སེར་ཟ། །ཁ་ཡང་མི་ཐུབ་གནོད་པ་ཟ། །ཆུ་བུར་བྱུར་ན་འཚང་ཡང་ཆེ། །ཚོར་བར་མི་ཆོག་བསྒྲིམ་པ་གཅེས། །གདོན་ཚོགས་གཞན་ཡང་ཡུན་མི་རྟག །ཕྲ་མོ་ཙམ་ལ་སོགས་པ་བཟློག །ཀུན་ལ་ བསྒྲིམས་ཏེ་བཅོས་ན་འཚོ། །རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས་གཞན་གྱི་གནོད་པ་བརྟག་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་མངོན་པར་བཤད་བྱ་བ། །དབང་ཆེན་ལ་སོགས་ཐམས་ཅད་ལ། །མཆོད་དང་གཏོར་མས་མགུ་བར་བྱ། །ཅི་འདོད་པ་ཡི་རྫས་རྣམས་ སྦྱིན། །རྟེན་ཡོད་གནས་སུ་ལེགས་པར་སྦ། །སྙན་པའི་ཚིག་གིས་བསྒོ་བྱས་ལ། །བུམ་པར་ནོར་བུ་རིན་ཆེན་གཞུག །མཛེས་པའི་དར་སྣ་འབྲུ་ཡི་མཛོད། །གང་གི་རྟེན་ལ་སྦས་གྱུར་ན། །གནོད་པ་རགས་པ་ཞི་བར་འགྱུར། །རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས་ ཞི་བྱེད་མཆོད་ཐབས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་མངོན་པར་བཤད་བྱ་བ། །བཙན་དུག་གུ་གུལ་གླ་རྩི་དང་། །ཤུ་དག་ཤིང་ཀུན་མུ་ཟི་དྲུག །གསང་སྔགས་བཏབ་སྟེ་ལུས་ལ་བྱུག །གུ་གུལ་ཉ་མཁྲིས་གླ་རྩི་དང་། །སྒོག་པ་ཤུ་དག་ དྲི་ཆེན་རྣམས། །བདུག་པ་བྱས་ཏེ་ཡང་ན་བཀྲུ། །གསེར་གཡུ་བྱི་རུ་མིག་མ་ཕུག །བཙན་དུག་རྨ་བྱའི་མཁྲིས་པར་བཅས། །བཅངས་ན་བསྲུང་བའི་མཆོག་ཏུ་འགྱུར། །རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས་རྟེན་འབྲེལ་རྫས་ཀྱི་ལེའུ་སྟེ་དགུ་པའོ།། །། རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས་དུམ་བུ་དང་པོ་བསྟན་པའོ།། །།དེ་ནས་མངོན་པར་བཤད་བྱ་བ། །གདུག་པ་ཐམས་ཅད་འདུལ་བའི་ཕྱིར། །དྲག་སྔགས་འདི་དག་བརྗོད་པར་བྱའོ། །ཨོཾ་མཱ་ར་ཎ་སོད་སོད། མཱ་ར་ཎ་བྱིང་བྱིང་། མཱ་ར་ཎ་རྨུགས་རྨུགས། མཱ་ར་ཎ་ ཧ་ལ་ཧ་ལ། མཱ་ར་ཎ་དུན་དུན། མཱ་ར་ཎ་མྱོས་མྱོས། མ་ར་ཎ་མྱོས་བྱིང་ཐུམ་རིལ་ཛཿ། མི་ཚིག་སྤངས་ཏེ་དྲག་སྔགས་འདི། །དབུགས་མ་ཤོར་བར་སྦུབ་མས་དྲངས། །བུམ་པར་བསྟིམས་ནས་རྟགས་ཐོབ་ནས། །འཐུངས་སམ་བཀྲུས་ན་དངོས་གྲུབ་ འཐོབ། །སྔགས་ལ་གང་མིང་སྦྱར་བྱས་ནས། །ཡུངས་ཀར་གདུག་པའི་ཕུར་པ་ལ། །བརྗོད་དེ་ལས་ལ་སྦྱར་གྱུར་ན། །གང་ལ་བཟླས་པ་བརླག་པར་འགྱུར། །མ་བསྒྲུབས་ལན་ཅིག་བརྗོད་པས་ཀྱང་། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། ། མ་བྱུང་མི་འབྱུང་འབྱུང་མི་འགྱུར། །རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས་དྲག་སྔགས་ཁྲོས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་མངོན་པར་བཤད་བྱ་བ། །རྫས་བསག་ལྷ་བསྐྱེད་དྲག་སྔགས་བཟླས། །དགོས་པ་ཚང་བའི་བུམ་པ་སྟེ། །མི་དམིགས་བྃ་ ལས་རིན་པོ་ཆེའི། །བུམ་པ་ཚུལ་དང་འཐུན་པར་བསམ། །དེ་ནས་བྃ་དང་ལྃ་ལས་ནི། །ཆུ་དང་ས་ཡི་དཀྱིལ་འཁོར་བསམ། །ལྷ་བསྒོམས་ཁྱད་པར་བུམ་པ་འཛིན། །མཆུ་ནི་རྡོ་རྗེའི་སྦུ་གུ་སྟེ། །དེ་ནས་སྔགས་ཀྱི་འོད་ཟེར་འཕྲོས། ། ཕྱིར་འཕྲོས་གདུག་པ་མ་ལུས་བསྲེག །འོད་ཟེར་ལྕགས་ཀྱིསྦུབ་མར་དྲངས། །བུམ་པར་ཁྲོ་ཆུ་ཁོལ་མར་གྱུར། །དེ་འཐུངས་བཀྲུས་པས་གང་གནོད་པ། །རྡུལ་དུ་བརླག་སྟེ་དག་པར་བསམ། །བརྩམས་པའི་ལས་ལ་ཐེ་ཚོམ་མེད། །རྡོ་རྗེ་ ཁྲོས་པའི་རྒྱུད་ལས་བུམ་པ་ཁྲོས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་མངོན་པར་བཤད་བྱ་བ། །རྫས་བསག་ལྷ་བསྒོམ་འཁོར་ལོ་བསྐོར། །རོ་རས་བྱི་དུག་བྱ་རོག་སྒྲོས། །ཁྲུ་གང་ཙམ་གྱི་མཚན་ཉིད་ལ། །འཆི་བར་བྱེད་པའི་སྣག་ ཚ་ལ། །འུག་པའི་སྒྲོ་རྩ་གཡས་པ་ཡིས། །དྲག་སྔགས་མཉམ་པའི་རེའུ་མིག་བྲི། །དེ་ནས་མཚན་མར་གང་དམིགས་གཟུགས། །ཁ་དོག་རིགས་བཞི་ཉིད་དུ་བྱ། །དེ་སྙིང་དྲག་སྔགས་རེ་རེ་དགོད། །མཎྜལ་གཙང་མ་དྲིས་བྱུག་སྟེ། །དཀར་ དང་དམར་དང་སེར་དང་ལྗང་། །རྨ་བྱའི་སྒྲོ་ཡིས་བརྒྱན་བྱས་ཏེ། །ལྷ་བསྒོམ་ཁྱད་པར་འཁོར་ལོ་འཛིན། །འཁོར་ལོ་བསྐོར་བའི་རིམ་པ་ནི། །དྲག་སྔགས་མཉམ་པའི་འཁོར་ལོ་བསྐོར། །སྔགས་ནི། ནཱ་ག་ཙཀྲ་མ་ར་ཎ་ཧཱུྃ་ཕཊ། གང་ བསམས་འདི་ལ་ཐེ་ཚོམ་མེད། །རྡོ་རྗེ་ཁྲོས་པའི་རྒྱུད་ལས་འཁོར་ལོ་ཁྲོས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་མངོན་པར་བཤད་བྱ་བ། །རྫས་བསག་ལྷ་བསྒོམ་ཕུར་པ་གདབ། །ལྕགས་སམ་སེང་ལྡེང་དུག་ཤིང་ལ། །སྔགས་ གྲངས་མཉམ་པའི་ཕུར་པ་བཤམ། །འཁོར་ལོའི་མཐའ་མ་བསྐོར་ཏེ་དགོད། །ལྷ་བསྒོམ་ཁྱད་པར་ཕུར་བུ་འཛིན། །དྲག་སྔགས་བཟླས་པའི་རིམ་པ་ནི། །ནཱ་ག་བཛྲ་ཀཱི་ལཱ་ཡ་མཱ་ར་ཎ་ཧཱུྃ་ཕཊ། སྔགས་གྲངས་མཉམ་པའི་ཕུར་པ་བཤམ། །བརྩམ་ པའི་ལས་ལ་ཐེ་ཚོམ་མེད། །རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས་ཕུར་པ་ཁྲོས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་མངོན་པར་བཤད་བྱ་བ། །རྫས་བསག་ལྷ་བསྒོམ་སྦྱིན་སྲེག་བྱ། །གདུག་པའི་ཤིང་བུ་ཁྲུ་གང་ཚད། །སྔགས་ཀྱི་གྲངས་ཀྱང་མཉམ་ པར་བྱ། །སྔོན་དམར་སྐུད་པས་རིམ་གསུམ་དཀྲི། །བར་དེར་འཁོར་ལོའི་སྲོག་རྩ་གཅད། །ལག་ཏུ་གྲི་ཐོགས་དྲག་སྔགས་བརྗོད། །ནཱ་ག་ཏིཀྵྞ་ཆེ་གེ་མོ་མཱ་ར་ཡ་ཧུྃ་ཕཊ། །རིམ་པར་བགྲངས་ཏེ་གཡང་གཞིའི་ཁུད། །བྱང་ཤར་མཚམས་སུ་རྣམ་པར་ གཞག །དེ་ནས་མཎྜལ་དབུས་ཉིད་དུ། །ཧོམ་ཁུང་བྲུས་ཏེ་དུག་ཁྲག་བྱུག །ནང་དུ་ཧོམ་དུ་གཟུགས་པར་བྱ། །འཁོར་ལོ་གྲིས་གཏུབས་ཐོགས་ནས་ནི། །གྲངས་དང་མཉམ་པར་བསྲེག་པར་བྱ། །མེ་དེ་ཡུགས་སའི་ཁྱིམ་ནས་བསླང་། །ལྷ་བསྒོམ་ ཁྱད་པར་མེ་དཔུང་འཛིན། །གསང་སྔགས་བཟླས་པའི་རིམ་པ་འདི། །ནཱ་ག་ཙིཏྟ་ཛྭ་ལ་རཾ། མཱ་ར་ཡ་ཕཊ། །བསྲེགས་ནས་ལས་བརྩམས་འགྲུབ་པར་འགྱུར། །རྡོ་རྗེ་བེད་ཁྲོས་ཀྱི་རྒྱུད་ལས་མེ་དཔུང་ཁྲོས་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་མངོན་པར་བཤད་བྱ་བ། །རྫས་བསག་ལྷ་བསྒོམ་མནན་སྔགས་བཟླས། །ཆུ་སྲིནསྲམ་མམ་བྱི་བའི་མགོར། །བསྲེགས་པའི་ཐལ་བ་བསྡུས་བྱས་ལ། །གང་ཡིན་ཉིད་ཀྱི་སྦྱོར་བ་བཅས། །ལྷ་བསྒོམ་ཁྱད་པར་རི་རབ་འཛིན། ། དྲག་སྔགས་བཟླས་པའི་རིམ་པ་ནི། །ནཱ་ག་སྟམྦྷ་ཡ་ནཱན། མནན་བྱས་ཆུ་སྲིན་ཁ་རུ་བསྒོམ། །འདི་བྱས་གང་ལ་བཟླས་པ་བརླག །འདི་ལ་ཐེ་ཚོམ་མི་བྱའོ། །རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས་རི་རབ་ཁྲོས་པའི་ལེའུ་སྟེ་བཅྭ་ལྔ་པའོ།། །།རྡོ་རྗེ་ བདེ་ཁྲོས་ཀྱི་རྒྱུད་ལས་དུམ་བུ་གཉིས་པའོ།། །།དེ་ནས་མངོན་པར་བཤད་བྱ་བ། །གླང་པོའི་པགས་པར་འབྲུག་བྲིས་ནས། །གང་མིང་བཅུག་སྟེ་དྲག་སྔགས་བཟླས། །གནམ་ལྕགས་འབབ་པ་བཟློག་པར་འགྱུར། །འབྲུ་ཡི་པདྨ་འདབ་ བརྒྱད་ལ། །ཀླུ་ཡི་གཟུགས་རྣམས་བྲིས་པ་ལ། །བསྟིམས་ནས་དྲག་སྔགས་རྒྱབ་གྱུར་ན། །གནམ་ཆུ་དུས་སུ་ཕེབས་པར་འགྱུར། །ཐོད་པར་ཨེ་བྲིས་སྔགས་ཀྱིས་བསྐོར། །གང་ཡིན་བཅུག་ལ་བསྟིམས་པ་ལ། །དྲག་སྔགས་གང་ཡིན་ བཟླས་བྱས་ན། །མྱུར་དུ་འགྲུབ་པར་གདོན་མི་ཟ། །སྲོག་ཆགས་འཇིགས་པར་གྱུར་པ་ལ། །འཆི་བའི་ཆུ་ཡིས་དྲག་སྔགས་བྲི། །འཇིགས་བྱེད་བཀུག་སྟེ་དེ་ལ་མཆོད། །དེ་ཉིད་ཡུངས་ཀར་ཐུམ་པོར་འདེབས། །གང་ལ་བཏགས་པ་བསྲུང་བའི་ མཆོག །རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས་ལས་ཕྲ་མོའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་དེ་དག་ལ་འཁོར་རྣམས་མངོན་པར་དགའ་སྟེ། བཅོམ་ལྡན་འདས་ལ་མཆོད་ཅིང་བསྟོད་ནས་རྗེས་སུ་ཡི་རང་བ་ཕུལ་ཏེ་མི་སྣང་བར་གྱུར་ཏོ། །མཉམ་པ་ཆེན་པོ་ལ་བཞག་ པའོ། །རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་བདུན་པའོ།། །།རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས་དུམ་བུ་གསུམ་པ་རྫོགས་སོ།། །།མཆོག་ཏུ་གསང་བའོ། །ཛྙཱ་ན་ཀ་རས་བསྒྱུར་རོ།། །། ༄༅། །རྒྱ་གར་སྐད་དུ། མཱ་ཡཱ་ཛཱ་ལ་མ་ཧཱ་ཏནྟྲ་རཱ་ཛ་ན་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གནས་གཙང་ མའི་སྟེང་ན་ཁང་པ་བརྩེགས་པ་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་བཀོད་པ། རྡོ་རྗེའི་ཀ་བས་བརྒྱན་པ་ཤིན་ཏུ་མཛེས་པའི་རིན་པོ་ཆེ་བཀོད་པས་རྣམ་པར་བཀྲ་བ། རྡོ་རྗེ་དྲིལ་བུ་འཁྲོལ་བ། ཡིད་ལས་བྱུང་བའི་མཆོད་པའི་ཁྱད་པར་ཆེན་པོས་བརྒྱན་པ། རྡོ་རྗེའི་འཁོར་ ལོས་སྤྲས་པ། །དེ་བཞིན་གཤེགས་པའི་སྤྲུལ་པའི་ཆ་བྱད་སྣ་ཚོགས་འཆང་བ་རྣམས་ཀྱིས་དོན་གྱི་བྱ་བ་བྱས་པ། རྣམ་པར་སྣང་མཛད་ཀྱི་སྙིང་པོ་ལས་ཡང་དག་པར་འབྱུང་བའི་སྤྱོད་པ་བསྐྱོད་ནས་ཞལ་བཞིའི་སྒོའི་གོ་སྐབས་ནས་བྱུང་བ་སྣ་ཚོགས་དང་། རྡོ་རྗེ་དང་། རིན་ པོ་ཆེ་ཆེན་པོ་དང་། འོད་དཔག་མེད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་དང་། རིག་སྔགས་ཀྱི་ལྷ་མོ་རྣམས་ཀྱིས་བརྒྱན་པ། ཁྲོ་བོའི་རྒྱལ་པོ་དང་། བྲན་ཕོ་དང་། བྲན་མོ་དང་། ཕོ་ཉ་དང་། ཕོ་ཉ་མོ་དང་། ཕྱག་བརྙན་དང་། ཕྱག་ བརྙན་མོ་དུ་མའི་འཁོར་གྱིས་བསྐོར་ཅིང་མདུན་གྱིས་བལྟས་པ། ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་བདེ་བ་དེའི་བདག་ཉིད་དང་། དམིགས་པ་དང་མ་བྲལ་བ་ཐུགས་རྗེ་ཆེན་པོས་མཉེས་གཤིན་པ། སེམས་ཅན་ཐམས་ཅད་བསྒྲལ་བ་ལ་བརྩོན་པར་མཛད་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་མང་པོས་བརྒྱན་པ་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་དེ་བཞིན་གཤེགས་པ་བཞུགས་སོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཁྱམས་ཀྱི་དབུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་འདུག་པ་ལ་གཟིགས་ནས་འཛུམ་པ་མཛད་དོ། །འཛུམ་པ་མཛད་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བླ་གོས་ ཕྲག་པ་གཅིག་ཏུ་གཟར་ནས་འགྱིང་བག་ཅན་དུ་བལྟས་ནས་རྡོ་རྗེ་གསོར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་གསོལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགོངས་པ་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་ཀྱིས་དགོངས་པ་གང་གི་སླད་དུ་གཟིགས་པ་དང་འཛུམ་པ་མཛད། དེས་ན་བདག་དང་འཁོར་རྣམས་ངོ་མཚར་དུ་གྱུར་པ་ལགས་ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་སེང་གེ་ཆེན་པོའི་སྒྲ་དབྱངས་ཀྱིས་བཀའ་སྩལ་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་སྐད་དུ་གསོལ་བ་བཏབ་མ་ཐག་ཏུ། བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ཡེ་ཤེས་རྣམ་པར་བསྒྱིངས་པ། རྒྱུད་ཐམས་ཅད་ཀྱི་ཕྱི་མའི་ཡང་ཕྱི་མའི་ཐབས་བདེ་བ་རྡོ་རྗེའི་ཡེ་ཤེས་བསྒྲུབ་པ་རོལ་པས་མཉེས་པར་བྱ་བའི་ཐབས་དེ་ཁོ་ན་ ཉིད་ཐམས་ཅད་ཀྱི་འབྱུང་གནས་སྟངས་སྟབས་ཀྱིས་རྣམ་པར་རྒྱལ་བའི་ཐབས་དང་ཤེས་རབ་བདེ་བ་ཆེན་པོའི་རྡོ་རྗེས་སྒྲོལ་བ། རོལ་པས་བཞད་ཅིང་བསྒྱིངས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་དམ་ཚིག་དང་། དཀྱིལ་འཁོར་ དང་རི་མོའི་གཟུགས་དང་། བསྒོམ་པ་དང་། བཟླས་བརྗོད་དང་། སྟངས་སྟབས་དང་། སྦྱོར་བ་དགོད་པ་དང་། ཏིང་ངེ་འཛིན་དང་། དབབ་པ་དང་། བསྐྲད་པ་དང་། དབྲོག་པ་དང་། དགུག་པ་དང་། བཅིང་བ་དང་། བརྡེག་པ་དང་། བསྡིགས་པ་དང་། ཉམ་ཐག་པར་བྱ་བ་དང་། བཅད་པ་དང་། བསྲེག་པ་དང་། བཀང་བ་དང་། བསྐྲུན་པ་དང་། དབང་བསྐུར་བ་དང་། སྦྱིན་པ་དང་། སློབ་དཔོན་དང་། སློབ་མ་གཟུང་བ་དང་། གསང་སྔགས་མང་པོའི་འཇོ་ཚུལ་རྣམས་ངས་བཤད་པར་བྱའོ། །དེའི་ཕྱིར་ཁྱོད་ཀྱིས་ཀྱང་ཏིང་ངེ་འཛིན་མཆོག་ལ་སྙོམས་པར་ཞུགས་ལ་ ཉོན་ཅིག །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། གཞན་ཡང་གང་དག་འཁོར་དུ་འདུས་པ་དེ་དག་ཐམས་ཅད་ཀྱིས་ཆོས་ཀྱི་འབྲེལ་བའི་གཏམ་མཉན་པར་བརྩམས་སོ། །དེ་ལ་རེ་ཞིག་དང་པོ་དངོས་གྲུབ་ནི་སློབ་དཔོན་ ཆོས་ཀྱི་རྗེས་སུ་འབྲང་བ་ཡིན་པས། སློབ་དཔོན་མེད་པར་གྱུར་ན་ནི། །དངོས་གྲུབ་ཐོབ་པར་མི་འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་ མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་ཤེས་པས། །དཀྱིལ་འཁོར་བྲི་བའི་ལས་བྱའོ། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །ཐེག་པ་ཆེ་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུངས། །ཕྱི་རོལ་བསྟན་བཅོས་ཡོངས་ཤེས་ ཤིང་། །ཉན་ཐོས་རྣམས་ཀྱིས་ལམ་འགྲོ་དང་། །གསང་བ་དེ་ཉིད་བསྡུ་བ་དང་། །ཐེག་པ་ཆེན་པོ་མི་ཤེས་པ། །སྙིང་རྗེ་ཡོད་པ་མ་ཡིན་དང་། །དད་མེད་བརྩོན་འགྲུས་མི་ལྡན་ལ། །རྟག་ཏུ་ངན་པའི་ཚུལ་སྤྱོད་དང་། །བསྟན་བཅོས་རྣམས་ལ་སྨོད་པ་མིན། །གོང་དུ་ བསྟན་པའི་མཚན་ཉིད་དང་། །ལྡན་ན་སློབ་དཔོན་ཡིན་པར་གཟུང་། །དེ་ཡིས་དཀྱིལ་འཁོར་བྲི་བ་དང་། །དེ་ཉིད་ཀྱིས་ནི་རྒྱུད་རྣམས་བསྟན། །དེ་ཡིས་བསྟན་པའི་གསང་སྔགས་དག །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དགེ་དང་སྡོམ་ལ་དགའ་བ་དང་། །རྟག་ཏུ་བླ་ མ་ལ་གུས་དང་། །རྒྱུན་དུ་ལྷ་རྣམས་མཆོད་བྱེད་པའི། །ཡོན་ཏན་ལྡན་ན་སློབ་མ་ཡིན། །སློབ་དཔོན་ཅི་འདྲ་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ། །ཡིད་ བཞིན་ནོར་བུ་རིན་ཆེན་བཞིན། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང་། །སྐྱོན་རྣམས་ནམ་ཡང་མ་ཡིན་ནོ། །ཡོན་ཏན་བཟུང་བས་དངོས་གྲུབ་ཅིང་། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཡི་གྲིབ་མའང་མི་འགོམ་སྟེ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། ། རྒྱུ་དང་མི་རྒྱུ་གསང་བ་ཡི། །དམ་པ་གང་ཡིན་སྤངས་པར་འགྱུར། །སློབ་དཔོན་སྨོད་པར་བྱེད་པ་དག །རྨི་ལམ་དུ་ཡང་མཐོང་མི་བྱ། །སློབ་དཔོན་སྨོད་པ་གང་ཡིན་ཏེ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་གཟུང་། །ངན་པ་གཏུམ་པོ་ལས་བྱེད་པ། །མཁས་པས་ རྟག་ཏུ་སྤང་བར་བྱ། །མནར་མེད་ཤིན་ཏུ་སྐྱི་གཡའ་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །དེར་ནི་སློབ་དཔོན་སྨོད་བྱེད་པ། །གནས་པར་འགྱུར་ཞེས་རབ་ཏུ་གསུངས། །དེ་ཕྱིར་ཀུན་གྱིས་རབ་བསྒྲིམས་ཏེ། །བསམ་ཡས་འབྲས་བུ་སྨིན་བྱེད་པའི། །སངས་རྒྱས་ འབྲས་བུ་འདོད་བྱེད་པའི། །སེམས་ཅན་དད་པ་ལྡན་པས་མཆོད། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས། འདི་ནི་འཇུག་པ་རིམ་པར་ཕྱེ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་ ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་སྒྱུ་འཕྲུལ་དྲ་བ་ཆེན་པོ་ཡེ་ཤེས་བསྒྱིངས་པ་གསང་བའི་བྱིན་བརླབས་ཀྱི་མཆོག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་ཀྱང་རྡོ་རྗེ་འཆང་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱི་མའི་ཡང་ཕྱི་མ་ཡེ་ཤེས་ཆེན་པོའི་སྙིང་པོ་འབར་བ་རྡོ་རྗེ་བསྙེན་བཀུར་བྱེད་པ་ཞེས་བྱ་བའི་དཀྱིལ་འཁོར་འདིར་དབང་བསྐུར་ན། དཀྱིལ་འཁོར་ཐམས་ཅད་དུ་དབང་ བསྐུར་བར་འགྱུར་བས་ཕྱག་ན་རྡོ་རྗེ་སེམས་ཅན་གང་ལ་ལས་ཚོན་རྩི་མཐོང་བ་དེ་དག་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པ་དང་། མཆོད་པ་བྱས་པར་འགྱུར་བ་ལ་ཡང་དག་པར་ཞུགས་པ་དེ་དག་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ ཉིད་ཀྱི་གྲངས་སུ་འགྲོ་བར་འགྱུར་བ་དེ་ཉོན་ཅིག །དང་པོ་ཁོ་ནས་ཡོངས་སུ་གཟུང་བ་བྱས་ཏེ། སློབ་དཔོན་གྱིས་ལྷ་ཉིད་ཀྱི་སྟང་སྟབས་སུ་འདུག་ལ། ལག་པ་གཡས་པ་བསྒྲིམས་ཏེ་རྡོ་རྗེ་གསོར་ཞིང་། ལག་པ་གཡོན་པས་དྲིལ་བུ་གསིལ་ནས་རྡོ་རྗེ་འགྲོས་ཀྱིས་ཡོངས་སུ་བསྐོར་བར་ བྱའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཁྲོ་བོའི་ང་རྒྱལ་གྱིས་ཧཱུྃ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱིས་གཞི་བརྗིད་པ་གང་གིས་བསྐོར་ནས་ཀྱང་ཁྲོ་བོའི་སྐུར་བསྒོམས་ནས་སྡང་བའི་ལྷ་དང་། ལྷ་མ་ཡིན་དང་གསང་བ་པ་རྣམས་ལ་ཚིག་འདི་རབ་ཏུ་བརྗོད་པར་བྱའོ། །སློབ་དཔོན་ མིང་འདི་ཞེས་བྱ་བས་སློབ་མ་ཆེ་གེ་མོ་ཞིག་རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། ས་ཕྱོགས་འདིར་དཀྱིལ་འཁོར་གྱི་རྒྱལ་པོ་མིང་འདི་ཞེས་བྱ་བ་བྲི་ཡིས། ལྷ་དང་ལྷ་ མ་ཡིན་དང་། གནོད་སྦྱིན་དང་སྲིན་པོ་དང་ཡི་དགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། འབྱུང་པོ་དང་། མཁའ་འགྲོ་མ་དང་། གནོན་པོ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིག་སྔགས་གྲུབ་པ་དང་། རྒན་པོའམ། རྒན་མོ་གཡོག་དང་འཁོར་དུ་བཅས་པ་གང་དག་འཁོད་པ་རྣམས་ དེངས་ཤིག །འདི་ལྟར་རྡོ་རྗེ་འཆང་གི་བཀའ་ཐོས་ནས་མྱུར་བ་ཉིད་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ནི་ཕྱག་ན་རྡོ་རྗེ་ཧཱུྃ་ཞེས་བྱ་བ་རབ་ཏུ་ཁྲོས་པའི་བཞིན་འབར་བ་ཅན་གྱིས་ཡེ་ཤེས་ཀྱི་རྡོ་རྗེ་འབར་བ་ཀུན་ཏུ་འབར་བས་མགོ་ཚལ་པ་བརྒྱར་འགས་པར་འགྱུར་རོ་ཞེས་ལན་གསུམ་བརྗོད་ནས། སྟང་སྟབས་ལ་གནས་བཞིན་དུ་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །གཡས་བརྐྱང་བ་དང་། གཡོན་བརྐྱང་བ་དང་། ས་གའི་འདུག་སྟངས་དང་། ཟླུམ་པོའི་འདུག་སྟངས་དང་། མཐུན་པའི་རྐང་སྟབས་དང་། རུས་སྦལ་གྱི་རྐང་སྟབས་དང་། རྡོ་རྗེ་གདེགས་ པ་དང་། རྡོ་རྗེ་འཇོ་ཚུལ་དང་། རྐང་པ་ཡ་གཅིག་གི་སྟངས་དང་། སེང་གེའི་སྟབས་དང་། སེང་གེ་གླལ་བ་དང་། བུང་བའི་འཕུར་བའི་སྟང་སྟབས་དང་། རྡོ་རྗེ་སྒྲོག་དང་། རྡོ་རྗེ་གསོར་བ་དང་། རྡོ་རྗེའི་སྟང་སྟབས་དང་། རྡོ་རྗེ་དགུག་པ་དང་། རྡོ་རྗེ་གར་དང་། རྡོ་རྗེ་འཇིགས་སུ་རུང་བ་དང་། རྡོ་རྗེ་རོ་ ལངས་མ་དང་། རྡོ་རྗེ་ཐོ་བ་དང་། རྡོ་རྗེའི་བྱིན་རླབས་དང་། རྡོ་རྗེའི་གདུ་བུ་དང་། བུད་མེད་ཀྱི་སྒྱུ་འཕྲུལ་སྟང་སྟབས་དང་། རྡོ་རྗེའི་དྲ་བ་དང་། སྟོབས་པོ་ཆེའི་འདེགས་པ་དང་། རྡོ་རྗེ་མཆེ་བ་དང་། རྡོ་རྗེ་གད་མོ་དང་། རྡོ་རྗེ་སྒྲ་དང་། རལ་གྲིའི་ཐབས་དང་། རྡོ་རྗེའི་ཐབས་དང་། འཁོར་ ལོའི་ཚུལ་དང་། གཏུན་ཤིང་གི་ཚུལ་དང་། བ་དན་གྱི་ཚུལ་དང་། ཞགས་པའི་ཚུལ་དང་། པད་མའི་ཚུལ་དང་། བེ་ཅོན་གྱི་ཚུལ་དང་། མི་འཇིགས་པའི་ཚུལ་དང་། ལྕགས་ཀྱུའི་ཚུལ་དང་། འབྲས་བུའི་ཚུལ་དང་། མདུང་ཐུང་གི་ཚུལ་དང་། གཞུའི་ཚུལ་དང་། མདའ་བཟུང་ བའི་ཚུལ་དང་། མདའ་འཕང་བའི་ཚུལ་དང་། ཐག་མདུང་བསྐོར་བའི་ཚུལ་དང་། མཆོག་སྦྱིན་པའི་ཚུལ་དང་། མདུང་གི་ཚུལ་དང་། མཚོན་རྩེ་གཅིག་པའི་ཚུལ་དང་། ཕྱག་འཚལ་བའི་ཚུལ་དང་། རྡོ་རྗེའི་འདུག་སྟངས་དང་། ཏིང་ངེ་འཛིན་གྱི་འདུག་སྟངས་དང་། རྡོ་རྗེ་སྐྱིལ་ མོ་ཀྲུང་དང་། པདྨའི་འདུག་སྟངས་དང་། སེམས་དཔའི་སྐྱིལ་མོ་ཀྲུང་དང་། དཔའ་བོའི་འདུག་སྟངས་དང་། བཟང་པོའི་འདུག་སྟངས་དང་། ཙོག་པུའི་འདུག་སྟངས་དང་། རྩེ་བའི་འདུག་སྟངས་དང་། མདུན་དུ་དགུ་བ་དང་། ཕྱིར་དགྱེ་བ་དང་། མཐའ་ཡས་དང་། རྣམ་ པར་རྒྱལ་བ་དང་། སྤྲིན་སྒྲ་དང་། གསུས་པོ་ཆེ་དང་། རྒྱལ་བའི་ཕུར་བུས་གནས་པའི་བཅིང་བ་དང་། ཕུར་བུ་བརྡུང་བ་དང་། དྲ་བ་དང་། ར་བས་མཚམས་གཅད་པ་དང་། ཕྱོགས་བཅིང་བ་དེ་ལྟ་བུས། ས་གཞི་རྡོ་རྗེའི་རང་བཞིན་འོད་འབར་བས་འཁྲིགས་པར་བསྒོམས་ཏེ་ གཏན་ལ་དབབ་པར་བྱའོ། །རང་གི་མིང་ནས་སྨོས་ཏེ། ཧཱུྃ་ཞེས་བྱ་བའི་གསང་སྔགས་ཀྱི་སྒྲ་བརྗོད་ན་འཁོར་ལོ་ཐམས་ཅད་ཀྱི་བླ་ན་མེད་པར་འགྱུར་རོ། །དེ་ནས་སའི་ལྷ་མོ་སྟ་གོན་དུ་གནས་པར་བྱ་བ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་ པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །དངོས་གྲུབ་ཐམས་ཅད་ཐོབ་བྱའི་ཕྱིར། །བདག་གིས་དཀྱིལ་འཁོར་འདྲི་བར་བྱ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྟ་གོན་དུ་གནས་པར་བྱ་ སྟེ། ཐུགས་བརྩེར་གནས་པའི་དགོངས་པ་ཅན། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །སྲས་དང་ལྷན་ཅིག་གཤེགས་ནས་ཀྱང་། །ས་གཞི་ཡོངས་སུ་གཟུང་བར་མཛོད། །དེ་ནས་འཁོར་ལོའི་དབུས་སུ་ཆོས་ཀྱི་དཀྱིལ་འཁོར་བྱས་ལ། མཐའ་ཀུན་ཏུ་ཡང་མཚན་ ནས་སྨོས་ཏེ་ཐིག་ལེར་བྱའོ། །དེ་ལྟར་སྤྱན་དྲངས་ཏེ་མཆོད་པས་མཉེས་པར་བྱས་ནས་ཕྱིར་བྱུང་སྟེ་ཕྱོགས་ཀྱི་གཏོར་མ་སྦྱིན་ནོ། །དེ་ནས་སེམས་ཅན་སྟ་གོན་དུ་གནས་པར་བྱ་སྟེ། སྤོས་ཆུས་སྤྱི་བོར་བསང་གཏོར་བྱས་ནས། ལག་པ་སྙིང་གར་བཀྲམ་ནས་སུ། །རྩེ་མོ་ ལྔ་པ་རྒྱ་གྲམ་བྱ། །གཡས་པས་སྲུང་སྐུད་བཅིངས་ནས་སུ། །ལག་མཐིལ་སོ་ཤིང་ཀུ་ཤ་སྦྱིན། །དེ་ནས་འདུག་སྟེ་གསུམ་ལ་སྐྱབས་སུ་བཏང་བ་དང་། སྡིག་པ་ཀུན་ཏུ་བཤགས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། བདག་ཉིད་དབུལ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ལ་འདི་ནི་སྐྱབས་སུ་འགྲོ་བ་ཡིན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །འགྲོ་བའི་དགེ་ལ་ཡི་རང་སྟེ། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་ལན་གསུམ་ བརྗོད་དོ། །དེ་ནས་ཅི་ནུས་ཀྱིས་ཅི་འདོད་པའི་ཆོས་བཤད་པར་བྱའོ། །དེ་ནས་སྔར་བཤད་པ་བཞིན་དུ་མཉེས་པར་འགྱུར་བས་མཆོད་པའི་ཆོ་ག་བཟང་པོ་བྱ་སྟེ། སླར་ཡང་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ནང་དུ་ཞུགས་ལ་དཀྱིལ་འཁོར་གྱི་ས་གཞིར་གློ་ གཡས་པས་ཉལ་ཏེ། རྨི་ལམ་བཟང་ངན་བལྟས་ནས་ཕྱི་དེ་ཉིན་དཀྱིལ་འཁོར་བྲི་བར་བྱའོ། །ཚོན་དང་ཐིག་ལས་སངས་རྒྱས་ལྔའི། །ངོ་བོ་དག་ཀྱང་སྤྲུལ་པར་བྱ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་རྣམས་ནི་རྣམ་གྲོལ་མཛད། །དེ་བཞིན་གཤེགས་ པ་ཀུན་གྱི་གནས། །རྣམ་པར་སྣང་མཛད་རྒྱལ་བདག་སྟེ། །ཉེས་པ་ཐམས་ཅད་རྣམ་སྤངས་པའི། །ཚོན་རྩི་དགྱེ་བ་བརྩམ་པར་བྱ། །དང་པོ་སློབ་དཔོན་ཉིད་ཀྱིས་བགྱི། །དེ་ནས་ཀུན་ཏུ་སློབ་མས་བྱ། །དང་པོ་ས་གཞི་ཡོངས་གཟུང་བ། །གཉིས་པ་སྟ་གོན་ གནས་པ་སྟེ། །ནུབ་གསུམ་པ་ནི་འཇུག་པ་ཡིན། །ཚོན་སྣ་ལྔ་པའི་སྲད་བུ་ཡིས། །ཁྲུ་སྟོང་པའམ་ལྔ་བརྒྱ་བར། །དཀྱིལ་འཁོར་དམ་པ་ཐིག་གདབ་པོ། །ཡང་ན་ཁྲུ་ལྔ་ཁྲུ་དོ་པ་འམ། །ཁྲུ་གང་བ་ཡི་བར་དུ་བྱའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ ནི་བརྒྱན་པ་ཡི། །དབུས་སུ་འཁོར་ལོ་ལེགས་པར་བྲི། །དཀྱིལ་དུ་རྣམ་པར་སྣང་མཛད་གཞག །ཤར་ཕྱོགས་སུ་ནི་མི་འཁྲུགས་པ། །ལྷོ་ཕྱོགས་སུ་ནི་རིན་ཆེན་འབྱུང་། །ནུབ་ཕྱོགས་སུ་ནི་འོད་དཔག་མེད། །བྱང་ཕྱོགས་སུ་ནི་དོན་གྲུབ་རྣམས། །འཁོར་ལོ་གྲྭར་ནི་ ལྷ་མོ་བཞི། །དངོས་གྲུབ་སྦྱིན་པར་མཛད་པར་བྲི། །དབང་བདག་གི་ཕྱོགས་སུ་ནི་སྤྱན་ནོ། །མེའི་ཕྱོགས་སུ་ནི་མཱ་མ་ཀཱིའོ། །བདེན་བྲལ་ཕྱོགས་སུ་ནི་གོས་དཀར་ཅན་ནོ། །རླུང་གི་ཕྱོགས་སུ་ནི་ལྷ་མོ་སྒྲོལ་མའོ། །རྡོ་རྗེ་ཤུགས་ཀྱིས་ཕྱིར་ཕྱུང་ནས་རིམ་པ་གཉིས་པ་ལ་ ཤར་ཕྱོགས་སུ་ནི་རྡོ་རྗེ་སེམས་མ། ལྷོར་རྡོ་རྗེ་རིན་ཆེན་མ། ནུབ་ཏུ་རྡོ་རྗེ་ཆོས་མ། བྱང་དུ་རྡོ་རྗེ་ལས་མ་རྣམས་བྲིའོ། །གྲྭ་རྣམས་སུ་སྐུལ་བྱེད་མ་དང་། རིན་ཆེན་སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། རྡོ་རྗེ་ལུ་གུ་རྒྱུད་རྣམས་སོ། །དེ་ནས་ཡང་འགྱིང་བག་ཏུ་ལངས་ཏེ། རྡོ་རྗེ་ ཤུགས་ཀྱིས་ཕྱིར་ཕྱུང་ནས་རིམ་པ་གསུམ་པ་ལ། ཤར་ཕྱོགས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་དང་། འཇམ་དཔལ་དང་། སྤོས་ཀྱི་གླང་པོ་དང་། ཡེ་ཤེས་ཏོག་རྣམས་བྲིའོ། །ལྷོ་ཕྱོགས་སུ་བཟང་སྐྱོང་དང་། བློ་གྲོས་རྒྱ་མཚོ་དང་། བློ་གྲོས་མི་ཟད་པ་དང་། སྤོབས་པ་ བརྩེགས་པ་རྣམས་བྲིའོ། །ནུབ་ཕྱོགས་སུ་ནི་མཐུ་ཆེན་ཐོབ་དང་། ངན་སོང་ཐམས་ཅད་སྤོང་བ་དང་། མྱ་ངན་གྱི་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་། དྲ་བ་ཅན་གྱི་འོད་རྣམས་བྲིའོ། །བྱང་ཕྱོགས་སུ་ཟླ་འོད་དང་། འོད་དཔག་མེད་དང་། ནམ་མཁའ་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྣམས་བྲིའོ། །ཤར་སྒོར་ནི་གཤིན་རྗེ་མཐར་བྱེད་དོ། །ལྷོ་སྒོར་ནི་ཤེས་རབ་མཐར་བྱེད་དོ། །ནུབ་སྒོར་ནི་པདྨ་མཐར་བྱེད་དོ། །བྱང་སྒོར་ནི་བགེགས་མཐར་བྱེད་དོ། །གྲྭ་རྣམས་སུ་ནི་མི་གཡོ་བ་དང་། འདོད་པའི་རྒྱལ་པོ་དང་། བེ་ཅོན་སྔོན་པོ་ དང་། སྟོབས་པོ་ཆེའོ། །ཟུར་རྣམས་སུ་ནི་རྡོ་རྗེ་བྲིའོ། །སྒོའི་ནང་ལོགས་སུ་ཡང་རྡོ་རྗེ་བྲིའོ། །འཁོར་ལོ་ནི་ཚོན་རྩི་དཀར་པོས་བྲིའོ། །གཉིས་པ་ནི་ཚོན་རྩི་དཀར་པོ་དང་། སེར་པོ་དང་། སྔོན་པོ་གསུམ་གྱིས་བྲིའོ། །གསུམ་པ་ནི་སྣ་ལྔས་བྲི་བར་བྱ་སྟེ། དེ་ལྟ་བུ་ནི་དཀྱིལ་འཁོར་ཆེན་པོ་ཡིན་ནོ། །དེ་ནས་དབང་བསྐུར་ བའི་དོན་དུ་དཀྱིལ་འཁོར་གྲུ་བཞི་པ་སྒོ་བཞི་དང་ལྡན་པ་རིམ་པ་གཉིས་པར་བྱའོ། །དབུས་སུ་ནི་པདྨ་འདབ་མ་བརྒྱད་པ་སྙིང་པོ་དང་བཅས་པ་བྲིའོ། །སྣམ་བུ་གཉིས་པ་ལ་ཤར་ཕྱོགས་སུ་ནི་རྡོ་རྗེའོ། །ལྷོ་ཕྱོགས་སུ་ནི་རིན་པོ་ཆེ། ནུབ་ཕྱོགས་སུ་ནི་པདྨ། བྱང་ཕྱོགས་སུ་ནི་ རལ་གྲི་སྟེ། །དེ་ལྟ་བུར་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་སློབ་དཔོན་གྱིས་ལུས་ལེགས་པར་བཀྲུས་ཏེ། སྤོས་ཀྱིས་བསྐུས་ནས་ལེགས་པར་བརྒྱུས་པའི་མེ་ཏོག་གི་ཕྲེང་བ་མགོ་ལ་བཅིངས་ནས། མགུལ་པ་དར་གྱིས་བཅིངས་པ་ལ། །ལྡུམ་བུ་ཡིས་ནི་ ཁ་བཀབ་པ། །རིན་ཆེན་སྨན་འབྱུང་སྣ་ལྔ་དང་། །སྤོས་ཆུ་ཡིས་ནི་བཀང་བ་དང་། །བུམ་པ་མངོན་པར་བསྔགས་པར་བྱ། །རྣམ་རྒྱལ་བུམ་པ་དཀྱིལ་འཁོར་གྱི། །བདག་པོ་ལྷ་མོ་རྣམས་ཀྱི་བཞི། །ལྷ་རྣམས་ཀུན་གྱི་བུམ་པ་བཞི། །སྒོ་ཡི་ཕྱོགས་ཀྱི་བུམ་པ་ནི། ། ལས་ཀུན་བྱེད་པས་བཟླས་བརྗོད་དོ། །སེམས་ཅན་ཀུན་གྱིས་བསང་གཏོར་བྱ། །ཡང་ན་ཀུ་ཤའི་ཆུན་པོས་བྱ། །དེ་ནས་བུམ་པ་མངོན་པར་བསྔགས་ཏེ་ལྷ་བཤོས་དང་གཏོར་མ་ཕུལ་ནས་མེ་ཏོག་དང་བདུག་པ་དང་། དྲི་དང་། ཕྲེང་བ་དང་། མཆོད་ཡོན་དང་། ཞབས་བཀྲུ་བ་ལ་ སོགས་པ་དབུལ་ལོ། །དེ་རྣམས་ཕུལ་ནས་བུམ་པ་རྣམས་གྲྭར་གཞག་པར་བྱའོ། །རྣམ་པར་རྒྱལ་བའི་བུམ་པ་ནི་དབུས་སུ་སྤྱན་དྲང་བར་བྱའོ། །དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ནས་གསལ་བར་བྱ་སྟེ། གཞུག་པ་དང་། བསྡམ་ དང་། དབང་དུ་བྱ་སྟེ། ཕུར་བུ་དང་། ར་བ་དང་། དྲ་བས་ཕྱོགས་བཅིང་བ་དང་། མཚམས་གཅད་པ་བྱས་ལ། མཆོད་ཡོན་དང་། ཞལ་བསིལ་དང་། གདན་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་ཡང་བསྔོས་ཏེ་ཕུལ་ནས་ཕྱག་རྒྱའི་ཚོགས་རང་རང་ལ་བསྟན་པར་བྱའོ། ། བསྟོད་པ་དང་། རྡོ་རྗེའི་གླུ་དང་། དྲིལ་བུ་གསིལ་བའི་སྒྲ་དང་། སིལ་སྙན་དང་། གླིང་བུ་དང་། རྒྱུད་ཀྱི་སྒྲའི་ཁྱད་པར་ཡང་དབུལ་ལོ། །རོལ་མོའི་ཁྱད་པར་གཞན་རྣམས་ཀྱིས་ཀྱང་བསྟོད་པར་བྱའོ། །བསྟོད་ནས་བཟོད་པར་གསོལ་ཏེ་དངོས་གྲུབ་ཐམས་ཅད་ཀྱི་ཕྱིར་གསོལ་ བ་གདབ་པོ། །དེ་ནས་སློབ་དཔོན་བདག་ཉིད་ཞུགས་ཏེ། དེའི་འོག་ཏུ་སློབ་མ་གཞུག་གོ། །དེ་ནས་སེམས་ཅན་ཐམས་ཅད་སྙིང་པོ་འདི་དང་ཕྱག་རྒྱས་གནས་ལྔར་བསྲུང་ཞིང་གནས་ལྔར་ཆོ་ག་བྱའོ། །ཧཱུྃ་ཨོྃ་ཛི་ན་ཛིཀ །ཨཱཿཨཱ་རོ་ལྀཀ །ཧཱུྃ་བཛྲ་དྷྲྀཀ། སྭཱ་རཏྣ་དྷྲྀཀ །ཧཱ་པྲཛྙཱ་དྷྲྀཀ ། དེ་ནས་ཚིགས་སུ་བཅད་པ་འདིས་གཞུག་པར་བྱ་སྟེ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་དཀྱིལ་འཁོར་སྙིང་པོ་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །རྡོ་རྗེ་སེམས་མས་མེ་ཏོག་གཏོར་བར་བགྱི་སྟེ། པྲ་ཏཱིཙྪ་བཛྲ་ཧོཿ། ཚིགས་སུ་བཅད་པ་འདིས་གདོང་གཡོགས་དགྲོལ་ལོ། །དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་དེང་འདིར་བལྟ་བར་གྱིས། །སངས་རྒྱས་གདུང་གི་རིགས་སུ་འཁྲུངས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་ཕུན་སུམ་ ཚོགས། །དམ་ཚིག་མཆོག་ཏུ་གྲུབ་པར་བྱེད། །རྡོ་རྗེ་པདྨ་རོལ་པའི་མཆོག །སྔགས་ཀྱི་བདག་ཉིད་ཤེས་པར་བྱ། །དེ་ཡི་སྙིང་པོ་འདི་ཡིན་ཏེ། །པ་ཤྱ་བཛྲ། གང་ལ་མེ་ཏོག་བབ་པ་དེ་དེའི་ལྷ་ཡིན་ནོ། །དེ་ནས་དབང་བསྐུར་སྦྱིན་བྱ་སྟེ། །དྲི་དང་མེ་ཏོག་ཕྲེང་བས་ བརྒྱན། །གོས་དང་རྒྱན་གྱིས་ལེགས་པར་བརྒྱན། །སྟེང་དུ་བླ་རེ་བྲེ་བར་བྱ། །གདུགས་དང་རྒྱལ་མཚན་བ་དན་དང་། །ལྷ་དང་ཚངས་པའི་སྐུད་པ་དང་། །གདུ་བུ་དག་དང་སྐ་རགས་དང་། །བཀྲ་ཤིས་ཡོ་བྱད་རྣམས་ཀྱིས་བཀླུབས། །སློབ་མ་སྡིག་དང་བྲལ་བ་ ལ། །སློབ་དཔོན་གྱིས་ནི་དབང་བསྐུར་རོ། །དང་པོར་རྣམ་རྒྱལ་བུམ་པ་ཡིས། །དེ་ནས་ལྷ་མོ་བཞི་རྣམས་དང་། །ལྷ་རྣམས་ཀུན་གྱི་བཞི་པོ་ཡིས། །བཀྲ་ཤིས་ཚིགས་བཅད་གླུ་སྒྲ་དང་། །རྡོ་རྗེ་དྲིལ་བུ་གསིལ་བ་ཡིས། །སྐྱོབ་པ་ཀུན་གྱིས་མངོན་སུམ་དུ། །ཏིལ་ གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །དེ་ཉིད་ལ་ནི་དབང་བསྐུར་བྱ། །དཀྱིལ་འཁོར་དེ་ཉིད་རིག་པར་བསམ། །དེ་ལྟ་བུར་ནི་བསམས་ནས་ཀྱང་། །ཆོས་ཀྱི་མཚན་ཉིད་བསྟན་པར་བྱ། །ཐུར་མ་མེ་ལོང་འཁོར་ལོ་དང་། །དུང་དང་རྡོ་རྗེ་ གླེགས་བམ་དང་། །གསེར་དག་དང་ནི་དངུལ་རྣམས་ཀྱིས། །མི་ཤེས་རབ་རིབ་ལ་སོགས་པ། །ཅི་ནུས་པར་ནི་བསལ་བར་བྱ། །ཐུར་མ་ལ་སོགས་མེད་ན་ཡང་། །ཕྱག་རྒྱས་གཟུགས་རྣམས་བསྟན་པར་བྱ། །དེ་ནས་དམ་ཚིག་བསྟན་པར་བྱ། །དེ་རིང་ཕྱིན་ ཆད་བུ་ཁྱོད་ཀྱིས། །སྲོག་དང་ལུས་ལ་བབ་གྱུར་ཀྱང་། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སློབ་དཔོན་ལ་ནི་བརྙས་མི་བྱ། །རྡོ་རྗེ་སྤུན་རྣམས་བཀུར་སྟི་ཞིང་། །སྡང་ལ་བྱམས་ཤིང་ཆགས་བྲལ་བ། །ནམ་ཡང་བྱ་བ་མ་ཡིན་ནོ། །དེ་ལྟར་བྱས་ ན་སངས་རྒྱས་ཀྱིས། །ཁྱོད་ནི་དམྱལ་བའི་ནང་དུ་འདོར། །དེ་ནས་བླ་མས་ཡོན་བླངས་ཏེ། །ས་དང་ཡིད་འོང་ཆུང་མ་དང་། །རིན་ཆེན་གསེར་དང་ནོར་བུ་འབར། །མུ་ཏིག་བྱི་རུ་ལ་སོགས་དང་། །ལུས་ཀྱང་དབུལ་དུ་གཞུག་པར་བྱ། །བླ་མ་ལ་ནི་གུས་པ་ཡི། ། སློབ་མས་དེ་བཞིན་ཁོ་ནར་བྱ། །བླ་མ་དེ་ནི་མགུ་བར་བྱ། །བླ་མ་མགུ་བ་དངོས་གྲུབ་སྟེ། །གཞན་དུ་མིན་ཞེས་ཐུབ་པ་གསུང་། །དེ་ནས་སློབ་མ་བསླང་སྟེ། །སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་མཆོད་པ་བྱ་སྟེ། སྦྱིན་སྲེག་གི་ལས་བྱའོ། །དེ་ནས་ཆོ་ག་མཐོང་ བས་ལས་བྱས་ནས། །སྦྱིན་སྲེག་བཟླས་བརྗོད་མཆོད་པ་དང་། །དེ་བཞིན་བསྒོམ་པའི་རིམ་པའི་ཚུལ། །ཞི་དང་རྒྱས་པའི་རིམ་པ་ཡིས། །ལས་རྣམས་ཐམས་ཅད་ཚིམ་པར་བྱ། །དེ་ནས་དུས་གསུམ་གཤེགས་པ་ཡི། །རྒྱལ་བ་ཐམས་ཅད་གཤེགས་སུ་ གསོལ། །བསྒྲིམས་ཏེ་ཚོན་རྩི་རྣམས་བསྡུས་ནས། །ཆུ་ཀླུང་ཆེན་པོར་བསྐུར་ནས་ཀྱང་། །བ་ཡི་ལྕི་བས་བྱུག་པར་བྱ། །དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །སློབ་དཔོན་ཉིད་ཀྱིས་བསྡུ་བར་བྱ། །སློབ་མས་ཅུང་ཟད་མི་སྤྱད་དོ། །དེ་ནི་དམ་ཚིག་ཉམས་པར་འགྱུར། །སློབ་ དཔོན་གྱིས་ཀྱང་ཅི་རིགས་པར། །བདག་ཉིད་འདོད་པ་སྤྱད་པར་བྱ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་དཀྱིལ་འཁོར་རིམ་པར་ཕྱེ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་དེ་བཞིན་གཤེགས་པས་ཡང་གསང་ སྔགས་ཀྱི་འཁོར་ལོ་ལ་འཇུག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་གསང་སྔགས་ཀྱི་སྙིང་པོའི་ཡི་གེ་རྣམས་ཉོན་ཅིག །ཕྱག་ན་རྡོ་རྗེས་གསོལ་པ། སེམས་ཅན་ཐམས་ཅད་ ལ་སྨན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། ཨོྃ་ལས་རྣམ་པར་སྣང་མཛད་དོ། །ཨོྃ་ཧཱུྃ་མི་འཁྲུགས་པའོ། །ཨོྃ་ཏྲཱྃ་རིན་ཆེན་འབྱུང་གནས་སོ། །ཨོྃ་ཧྲཱིཿའོད་དཔག་མེད་དོ། །ཨོྃ་ཁྃ་དོན་ཡོད་གྲུབ་པའོ། །ཨོྃ་ག་ ག་ན་ལོ་ཙ་ནི་ཧཱུྃ་སྤྱན་གྱིའོ། །ཨོྃ་ཀི་རི་ཀི་རི་མཱ་མ་ཀཱི་ཧཱུྃ་མཱ་མ་ཀཱིའིའོ། །ཨོཾ་ཀ་ཊེ་བི་ཀ་ཊེ་ཀ་ཊྃ་ཀ་ཊེ་ཀ་རོ་ཊི་པཱིརྱ་སྭཱ་ཧཱ། གོས་དཀར་མོའི་འོ། །ཨོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྒྲོལ་མའིའོ། ཨོྃ་ས་ཏྭ་བཛྲཱི་ཧཱུྃ། རྡོ་རྗེ་སེམས་མའིའོ། །ཨོྃ་རཏྣ་བཛྲཱི་ཧཱུྃ། རྡོ་རྗེ་རིན་ཆེན་མའིའོ། །ཨོྃ་དྷརྨ་བཛྲཱི་ ཧཱུྃ། རྡོ་རྗེ་ཆོས་མའིའོ། །ཨོྃ་ཀརྨ་བཛྲཱི་ཧཱུྃ། རྡོ་རྗེ་ལས་མའིའོ། །ཨོྃ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། སྐུལ་བྱེད་མའིའོ། །ཨོཾ་རཏྣ་ལོ་ཀི་རཏྣཱ་ཛྭཱ་ལི་ནི་སྭཱ་ཧཱ། རིན་ཆེན་སྒྲོན་མའིའོ། །ཨོྃ་བྷྲྀ་ཀུཊྚི་བྷྲྀ། ཁྲོ་གཉེར་མའིའོ། །ཨོཾ་བཛྲ་ཤྲྀཾ་ཁ་ལེ་ཧཱུྃ་ཕཊ་སྭཱ་ཧཱ། རྡོ་རྗེ་ལུ་གུ་རྒྱུད་མའིའོ། །ཨོྃ་མ་ བྱམས་པའིའོ། །ཨོྃ་མུྃ། འཇམ་དཔལ་གྱིའོ། །ཨོྃ་ས་མནྟ་བྷ་དྲ་ཧཱུྃ། ཀུན་ཏུ་བཟང་པོའིའོ། །ཨོྃ་གནྡྷ་ཧ་ཏི་ནི་ཧཱུྃ། སྤོས་ཀྱི་གླང་པོའིའོ། །ཨོྃ་ཛྙཱན་ཀེ་ཏུ་བ་ཏི་ཧཱུྃ། ཡེ་ཤེས་ཏོག་གོ། །ཨོྃ་བྷ་དྲ་བྷ་ཏི་བྷ་དྲ་པཱ་ལེ་ཧཱུྃ། བཟང་སྐྱོང་ངོ་། །ཨོྃ་སཱ་ག་རེ་མ་ཧཱ་སཱ་ག་རེ་ཧཱུྃ། བློ་གྲོས་ རྒྱ་མཚོའོ། །ཨོྃ་ཨཀྵཱ་ཡེ་ཧཱུྃ་ཧཱུྃ་ཨཀྵ་ཡཀྵ་ཨ་ཀརྨ་ཨཱ་པ་ར་ཎ་པ་རི་ཤོ་དྷ་ནི་སྭཱ་ཧཱ། བློ་གྲོས་མི་ཟད་པའོ། །ཨོྃ་པྲ་ཏིབྷཱ་ནི་པྲ་ཏི་བྷ་ནེ་ཀཱུ་ཊེ་ཧཱུྃ། སྦོབས་པ་བརྩེགས་པའོ། །ཨོྃ་སྠཱ་མེ་མ་ཧཱ་སྠཱ་མ་བ་ཏི་སྭཱ་ཧཱ། མཐུ་ཆེན་ཐོབ་པའོ། །ཨོྃ་སརྦ་ཨ་པཱ་ཡ་ཛ་ཏེ་སརྦཱ་པཱ་པྃ་ཤོ་དྷ་ཧཱུྃ། ངན་སོང་ ཐམས་ཅད་སྤོང་བའོ། །ཨོྃ་སརྦ་ཤོ་ཀ་ཏ་མོ་ནི་རྔཱ་མ་ཏི་ཧཱུྃ། མྱ་ངན་ཐམས་ཅད་ཀྱི་མུན་པ་ངེས་པར་འཇོམས་པའི་བློ་གྲོས་སོ། །ཨོྃ་ཛཱ་ལི་ནི་མ་ཧཱ་ཛཱ་ལི་ནི་ཧཱུྃ། དྲ་བ་ཅན་གྱི་འོད་དོ། །ཨོྃ་སུ་དྷ་ན་ཤྲི་ཡེ་ཧཱུྃ། ནོར་བཟངས་སོ། །ཨོྃ་ཙནྡྲེ་ཙནྡྲེ་བྱཱ་བ་ལོ་ཀི་ཏེ་སྭཱ་ཧཱ། །ཟླ་འོད་དོ། །ཨོྃ་ ཨ་མི་ཏེ་པྲ་བྷེ་ཨ་མི་ཏེ་ཧཱུྃ། འོད་དཔག་མེད་དོ། །ཨོྃ་ག་ག་ག་ནེ་ག་ག་ན་བ་ར་ལོ་ཙ་ན་ཧཱུྃ། ནམ་མཁའ་མཛོད་དོ། །ཨོྃ་སརྦྦ་ནི་པཱ་ར་ཎ་བིཥྐ་བྷི་ནེ་ཧཱུྃ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ཨོྃ་ཡ་མཱནྟ་ཀྲིཏ། གཤིན་རྗེ་གཤེད་དོ། །ཨོྃ་པྲ་ཛྙཱན་ཏ་ཀྲི་ཏ། གཞན་གྱིས་མི་ཐུབ་ པའོ། །ཨོྃ་པདྨཱ་ན་ཏ་ཀྲིཏ། རྟ་མགྲིན་ནོ། །ཨོྃ་ཨ་མྲྀ་ཏ་ཀུཎྜ་ལི་བིགྷཱན་ཏ་ཀྲིཏ། བདུད་རྩི་ཐབ་སྦྱོར་རོ། །ཨོྃ་ཨ་ཙ་ལ་ཧཱུྃ་ཧྃ། མི་གཡོ་བའོ། །ཨོྃ་ཊཀྐི་ཧཱུྃ། འདོད་པའི་རྒྱལ་པོའོ། །ཨོྃ་ནཱི་ལ་དཎྜ་མ་ཧཱ་དཎྜ་ཧཱུྃ། བེ་ཅོན་སྔོན་པོའོ། །ཨོྃ་ཀྲོ་དྷ་ཧཱུྃ་ཛཿ། སྟོབས་པོ་ཆེའོ། ། དཀྱིལ་འཁོར་དུ་དགོད་པའི་གསང་སྔགས་ཀྱི་ཡི་གེ་དེ་དག་གོ། །འདི་དག་ལ་བསྟེན་ནས་ཏིང་ངེ་འཛིན་གྱི་ཁྱད་པར་ལས་ངེས་པར་འབྱུང་བའི་གསང་སྔགས་བྱེ་བ་ཕྲག་དུ་མ་གསུངས་སོ། །དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ནི་ལྕགས་ཀྱུས་སྤྱན་དྲང་ངོ་། །བྱང་ ཆུབ་སེམས་དཔའ་རྣམས་ནི་རྡོ་རྗེའི་ཕྱག་རྒྱས་སོ། །རིག་པའི་ལྷ་མོ་རྣམས་ཀྱི་ནི་རིགས་ཀྱི་ཡུམ་རྣམས་ཀྱིས་སོ། །ཁྲོ་བོ་རྣམས་ཀྱི་ནི་ཞལ་གྱི་ཕྱག་རྒྱས་སོ། །བྲན་རྣམས་ནི་ཞགས་པའི་ཕྱག་རྒྱས་སོ། །ཕོ་ཉ་རྣམས་ནི་ལྕགས་ཀྱུའི་ཕྱག་རྒྱས་སོ། །དེ་དག་ལ་སོགས་པ་ ནི་སྤྱན་དྲང་བའི་སྦྱོར་བའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་གསང་སྔགས་རིམ་པར་ཕྱེ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་རྡོ་རྗེའི་དེ་བཞིན་གཤེགས་པ་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་རྣམ་པར་འཕྲུལ་ པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་ན་རྡོ་རྗེ་རས་སམ་རྩིག་པ་ལ་སོགས་པ་ལ་གཟུགས་བརྙན་བསྒྲུབ་པ་ལ་དམིགས་པ་གང་གིས་གསང་སྔགས་འཆང་རྣམས་ཀྱིས་ཡེ་ཤེས་རྫོགས་པར་འགྱུར་ཞིང་ཡེ་ ཤེས་རྫོགས་པས་སངས་རྒྱས་ཉིད་བདེ་བླག་ཏུ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་པའི་གསང་སྔགས་ཀྱི་ཚོགས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གསང་ཆེན་བླ་ན་མེད་པ་བཤད་པར་བྱ་ཡིས་ཉོན་ཅིག །ཨོྃ་གྱི་ཡེ་ཤེས་ཀྱིས་བསྒྲུབས་པ། །རྒྱལ་ཆེན་ རྣམ་པར་སྣང་མཛད་ནི། །ཤེས་རབ་ཡེ་ཤེས་རབ་རྒྱས་པ། །སངས་རྒྱས་ཀུན་གྱིས་མཆོག་གིས་མཆོད། །ཞི་བ་ཐོར་ཚུགས་ཅོད་པན་འཆང་། །ཞལ་གསུམ་གྱིས་ནི་རྣམ་པར་བརྒྱན། །གསེར་གྱི་མདོག་ཅན་ཕྱག་དྲུག་པ། །དང་པོ་བསམ་གཏན་ཕྱག་རྒྱ་ཅན། ། བགྲང་ཕྲེང་ལྡན་ཞིང་མདའ་ཡིས་བརྒྱན། །གཡོན་གྱིས་ལྷ་མོའི་ནུ་མ་འཛིན། །འཁོར་ལོ་དང་ནི་གཞུ་ཐོགས་ཤིང་། །ལྷ་རྣམས་བྲེད་ཅིང་ཁམས་རྣམས་འཛག །འབར་བའི་འོད་དཀྱིལ་བརྒྱན་པ་ལ། །སངས་རྒྱས་ཀུན་གྱི་སྤྲིན་འཕྲོ་བ། །རབ་ཏུ་འབྱུང་ཞིང་ལེགས་འཁྱུད་ པ། །དེ་ཉིད་སྤྱོད་ཡུལ་ཅན་བསྒོམས་ཏེ། །གསང་སྔགས་ནང་གི་བཟླས་བརྗོད་བྱ། །ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རྫོགས་པར་བྱེད་པའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཨོྃ་ཞེས་བྱ་བའི་ཚིག་གི་ལམ། །འཇིག་རྟེན་དབང་ཕྱུག་འོད་ཆེན་བསམ། །ཐོར་ ཚུགས་ཅོད་པན་འཆང་བའི་ལྷ། །དབུ་རྒྱན་ཐམས་ཅད་མཁྱེན་པས་བརྒྱན། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །གཙོ་བོ་ཟླ་བའི་གཟུགས་དང་འདྲ། །ཞལ་གསུམ་སྤྱན་གསུམ་འབར་བ་ལ། །ཕྱག་དྲུག་འདུག་སྟངས་བཞི་པ་ཅན། །ཕྱག་གཉིས་པདྨའི་འཇོ་ཚུལ་ ཅན། །གཡས་ན་བགྲང་ཕྲེང་རྡོ་རྗེ་འཆང་། །གཡོན་པས་ནུ་མ་འཛིན་པ་ལ། །རིལ་བ་སྤྱི་བླུགས་གསུམ་པ་ན། །གཟུགས་རྣམས་ཐམས་ཅད་འཕྲོ་མཛད་ཅིང་། །ཀུན་ནས་འོད་ཟེར་ཕྲེང་བ་ཅན། །ལག་ནས་མཚོན་ཤོར་འཇིགས་འཁྲུགས་པའི། །བགེགས་འགྱེལ་ བ་ལ་ལྟ་བྱེད་པའི། །དེ་འདྲའི་ཚིག་གིས་ལམ་བསྒོམས་ན། །རིང་པོར་མི་ཐོགས་སངས་རྒྱས་འཐོབ། །རྣམ་པ་ཐམས་ཅད་ཀྱི་མཆོག་ཡངས་པ་ཐམས་ཅད་ཀྱི་འབྱུང་གནས་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཟླ་བའི་གཟུགས་ལ་ཧཱུྃ་ཞེས་པ། །སེམས་ ཀྱི་རྡོ་རྗེ་བསྒོམ་པར་བྱ། །མཐིང་ཤིང་བཟང་པོ་ལྟ་བུའི་མདོག །རྒྱན་རྣམས་ཀུན་གྱིས་རབ་བཀླུབས་པ། །ཅོད་པན་ལ་ནི་མི་འཁྲུགས་བཞུགས། །རིན་ཆེན་རྣམས་ཀྱིས་ཡོངས་སུ་བརྒྱན། །ཞལ་རས་གསུམ་ལྡན་སྤྱན་གསུམ་པ། །ཅུང་ཟད་བཞད་ཅིང་འཇོ་སྒེག་ ཅན། །ཕྱག་བརྒྱད་ཀྱིས་ནི་བརྒྱན་པ་ལ། །རྡོ་རྗེ་དང་པོར་གསོར་བ་དང་། །གཉིས་པ་ན་ནི་རལ་གྲི་གདེངས། །ལྕགས་ཀྱུ་བཟང་པོ་གསུམ་པ་ན། །བཞི་པ་ཡིས་ནི་མདའ་ཡང་གསོར། །དེ་བཞིན་གཡོན་ན་དྲིལ་བུ་བསྣམས། །དེ་བཞིན་གཉིས་པས་ནུ་མ་འཁྱུད། ། གསུམ་པ་ན་ནི་ཞགས་པ་སྟེ། །བཞི་པ་ལྷ་རྫས་གཞུ་ཡང་འཛིན། །རོལ་པའི་སྟབས་སུ་ལེགས་པར་བཞུགས། །དེ་བཞིན་སངས་རྒྱས་སྤྲིན་གྱིས་འབར། །འདི་འདྲ་གང་ཞིག་རྟག་སྒོམ་པ། །དེ་ཡི་རྡོ་རྗེ་སེམས་བརྟན་ཞིང་། །རིང་པོར་མི་ཐོགས་བྱང་ ཆུབ་འཐོབ། །རྒ་ཤི་རྣམས་ཀྱི་ཕ་རོལ་འགྲོ། །སེམས་ཅན་གྱི་སྟོབས་མཐའ་ཡས་པ་རྫོགས་པར་བྱེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་རྡོ་རྗེ་ཤུགས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཏྲཱྃ་གི་ཡེ་ཤེས་ལས་བསྒྲུབས་པ། །རིན་ཆེན་འབྱུང་བའི་བདག་ཉིད་དེ། །ཞལ་རས་ གསུམ་ལྡན་སྤྱན་གསུམ་པ། །ཐོར་ཚུགས་ཅོད་པན་རྣམས་ཀྱིས་བརྒྱན། །བདེ་བ་ཆེན་པོ་ཁ་དོག་དམར། །ཏིང་འཛིན་ཕྱག་རྒྱ་རྣམ་པར་བཞུགས། །སེམས་དཔའི་སྐྱིལ་ཀྲུང་བཅས་པ་སྟེ། །ཕྱག་གཡས་ན་ནི་རྡོ་རྗེ་དང་། །གཡོན་པ་རིན་ཆེན་ཡོངས་སུ་ འཛིན། །འོད་ཟེར་སེར་པོ་འཕྲོ་བ་ལས། །རིན་ཆེན་འབྱུང་བའི་སྤྲིན་ཆེན་ནམ། །བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱིས། །རིན་ཆེན་ཆར་གྱིས་རྒྱས་པར་བྱས། །རིན་ཆེན་མངོན་པར་ཐོབ་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། །ཁྃ་གི་ཡེ་ཤེས་ལས་ བསྒྲུབས་པ། །དོན་ཡོད་རྡོ་རྗེ་བསམ་པར་བྱ། །ཏིང་འཛིན་ཕྱག་རྒྱ་ལེགས་བཞུགས་པ། །མརྒད་ཏ་ཡི་འོད་ལྟར་འབར། །གཡས་པའི་ཕྱག་ན་རལ་གྲི་དང་། །གཡོན་པ་ཡིས་ནི་ལྕགས་ཀྱུ་ཉིད། །སངས་རྒྱས་ཀྱི་ནི་སྤྲིན་འཕྲོ་ཞིང་། །ལེགས་པར་བསྒྲུབ་ཕྱིར་སླར་ ཡང་སྡུད། །འོད་ཟེར་ཆེན་པོས་རབ་གསལ་ཞིང་། །ཡེ་ཤེས་རྒྱ་མཚོའི་འོད་དང་མཚུངས། །འདི་འདྲ་རྟག་ཏུ་སེམས་བྱེད་པ། །ནམ་མཁའི་སྙིང་པོ་ཐུབ་པ་ཆེ། །འདུ་བྱེད་ཐམས་ཅད་སྤངས་པ་ཡི། །མཁའ་དང་མཉམ་པ་དེར་འགྱུར་རོ། །ནམ་མཁའ་སྣང་བར་བྱེད་པའི་ཡེ་ ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ལ་ཡི་ཡེ་ཤེས་ལས་བསྒྲུབས་པ། །རྒྱལ་བ་ཐམས་ཅད་ཀྱིས་ཀྱང་བརྒྱན། །ལྷ་མོ་སྤྱན་གསུམ་ཕྱག་བརྒྱད་པ། །ཞལ་གསུམ་གསེར་གྱི་མདོག་དང་མཚུངས། །སྒེག་པའི་ཆ་ལུགས་ལེགས་འཆང་བ། །ཅུང་ཟད་བཞད་པས་འདོད་ ཆགས་མ། །དང་པོའི་ཕྱག་ནི་མཆོག་སྦྱིན་མཛད། །དེ་བཞིན་གཉིས་པ་མི་འཇིགས་སྦྱིན། །ཕྱག་གསུམ་པ་ན་རྡོ་རྗེ་སྟེ། །བཞི་པ་ན་ནི་མདའ་ཡང་གསོར། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །རིན་ཆེན་སྙེ་མ་གཉིས་པ་ན། །གསུམ་པ་ན་ནི་བགྲང་ཕྲེང་སྟེ། །བཞི་ པ་གཞུ་ཡིས་ལེགས་པར་བརྒྱན། །འོད་དམར་འོད་ཟེར་ཕྲེང་བ་ཅན། །ལྷ་རྣམས་འཇིགས་པས་སེམས་མྱོས་ཏེ། །ལག་པ་ཐལ་མོ་སྦྱོར་བར་བྱེད། །སངས་རྒྱས་རྣམས་ཀྱི་སྤྲིན་འཕྲོ་བར། །ཡེ་ཤེས་རྡོ་རྗེ་སྤྱན་མ་བསམ། །བྱང་ཆུབ་ཡན་ལག་འབྲས་བརྒྱན་པའི། །ལྷ་ མོ་འདི་འདྲ་བསྒོམ་པར་བྱ། །ཡེ་ཤེས་སྤྱན་གྱིས་སྣང་བར་བྱེད་པའི་རྡོ་རྗེ་འཇོ་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །མ་ཡི་ཡེ་ཤེས་ལས་བསྒྲུབས་པ། །རྡོ་རྗེ་རིགས་ཅན་མཱ་མ་ཀཱི། །ལྷ་མོ་ཞལ་གསུམ་ཕྱག་དྲུག་མ། །དགོད་ཅིང་ཞལ་རས་ཁྲོ་དང་བཅས། །ཨུཏྤལ་སྔོན་པོའི་ མདོག་འདྲ་བ། །འོད་དམར་ཤིན་ཏུ་འབར་བ་ཅན། །དང་པོ་མི་འཇིགས་སྦྱིན་པའི་ཕྱག །གཉིས་པ་ལེགས་པར་རྡོ་རྗེ་བསྡམས། །གསུམ་པ་ཡིས་ནི་མདའ་ཡང་གསོད། །གཡོན་པ་བསྡིགས་པའི་མཛུབ་མོ་སྟེ། །གཉིས་པ་ཞགས་པ་ལེགས་པར་བསྣམས། ། གསུམ་པ་ཡིས་ནི་གཞུ་ཡང་འཛིན། །རྡོ་རྗེ་ཅན་མ་སྐུ་གསུམ་འཆང་། །དངོས་མེད་ངོ་བོ་མཚན་ཉིད་ཅན། །སངས་རྒྱས་ཀྱི་ནི་སྤྲིན་འཕྲོ་བ། །འདི་འདྲ་སྒོམ་པས་བསྒོམ་པར་བྱའོ། །སྒྱུ་འཕྲུལ་འབྱུང་བའི་སྟོབས་ཀྱིས་ཡེ་ཤེས་ཟབ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །པ་ ཡི་ཡེ་ཤེས་ལས་བསྒྲུབས་པ། །ཟླ་བའི་མདོག་དང་ལྡན་པའི་ཡུམ། །མིང་ནི་གོས་དཀར་ཅན་ཞེས་བྱ། །སྤྱན་གསུམ་དག་གིས་རྣམ་པར་བརྒྱན། །ཞལ་རས་གསུམ་པ་དགའ་མཛད་མ། །ཕྱག་དྲུག་མི་འཇིགས་སྤྱན་མཛད་མ། །གཉིས་པ་ན་ནི་རྡོ་རྗེ་སྟེ། །གསུམ་པ་ མདའ་ཡིས་རྣམ་པར་བརྒྱན། །གཡོན་པ་པདྨ་བསྣམས་པར་བྱ། །གཉིས་པ་ན་ནི་བགྲང་ནོར་ཕྲེང་། །གསུམ་པ་ན་ནི་གཞུ་བསྣམས་ཤིང་། །རོལ་པའི་སྟབས་སུ་ལེགས་པར་བཞུགས། །སངས་རྒྱས་གཟུགས་ནི་འཕྲོ་བར་མཛད། །པདྨའི་སྤྲིན་གྱིས་རྒྱས་པར་ བསྒོམ། །གལ་ཏེ་བྱང་ཆུབ་མཆོག་འདོད་ན། །རིན་ཆེན་སྐུར་ནི་བསྒོམ་པར་བྱ། །པདྨའི་གཟུགས་ཀྱི་འཇོ་ཚུལ་སངས་རྒྱས་ཀྱི་རྒྱལ་བ་འདྲེན་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཏཱ་ཡི་ཡེ་ཤེས་ལས་བསྒྲུབས་པ། །ལྷ་མོ་སྒྲོལ་མ་རྫུ་འཕྲུལ་ ཅན། །འཇོ་སྒེག་ཆ་ལུགས་ལ་གནས་པ། །ཞལ་རས་གསུམ་པ་སྤྱན་གསུམ་པ། །ཕྱག་དྲུག་སེམས་དཔའི་སྐྱིལ་མོ་ཀྲུང་། །བཞད་པ་མརྒད་འོད་དང་ལྡན། །དང་པོ་མི་འཇིགས་སྦྱིན་པའི་ཕྱག །གཉིས་པ་ན་ནི་རྡོ་རྗེ་བསྣམས། །གསུམ་པ་ན་ནི་མདའ་ཡང་གསོར། ། གཡོན་པ་བསྡིགས་པའི་མཛུབ་མོ་སྟེ། །གཉིས་པ་ན་ནི་ཨུཏྤལ་ཉིད། །གསུམ་པ་ན་ནི་གཞུ་ཡང་འཛིན། །འོད་ཟེར་དམར་པོ་འབར་བ་ཅན། །སངས་རྒྱས་འཕྲོ་བས་རྒྱས་མཛད་པ། །དགའ་མཛད་སེམས་ཅན་ཀུན་གྱི་མ། །རྟག་པར་རྒྱུན་དུ་བསྒོམ་པར་བྱ། ། སེམས་ཅན་ཐམས་ཅད་དབང་དུ་འགྲོ་ཞིང་དགའ་བར་བྱེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྐྱེས་མཆོག་རྒྱལ་བས་གསུངས་པ་ཡི། །སེམས་མ་བཞི་ནི་བརྗོད་པའི་མིང་། །སེམས་མ་དང་ནི་རིན་ཆེན་མ། །ཆོས་མ་རྡོ་རྗེ་ལས་མ་སྟེ། །རོལ་པས་རྗེས་སུ་ མཉེས་མཛད་མ། །དེ་དག་ཇི་ལྟར་རིགས་པར་བསྒོམ། །དེ་དག་ཀྱང་ནི་བསྒོམས་པ་ཡིས། །རིང་པོར་མི་ཐོགས་བྱང་ཆུབ་འཐོབ། །སེམས་ཅན་རབ་ཏུ་དགའ་བྱེད་པའི། །འཕགས་མ་བཞི་ཡི་ཏིང་ངེ་འཛིན་ཏོ། །ཙུྃ་གི་ཡི་གེ་ལས་བསྒྲུབས་པ། །མིང་ནི་སྐུལ་བྱེད་ ཅེས་མའི་གཟུགས། །སྐུ་གསུམ་རྒྱལ་བ་བྱེ་བ་ཕྲག །བདུན་གྱིས་གསང་སྔགས་གླུ་ཡིས་བསྟོད། །ཡི་གེ་དགུ་པ་ཐབས་དགུ་ཅན། །ལྷ་དགུ་རྣམས་ཀྱི་གནས་ཀྱང་ཡིན། །ཞལ་གསུམ་སྟོན་ཀའི་འདམ་བུའི་མདོག །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། ། ན་ཆུང་སྐལ་ལྡན་དར་ལ་བབ། །རིག་སྔགས་ཐམས་ཅད་སྒྲོལ་མཛད་མ། །དང་པོའི་ཞལ་ནི་ཅུང་ཟད་ཙམ། །བཞད་ཅིང་སྤྱན་གསུམ་ལྡན་པ་སྟེ། །གཡས་ཀྱི་ཞལ་ནི་རྣམ་གདངས་པ། །ཨུཏྤལ་སྔོན་པོ་འདབ་མའི་འོད། །མཆེ་བ་ཟླ་བ་ཚེས་པ་བཞིན། །ལྕེ་ ནི་གློག་བཞིན་ལྗིབ་པར་མཛད། །གཡོན་པ་ཁ་དོག་དམར་པོ་སྟེ། །ཚེམས་ཀྱིས་སྒྲོས་ནི་རྣམ་པར་གནོན། །རོལ་པའི་སྟབས་སུ་ལེགས་པར་བཞུགས། །གདུ་བུ་རྣམ་པ་སྣ་ཚོགས་ཀྱིས། །བརྒྱན་པའི་ཕྱག་ནི་ཉི་ཤུ་རྩ་དྲུག་དེ་ལ་ཕྱག་གཉིས་རྩ་བའི་ཕྱག་རྒྱས་སྙིང་གའི་ གནས་རྣམ་པར་བརྒྱན་པའོ། །གཡས་པ་གཉིས་ནི་མི་འཇིགས་པ་སྦྱིན་པའོ། །གསུམ་པ་ན་རལ་གྲིའོ། །བཞི་པ་ན་རིན་པོ་ཆེ་སྦྱིན་པའོ། །ལྔ་པ་ན་ཤིང་ཏོག་བཱི་ཛ་པཱུ་རའོ། །དྲུག་པ་ན་མདའ་གསོར་བའོ། །བདུན་པ་ན་དགྲ་སྟའོ། །བརྒྱད་པ་ན་དབྱུག་ཏོའོ། །དགུ་ པ་ན་ཐོ་བའོ། །བཅུ་པ་ན་ལྕགས་ཀྱུའོ། །བཅུ་གཅིག་པ་ན་རྡོ་རྗེའོ། །བཅུ་གཉིས་པ་ན་སེ་གོལ་གཏོགས་པའོ། །བཅུ་གསུམ་པ་ན་བགྲང་ཕྲེང་ངོ་། །གཡོན་པ་གཉིས་པ་ན་ཡིད་བཞིན་ནོར་བུའི་རྒྱལ་མཚན་ནོ། །གསུམ་པ་ན་པདྨའོ། །བཞི་པ་ན་རིལ་བ་སྤྱི་བླུགས་ སོ། །ལྔ་པ་ན་ཞགས་པའོ། །དྲུག་པ་ན་གཞུའོ། །བདུན་པ་ན་མདུང་ཐུང་ངོ་། །བརྒྱད་པ་ན་འཁོར་ལོའོ། །དགུ་པ་ན་དུང་ངོ་། །བཅུ་པ་ན་བསྡིགས་པའི་མཛུབ་མོའོ། །བཅུ་གཅིག་པ་ན་བུམ་པ་བཟང་པོའོ། །བཅུ་གཉིས་པ་ན་ཐག་མདུང་ངོ་། །བཅུ་གསུམ་པ་ན་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན། །པདྨ་ལ་བཞུགས་བསྒོམ་པར་བྱ། །ལ་ཡི་ཞིང་ཅུང་བགོས་པ་ཡི། །སྟེང་དུ་བླ་གོས་གྱོན་པ་སྟེ། །སྣ་ཚོགས་ཚིག་གུ་ན་བཟར་གསོལ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང་། །སངས་རྒྱས་ རྣམས་ཀྱིས་སྐུ་གཟུགས་འཕྲོ། །སུམ་ཅུའི་ལྷ་རྣམས་ལྟུང་བ་དང་། །བགེགས་རྣམས་ཤིན་ཏུ་འཇིག་སྐྲག་ནས། །ཐལ་མོ་སྦྱོར་བར་བྱེད་པ་སྟེ། །འདི་འདྲ་གང་ཞིག་རྟག་བསྒོམས་ཤིང་། །བསྒྲིམས་ནས་གསང་སྔགས་བརྗོད་པ་དེས། །སངས་རྒྱས་མྱུར་དུ་ཐོབ་གྱུར་ན། ། དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། །ཏིང་འཛིན་ངོ་བོ་ཐོབ་འགྱུར་ཞིང་། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །རྒྱལ་བ་མཐའ་ཡས་པའི་ཡེ་ཤེས་སྐུལ་བར་བྱེད་པའི་སྟོབས་ཀྱི་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ར་ཡི་ཡེ་ཤེས་ལས་བསྒྲུབས་པ། །རིན་ཆ