Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 083_རྒྱུད་འབུམ།_ཇ
Văn bản gốc(Tây Tạng)
Trang 2 / 21 (50.000 ký tự/trang)
་མཁའ་ལ་བབ་ནས། འཁོར་ལོ་འབར་བའི་ལྟེ་དབུས་སུ་གནས་པ་ལས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་གསུང་གཅིག་གིས་རོ་ཥ་ཎ་ཡཀྵ་གྲྀཧྞ་གྲྀཧྞ་ཕཊ་ཅེས་གསུངས་པ་ལས་ཡེ་ཤེས་ཀྱི་ཁྲོ་བོ་སྐུ་དུག་ཧ་ལ་ནག་པོའི་མདོག་ལྟར་འཚེར་བ། ཡེ་ཤེས་རྔམ་པའི་སྤྱན་གསུམ་བསྐལ་བའི་གློག་ལྟར་འཁྱུག་ཅིང་གདུག་པ་ཉི་མའི་འོད་ཟེར་བཞིན་གང་ལ་ བལྟས་པ་བརླག་ནུས་ཤིང་ཚ་བ། སྨིན་མ་རྔམ་པའི་གློག་དྲག་པོ་བཞིན་སེར་ནག་ཏུ་འབར་བས་གཏི་མུག་དང་། ཉོན་མོངས་པའི་མུན་པ་སེལ་བར་བྱེད་པ། སྨ་ར་སེར་ནག་ལ་ཡེ་ཤེས་ཀྱི་མེ་འབར་བ། ཉོན་མོངས་པའི་བག་ཆགས་སྲེག་པ། ཉོན་མོངས་པ་གཏི་མུག་ འཇོམས་པར་བྱེད་པའི་གླང་པོ་ཆེའི་ཀོ་རློན་གསོལ་པ། ཉོན་མོངས་པའི་ཞེ་སྡང་འདུལ་བའི་རྟགས་སུ། གཅན་གཟན་གྱི་རྒྱལ་པོ་སྟག་གི་ཤམ་ཐབས་བགོས་པ། ཉོན་མོངས་པ་ཕྲག་དོག་འདུལ་བར་བྱེད་པའི་གཟིག་གི་མགོ་བོས་བརྒྱན་པ། ཉོན་མོངས་ པའི་འཁོར་བ་མ་སྤངས་པས་ཞིང་ཆེན་གྱི་གཡང་གཞི་གསོལ་བ། སྦྲུལ་དཀར་ཁྲས་དབུ་བརྒྱན་པ། སེར་ཁྲས་མགུར་ཆུ་བྱས་པ། དམར་ཁྲས་ཕྱག་གདུབ་བྱས་པ། ལྗང་ཁྲས་རྐེད་བཅིངས་བྱས་པ། ནག་ཁྲས་ཞབས་གདུབ་བྱས་པ། དུག་གསུམ་ངང་གིས་མི་ སྤོང་བར་ཉོན་མོངས་པའི་ཤ་ཁྲག་གསོལ་བ། སྐུ་དང་། གསུང་དང་། ཐུགས་དང་ལྡན་པའི་ཐོད་པ་སྐམ་པོ་དང་། རློན་པ་དང་། ནེ་ཕྲེང་གིས་སྐུ་ལ་བརྒྱན་པ། ཆོས་ཉིད་སྐྱེ་བ་མེད་པའི་དོན་དང་ལྡན་ཞིང་འཁོར་བ་ཁྲག་ཞག་དང་འདྲ་བ་ལ་ཐུགས་རྗེས་གཟིགས་པའི་ཕྱིར་ཞག་ གི་ཟོ་རིས་ཀྱིས་སྐུ་ལ་བརྒྱན་པ། ཐེག་པ་ཆེན་པོའི་དབང་གིས་ཐམས་ཅད་འདུལ་བའི་ཕྱིར་ཐལ་ཆེན་གྱི་ཚོམ་བུས་སྐུ་ལ་བརྒྱན་པ། ཆོས་ཉིད་སྐྱེ་བ་མེད་པའི་དོན་དང་ལྡན་ཞིང་ནོར་བུ་འབར་བས་ཆ་བྱད་དུ་སྣང་སྟེ། དབུ་སྐྲ་སྔོ་ནག་ལ་རལ་པའི་ཅོད་པན་གྱིས་བཅིངས་པ། ཞབས་གཡས་པ་བརྗིད་པའི་ཚུལ་གྱིས་བསྐུམ་ནས་གནས་པ། ཞབས་གཡོན་པ་དྲག་པོའི་ཚུལ་གྱིས་བསྒྲད་ནས་གནས་པས་སྲོག་ལ་རྔམ་པའི་སྲིན་པོ་ཕོ་མོ་བརྫིས་པ། ཕྱག་གཡས་པ་ན་རྡོ་རྗེ་རྩེ་ལྔ་པ་རྡེག་པའི་ཚུལ་དུ་འཛིན་པ། གཡོན་པ་ན་སྡིགས་པའི་མཛུབ་མོ་ཕྱར་བ་དག་ ཏུ་སྣང་བ་ཞེས་རྒྱ་གྲམ་དང་། རལ་གྲི་འབར་བས་ཡན་ལག་བཞི་ལ་ལས་ཀྱི་བྱེད་པ་པོར་དབང་བསྐུར་རོ། །དམ་རྫས་བདུད་རྩི་རྣམ་པ་ལྔས་དབང་བསྐུར་ནས་ཕྲིན་ལས་ཐམས་ཅད་ཀྱི་བྱེད་པ་པོར་དབང་བསྐུར་ཏེ། དེ་ཡང་གཉིས་སུ་མེད་པའི་རོལ་པས་སོ། །དཔལ་རྡོ་རྗེ་ གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འབར་བའི་ཁྲོ་བོ་ལ་དབང་བསྐུར་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དཔལ་རྡོ་རྗེ་གཏུམ་པོ་ལག་ན་རྡོ་རྗེས་སྡིགས་མཛུབ་ནི་བསྒྲེང་། རྡོ་རྗེ་ནི་སྤར་ནས་འབར་བའི་ཁྲོ་བོའི་ལྟ་བས་ཀུན་ ཏུ་བལྟས་ཏེ། སྤྱན་ནི་བཟློག །ཞལ་ནི་བགྲད་ནས་ཞལ་ནས་རྔམ་པའི་སྒྲ་སྐད་ནི་ཧ་ཧ། ཧཱུྃ་ཧཱུྃ། ཨ་ལ་ལ། ཨྃ་ཨྃ། དྷི་དྷི། ཧོ་ཧོ། ཞེས་པའི་བྱིན་རླབས་ལས་ཕྲག་པ་གཉིས་རབ་ཏུ་འབར་ཏེ། རྡོ་རྗེ་ཁྲོ་བོ་དཀར་བ། རྣམ་པར་དཀར་བ་དག་མཐའ་ཡས་པ་འཐོན་ཏོ། །དཔྲལ་བ་ རྣམ་པར་འབར་བ་ལས་ཁྲོ་བོ་མཐིང་ག་སྣ་ཚོགས་པ་འཐོན་ཏོ། །མགྲིན་པ་རབ་ཏུ་འབར་བ་ལས་ཁྲོ་བོ་དམར་པོ་རྣམ་པར་དམར་བ་དག་འཐོན་ཏོ། །ཐུགས་ཀ་རབ་ཏུ་འབར་བ་ལས་རྡོ་རྗེ་ཁྲོ་བོ་ནག་པོ་རབ་ཏུ་འབར་བ་སྣ་ཚོགས་པ་འཐོན་ཏོ། །སྐུ་ལྟེ་བ་རབ་ཏུ་འབར་བ་ལས་རྡོ་རྗེ་ཁྲོ་བོ་ལྗང་ གུ་རབ་ཏུ་འབར་བ་དག་འཐོན་ཏོ། །འབར་བའི་ཁྲོ་བོ་དེ་དག་ཀྱང་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ། མེ་ལྕེ་ལྟ་བུ་སྟེ། ཤིན་ཏུ་རྔམ་པ། ཤིན་ཏུ་འཇིགས་པ། དགོད་པའི་མདོག་ཏུ་སྣང་བ། ལོག་སྲེད་ཅན་དག་ལ་གཤེ་བའི་མདོག་ཏུ་སྣང་བ། ཐམས་ ཅད་ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་པ། ཐུགས་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། ཕྲིན་ལས་བཞི་ཡིས་སྐུའི་དངོས་པོ་ཤིན་ཏུ་བསྒྱུར་ཏེ་འགྲོ་བའི་དོན་མཛད་དོ། །ཞལ་ནས་རྔམ་པའི་སྒྲ་སྒྲོགས་པ་དེ་དག་ཀུན་ཀྱང་ཁྲོ་བོའི་སྟངས་སྟབས་དང་། མཆོངས་པ་དང་། འགྱིང་བ་དང་། རྩེ་བ་དང་། སྤྱན་བགྲད་པ་དང་། མཆེ་བ་གཙིགས་པ་དང་། ཁྲོ་གཉེར་མི་བཟད་པ་གཙིགས་པ་ཤིན་ཏུ་མི་བཟད་པའི་ཁྲོ་བོར་སྤྲུལ་ཏེ། རྩི་མཆོག་གི་རྒྱལ་པོ་མ་གི་ཏའི་དྲིར་ལྡན་པས་གདུག་པ་ཅན་ཀུན་གྱི་སྙིང་རབ་ཏུ་རུལ་བར་བྱེད་པ་དེ་ལྟ་བུའི་འབར་བའི་ཁྲོ་བོ་དེ་ དག་སྤྲུལ་རབ་ཏུ་སྤྲུལ་པར་གྱུར་ཏོ། །དེ་ནས་རྔམ་པའི་གསུང་གིས་དྲག་པོའི་སྔགས་བཀའ་སྩལ་པ། ཨོཾ་བཛྲ་ཙཎྜ། ཨོཾ་བི་པུ་ལེ། ཨོཾ་བཛྲ་ཙཎྜ་པྲ་བ་ར་ནཱ་ག །ཨོཾ་བཛྲ་ཙཎྜ་མ་ཧཱ་ནཱ་ག་ཧྲྀ་ད་ཡ། ཨཱ་བར་ཏེ། ཛྭ་ལ་ཛྭ་ལ། སརྦ་ནཱ་ག་ཧྲྀ་ད་ཡཱ་ནི། ཨཱ་བར་ཏེ་ཛྭ་ལ། སརྦ་ནཱ་ག་ཧྲྀ་ད་ཡཱ་ནི། ཀི་མི་ཀི་མི། ནཱ་ག་ཀུ་ལཱ་ནི་བི་དྷྭཾ་ས་ནཱི། ཧ་ན་ཧ་ན། སརྦ་ནཱ་ག་དུཥྚཱྃ། ཧྲྀ་ད་ཡཱ་ནི། ད་ཧ་ད་ཧ། སརྦ་དུཥྚཱན་ནཱ་ག་བནྡྷ་ནི། པ་ཙ་པ་ཙ། པཱ་ཙ་ཡ་པཱ་ཙ་ཡ། སརྦ་དུཥྚཱྃ་ནཱ་གཱ་ནཱྃ། ཨ་ཀྲ་མ་ཨ་ཀྲ་མ། སུ་ཀྲ་མ་ས་ཀ་ར་བི་མ་ལི། བི་ཀྲ་མ། མ་ ཧཱ་ནཱ་ག་ཏེ་ཛ་བ་རེ་སྭཱ་ཧཱ། ཞེས་པས་དེ་དག་ཐམས་ཅད་ཡུར་ཡུར་པོར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་པར་གྱུར་ཏོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་ རྒྱུད་ལས་དབང་དུ་བསྡུས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་དྲེགས་པ་ཅན་དེ་དག་ཟིལ་གྱིས་གནོན་པའི་ཕྱིར་རྡོ་རྗེ་ནམ་མཁའ་ལ་གསོར་བས་དྲེགས་པ་ཅན་དེ་དག་ཤིང་ལོ་རླུང་གིས་བསྐྱོད་པ་བཞིན་ནོ། །དེ་ནས་རྔམ་པའི་གསུང་དང་། བརྗིད་པའི་སྐུ་ལས་ འདི་སྐད་གསུངས་སོ། །ཁྲོ་བོའི་རྒྱལ་པོ་ང་ཉིད་ཀྱིས། །སྲིད་པ་གསུམ་ན་གནས་པ་ཡང་། །ཐམས་ཅད་མ་ལུས་ཟིལ་གྱིས་གནོན། །རིགས་བཞི་ཀླུ་རྒྱལ་འཁོར་དང་བཅས། །གཟི་བྱིན་དྲག་པོས་གནོན་པར་བྱ། །ང་ནི་མཐུ་སྟོབས་བདག་པོ་སྟེ། །རྔམ་པའི་ གསུང་དང་བརྗིད་པའི་སྐུ། །ཕྱག་རྒྱ་དྲག་པོས་ཟིལ་གྱིས་གནོན་ཞེས་ཆེད་དུ་བརྗོད་པས་བརྗོད་ནས་བརྗིད་གནོན་གྱི་ཕྱག་རྒྱ་ཞེས་བྱ་བ་བཅས་ཏེ་ཕྱག་སོར་མོ་བསྣོལ་ཏེ་མཐེ་བོང་གཉིས་དང་མཐེ་ཆུང་གཉིས་སོ་སོར་རྩེ་སྤྲད་ནས་བརྐྱང་ངོ་། །ཕྱག་གི་མཐིལ་འཁོར་ལོ་ཅན་ཡང་ ཐུར་དུ་བསྟན་ཏེ་ཤིན་ཏུ་མི་བཟད་པའི་སྔགས་བཀའ་སྩལ་པ། ཨོཾ་བཛྲ་ཙཎ་ཌ་བཛྲ་པཱ་ཎི་ཧཱུྃ་ཧཱུྃ། ག་རུ་ཌ་པཀྵེ། ཧཱུྃ་ཧཱུྃ། ཛེཾ་མཱ་ལ་བ་རི་ཙི། ཙི་སྲི་ཙ་ཧཱུྃ་ཕཊ་ཅེས་ཆེད་དུ་བརྗོད་པས་དྲེགས་པ་ཅན་དང་ཀླུ་ཐམས་ཅད་མྱོས་རབ་ཏུ་མྱོས་ནས་བཀའ་བཞིན་བགྱིའོ་ཞེས་གསོལ་ ཏོ། །དེ་དག་ཐམས་ཅད་ཀྱང་མྱོས་པའི་ཆུ་དྲག་པོ་འཐུངས་པ་ལྟ་བུ་འམ། སྐྱེས་བུ་གཉིད་ཀྱིས་གདུངས་པ་ལྟ་བུ་སྟེ། དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་པ། ཀྱེ་མ་གསང་བའི་བདག་པོ་བཅོམ་ལྡན་འདས། །རིག་སྔགས་བདག་པོ་ཁྲོ་བོའི་རྒྱལ། །ཁྱོད་ ཀྱི་རིག་སྔགས་སྨོད་པ་ཡིས། །ཤིན་ཏུ་མི་ཟད་རབ་ཏུ་མྱོས། །འབངས་སུ་མཆི་ཞིང་བཀའ་བཞིན་འཚལ། །ཐུགས་རྗེ་ཅན་གྱིས་བདག་ཅག་ལ། །རབ་ཏུ་དགོངས་ཤིག་འབངས་སུ་མཆི། །སླད་མ་རྣམས་ལ་འཚེ་མི་བགྱིད་ཅེས་དམ་བཅས་སོ། །དཔལ་རྡོ་རྗེ་གཏུམ་པོ་ ཐུགས་གསང་བའི་རྒྱུད་ལས་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་སྡེ་དཔོན་ཆེན་པོ་བརྒྱ་བྱིན་ཞེས་བྱ་བ་ག་ལ་བ་དེར་འོངས་ཏེ་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་པས་མཆོད་ནས་རྡོ་རྗེ་ཁྲོ་བོ་དེ་ལ་འདི་སྐད་ཅེས་གསོལ་ ཏོ། །ཀྱེ་ཁྲོ་བོའི་བདག་པོ་ཆེན་པོ་དྲེགས་པ་གདུག་པ་ཅན་འདི་དག་ནི་ཤིན་ཏུ་མ་རུངས་པར་གྱུར་ན། འདི་དག་བྲིད་ནས་བསྟན་པ་གནས་པའི་ཐབས་ཀྱི་སྤྲོ་བ་མཛད་དུ་གསོལ་ཞེས་གསོལ་པ་ལས་ལྷའི་དབང་པོ་ཉོན་ཅིག །ཀླུ་རྣམས་ཀྱི་རྫས་རྣམས་རྫས་སྣ་ཚོགས་པ་ བསགས་ལ། བདག་ཉིད་ཀྱི་ལུས་དག་ཅིང་གཙང་བར་བྱས་ལ་ལོངས་མ་སྤྱད་པའི་རས་དཀར་པོ་བགོས་ཏེ། མངར་བ་དང་གསུར་བའི་དྲི་ཞིམ་པོ་དང་ལྡན་པའི་ཐིག་ལེས་ལུས་བྱུགས་ལ་བུ་རམ་དང་། ཤ་ཁར་དང་། སྦྲང་རྩི་མུར་བར་བྱས་ལ་ཞག་བདུན་ནམ་དགུའི་ གོང་ནས་ཁ་ཟས་ངན་པ་སྤང་བར་བྱའོ། །ལུས་ཀྱི་རྣམ་པ་ལ་རྨ་བྱའི་སྒྲོ་ལྔ་བཙུགས་ཏེ། ཤེས་རབ་ཅན་གྱིས་བྱ་བའོ། །ཀླུའི་སྨན་སྣ་ཚོགས་པ་དང་འཇམ་པའི་འབྲུ་བསྲེས་པའི་ཕྱེ་མ་མངར་བའི་ཆུས་སྦྲུས་ཏེ་རི་ལུ་ཤ་རྟུག་གི་འབྲུ་ཙམ་བརྒྱ་རྩ་བརྒྱད་བྱའོ། །ཀླུ་སྨན་ རྣམ་པ་ཐ་དད་པ་ཡང་བླུགས་ཏེ་དཀར་བ་ལ་སོགས་པ་དང་ལྡན་པར་བྱའོ། །དེ་ནས་ཐུགས་རྗེ་ཆེན་པོས་གཟིགས་ཏེ། ཀླུ་ཡི་རྒྱལ་པོ་འཁོར་དང་བཅས། །དགའ་དང་གུས་པས་སྤྱན་འདྲེན་གྱིས། །རྩེ་ཞིང་གདུང་བས་ཚུར་ཤོག་ཅིག །དགའ་ཞིང་གུས་པས་མངན་ མི་སེམས། །ཀུན་ཀྱང་བརྩེ་བས་ཚུར་ཤོག་ཅིག །ཅེས་བཀའ་སྩལ་པས་དེ་དག་ཀུན་གྱི་དབང་པོ་ཀུན་ཀྱང་ཤིན་ཏུ་དངས་པར་གྱུར་ནས་ཤ་རིད་ལ་སྦྲང་མ་འདུས་པ་ལྟ་བུ་སྟེ། ཀུན་ཀྱང་དགའ་བའི་མདངས་དང་ཆས་ནས་གང་ན་བ་དེར་འཁོད་དོ། །སྔགས་བཀའ་སྩལ་པ། ནཱ་ག་རཱ་ཛ་ས་མ་ཡ་སྭཱ་ཧཱ་ཞེས་བཀའ་སྩལ་པས། ཀུན་ཀྱང་ཚིམ་པར་གྱུར་ཏོ། །དེ་དག་ཀུན་གྱིས་ཀྱང་མགྲིན་གཅིག་གིས་དམ་ཚིག་གི་རིམ་པ་ཕུལ་བ། དཔའ་བོ་ཆེན་པོ་ཁྲོ་བོའི་བདག །ཁྱོད་ཀྱི་བཀའ་ལས་འདས་གྱུར་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། ། དུམ་བུར་གས་ནས་རུལ་བར་ཤོག །ཏདྱ་ཐཱ། ཨོཾ་ཙ་ཊཱ་ཙ་ཊཱ། བི་ཙི་ཊུ། ཤ་ཐ་ཤ་ཐ། སྭ་ཙ་ཏེ་སྭཱ་ཧཱ་ཞེས་གསོལ་ཏོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་གདུག་པ་ཅན་བཀའ་ལ་བཏགས་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་དབང་པོ་ཆེན་པོས་གསོལ་བ། ཀྱེ་རྡོ་རྗེ་ཁྲོ་བོ་དག་དྲེགས་པ་ཅན་འདི་དག་ཤིན་ཏུ་མ་རུངས་པར་གྱུར་ན། ལ་ལ་ནི་རུས་པ་ཆག་ཅིང་གྲུགས། ལ་ལ་དག་ནི་ཚེའི་འདུ་བྱེད་མཐའ་ལ་གཏུགས་སུ་ཉེ། ལ་ལ་དག་ནི་ནམ་མཁའ་ལྡིང་དབུའི་གཙུག་ཏོར་ན་གནས་ པས་ལེན་པའི་སྡུག་བསྔལ་གྱིས་གཟིར། ལ་ལ་དག་ནི་ཁྲག་བསྐམས། ལ་ལ་དག་ནི་སེན་མོ་དང་ཡན་ལག་ཆག །ལ་ལ་དག་ནི་གཏི་མུག་གི་གཉིད་ལོག་པས་བྱང་ཆུབ་ཀྱི་སྙིང་པོ་མི་ཤེས། ལ་ལ་དག་ནི་རྩ་དང་རྒྱུས་པ་ཆད་དེ། ནད་རྣམ་པ་སྣ་ཚོགས་ཀྱིས་གདུངས། ལ་ལ་དག་ནི་ལུས་ཀུན་ཚ་བའི་ནད་ཀྱིས་ཉམ་ཐག །ལ་ལ་དག་ནི་རྩེ་ཞིང་མིང་ཡང་མི་གྲག །ལ་ལ་དག་ནི་ཉོན་མོངས་པ་རྒྱས་ཏེ་སྔོན་སེམས་བསྐྱེད་པ་རྗེས་སུ་མི་དྲན། ལ་ལ་དག་ནི་སེམས་བསྐྱེད་པ་རྗེས་སུ་དྲན་ཡང་དེ་བཞིན་གཤེགས་པའི་ཞལ་མི་མཐོང་། ལ་ལ་ དག་ནི་ཡི་དགས་ཀྱི་ཁམས་ལྟ་བུ་སྟེ་ཁ་ཟས་ཀྱི་སྐལ་བ་དང་མི་ལྡན་ན་འདི་དག་གསོ་བའི་ཐབས་བཀའ་སྩལ་དུ་གསོལ་ཞེས་གསོལ་པ་ལས་ལྷའི་དབང་པོ་དག་དབང་པོའི་ལག་པས་ནི་ལག་པ་ཆད་པ་སོས་པར་འགྱུར་རོ། །ཆུ་སྲིན་སྡེར་མོས་ནི་སེན་མོ་ཆག་པ་སོས་པར་འགྱུར་རོ། ། ནཱ་ག་གེ་སར་གྱིས་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྗེས་སུ་དྲན་པར་འགྱུར་རོ། །ནཱ་ག་པུས་པས་ནི་ཀླུའི་གནས་མེ་ཏོག་གི་ཚལ་དུ་འགྱུར་རོ། །གུ་གུལ་གྱི་དྲི་ཆེན་པོས་ནི་དེ་མ་ཡིན་པ་ཐམས་ཅད་བསྲེགས་ནས། ཀླུའི་སྣ་ལ་མནམས་པ་ཙམ་གྱིས་སྔོན་བྱང་ཆུབ་མཆོག་ཏུ་སེམས་ བསྐྱེད་པ་དྲན་པར་འགྱུར་རོ། །འབྲས་ཀྱི་ཡོས་ཀྱིས་ནི་ཀླུའི་ནད་ཐམས་ཅད་འཚོ་བར་འགྱུར་རོ། །ཐང་ཀ་བྱ་རྒྱུས་སྤུ་ཤེལ་གྱིས་ནི་རྩ་རྒྱུས་ཆད་པ་སོས་པར་འགྱུར་རོ། །ག་བུར་གྱིས་ནི་རྩ་བའི་ནད་སོས་ནས་ལུས་ཀྱི་བཅུད་ཀུན་ཚིམ་པར་བྱེད་དོ། །དར་ལེ་བརྒན་གྱིས་ནི་ག་རུ་ཎའི་ འཇིགས་པ་ལས་སྐྱོབ་པར་བྱེད་དོ། །མེ་ཚན་དང་། བྱེ་ཚན་དང་། གཅེར་བུ་དང་། རྒྱལ་པོའི་ཆད་པ་དང་། ས་གཡོ་བ་དང་། གཞན་གྱི་རིག་སྔགས་ཀྱིས་གནས་འགུལ་བ་དང་ཕུར་བུས་འདེབས་པ་ལས་ཐར་བར་བྱེད་དོ། །མཚལ་གྱིས་ཁྲག་བསྐམས་པ་སོས་པར་བྱེད་ དོ། །དུང་གིས་རུས་པ་ཆག་པ་སོས་པར་བྱེད་དོ། །རས་སྐུད་དམར་པོས་ནི་སྲོག་འགགས་པ་ཚངས་པའི་ཚེ་དང་ལྡན་པར་བྱེད་དོ། །དཀར་དང་མངར་གྱིས་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པར་བྱེད་དོ། །དེ་དག་ཀུན་ཀྱང་རིན་པོ་ཆེའི་བུམ་པ་འམ། ཁམ་ཕོར་ལྟ་བུ་མཆུ་ལྔ་ པར་བླུགས་ནས་སྦས་ན་གང་ཉམས་པ་དེ་སོས་པར་འགྱུར་རོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་ཀླུ་གསོ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ལྷའི་དབང་པོས་གསོལ་པ། ཀྱེ་རྡོ་རྗེ་ཁྲོ་བོ་ཆེན་པོ། འདི་དག་བསྡིགས་ན་ཇི་ལྟར་བསྡིགས། ། གགས་དག་གཅད་པ་ཇི་ལྟ་བུ། །བརླག་པར་བྱ་བ་ཇི་ལྟ་བུ། །རྡོ་རྗེ་ཁྲོ་བོས་བཀའ་སྩལ་པ། །ཉོན་ཅིག་དབང་པོ་རྣམ་པར་རྒྱལ། །བསྡིགས་པར་བྱ་བ་འདི་དག་གོ། །ཤིན་ཏུ་ཁྲོས་བཅས་མགོ་སྟོད་ལ། །མཁའ་ལྡིང་ག་རུར་སྤྲུལ་པར་བྱ། །རྡོ་རྗེ་ཁྲོ་བོ་འཆོལ་བ་ གདོན། །ཕྱོགས་བཅུར་རྡོ་རྗེ་སྤྲོ་བར་བྱ་ཧཱུྃ་ཧཱུྃ་ཧཱུཾ། བཛྲ་ཙཎྜ་ཨྃ་ཨཱཿ ནཱ་ག་པྲ་ཐ་པྲ་ཐ། ཧཱུྃ་ནཱ་ག་ནཱ་ཤ་ཡ་ཕཊ། ཅེས་བཀའ་སྩལ་པས་དྲེགས་པ་ཅན་དེ་དག་ལུས་ལ་གཅད་གཏུབས་ཀྱི་སྡུག་བསྔལ་བྱུང་གིས་དོགས་ཏེ། འཕྲལ་ཉིད་དུ་གདུག་པ་ཅན་དེ་དག་ཤིན་ཏུ་ བྲེད་པར་གྱུར་ཏེ་བཀའ་བཞིན་དུ་ཉན་ནོ། །ཤིན་ཏུ་འཇིགས་དངངས་ནས་བཅོམ་ལྡན་འདས་ཐུགས་རྗེས་གཟིགས་སུ་གསོལ་ཞེས་བཀའ་ཉན་ནོ། །དེ་ནས་གགས་གཅད་པར་འདོད་ན་སྦྱིན་སྲེག་བཞིན་ལས་བྱའོ། །གང་ན་བ་དེར་ཆ་བསྙམས་ལ། །ནག་ཕོ་དྲི་དང་ལྡན་པར་ བྱུག །ཟུར་གསུམ་སུམ་བརྩེགས་ཐུར་དུ་བརྐོ། །ཁ་ཁྱེར་ཐམས་ཅད་རྡོ་རྗེ་གནག །དབུས་སུ་གཞལ་ཡས་རྒྱ་གྲམ་བྲི། །སེ་སྐྱེར་གདུག་པའི་ཤིང་དག་ལ། །ཟུར་གསུམ་ཁྲུ་དོའི་ཚད་དུ་བརྩིག །ལོགས་ལ་རཀྟའི་ཚར་ཚར་བཏང་། །ཚེར་ཅན་ནག་པོ་ཟུར་གསུམ་ བཤག །བྲག་ནག་སྐྱེས་པའི་ཚེ་ནག་ཤུག །སོར་ནི་བདུན་བདུན་ཚད་དུ་བྱ། །མ་དུ་ཟུར་གསུམ་སོར་གསུམ་ཚད། །འབྲུ་ཆན་ནག་པོ་རཀྟར་སྦྱར། །མིང་བྱ་སྦྱིན་སྲེག་རབ་ཏུ་སྦར། །བརྒྱ་རྩ་བརྒྱད་དེ་ཉི་ཤུ་གཅིག །དམིགས་པ་ཆེ་གེའི་ ལིང་ག་ནི། །དྲི་མ་ཁུ་ཆུ་ཁྲག་དག་དང་། །སྐྲ་དང་རྐང་རྗེས་གོས་ལ་སོགས། །ཚོགས་པར་བསོགས་ལ་ཨ་མུ་ཀྃ། །དེ་ལ་ཛཿཧཱུྃ་བྃ་ཧོཿས་དགུག །ཡི་དགས་གང་གནས་མཆོན་པ་བླ། །སྦྲུལ་གདུག་དམིགས་པའི་གཟུགས་སུ་བྱ། །གནོན་པར་བྱེད་པ་ མཚོན་བྱས་ཛཿ། །སྙིང་གར་བྲིས་ལ་གན་རྐྱལ་མདུན། །ཐུན་བྲབ་གདབ་སྔགས་བསྐོར་བཅས་དབུལ། །མཱ་ར་ཡ་དང་བཅས་པའོ། །ནག་པོའི་ཆས་བགོ་རེ་སྟན་ས། །སྟོད་གཡོག་སྔོན་པོ་ཕུ་རུང་གནག །གཡང་གཞི་སྲིད་པའི་སྤྱི་བླུགས་བགོ། །དགང་ བླུགས་མཆོག་ཆེན་གཟར་བུས་བྱ། །ཁམ་སྐྱོང་ཟུར་གསུམ་རྫས་རྣམས་བསག །མཆོད་སྦྱིན་ང་དང་མགོན་བྱེད་ལའོ། །མེ་ཡི་ལྷ་ཡང་ང་ཉིད་དོ། །མཱ་ར་ཡ་ཕཊ། སུམ་བྷ་ནི་སུམ་བྷ་ཧཱུྃ། སྦྱིན་སྲེག་བྱས་པའི་ཐལ་བ་ལ། །ང་ཡི་གདོང་དུ་བསྒྲུབ་པར་བྱ། ། ནང་དུ་དགྲ་བོའི་བརྡའ་ཡང་གཞུག །ས་ཡང་སེང་ལྡེང་ཕུར་བུས་གཟུང་། །མཚམས་ཀྱང་སྣ་ལྔའི་ཚོན་གྱིས་དབྱེ། །དེ་ནས་དེ་ལ་དམིགས་པས་སོ། །ཨོཾ་བཛྲ་ཙཎྜ་སྭ་བྷཱ་བ་དྷརྨ་དྷཱ་ཏུ་ཨཱཿ། ཨོཾ་བཛྲ་ར་ཏ་ན་པཉྩ་ཏྲཱྃ། ཨོཾ་བཛྲ་ཨ་མྲྀ་ཏ་པཱ་ཎི་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཀོ་ཊ་ཡ་ མུད་ག་ར་བཛྲ་ཧ་ན་ཧ་ན་ཧཱུྃ། ཨོཾ་བཛྲ་ཙཎྜ་བཛྲ་བྷ་བ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཨོཾ་བཛྲ་ཨ་མྲྀ་ཏེ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་བཛྲ་ཙཎ་ཌ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། བྲུྃ་སྐ་ནི་སྐ། ཨོཾ་བཛྲ་དྷརྨ་ཏེ་སྭཱ་ཧཱ། ཨོཾ་བཛྲ་ཙཎ་ཌ་པྲ་མ་རྡན་ཡེ་སྭཱ་ཧཱ། ཙཎྜ་པུཥྤེ་སྭཱ་ཧཱ། དག་པ་ཆེན་ པོ་བདེ་བའི་མཆོག །ཡེ་ཤེས་རྡོ་རྗེ་ཐོ་བས་བརྡུང་། །དེ་ལས་བྱིན་བརླབས་དེ་ལ་བླུགས། །ཡེ་ཤེས་ཐོ་བས་ཉོན་མོངས་བརྡུང་། །དམིགས་པ་ཛཿདམར་དག་གིས་དགུག །མ་གཏུན་རྡོ་རྗེ་རྒྱ་གྲམ་ཉིད། །གནས་ཉིད་ལྷ་ཡི་གཞལ་ཡས་ཁང་། །ཐམས་ཅད་ལྷ་ཡིན་ བཟའ་ལྡན། །དེར་གཞུག་བདུད་དང་ཉོན་མོངས་གནོན། །ང་ཉིད་དུ་ཡང་འགྱུར་བར་བསམ། །ཙཎ་ཌ་པུཥྤ་ཡེ་སྭཱ་ཧཱ། །མཚན་དང་དཔེ་བྱད་རྒྱུན་མི་འཆད། །དང་པོར་སྦྱོར་བས་མཆོད་པར་བྱ། །བ་ཡིས་བཀྲུ་བྱ་སྤོས་ཀྱིས་བྱུག །ཤིན་ཏུ་གཙང་བ་དག་གིས་འཕྱི། ། ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་དྲེགས་པ་ཅན་ཚར་གཅོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ལྷའི་དབང་པོས་གསོལ་པ། ཀྱེ་མ་གནོད་འདུལ་ཁྲོ་བོའི་རྒྱལ། །དྲེགས་པ་བསྲུང་བའི་ཐབས་ནི་གང་། །སྲུང་ ཐབས་རྣམ་པ་དུ་དང་ལྡན། །གནོད་འདུལ་ཆེན་པོ་བཀའ་སྩོལ་ཅིག །ཉོན་ཅིག་དབང་པོ་ཀུན་གྱི་བདག །སྔགས་རྫས་ཏིང་འཛིན་འདུས་པ་བཞི། །དངོས་ཏེ་དགོངས་པ་ཐམས་ཅད་བྱེད། །རྡོ་རྗེ་བྲག་དང་རིན་ཆེན་ཚུལ། །དུག་དང་མེ་བཞིན་མཚོན་ཆ་འདྲ། །དུས་ མིན་འཆི་ལས་རབ་ཏུ་བཟློག །སངས་རྒྱས་ཀུན་གྱི་མཐུ་དང་ལྡན། །དེ་འཆང་དངོས་གྲུབ་མཆོག་ཆེན་འཐོབ། །ངལ་དུ་ཀུན་ཏུ་ཞུགས་དང་མཚུངས། །སངས་རྒྱས་ཀུན་གྱི་སྲས་སུ་དགོངས། །གང་ཞིག་གསང་སྔགས་འདི་འཆང་བ། །ཀུན་གྱི་ང་དང་འདྲ་བར་མཐོང་། ། གང་ཞིག་གསང་སྔགས་འདི་འཆང་བ། །ང་ཉིད་རྒྱུན་དུ་དེ་ན་གནས། །འཇིག་རྟེན་དུ་ནི་བདེ་བ་འབྱུང་། །འདས་ནས་སངས་རྒྱས་ཀུན་དང་མཚུངས། །རྩིབས་བཅུ་དབུས་དང་བཅུ་གཅིག་ལ། །ཡིག་འབྲུ་ཁྱམས་བཅས་བརྡ་བྲིའོ། །ཆུ་འཁྱགས་དག་ལ་ཡུངས་ཀར་རོ། ། གྲུ་ཆར་ལ་ནི་ས་ཞག་མོ། །གཞན་ལ་སྲད་བུ་སྔོན་པོ་ལ། །མདུད་པ་རེ་ལ་རེ་རེའོ། །ཆུ་འམ་ཡིད་ནི་རང་ལའོ། །ཤ་རཱི་རཾ་དང་མི་གྷ་ཏ། །གསེར་དང་རྨ་བྱ་གྲུམ་པའི་སྤུ། །བལ་ཚོན་སྣ་ལྔའི་སྲད་བུ་ལ། །ཙཀྲ་བྲིས་ལ་མགུལ་དང་གཙུག །མོ་གཡོན་ཕོ་གཡས་ བསྲུང་བར་བྱ། །ཆུས་ནི་ཡམས་དང་དུག་ལས་ཐར། །མཾ་ས་དྲི་དང་རཀྟ་དང་། །ཁུ་བ་ཆུ་དག་སྦྱར་རམ་བཟའ། །སངས་རྒྱས་ལྔ་ཡི་དངོས་གྲུབ་སྟེ། །ཀུན་གྱིས་སྤྱད་པར་བྱ་བ་ཡིན། །མཛེ་དང་རླུང་གི་གནོད་པ་སེལ། །ཚེ་རིང་ལུས་ཀྱང་རྒྱས་པ་ཡང་། །བྱང་ཆུབ་ དཀར་དམར་མདངས་དང་ལྡན། །ཡམས་དང་མི་གཙང་དངོས་པོ་སེལ། །དྲི་ཡི་ཆུ་ཡི་ཡོན་ཏན་ནི། །ཀླད་རྐང་ཕོ་ལོག་གྲང་བ་སེལ། །ཤིན་ཏུ་ཟབ་སྟེ་གསང་བའི་མཆོག །སྐལ་ལྡན་རྟོགས་པ་རྣམས་ཀྱིས་སྤྱད་པ་ལས། །སྐལ་མེད་བློ་ དམན་རྣམས་ཀྱིས་ག་ལ་ཡིན། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་བསྲུང་བའི་འཁོར་ལོའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ། །སླད་མའི་ཚེ། སླད་མའི་དུས་ན་ སེམས་ཅན་གདུག་པ་ཅན་གྱི་དུག་བསལ་བའི་མཚན་ཉིད་དང་། ཞུགས་ས་བསྟན་དུ་གསོལ། ཉོན་ཅིག་དབང་པོ་ཆེན་པོ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་མཚན་ཉིད་རྣམས་ནི་འདི་ལྟ་སྟེ། རུས་པ་ཤ་དང་པགས་པ་དང་། །རྩ་དང་ཁྲག་དང་ནང་གྲོལ་ལོ། །བཅུད་དང་ ཆུས་ཏེ་ལུས་ཀྱི་སྟོབས། །ལུས་ཀྱི་རྩི་དང་མདོག་དང་དབྱིབས། །རེག་པ་ཆུ་དང་ཆུ་སེར་དང་། །ཀླད་པ་ལྷ་བ་ལུས་ཀུན་ལ། །ཞུགས་ས་རྣམས་ནི་བཅོ་བརྒྱད་དེ། །འོན་ཀྱང་གཅིག་སོགས་གྲངས་ཀྱིས་བརྟག །རུས་པ་ལ་ཞུགས་པ་ནི་ལུས་སྐེམས་པ་དང་། ཟུག་ གཟེར་ཆེ་བ་དང་། ན་ཐང་དེ་བ་དང་། ཐིག་ལེར་ན་བའོ། །ཤ་ལ་ཞུགས་པ་ནི་ལུས་བེབས་སེ་འདུག་པ་དང་། ཡང་ན་ལྕི་སེ་འདུག་པ་དང་། མདོག་ནག་པ་དང་། དྲི་མ་ངན་པ་དང་། སྔར་འོང་བ་དང་ཤ་རོ་འབྱུང་བའོ། །པགས་པ་ལ་ཞུགས་པ་ནི་ཤ་འཁྲིག་པ་དང་ མདོག་སྐྱ་བའོ། །རྩ་ལ་ཞུགས་པ་ནི་ལུས་སྦྲིད་བེར་བ་དང་། རྟགས་ནི་དེ་ལས་བཟློག་དཀའ་བའོ། །སྦྲིད་ལུགས་དང་ནི་སྦྲིད་ལྕི་དང་། །ཚ་བ་འཛག་དང་ཚ་རབ་དང་། །ཚ་ཀེར་བ་དང་ཚ་བྲེང་བ། །ལུས་ལ་སོགས་པ་ཚ་ཐང་པ། །ཚ་པིར་བ་དང་ཡན་ལག་འབྲབ། །ཁྲག་ ལ་ཞུགས་པ་ནི། སྣ་ནས་ཁྲག་ཀྱང་སྐབས་སུ་འཛག །ཚ་བེར་བ་དང་ལྕི་ཡོར་བ། །གདོང་པ་རྟག་ཏུ་དམར་བ་དང་། །འོ་མའི་བྲིས་མ་ལྟར་འོང་ངོ་། །ནང་གྲོལ་ལ་ཞུགས་པ་ནི། གློ་སྙིང་མི་བདེ་སྐྱུག་ཏིང་ངེ། །སྙིང་འདར་སྙིང་ཡང་མི་དགའ་སྟེ། །དེ་ནི་བཟློག་པར་ དཀའ་བའོ། །བཅུད་ལ་ཞུགས་པ་ལ་བཞི་སྟེ། །ས་བོན་མི་འབྱུང་མཚན་མི་ལྡང་། །ཁུ་བ་སྐྱོ་མའི་མདོག་ཏུ་འོང་། །ཁུ་བ་དངས་སྙིགས་ཕྱེ་ནས་འོང་། །ཆུ་ལ་ཞུགས་པ་ནི་གསུམ་སྟེ། །སྦུགས་ཆུ་རྒྱ་སྐྱེགས་ཁུ་ལྟར་འོང་། །སྣ་ཆུ་རྟག་ཏུ་སྐྱ་བོར་འོང་། །མིག་གི་ཆུ་ ཡང་རྟག་པར་འཛག །དུ་བ་སེར་བུ་བྱུང་ཙམ་གྱི། །གཞན་པས་རབ་ཏུ་མྱུར་བར་འཛག །ལུས་ཀྱི་སྟོབས་ལ་ཞུགས་པ་ནི། །སྒྱིད་ལུག་པ་དང་སྐྱི་ཞུམ་པ། །ལུས་ཀྱི་རྒྱུ་བ་ཉལ་ཉལ་འོང་། །ལུས་ཀྱི་རྩི་ལ་ཞུགས་པ་ནི། །རྩི་ལ་སོགས་ཏེ་ལུས་ཀྱི་དྲི། །བྱ་ཡི་པགས་ བཞིན་སང་གིས་འགྲོ། །མདོག་ལ་ཞུགས་པ་ནི། ལྕེ་ནི་བཙོད་ཀྱི་མདོག་བཞིན་འོང་། །དབྱིབས་ལ་ཞུགས་པ་ནི། ལུས་ཀྱང་གཉེར་ཆུང་དག་གིས་ཁེངས། །སོར་མོ་བྱི་བའི་མཇུག་མ་འདྲ། །རེག་པ་ལ་ཞུགས་པ་ནི། སྣ་རྩེ་ལ་སོགས་ལག་རྩེ་རྣམས། ། ཚ་ཡམ་ཚ་བེར་ལུས་གཙེ་བ། །གཡའ་བར་འོང་བ་དག་ཡིན་ནོ། །ཆུ་བ་ལ་ཞུགས་པ་ནི། ཡན་ལག་རེངས་ཤིང་ན་བ་དང་། །ཤ་འབུར་བ་དང་གྲང་སིང་སིང་། །ཡན་ལག་ཚོགས་རྣམས་ཁོལ་བའོ། །ཆུ་སེར་ལ་ཞུགས་པ་ནི་ཆུ་སེར་ལ་ལྔ་སྟེ། །ཟ་ཁོལ་ཁོལ་ ཟ་ཙག་ཙག །ཚ་ལྗིབས་ལྗིབས། ལུས་ལ་ཆུ་སྒངས་ཡོད་པའོ། །ཆུ་སྒངས་བྱུང་ནས་རིད་མི་ལུས། །ལུས་ལ་འབྲུམ་རྗེས་སྲན་མ་འདྲའོ། །དེ་ནི་བཟློག་པར་སླ་བའོ། །ཀླད་པ་ལ་ཞུགས་པ་ནི། མགོ་བོ་ཕྱིང་ཕྱིང་སྐྲངས་པ་དང་། །འཐོམ་དང་བེམ་མེ་བ་དག་དང་། སྒྲ་རྣམས་ནུལ་གྱིས་བྱིལ་སོགས། །ལྷ་བ་ལ་ཞུགས་པ་ནི། གདོང་པ་ཚ་ལམ་ལམ་འོང་བ་དང་། གྲང་སེར་སེར་འོང་བའོ། །དེ་ནི་བཟློག་པར་སླ་བའོ། །ལུས་ཧྲིལ་གདོང་ཡང་ཐལ་སྐྱའི་མདོག །དེ་ནི་བཟློག་པར་དཀའ་བའོ། །ཤིན་ཏུ་ཁྲོ་བོའི་ཀླུ་རྣམས་ནི། །རྟགས་ དང་མི་ལྡན་ཐུགས་ཀྱི་འོད། །བཟློག་དཀའ་རྨ་ཚོགས་མི་འཚོ་རྟགས་མི་ལྡན། །བཟློག་སླ་གཞན་ཡང་ཡན་ལག་ཕྲ་བ་དང་། །སྦོམ་དང་ཐུང་དང་རིངས་པ་ལ་སོགས་པ། །ཀླུའི་མཚན་ཉིད་དུ་ཤེས་པར་བྱའོ། །རྟག་ནི་དེ་དག་འགའ་ཞིག་ནི། །ནད་གཞི་གཞན་མ་ལས་ ཀྱང་འབྱུང་། །འགའ་ནི་ཀླུ་ཡི་གདོན་མ་ཡིན། །ལས་ལས་འབྱུང་བ་དག་ཀྱང་ཡོད། །དེ་དག་གི་ནི་མཚན་ཉིད་ནི། །མཁས་པས་སོ་སོར་ཤེས་པར་བྱའོ། །ནད་གཞི་ལས་བྱུང་སྨན་སོགས་དང་། །འཕྲོད་པའི་ཟས་ནི་ཕན་པ་ཡིན། །ནད་རྣམས་ གཞན་མ་ཡུན་མི་རྟག །འདི་འདྲའི་མཚན་ཉིད་ཤེས་པར་བྱ། །ཤེས་ནས་མྱུར་དུ་བརྩོན་འགྲུས་ཀྱིས། །སྣ་ཚོགས་ཐབས་ལ་མ་རྨོངས་པས། །བཟློག་པའི་ལས་ལ་འབད་པར་བྱ། །ཆུ་ཡི་ཐིགས་པ་ཕྲ་མོ་ཡིས། །དུས་སུ་བྱུང་བས་རྡོ་བ་འབིགས། །གདུག་པའི་ དབང་ཅན་ཞ་རིད་ཡང་། །ལེ་ལོ་དང་བྲལ་རྩེ་གཅིག་སེམས། །རྒྱུན་དུ་ལྷ་བསྒོམ་བཟླས་བརྗོད་ཀྱིས། །གདུག་པའི་ནད་ལས་ཐར་བར་ངེས། །རྩོལ་བ་ཆེ་ལ་སོམ་ཉི་བྲལ། །གང་བསམས་དེ་ལས་མི་འགྲུབ་མེད། །འཁོར་བའི་ཕུང་པོ་སྲོག་བཅས་ལ། །མངོན་སུམ་ ཉིད་དུ་མཐོང་འགྱུར་གྱིས། །བརྩོན་པ་དོར་བར་མི་བྱའོ། །ཞེས་དཔལ་གཏུམ་པོ་ཆེན་པོས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་མཚན་ཉིད་བརྟག་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ལྷའི་དབང་པོས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་དུས་དག་ན། གདུག་པ་ཅན་གྱི་ཡི་དགས་རྣམས། །དུག་རྣམས་དབྱུང་ན་ཇི་ལྟར་དབྱུང་། །མཆོད་པའི་ལས་རྣམས་ཇི་ལྟར་བྱ། །ཆོས་ཀུན་བདག་པོས་བཀའ་སྩོལ་ཅིག་ཅེས་གསོལ་ཏོ། །བཀའ་སྩལ་པ། ལྷའི་དབང་ པོ་ཉོན་ཅིག །མཆོད་པའི་ལས་དག་བྱེད་འདོད་ན། །གཉིས་དགོན་གཙུག་ལག་ཆུ་མིག་འགྲམ། །མཚེའུ་ལྟེང་ཀ་ཁྲོན་པའི་སྟེང་། །དབྱར་ཟླ་གསུམ་ལ་གནས་པར་བྱ། །དབྱིབས་ལེགས་རན་མཛེས་བྱི་དོར་བྱ། །བ་ཡི་རྣམ་ལྔ་སྤོས་དང་དྲི། །ཐིག་ལེ་ལྔ་དང་ལྡན་པར་ བྱ། །དབུས་སུ་ཧཱུྃ་བྲི་གསལ་བར་བྱ། །ཨོཾ་ཕཱ་ཕོ་ཕཻ་ཕྃ་འདི་དག་བཞི་ལས་རྫོགས་པར་བསྐྱེད། ཀླུ་ཡི་རྒྱལ་པོ་རྒྱ་མཚོ་ནི། །ལུས་དཀར་རིན་ཆེན་སྦྲུལ་མགོ་གསུམ། །ལག་ན་རིན་ཆེན་སྡོང་བུའོ། །ཀླུ་ཡི་རྒྱལ་པོ་ཀུན་ནས་གདུགས། །སྦྲུལ་མགོ་གཉིས་པ་ཁ་ དོག་སེར། །རིན་ཆེན་འབར་བ་ལག་ནའོ། །ཆུ་ལྷ་མགོ་ལྔ་ཁ་དོག་དམར། །ལག་ན་པད་མ་འབར་བའོ། །ཀླུ་རྒྱལ་ཤིང་ལ་པུ་ར་ཀ། །ལག་ན་སྤྲིན་ཕུང་ཁ་དོག་ལྗང་། །རྒྱལ་དང་རྗེ་དང་བྲམ་ཟེ་དམངས། །སོ་སོའི་རིགས་ཀྱི་རྒྱལ་པོ་སྟེ། །སྤྲ་ཚིལ་ཞ་ཉེ་བག་ཟན་ལ། ། གཟུགས་སུ་ཡང་ནི་མཛེས་པར་བྱ། །སེམས་ཅན་འཁོར་གྱིས་བསྐོར་བར་བྱ། །ཀླུ་སྨན་སྣ་ཚོགས་དཀར་དང་མངར། །ཚོགས་པར་བྱས་ལ་མཆོད་སྦྱིན་བྱ། །ཁམ་ཕོར་སླུ་གུ་མཆུ་ལྔ་པར། །བླུགས་ལ་ཁ་བཅད་གནས་སུ་སྦ། །གསོ་བར་བྱ་བའི་ལས་ནི་རབ། །སྤྱན་ དྲངས་གདན་དང་ཕྱག་སྐྱབས་བསྟོད། །སྨོན་ལམ་ལ་སོགས་རྒྱ་ཆེར་བྱ། །བདེན་པ་བདར་ཞིང་བསྡིགས་པར་བྱ། །དུག་རྣམས་དབྱུང་བའི་ལས་དག་ནི། །རྃ་ཡྃ་ཁྃ་ལས་བྱུང་བ་ཡི། །འཁོར་ལོ་རྣམ་གསུམ་མེ་རླུང་ཆུ། །བསྲེག་གཏོར་བཀྲུ་བྱ་སྟོང་ཉིད་ཀྱིས། ། འཁོར་ལོ་ཆེན་པོ་གནས་པར་བྱ། །ཧཱུྃ་ལས་གྱུར་པར་ལྡན་པར་བྱ། །བཟང་སྐྱོབ་པ་དང་དོགས་ཉེས་དང་། །མཉམ་དང་ལྡན་པས་མཆོད་པ་བྱ། །དེ་ནང་དེ་བཞེངས་མཚན་ནས་བརྗོད། །ཉ་སྟོང་དུས་མཆོད་སྲི་ཞུས་བསྐོར། །དེས་ནི་དོན་རྣམས་འགྲུབ་པར་འགྱུར། ། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་དུག་དབྱུང་ཞིང་མཆོད་པ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བཀའ་སྩལ་པ། དུས་ངན་ཐ་མར་གྱུར་པའི་ཚེ། །སྡིག་ལ་མི་འཛེམ་མི་དགེ་སྤྱོད། མཚམས་མེད་བྱེད་ཅིང་ཆོས་དཀོར་འཇིག །མཛེ་དང་ཤུ་བ་གཡན་པ་དང་། །སྐམས་དང་ཞ་གྲུམ་གཞོགས་ཕྱེད་ན། །དེའི་ཚེ་ང་ཡི་བསྟན་པ་འབྱུང་། །ཉོན་ཅིག་དབང་པོ་འཁོར་གྱི་མཆོག །ལོག་སྲེད་གདུལ་དཀའ་གདོལ་བ་ཅན། །ཞི་བས་མི་འདུལ་གང་ཟག་གི། ། གཤེད་དུ་འཁོར་ལོ་འདི་བསྐོས་སོ། །ཀྲོ་དྷ་རཱ་ཛའི་གཟུངས་བཅས་ལ། །རྡོ་རྗེ་རྒྱ་གྲམ་མཐའ་བསྐོར་རྡོ་རྗེའི་རྭ། །བརྩོན་འགྲུས་བཞི་ལྡན་དབུས་དང་ལྔ་རུ་དེའོ། །དེ་ལས་རྒྱས་པ་དག་ཏུ་བསྐོར་འདོད་ན། །དེ་ལ་ཁྱད་པར་ཁྱམས་དང་ཡི་གེ་ནི། །བཅུ་གཅིག་ལྡན་བྱས་ མཚོན་རེའི་མིང་རུས་གཅར། །ཁྱམས་གཅིག་ཧཱུྃ་དང་མིང་རུས་མང་ན་སྦྲག །དབུས་ཁྱམས་སྔགས་བྲི་མང་ན་དེ་དང་སྦྲག །གཅིག་ལ་རྡོ་རྗེ་ཧཱུྃ་བར་མང་ན་གཅར། །རྐང་པ་མོས་མ་ཤིགས་ན་ཕོ་ཡི་ལས། །དེ་མ་བྱུང་ན་ཕོ་མོ་སྦྲག་པའི་ལས། །བསོད་ ནམས་ཅན་གྱི་སྐལ་བཟངས་མ་ཐུལ་ན། །སྲིད་པའི་སྟོང་བཟློག་འཁོར་ལོ་དཀྲུགས་ཏེ་བསྐོར། །རོ་རས་ལ་བྲི་བྱ་རོག་འུག་པའི་སྒྲོ། །སྨྱུ་གུ་བྱས་ལ་གདན་ནག་ཡིག་སྔོན་བྲི། །དྲི་རྒོད་ཤིང་བསྲེགས་བོང་ཁྲག་བོང་དུག་སྦྱར། །དབུས་དང་བརྩོན་ཁང་བཞི་པོར་ཧཱུྃ་བར་གཅད། ། དགོད་པ་ཀུན་བྱེད་ལས་རྣམས་ཐམས་ཅད་ཀྱི།།སྔགས་འདི་ཕོ་དང་མོར་བྲི་བར་དུ་གསད། །ཨོཾ་བཛྲ་ཙཎ་ཌ་མ་ཧ་རོ་ཥ་ཎ་ཧཱུྃ་ཕཊ། ཕོ་དང་མོར་བསྐོར་རབས་ཆད་ཕོ་མོར་གཞུག །དབུས་ཀྱི་ཧཱུྃ་བཏགས་སྲད་བུ་ཚངས་བུག་དབྱུང་། །ཡཀྵ་ཁ་ཕཊ་ཕྱོགས་བཞིར་གཞག་ པར་བྱ། །རྡོ་རྗེ་རབ་ཏུ་ཧཱུྃ་བར་དེ་བར་བཞག །དུག་སྣ་ཁྲག་སྣས་གའུ་ནག་པོར་བྱུག །གུ་གུལ་རྒྱ་ཚིལ་ཚིལ་ཆེན་ར་ལུག་རྨང་ཁ་ནི། །ཁུ་བ་ནག་པོས་བྱ་བར་རབ་ཏུ་ཤིས། །བོང་གྲི་ནག་པོའི་རྔོག་མ་དྲི་རྒོད་ཤི་སྐྲ་དང་། །ཡུགས་ས་མོ་ཡི་སྐྲ་ཤད་སྐུད་པས་དཀྲི། ། ཡུགས་ས་མོ་ཡི་དོར་རྟས་དྲིལ་ལ་སྦ། །ཕོ་མོའི་ཐོད་པ་སྟེང་འོག་རྒྱ་གྲམ་བྲི། །རི་རབ་མནན་བྱས་མཐའ་གཉིས་དང་པོ་བཞི། །བང་རིམ་སྔགས་བྲིས་སྟེང་དུ་རྒྱ་གྲམ་དགབ། །རྒྱ་གྲམ་འོག་ཁུང་སྟེང་དུ་ཁྲུ་དོའི་ཚད། །བང་རིམ་བཞི་ལ་སྔགས་འདི་སྐུ་གསུང་ཐུགས། ། ང་ཡི་རི་རབདག་ཏུ་མཚོན་ཕྱིར་བྲི། །ཨོཾ་ལྃ་ཧཱུྃ་ལྃ་སྟྃ་བྷ་ནཱྃ། ཨོཾ་བཛྲ་ཙཎ་ཌ་ནཱྃ་ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་དྲག་པོ་འཁོར་ལོའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེའི་ཚེ་དེ་སྐད་ཅེས་བཀའ་སྩལ་པའི་མཐུས་འཇིག་རྟེན་གྱི་ ཁམས་ཀྱང་གཡོས། རབ་ཏུ་གཡོས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ལ་ལ་ནི། གཡས་སུ་འཁོར་བའི་ཚུལ་གྱིས་འཁྲུགས་སོ། །ལ་ལ་ནི་གཡོན་དུ་འཁོར་བའི་ཚུལ་གྱིས་འཁྲུགས་སོ། །ལ་ལ་ནི་བླ་འོག་དགྱེ་དགུའི་ཚུལ་གྱིས་འཁྲུགས་སོ། །ལ་ལ་ནི་མཐོ་ དམན་དང་གྲུམ་པའི་ཚུལ་གྱིས་འཁྲུགས་ཏེ་དེ་དག་ན་གནས་པའི་གདུག་པ་ཅན་ཐམས་ཅད་རབ་ཏུ་མྱོས་ནས། ཁ་ནས་ཁྲག་ངན་སྐྱུགས་པ་དག་ཀྱང་བསྐུས་ཏེ། ཐམས་ཅད་ཀྱང་ག་ན་བ་དེར་ཐད་དུ་འདུས་ནས་ཕྱག་འཚལ་སྟེ་མགྲིན་གཅིག་ཏུ་སྐད་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་མ་སྔ་མ་མ་མཐོང་ཁྲོ་བདག་འཇིགས་པའི་སྐུ། །རབ་ཏུ་དྲག་པ་ཡ་མཚན་ཨེ་མ་ཧོ། །ཐུགས་རྗེས་དགོངས་ཤིག་བདག་ཅག་འབངས་སུ་མཆི། །དེ་ལས་འགལ་ན་དམྱལ་བར་ལྟུང་བར་ཤོག །ཅེས་གསོལ་ཞིང་འཁོད་དོ། །དེ་ནས་བདུད་ཀྱི་རྒྱལ་པོ་སྐོས་ཀྱི་བདག་ པོ་བདུད་བྱེ་བ་འབུམ་ཕྲག་དང་བཅས་པས་མགྲིན་གཅིག་གིས་སྲོག་གི་སྙིང་པོ་ཕུལ་བ། བཅོམ་ལྡན་འདས་བདག་ཅག་གི་རིག་པ་འདི་བཞེས་སུ་གསོལ། ཨོཾ་ནག་པོ་ཏྲི་ཊ་ཏྲི་ཊ་ཏྲི་ལིང་ཏྲ་ཏ་ཧ་ཀེ་ཎ། བདག་ཅག་གི་རིག་པ་འདི་གང་ན་གནས་པ་དེར་བདུད་ཀྱིས་ འགལ་བར་མི་བགྱིད་དོ། །གང་ཡིད་ལ་དགོས་པ་དེ་གྲུབ་པར་བགྱིད་དོ། །ཕས་བྱད་སྔགས་དང་སྦྱོར་བ་བཏང་བ་ཡང་ཕྱིར་ལྡོག་གོ། །དེ་ནས་གཟའ་རྒོད་ཆེན་པོ་རཱ་ཧུ་ལ་འཁོར་གཟའ་འབུམ་ཕྲག་དང་བཅས་པས་མགྲིན་གཅིག་གིས་རང་རྟགས་སྲོག་གི་སྙིང་པོ་ཕུལ་ བ། །ཤུ་ཤུ་རཀྵ་ཚལ་པ། ཀྲོ་དྷ་ཀྲོ་ལེ་ཤྭར། རཱ་ཧུ་ལ། ཙ་ཏི་ཙ་ཏི། བདག་ཅག་གི་རིག་པ་འདི་གང་ན་གནས་པ་དེར་གཟའ་རྣམས་ཀྱིས་འགལ་བར་མི་བགྱིད་དོ། །ཕས་གཏང་བ་ཡང་སླར་དེ་ཉིད་ལ་མཆིའོ། །འདི་འཛིན་པ་ལ་ཅི་འཚལ་བ་ཡང་སྩོལ་བར་བགྱིད་ དོ། །དེ་ནས་དཀར་པོ་དུང་གི་ཐོར་ཚུགས་ཅན་ལ་སོགས་པའི་རྒྱལ་པོ་འཁོར་འབུམ་ཕྲག་དང་བཅས་པ་ལྷགས་ནས་མགྲིན་གཅིག་གིས་རང་རྟགས་སྲོག་གི་སྙིང་པོ་ཕུལ་བ། བྲ་ཧྨ་པུ་ཌིད་ཥ། ཨ་བར་ཏ་རཱ་ཛདྷ་ན་རཀྵ་ཙི་ཏ་ཕྱུང་རཱ་ཛ་ཙི་ཏ་ར་ཛ་ཕྱུང་རཱ་ཛ་ཙི་ཏ་གཏུབས། བདག་ཅག་གི་རིག་པ་འདི་གང་ན་མཆིས་པ་དེར་ཡུལ་འཁོར་དང་དཔག་ཚད་དུ་འགལ་བར་མི་བགྱིད་དོ། །ཕས་བཏང་བ་ཡང་དེ་ཉིད་ལ་སླར་མཆིའོ། །དེ་ནས་བཙན་དམར་པོ་སྲོག་ལེན་བཙན་འབུམ་ཕྲག་དུ་མ་དང་བཅས་པས་མགྲིན་གཅིག་གིས་རང་རྟགས་སྲོག་གི་ སྙིང་པོ་ཕུལ་བ། ཨཱ་བི་ཤུ་རཱ་ཛ་ཏྲི་ལིཾ་བདག་ཅག་འཁོར་དང་བཅས་པ་རྣམས་འདི་ལས་འདའ་བར་མི་བགྱིད་དོ། །ཕས་བཏང་བར་གྱུར་ཀྱང་སླར་དེ་ཉིད་ལ་སླར་མཆིའོ། །དེ་ནས་གཤིན་རྗེའི་རྒྱལ་པོ་སྨིགས་པ་ཞེས་བྱ་བ་འཁོར་དང་བཅས་པས་མགྲིན་ གཅིག་ཏུ་རང་རྟགས་སྲོག་གི་སྙིང་པོ་ཕུལ་བ། ཡ་མ་རཱ་ཛ་ཡ་མ་ཙིཏྟ་བདག་གི་རིག་པ་སྤྱོད་པ་དེར་བདག་གི་གནོད་པ་མི་སྤོབས་ལགས་ཏེ། གནོད་པའི་རྒྱུན་སྤངས་ནས་ཕས་གཏང་བ་ཡང་སླར་དེ་ཉིད་ལ་མཆིའོ། །དེ་ནས་མ་མོའི་རྒྱལ་མོ་མཁའ་དབྱིངས་ཀྱི་ཡུམ་ལྔ་དང་། ། བདུད་ཀྱི་གཤིན་རྗེའི་སྲིང་མོ་སྲིད་པའི་ཕུང་བྱེད་རེ་མ་ཏི་ལ་སོགས་པ། མ་མོའི་ཚོགས་དཔག་ཏུ་མེད་པ་དག་གིས་རང་རྟགས་སྲོག་གི་སྙིང་པོ་ཕུལ་པ། རག་མོ་མཱ་མཱ་རུ་ལུ་སྙིང་ཁ་རཀྵ་ཛ་པཱ་ལ་མ་མ་བྷྱོ་བྷྱོ། །བདག་ཅག་གི་གསང་བའི་སྔགས་འདི་སྤྱོད་པ་དེར་སྲུང་བ་དང་ བསྐྱབ་པ་བགྱིད་དོ། །འཁོར་དང་བཅས་ཏེ་བཀའ་བཞིན་བགྱིད་དོ། །ཕས་གཏང་བ་ཡང་སླར་དེ་ཉིད་ལ་མཆིའོ། །དེ་ནས་ཀླུ་འཁོར་དང་བཅས་པས་མགྲིན་གཅིག་ཏུ་རང་རྟགས་སྲོག་གི་སྙིང་པོ་ཕུལ་བ། ནཱ་གཱ་རཱ་ཛ་ནཱ་ག་ནི། །གང་ན་རིག་སྔགས་ཀྱི་རྒྱལ་པོ་སྤྱོད་པ་དེར་བདག་གི་ ཀླུའི་གནོད་པའི་རྒྱུན་སྤོང་ངོ་། ཕས་གཏང་པ་ཡང་སླར་དེ་ཉིད་ལ་མཆིའོ་ཞེས་སོ་སོ་ནས་རང་རྟགས་སྲོག་གི་སྙིང་པོ་ཕུལ་ཏེ་དམ་བཅས་སོ། །དེ་ནས་དབང་པོ་ཆེན་པོས། ཁྲོ་བོའི་བདག་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །སྲིད་པ་དབང་ཅན་འདི་རྣམས་ཀུན། །འཁོར་ལོས་ ཟློག་ན་ཇི་ལྟར་བཟློག །བཟློག་ཐབས་ཁྱད་པར་བཀའ་སྩོལ་ཅིག །བཀའ་སྩལ་པ། ཉོན་ཅིག་ལྷའི་དབང་པོ་མཱ་ར་ཡའི་ཙཀྲ་དག་ལས་སོ་སོའི་སྔགས་འཁོར་བྲི། བྱད་སྔགས་ཕྱིར་ཟློག་དམ་ཚིག་བཟློག་བཏགས་སོ། །མཆུ་གསུམ་སྙིང་ལྤགས་མེད་པའི་ཐོད་པ་དང་། ། རོ་ཉ་སྦལ་ཤུགས་ཕག་ཐོད་རྣལ་གྲི་མོ། །དྲི་རྒོད་སྐྱུད་ག་ཐོད་ཆེན་ནང་དག་ཏུ། །རབ་ཏུ་དྲག་ཏུ་བསྐོར་བའི་འཁོར་ལོ་གཞུག །འོང་འགྲོ་འདྲུལ་སྲང་རྒྱ་གྲམ་ལམ་དག་ཏུ། །ཨེ་དོང་བྲུ་བྱས་རྒྱ་སོལ་མི་ཁྱི་ར། །རྟ་ཁྲག་རྨེ་ཁྲག་ནག་པོས་སྦྱངས་ལ་བསྐུ། །དབུས་བཅུག་ མཐའ་བསྐོར་མནན་པའི་ལས་དག་བྱ། །ཡང་ན་ཐུན་དུ་སྤགས་ལ་ཁྲོས་པས་འཕང་། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་དྲེགས་པས་སྲོག་གི་སྙིང་པོ་ཕུལ་བ་དང་། མངོན་སྤྱོད་དྲག་པོའི་ལས་ཀྱིས་བཟློག་པའི་ལེའུ་སྟེ་བཅུ་དྲུག་ པའོ།། །།དེ་ནས་ལྷའི་དབང་པོས་གསོལ་བ། ཀྱེ་བསྟན་པ་འཇིག་པའི་དུས་དག་ན། །ཐུན་གྱིས་ཚར་གཅད་བསྟན་དུ་གསོལ། །བཀའ་སྩལ་པ། ལྷའི་དབང་པོ་ཉོན་ཅིག །རྫས་དང་སྔགས་བཅས་ཏིང་འཛིན་གསུམ། །ཁྲོས་པས་ཞེ་སྡང་བསྐྱེད་ པར་བྱ། །ཞེ་སྡང་དྲན་པས་གདུག་རྫས་བསག །ཡུངས་ཀར་ཡུངས་ནག་སྐེ་ཚེ་ཏིལ། །གཟེ་མ་སྐྱེར་པ་སེ་བའི་ཚེར། །ཐུན་སྔགས་འདི་བཟླས་བརྣགས་ལ་བྲབ། །ཨ་མུ་ཀམ་ནི་གཏོར་མ་འམ། །མཚན་ངན་ཀ་པཱ་ལ་རུ་གཞུག །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། མཱ་ར་ ཡ་ཐུན་ཕོབ། དབང་པོ་ལ་ཡཾ། སྲོག་ལ་ཡཾ། ཙིཏྟ་ལ་ཡཾ། གོ་རོ་ཙ་ན་ལ་ཡཾ། གཟས་པའི་མཚན་མོས་རྡོ་རྗེའི་ཐོག་ཏུ་དབབ། །གང་དམིགས་གཟས་པའི་མཐུ་དང་རྫུ་འཕྲུལ་རྣམས། །བདག་ལ་བསྡུ་བྱས་རྟོག་པའི་བག་ཆགས་བཀྲུ། །སྔགས་འདིས་རོལ་ ཅིག་བརྗོད་ཅིང་བྷ་ལིང་དགྲིལ། ཨོཾ་བ་ལིྃ་ཏ། བ་ལིྃ་པཱུ་ཛ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ། བཛྲ་ཀྲོ་དྷ་ཙཎ་ཌ། བ་ལིྃ་ཁཱ་ཧི་ཁཱ་ཧི། བཛྲ་ཀྲོ་དྷ་ཙཎ་ཌ་ཧ་ཧ་ཧ། ཧེ་ཧེ་ཧེ། བྷ་ཊཱ་སྭཱ་ཧཱ། སྦྲུལ་དང་སྦལ་པ་ཉ་དང་ཆུ་སྲིན་སྙིང་། །ཤ་ཆེན་ཁྲག་ཆེན་ལོངས་སྤྱོད་རྣམ་པ་ཀུན། །ཤེས་ རབ་མཆོག་གི་ཕྱག་རྒྱ་ཆེར་བསམ་ལ། ཡཾ་གཏོར་རཾ་བསྲེག་ཁཾ་བཀྲུས་བདུད་རྩིར་བསྒྱུར། །ཨ་མྲྀ་ཏ་དག་སྔགས་འདིས་སྦྱང་བར་བྱ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ། བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐཱ། ཨོཾ་མ་ཧཱ་རཀ་ཏ་ཛྭ་ལ་རཾ་ཁཾ། ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ་ཧཱུྃ། ཧཱ་ཧཱ་ཧཱ། ཕྱི་ནང་ གསང་བའི་མཆོད་པ་རྒྱ་མཚོའི་ཚོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཀུན། །ཕྱོགས་བཅུའི་ཞིང་ཁམས་གང་བར་རབ་དམིགས་ལ། །སྐྱེ་མེད་དང་བས་ཉིན་མཚན་བརྩོན་པར་བྱ། །མི་དམིགས་མཉམ་གཞག་ཡེ་ཤེས་རབ་ལྡན་པ། །སྐུ་གསུང་དུས་གསུམ་ སངས་རྒྱས་ཐམས་ཅད་དང་། །སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོའི་ཚོགས། །མཆོད་པ་ཆེན་པོ་དེ་མཉེས་སྦྱིན་བྱའི་སེམས་ཅན་ཚིམ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་ཐུན་དྲག་མཆོད་སྦྱིན་གྱི་ལེའུ་སྟེ་བཅུ་བདུན་ པའོ།། །།དེ་ནས་ལྷའི་དབང་བོ་ལ་སོགས་ཏེ། རི་རབ་དང་བར་སྣང་ལ་སོགས་པ་ལ་གནས་པའི་ལྷ་ཐམས་ཅད་ཀྱིས་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། ཕྱེ་མ་དང་། ལྷའི་ན་བཟའ་དང་། ཞལ་ཟས་དང་། རྒྱན་སྣ་ཚོགས་པ་དང་། བདུག་ སྤོས་དང་། སིལ་སྙན་དང་། བྱུག་པ་དང་། སྒྲ་སྣ་ཚོགས་པ་དང་། སྤོས་སྣ་ཚོགས་པ་ཐོགས་ནས་ལྷགས་སོ། །འཇིག་རྟེན་པ་དེ་དག་ཀྱང་རང་རང་གི་མཆོད་པ་སྣ་ཚོགས་པ་ཐོགས་ནས་ལྷགས་ཏེ། ཞེ་ས་དང་གུས་པ་བྱས་ཏེ་ཐམས་ཅད་ཀྱང་མགྲིན་གཅིག་གི་ང་རོས་ གསོལ་པ། ཁྲོ་རྒྱལ་སྐུ་ལ་དྲི་མ་མི་མངའ་ཡང་། །དཀར་ཆབ་དང་ར་ཆབ་སྤོས་ཀྱི་ཆབ། །སྨན་ཆབ་བདུད་རྩིའི་ཆབ་ལ་སོགས། །ཁྱོད་ཀྱི་སྐུ་ལ་ཁྲུས་ཆབ་གསོལ། །ཨཱ་ཧ་ར་ཧཱུྃ། ག་བུར་བཟང་དྲུག་སྨན་གྱི་དྲི། །ཨ་ག་རུ་དང་དུ་རུ་སྐ། །གླ་རྩི་སྤོས་ཀྱི་དྲི་ལ་ སོགས། །འགག་པ་མེད་པ་ཤངས་ལ་འབུལ། །དྷཱུ་པ་པཱུ་ཛ་མེ་གྷ་ཧཱུྃ། །རིན་ཆེན་ལྔ་ཡི་མེ་ཏོག་དང་། །ཆུ་ལས་སྐྱེས་དང་ཐང་ལས་སྐྱེས། །ཡིད་ཀྱིས་སྤྲུལ་པའི་མེ་ཏོག་རྣམས། །རྡོ་རྗེ་འཛིན་གྱི་དབུ་ལ་འབུལ། །པུཥྤ་པཱུ་ཛ་མེ་གྷ་ཧཱུྃ། །འབྲུ་ཡི་མར་མེ་རྩི་ཡི་མར། ། འདམ་བུ་སྣང་གསལ་རིན་ཆེན་སྒྲོན། །སྤོབས་པ་བཅུད་ལེན་སྒྲོན་མ་རྣམས། །ཁྲོ་བོ་གཏུམ་པོའི་སྤྱན་ལ་འབུལ། །ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ཧཱུྃ། རྣམ་ལྔའི་སྤོས་དང་སྨན་ལྔར་སྦྱར། །ར་ས་ཡ་དང་ཨ་མྲྀ་ཏ། །རྡོ་རྗེ་འཛིན་ལ་དྲི་མཆོག་འབུལ། །གན་དྷེ་པཱུ་ཛ་མེ་གྷ་ཧཱུྃ། ། རོ་མཆོག་བརྒྱ་ལྡན་བདུད་རྩིའི་མཆོག །བདེ་བར་བཞེས་ཏེ་དགྱེས་པར་དགོངས། །ཨ་མྲྀ་ཏཱ་བྷ་ར་ཧཱུྃ། ཀུན་ཏུ་གྲགས་པའི་སྒྲ་རྣམས་མ་ལུས་དང་། །དམ་ཆོས་སྒྲ་སྒྲོགས་སིལ་སྙན་འབུལ། །སྒཱ་ར་ཎ་ཁཾ་ཞེས་མགྲིན་གཅིག་གིས་གསོལ་ནས་དེ་ཉིད་དུ་སྤྲོ་བའི་ཚུལ་གྱིས་ གནས་པར་གྱུར་ཏོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་དྲེགས་པའི་འཁོར་དག་གིས་སྲི་ཞུ་དང་གུས་པས་མཆོད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་ཁྲོ་བོ་དེས་དྲེགས་པའི་འཁོར་དེ་དག་ལ་དམ་ཚིག་ཆེད་དུ་སྤྱད་པ་འདི་བཀའ་སྩལ་ ཏོ། །མི་གནས་མཐའ་ལས་འདས་པ་སེམས་ཉིད་མཆོག །སྣ་ཚོགས་ཆོ་འཕྲུལ་འབྱུང་བས་ཀུན་གྱི་གཞི། །མ་བཅོས་རང་བཞིན་རྐྱེན་གྱིས་བྱས་པ་མེད། །དེ་ལ་གནས་ན་རང་དམ་བསྲུངས་པ་ཡིན། །དེ་བཞིན་གྱུར་ཀྱང་འོད་འགྱེད་ཆེད་དུ་བླང་། །ནོར་བུ་འབར་ བ་མ་མཐོང་སྟོན་པ་དང་། །ཐུགས་རྗེའི་བྱིན་གྱིས་བརླབས་ཀྱིས་གདུང་བའི་ནད་སེལ་བ། །བདུད་རྩི་ལྟ་བུའི་ཚིག་གིས་ཚིམ་བྱེད་པ། །ཀུན་གཞིའི་ཡུལ་དུ་ནུས་པའི་དབང་འབོགས་ཤིང་། །ཐུགས་རྗེས་སྐྱོབ་པར་མཛད་པའི་མགོན་པོ་དེ། །དུས་གསུམ་སངས་ རྒྱས་ཀུན་པས་གཉེན་པ་སྟེ། །སྙིང་བཞིན་སྐྱེ་མེད་རྨི་ལམ་ནང་དུ་བཀུར། །ངག་གི་རྡོ་རྗེ་ཆུ་བོའི་རྒྱུན་བཞིན་དྲང་། །སྐྱོ་མེད་ཉིན་མཚན་དུས་སུ་བརྩོན་པར་བྱ། །རྡོ་རྗེའི་ཕྲག་པར་མི་གསེང་བསྡམས་ལ་དྲང་། །བརྫུན་མེད་ཚིག་གིས་དམ་པ་དེ་ལ་བསྟོད། །བཤད་པའི་ དབང་རྣམས་རབ་ཏུ་མ་བསྟན་ན། །རྡོ་རྗེའི་ལྕེ་ལ་བདུད་རྩི་འཛག་གྱུར་ཀྱང་། །གཞན་ལ་ཟེར་ཐིགས་འགའ་ཡང་སྤྲོ་མི་བྱ། །གསང་འོས་གཉེར་གཏད་སྔགས་དང་མཚན་རྣམས་གསང་། །དུས་གསུམ་འགྱུར་མེད་རྡོ་རྗེའི་སྐུ་མཆོད་དེ། །ན་དང་འཆི་སོགས་ལས་ ཀྱི་རྣམ་སྨིན་གང་། །སྡུག་བསྔལ་མི་བཟད་ཉམ་ཐག་ཅི་བྱུང་ཡང་། །ལྷག་པར་དྲན་པ་བསྐྱེད་དེ་རྗེས་སུ་གཟུང་། །འགྲོ་ཉལ་འདུག་ཟ་སྤྱོད་ལམ་རྣམ་པ་བཞིར། །མི་བརྗེད་ཤེས་རབ་དག་གིས་རྗེས་སུ་བཟུང་། །སློབ་དཔོན་མཚང་དང་གསང་ཚིག་ཡི་དམ་ལྷ། ། སྲོག་གི་ཕྱིར་ཡང་དེ་དག་མི་སྤོང་ངོ་། །བཞི་པ་དེ་བཞིན་དེ་ལ་དེ་མི་སེམས། །དྲན་པས་རྗེས་སུ་དེ་ལ་བཟུང་བར་བྱ། །སྨིག་རྒྱུ་ཆུ་རྒྱུན་བརྟུལ་ཞུགས་བྱ་བ་བསྐྱེད། །དེ་ལས་འགལ་བའི་བརྟུལ་ཞུགས་རབ་ཏུ་སྤྱད། །རྡོལ་ཞིང་ཟག་འགྱུར་དུག་ཅན་སྨད་པའི་སྣོད། །དེ་རུ་ མུ་ཏིག་བདུད་རྩི་མི་བླུགས་ལྟར། །ཐབས་ཀྱི་སྤྱོད་པས་རྣམ་དབྱེ་ཤེས་པར་བྱ། །དཔག་ཚད་ཀུན་ཏུ་ཉམས་པ་རྣམ་པར་སྤོང་། །དེ་དག་འགལ་ན་རྡོ་རྗེ་དམྱལ་བ་ཡི། །སྡུག་བསྔལ་ཆུ་བོ་རེག་ཅིང་བཟོད་དཀའ་བར། །དུས་གསུམ་རྣམས་དང་ང་ཡིས་ བརྗོད་མི་ནུས། །གཞན་ནས་གཞན་འཕང་ཐར་པའི་དུས་ཀྱང་མེད། །མ་ཉམས་བརྒལ་དཀར་འགྲོ་བར་གདོན་མི་ཟ། །ང་དང་དུས་གསུམ་ཀུན་ཀྱང་དེ་ལ་དགོངས། །གང་ལ་དམིགས་པའི་འབྲས་བུ་ཆུད་མི་ཟ། །ཕྱོགས་སྐྱོང་རྣམས་ཀྱིས་དམ་སྐྱོང་དེ་ལ་བསྲུང་། །ཞེས་ གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་ས་མ་ཡ་བཀོད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་འཁོར་དེ་དག་ལ་ཆེད་དུ་རྗོད་པ་འདི་བརྗོད་དོ། །ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན། །དོན་དམ་དབྱེར་མེད་ཕྱོགས་ཆ་ཀུན་དང་ བྲལ། །མི་ལེན་མི་གནས་མི་སྤོང་མི་འགོག་ཅིང་། །རང་བཞིན་གནས་པ་དེ་ལ་བཅོས་སུ་མེད། །རྟོག་པའི་གནས་མིན་ཕྲ་བའི་སྤྱོད་ཡུལ་མིན། །དངོས་པོར་མི་གནས་མཚན་མ་ཀུན་དང་བྲལ། །སྒྲོ་དང་སྐུར་པས་དེ་ལ་དཔག་མི་དཔོགས། །སྟོང་པ་མ་ཡིན་ཐ་སྙད་དེ་ལས་ འདས། །མི་གནས་མི་རྟོག་རྐྱེན་གྱིས་བསྐྱེད་པ་མེད། །དངོས་བྲལ་ཀུན་གྱི་མཐའ་འདས་བརྗོད་དུ་མེད། །འདི་ཞེས་ངེས་པ་དེ་ལ་མཚོན་དུ་མེད། །དུས་གསུམ་བདག་པོ་སངས་རྒྱས་ཐམས་ཅད་ཀྱི། །ཡབ་ཡུམ་ཤུལ་དང་ཀུན་གྱི་དངོས་པོ་ཡིན། །སེམས་ཅན་འཇིག་རྟེན་ ཁམས་ཀྱི་རང་བཞིན་དང་། །བུད་དྷ་འཇིག་རྟེན་ཁམས་ཀྱི་རང་བཞིན་ཀུན། །གཅིག་སྟེ་རྣམ་གྲངས་ཡོངས་ཀྱིས་དེ་ལས་མེད། །གང་ཡང་མ་འགགས་གཅིག་ཏུ་ངེས་པ་མེད། །ཐ་སྙད་བརྗོད་བྲལ་སངས་རྒྱས་ཀུན་གྱི་དངོས། །དེ་ལྟར་གྲོལ་བ་རྣལ་འབྱོར་མཆོག་གི་ལམ། ། ཕྲ་བའི་སྒོ་མོ་རྣམས་ཀྱིས་རྗེས་དཔག་དཀའ། །དེ་ལ་སྤྲོ་དང་བསྡུ་བའི་དབང་པོ་མེད། །གཟུགས་དང་ཁ་དོག་རྣམ་པ་གང་དུ་ཡང་། །དེ་ཉིད་མ་གྲུབ་དེ་ལ་གཉེན་པོ་མེད། །འབྱུང་བ་ཆེན་པོ་ནམ་མཁའི་རང་བཞིན་ལ། །ཁུ་རླངས་འཇའ་ཚོན་ན་བུན་སྤྲིན་ལ་སོགས། །ཐན་ དྲག་ལྷགས་རླུང་ལ་སོགས་གང་བྱུང་ཡང་། །ནམ་མཁའ་ཆེན་པོ་དེ་ལ་གཡོ་བ་མེད། །དང་པོ་བྱུང་ཡང་དེ་ཡི་ངང་ལས་བྱུང་། །ཐ་མར་ཞི་ཡང་དེ་ཡི་ངང་དུ་ཞི། །དེ་དག་དེ་ཡི་ནང་དུ་འུབ་ཀྱིས་འཆུས། །ཡངས་སོ་ཆེའོ་ནམ་མཁའི་ཁོག་པར་གནས། །ཁམས་གསུམ་ སེམས་ཅན་དུས་གསུམ་སངས་རྒྱས་རྣམས། །དོན་དམ་ང་ཡི་རང་བཞིན་ང་ཉིད་ཡིན། །ཀུན་ཀྱང་དགེ་དང་སྡིག་སོགས་གང་བྱས་ཀྱང་། །རང་བྱུང་འཕྲུལ་ལྡན་དེ་ལ་འཕེལ་འགྲིབ་མེད། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་དངོས་པོ་མེད། །སེམས་ཅན་སངས་རྒྱས་གཉིས་ ཤེས་རྟོག་གི་བུ། །དེ་ལ་དབྱེ་དང་མིང་དང་ཡིག་ཚོགས་མེད། །ཅེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་གཞི་བྱང་ཆུབ་སྙིང་པོའི་རྒྱུའི་ལེའུ་སྟེ་ཉི་ཤུ་བའོ།། །།དེ་ནས་དྲེགས་པའི་འཁོར་དེ་དག་ངོ་མཚར་དུ་གྱུར་ནས་ མགྲིན་གཅིག་གིས་འཛུམ་པའི་མདངས་ཀྱིས་མངོན་པར་བསྟོད་པ། ཨེ་མ་ཧོ་རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །རྡོ་རྗེ་རྡོ་རྗེ་འཛིན་པ་ཆེ། །རྡོ་རྗེ་སྐུ་སྟེ་ཆེ་བ་བོ། །མི་ཤེས་དྲི་མ་ཀུན་འཇོམས་པ། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། ། འགྲོ་བའི་མགོན་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ལུས་ཏེ་ལུས་ཀྱི་མཆོག །ལུས་རྣམས་ཐ་དད་རྣམས་སྤྲུལ་ཅིང་། །ལུས་དམན་པ་དག་འཇིགས་པར་མཛད། །ལུས་ཀྱི་ངེས་དོན་གཏིང་དཔག་དཀའ། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་འབར་བ་ཆེར་འབར་བ། །འབར་བའི་འོད་ཀྱིས་སྡང་བ་ འཇོམས། །རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ། །རྡོ་རྗེའི་མཚོན་ཆེན་ཕྱག་འཚལ་བསྟོད། །ཕྱག་ན་རྡོ་རྗེ་ཡེ་ཤེས་ཆེ། །ཞལ་གྱི་རྡོ་རྗེ་སྡང་བ་འབིགས། །རྡོ་རྗེ་མཆེ་བ་རྣོ་བ་ཆེ། །ཆེ་བ་རྒྱ་མཚོ་གསུང་ཆེན་བསྟོད། །རྡོ་རྗེ་པད་མ་བྱང་ཆུབ་ཆེ། །ཐུགས་ཉིད་སངས་རྒྱས་རང་ བྱུང་བ། །རྡོ་རྗེ་རྒྱ་ཆེ་ཐུགས་ཀྱི་མཆོག །རྡོ་རྗེ་རྣལ་འབྱོར་ཐུགས་ཆེན་བསྟོད། །འཇིགས་བྱེད་དྲག་པོ་ནག་པོ་ཆེ། །རྡོ་རྗེ་འཇིགས་བྱེད་སྡང་བྱེད་པ། །བསྒྲུབ་དཀའ་བསྒྲུབ་ལེགས་ཡོན་ཏན་ཆེ། །ཡོན་ཏན་རྡོ་རྗེ་མཆོག་ལེགས་བསྟོད། །རྡོ་རྗེ་ཁྲོ་བོ་དྲག་པོ་ཆེ། །ཧ་ ལ་ཧ་ལ་ནག་པོ་ཆེ། །རྟོག་པའི་དུས་ངན་རྣམ་པར་སྤྱོད། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །ཅེས་མངོན་པར་བསྟོད་དོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་འཁོར་གྱིས་མངོན་པར་བསྟོད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱཻ་རྡོ་རྗེ་ཁྲོ་བོ་ཁྱོད། །དུས་ངན་བསྟན་པ་མི་གནས་ཚེ། །འཇིག་རྟེན་ཁམས་སུ་ཆུ་འཁྱགས་དབབ་པའི་ཐབས་བཀའ་སྩལ་དུ་གསོལ། །བཀའ་སྩལ་པ། ཉོན་ཅིག་དབང་པོ་ཆེན་པོ། འཇིག་རྟེན་ཕུང་བར་བྱན་ནཱ་གའི་ཆུ་ འཁྱགས་དབབ། །གསང་བའི་ལས་རབ་འདི་ནི་རབ་ཏུ་གནག །ན་མོ་བུད་དྷཱ་ཡ། བཛྲ་ཙཎ་ཌ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཨོཾ་བཛྲ་ཙཎ་ཌ། ཀི་ལི་ཀི་ལི། ཙཎ་ཌ་མོ་ར་ཙི་ཎ། ཙཎ་ཌ་ཙཎ་ཌེ། ནཱ་ག་བྷན་དྷཱ་ཡ་ཕཊ་སྭཱ་ཧཱ། སོར་བརྒྱད་སེང་ལྡེང་ཕུར་བུ་གུ་གུལ་དང་། །ཚིལ་ཆེན་ སྨེ་ཁྲག་བྱུག་ཅིང་བདུག །རྩ་གཟིར་སྔགས་ཤམ་གདགས་པ་བཅའ། །ཐོག་མའི་གོང་ནས་གྲངས་མེད་བཟླས་པའི་མཆོག །ཀླུ་གནས་བཏབ་ན་ཁྱུང་གིས་མི་ཐར་འཆིང་། །ཕྱོགས་བཏབ་ལྡོག་འགྱུར་ཞིང་བཏབ་འབུ་སྲིན་ཟ། །ལྡུམ་ར་རྟ་བྲེས་གནག་ར་ར་ལུག་གནས། ། བཏབ་ནས་མི་སྐྱེ་རི་སྙིལ་ཆུ་ཡང་ལྡོག །ཕལ་པའི་གྲོང་དང་རྒྱལ་པོའི་སྒོར་བཏབ་ན། །ཕལ་པའི་གྲོང་འཇིག་རྒྱལ་པོའི་འཁོར་གྱི་མི། །འབྱེར་ཞིང་ནད་ཀྱིས་ཐེབས་འགྱུར་ཕྱུང་ན་ཐར། །ནཱ་གའི་གནས་བཏབ་ཐམས་ཅད་འཆིང་བར་འགྱུར། །ནག་པོ་གནས་སུ་སོང་ལ་ ལས་འདི་བྱ། །བྱང་བལྟས་ཆུ་མིག་རྔོམ་དང་དམས་སྐྱིབས་གནག །མགོ་ན་རྡོ་ནག་དྲེག་པ་ཆགས་པ་ཡོད། །གནས་དེར་ཨེ་ནག་འདོམ་བཞི་རྩེ་མོ་ལྷོ། །དཀར་ནག་རྡོ་བ་གླང་དམར་རྭ་སྐྱེད་བྱ། །སྐམ་པོ་དུམ་བཞིར་ཕྱི་རོལ་ཁྲག་དུག་གནག །ར་ཁྱི་མིའི་ཁྲག་བསྐོལ་ བྱ་ཏིང་འཛིན་བསམ། །ག་རུའི་སྤྲུལ་པ་མང་པོ་ཤིན་ཏུ་གཅེས། །དཀར་ནག་དུད་པས་དྲན་བསྐྱེད་དབང་དུ་བསྡུ། །དེ་ནས་ཁྱུང་བསྐུལ་བ་ཞེས་བྱ་བ་འདི་གསུངས་སོ། །ཧྲཱིཿདཔག་བསམ་ཤིང་ལས་བཞེངས་པའི་ག་རུ་ཌ། །ཡེ་ཤེས་གཤོག་པ་འབར་བ་གསེར་གྱི་མིག ། རྡོ་རྗེའི་མཆུ་སྡེར་ཐོགས་མེད་ལྕགས་ཀྱུ་ཅན། །རི་རབ་རྩེ་ནས་རྒྱ་མཚོའི་གཏིང་དུ་སླེབ། །ཀླུ་རྒྱལ་གདན་དུ་འདིངས་ཤིང་ཀླུ་ཕྲུག་ཟས་སུ་ཟ། །ཀླུ་རྣམས་བཀའ་ལས་མ་འདའ་ཆུ་འཁྱགས་ཕོབ། །བརྗིད་གནོན་མན་ཏྲ་མུ་དྲས་ཟིལ་གྱིས་གནོན། །ནཱ་ག་རཱ་ཛ་ཕུཏྟ་ ཕུཏྟ། སྟོང་བཟླས་གཤམས་སྦྲེལ་བནྡྷ་ཆུ་མིག་བརྡབ། །ཀླུ་གཟུགས་སྦྲུལ་མགོ་བདུན་སྔོན་སྐྱེད་ཁར་གཞག །མགོ་ལ་ཁྲག་བྱུང་འདི་ཉིད་རྩ་བརྒྱད་བཟླས། །ནཱ་ག་ནཱ་ག་ལ་ཁྲག་ནང་མགོ་ལ་ཕོབ། །ནཱ་ག་མགོ་ལ་ཁྲག་ཐུན་རྦད། །རྩ་བརྒྱད་བརྗོད་ཅིང་ཐབ་བྱ་ཁྲག་ ལྷག་དང་། །ཐལ་འཇིམ་བན་དྷ་ཆུ་མིག་ནང་དུ་བརྡབ། །ཐོག་དང་སེར་བ་ཇི་ལྟར་འདོད་བཞིན་འོང་། །ནཱ་གའི་གཟུགས་ནི་ནག་པོ་གེལ་ཆགས་ཆེ། །མིག་ནས་གློག་འགྱུ་ཁ་ནས་ཁྲག་སེར་འབབ། །དེ་ལྟར་བསམས་ན་ཀླུ་འཁྲུགས་སེར་བ་འབེབས། །དཔལ་ ལྡན་རྡོ་རྗེ་གཏུམ་པོ་ཐུགས་གསང་པའི་རྒྱུད་ལས་འཇིག་རྟེན་ཐོག་སེར་གྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་ཡང་ལྷའི་དབང་པོས་ཞུས་པ། མཐར་ཐུག་དྲག་པོའི་ལས་ཀྱིས་ཇི་ལྟར་དབབ། །རྫས་དང་སྔགས་བཅས་དྲག་པོའི་སྦྱར་ཐབས་གང་། ། སྦ་གནས་དུས་ཚོད་མཛེས་པ་གང་ལ་བགྱི། །བསྲུང་བའི་གོ་རིམས་བཅས་བ་ཇི་ལྟར་ལགས་ཞེས་ཞུས་པ་ལས། བཀའ་སྩལ་པ། ཉོན་ཅིག་སྐལ་ལྡན་ལྷ་ཡི་དབང་པོ་ཉོན། །རྫས་དང་སྔགས་བཅས་དྲག་པོའི་སྦྱོར་བ་འདིའོ། །མཛེ་ཤ་མཛེ་ཚིལ་ཐོད་པ་ཚིལ་ཆེན་ དུད། །གཞོབ་རྣམས་བླུགས་ཏེ་སྤྲ་བའི་མེ་དང་སྤྲད། །ཡུགས་སའི་ཞབས་དྲིལ་ཁར་ནག་བཅིང་བྱས་ལ། །ཆུ་མིག་འགྲམ་སར་སེང་ལྡེང་ཕུར་པ་གདབ། །སྟོན་ཟླ་ར་འབྲིང་གཟའ་རྒོད་རྒྱུ་དུས་གཏད། །སྐྱ་རེང་ཤར་དང་ཉི་ཕྱེད་ཉ་ལ་གཏད། །རྫས་མཆོག་མ་ ཕྱུང་ཆུ་འཁྱགས་ཉིན་རེ་འབབ། །དེ་ནས་ཀླུ་རྣམས་ཀུན་གྱི་གཉེན་པོ་རཀྟ་ཙ་མུཎྜི་ཞེས་བྱ་བ་འདིས་སྐུལ་བཀའ་སྩལ་ཏོ། །ཧཱུྃ་སྐུ་ནི་གནམ་ལྕགས་འབར་བ་ལ། །དམར་སེར་མེ་ཡི་རལ་པ་ཅན། །ཁམས་གསུམ་སྲིད་གསུམ་ཁ་ན་ཁྱེར། །སྲིད་པ་གསུམ་ནི་ལྟོ་ན་འཕྱོ། ། ཡ་འགལ་གནམ་ལ་མ་འགལ་ས། །ཉི་མའི་སྨན་དང་སྤྱན་ནས་འཆར། །ཟླ་བའི་སྐྱིན་དང་ཞལ་ནས་འཆར། །རི་རབ་རྩེ་དགུ་ཕྱག་ན་བསྣམས། །མི་བཟད་འབར་མ་གཏུམ་ཆེན་མོ། །ཕྱག་ན་རྡོ་རྗེའི་བཀའ་ཉན་མ། །འདུལ་བའི་གཉེན་པོ་ཀླུ་འདུལ་མ། ། ཐུགས་དམ་ཀླུ་ཡི་བན་དྷ་འདྲེན། །ཟས་སུ་ཀླུ་ཡི་ཤ་ལ་ཟ། །ཀླུ་ཡི་གནས་རིས་དབང་དུ་སྡུད། །སྔགས་བཀའ་སྩལ་པ། ཨོཾ་ནཱ་ག་ཞུང་ཐུན། ཛྭ་ལ་ཛྭ་ལ། ཙྪིནྡ་ཙྪིནྡ། བྷིནྡྷ་བྷིནྡྷ། ཕཊ་ཕཊ་སྭཱ་ཧཱ། ལས་ཀྱི་གོ་ཆ་དྲུག་ནི་རབ་ཏུ་གཅེས། །ལོག་གནོན་གྱི་སྔགས་ བཀའ་སྩལ་པ། ནཱ་ག་ལི་དུམྤ་ཡ་ས་དོམ་དྷེ་བ་ཀུ་རུ་ཧཱུྃ་ཧཱུྃ། ཛཿཛཿབྷྱོ་བྷྱོ། འཁོར་ལོ་ཚུལ་དུ་ལུས་ལའོ་ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས་མཐར་ཐུག་དྲག་པོའི་ལས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ ནས་འཁོར་དེ་དག་གིས་ཞུས་པ། བཅོམ་ལྡན་ཉིད་ཀྱི་མཚམས་བཅད་ཇི་ལྟར་གཟུང་བར་བགྱི་ཞེས་གསོལ་པ་དང་། བཀའ་སྩལ་པ། འདུལ་བའི་ཚོགས་ཉོན་ཅིག །ངའི་རང་བཞིན་ནི་དུས་གསུམ་གྱི་བདེ་བར་གཤེགས་པར་རྟོགས་པར་བྱོས་ཤིག །ངའི་རང་བཞིན་ནི་ སྐྱེ་བ་མེད་པར་རྟོགས་པར་བྱོས་ཤིག །ངའི་རང་བཞིན་ནི་འགག་པ་མེད་པར་རྟོགས་པར་བྱོས་ཤིག །ངའི་རང་བཞིན་ནི་སྟོང་པ་ཉིད་དུ་རྟོགས་པར་བྱོས་ཤིག །ང་གང་ཡིན་པ་དེ་ནི་གསང་བའི་བདག་པོའོ། །ང་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔར་རྟོགས་པར་བྱོས་ཤིག །ང་གང་ ཡིན་པ་དེ་ནི་ཁམས་གསུམ་རྣམ་པར་རྒྱལ་བར་རྟོགས་པར་བྱོས་ཤིག །ང་གང་ཡིན་པ་དེ་ནི་གཏུམ་པོ་ཆེན་པོ་ཉིད་དུ་རྟོགས་པར་བྱོས་ཤིག །ང་གང་ཡིན་པ་དེ་ནི་ཆོས་སོ། ཆོས་ཀྱི་ཕུང་པོའོ་ཞེས་བཀའ་སྩལ་པས་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་ཤིང་དགའོ། །དཔལ་རྡོ་རྗེ་གཏུམ་ པོ་ཐུགས་གསང་བའི་རྒྱུད་ལས་ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་བའོ།། །།རྒྱ་གར་གྱི་མཁན་པོ་ཨ་བ་ཡུག་ཏའི་ཞལ་སྔ་ནས་ཞུས་ནས། བོད་ཀྱི་ལོ་ཙྪ་བ་ཆོས་ཀྱི་བརྩོན་འགྲུས་ཀྱིས་བསྒྱུར་བ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཤྲི་བཛྲ་ཙཎྜ་ཙིཏྟ་གུ་ཧྱ་ཏནྟྲ་ཨུཏྟ་ར། བོད་སྐད་དུ། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ། དཔལ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་ ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བའི་བསྟན་པ་དམ་པའི་དབང་ཇི་ལྟ་བའི་གསང་བ་དམ་པ་མཛད་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངང་ལས་མ་ཧཱ་ཙཎྜ་ཀྲོ་དྷི་ཧཱུཾ་ཞེས་གསུངས་པས། གཡོན་དུ་ཁྲོ་མོ་གཏུམ་ཆེན་མོ། །མཐིང་ ནག་ཆེན་མོ་འཇིགས་ཚུལ་ཅན། །དབུ་སྐྲ་ཁམ་པ་གྱེན་བརྫེས་མ། །སྤྱན་དམར་སྡང་མིག་བགྲད་པའི་ཚུལ། །མཆེ་གཙིགས་ཁྲོ་གཉེར་སྤྱན་གསུམ་མ། །ཕྱག་གཡས་དྲིལ་འཛིན་གཙོ་ལ་འཁྱུད། །གཡོན་པ་ཐོད་ཁྲག་གཙོ་ལ་སྟོབ། །ཞབས་གཉིས་གཙོ་ ལ་དགྱེས་ཚུལ་འཁྲིལ། །ཧི་ཧི་དགྱེས་དང་ཧ་ལའི་སྒྲས། །ཐམས་ཅད་གཡོ་ཞིང་རླག་པར་བྱེད། །དུར་ཁྲོད་རྒྱན་ལྡན་མེ་དཔུང་ནང་། །སྐུ་ལ་འཁྲིལ་བའི་ཚུལ་དུ་བཞུགས། །དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །དགྱེས་པའི་ཏིང་འཛིན་ལ་གནས་པས། །ཉིད་ ཀྱི་མཁའ་ལ་ཧཱུྃ་ཨོཾ་ལྡན། །ནོར་བུ་དང་ནི་རྡོ་རྗེར་ལྡན། །རྡོ་རྗེའི་རྩེ་མོའི་སྦུབ་མར་ཕཊ། །ཡུམ་གྱི་གསང་བར་པ་ཏྲ་ལྡན། །པད་མ་དང་ནི་ཟེ་འབྲུར་ལྡན། །མ་ལས་ཉི་མའི་དཀྱིལ་འཁོར་རོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས་ཡུམ་རྣམ་པར་ འཕྲུལ་པ་དང་། མཁའ་གསང་རབ་ཏུ་ལྡན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ལྷའི་དབང་པོས་གསོལ་པ། བཅོམ་ལྡན་འདས་བདེ་རྫོགས་གང་ལགས་བཤད་དུ་གསོལ་ཞེས་ཞུས་པས་བཅོམ་ལྡན་འདས་བདེ་རྫོགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་ནས་འཁོར་ལོ་བདེ་རྫོགས་ཞེས་བྱ་བ་བཀའ་སྩལ་པ། ཉོན་ཅིག་ལྷ་ཡི་དབང་པོ་མཆོག །བདེ་སྐྱོང་འཁོར་ལོ་སུམ་ཅུ་གཉིས། །དུང་དང་ཀུནྡ་ལྟ་བུར་གནས། །མི་ཤིགས་ཧཱུྃ་ནི་ཁ་འོག་བལྟས། །མགྲིན་ཆེན་ལོངས་སྤྱོད་འདབ་བཅུ་དྲུག །དབུས་ན་གསེར་ ཞུན་ལྟ་བུ་མྃ། །ཡ་བ་ར་ལ་ཁ་དོག་བཞི། །ཕྱོགས་བཞི་འདབ་མ་བཞི་ན་གནས། །ཆོས་ཀྱི་འཁོར་ལོ་འདབ་བརྒྱད་དེ། །ཧཱུྃ་མུྃ་དབུས་ཏེ་ཕྱོགས་མཚམས་ན། །ཨོཾ་ཀྲོ་དྷི་ཧ་མཱྃ་ལཱྃ་པཱྃ་ཏཱྃ། །སྤྲུལ་པའི་འཁོར་ལོ་དྲུག་ཅུ་བཞི། །དབུས་ན་ཨོཾ་ དཀར་དེ་བཞིན་དུའོ། །མེ་ཡི་འཁོར་ལོ་གྲུ་གསུམ་རྃ། །རླུང་ནི་གཞུ་འདྲ་བ་དན་ཅན། །ཛ་ཉ་ཕཊ་དང་རྃ་ལྡན་པའོ། །དབབ་དང་བསྐྱིལ་བའི་སྦྱོར་བ་ཡིས། །ཤིན་ཏུ་སྣོད་ལྡན་དམ་པ་ལ། །སྲིན་མཐེབ་ལྕེས་བླང་དབུགས་ཀྱིས་དྲང་། །བྱིན་རླབས་བྱས་པའི་ཤེས་ རབ་མ། །རང་ལུས་ཐབས་ལྡན་གཏད་པ་དང་། །བདེ་བ་དང་ནི་བདེ་བ་ཆེ། །ཤིན་ཏུ་བདེ་ཆེན་བདེ་མཆོག་ཡིན། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས་འཁོར་ལོ་བདེ་རྫོགས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ལྷའི་དབང་པོས་གསོལ་ པ། བཅོམ་ལྡན་འདས། སེམས་ཅན་དོན་དུ་བྱིན་བརླབས་མཐུ། །སྔགས་ཀྱི་མཐུ་རྣམས་བཀའ་སྩོལ་ཅིག །ཅེས་གསོལ་པས། ཉོན་ཅིག་ལྷའི་དབང་པོ་སྔོན་ཆད་ང་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་མཛོད་འཛིན་པར་དབང་བསྐུར་ཏེ། ད་ལྟར་ངས་ཁྱོད་ལ་བཤད་པར་བྱའོ། །འདི་ནི་ཀླུ་ཐམས་ཅད་འཇོམས་པར་བྱེད་པའོ། །ཉི་མ་ས་སླ་ལ་ནྃ། ནཱ་ག་ཀུ་ན་ཞི། ཙིཏྟ་མུ་ལིང་ནྃ། ཟློག་བྱེར། ནཱ་ག་ཤིག །ནཱ་ག་བཟློག །ནཱ་ག་བྱེར། ནཱ་ག་ད་ཧ་ད་ཧ་མཱ་ར་ཡ་ཕཊ། ནཱ་ག་ཧ་ན་ཧ་ན། མཱ་ར་ཡ་ཕཊ། གསང་བ་གསང་བའི་མཛོད་འཛིན་པའི། །སྔགས་དེས་ཀླུ་རྣམས་རླག་པར་བྱེད། །རྫས་སུ་བསྟན་པ་འདི་ལྟ་སྟེ། །རྩ་བ་དང་ནི་སྐྱོབས་སུ་བཅས། །ལྕེ་པོག་ནག་པོ་རྒྱ་ཚིལ་དང་། །མགོ་གཉིས་ཨཱི་དྲ་མ་གྷ་དྷ། །ས་ཡི་དྲི་དང་རྣམ་ལྔའོ། །གདུག་པ་ཐམས་ཅད་འཇིལ་བར་ བྱེད། །ཤུ་དག་ཚིལ་ཆེན་རྭ་གཞོབ་དང་། །དྲི་ཆེན་དྲི་ཆུ་རྨ་བྱའི་མདོངས། །བྱུག་དང་བདུག་པར་བྱ་བའོ། །མུ་ཟི་གླ་རྩི་དྲི་ཆེན་དང་། །ཞུན་ཆེན་དྲི་ཆུ་སྦྱར་བ་རྣམས། །ལྟོར་བཏང་གདོན་རྣམས་རང་ཞིར་འགྱུར། །འདིས་ནི་རང་ཉིད་སྲུང་བར་བྱེད། །ནཱ་ག་ཤ་ཏི་དུན་ ཛིབས། །ནཱ་ག་ཙི་ཏ་ནྃ། ནཱ་ག་ནི་ར་རྦུད། ཤཱ་ན་ཏིང་ཤ་དུ་རྩུབས། ནཱ་ག་ཨ་ར་ལིག་ཤམས། ནཱ་ག་དུན་དུན། གྱེན་གྱེན། ནཱ་ག་ཤྃ་ཏི། ཡ་ཡ། ཚུབས་ཚུབས་དུ་ཤ་རྦུད། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས་ཀླུ་ཐམས་ཅད་རླག་ པར་བྱེད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིག་རྟེན་གསུམ་རྣམ་པར་འཆིང་བར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འཇིག་རྟེན་འཆིང་བྱེད་ཀྱི་སྔགས་གསུངས་པ། ཨོཾ་ཨེ་ཀ་ཡ་མ། ཧེ་ཀ་ཡ་མ། ཧྲི་མ་ཡ་མ། སརྩ་ཙིཏྟ་གཟེར་ཐུམས་བིགྷྣྃ། ཞེས་གསུངས་མ་ཐག་ཏུ་སྲིད་པའི་རྩེ་མོ་ནས་མནར་མེད་པ་ལ་ཐུག་པ་ཡན་ཆད་སེམས་རྣམ་པར་མྱོགས་ཏེ། ལུས་རི་མོ་བཞིན་གཡོ་བ་མེད་པར་བཅིངས་པར་གྱུར་ཏོ། །དེ་ནས་དཔུང་རྣམ་པར་ཟློག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་ཏེ། དཔུང་ཟློག་བྱེད་ཀྱི་སྔགས་གསུངས་པ་ཨོཾ་ཨེ་ཀ་ཡ་མ་ཧེ་དུན་རཀྵ་ཧེ་དུ་ན། ཧཱུྃ་ཛཿཧཱྃ། ཡ་མ་ཙིཏྟ་ཤ་མ། ཤ་ཏཱུྃ་སྟྃ་བྷ་ཡ་ནྃ་དྷྲྀཀ་རྦད། ཅེས་གསུངས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་འཁྲུགས་ཤིང་། དྲེགས་པ་ཅན་ཐམས་ ཅད་རྫ་མཁན་གྱི་འཁོར་ལོ་བསྐོར་བ་བཞིན་དུ་གྱུར་ཏེ། མྱོས་པར་གྱུར་ཏོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས་འཇིག་རྟེན་བཅིང་ཟློག་གི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཁྱུང་རྣམ་པར་སྤྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་ནས་ཁྱུང་ལས་ལ་གཟུད་པ་ཞེས་བྱ་བའི་གསང་སྔགས་གསུངས་པ། གྲང་ཏི་ཏིག་ཏིག །གྲ་ཏ་བྲག་ཤི་ཏ་ཏ་ལེ་ཧེ་དུ་ཧཱུྃ་ཕཊ། དེ་ནས་ཡང་དགྲ་འབའ་ཞིག་པ་གསད་པ་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་དྲག་པོ་ ཐོག་འབབ་ཅེས་བྱ་བའི་སྔགས་གསུངས་པ། ཨོཾ་མཱ་ར་ན་སོད་སོད། མཱ་ར་ན་བྱིང་བྱིང་། མཱ་ར་ན་རྨུགས་རྨུགས། མཱ་ར་ན་ཧལ་ཧལ། མཱ་ར་ན་དུན་དུན། མྱོགས་མྱོགས། བྱིང་བྱིང་། ཐུམ་རི་ལི་ལི་རྦད་ཛ་ཛ། ནཱ་ག་ལ་སོགས་ཤ་ཏྲཱུྃ་སྦྱར་ཞེས་གསུངས་ སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས་གསང་པ་སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་ལྷའི་དབང་པོས་གསོལ་པ། ཀྱཻ་བཅོམ་ལྡན་འདས་གདུག་པ་ཅན་ཚར་བཅད་པའི་ལས་ཁྱད་པར་ཅན་བཀའ་སྩལ་དུ་ གསོལ་ཞེས་གསོལ་པས། བཅོམ་ལྡན་འདས་ཁྱུང་སྒྲོལ་བྱེད་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རབ་ཏུ་གསང་སྔགས་བཀའ་སྩལ་པ། ཨོཾ་ཏདྱ་ཐཱ། ཨོཾ་ཊ་ཀི་ཙ་ཏི། གུརྱ་ལ། གྷྱུ་ལི་མི་ལི་ཤ་ཤ་གྷྱུ་གྷྱུ། ཤད་ཏི་བི་རི་ཏི། ཧཱུྃ་ཡ་ ཧཱུྃ་ཡ། ཧཱུྃ་ཏུ་ཏི་སྭཱ་ཧཱ། འབྲས་དང་སོ་བ་ནས་ནག་དང་། །ཨ་རུ་ར་རྣམས་ཞིབ་བཏགས་ཏེ། དགུ་དང་བཅུ་གཅིག་བསྒྲུབ་པར་བྱ། །མཁའ་ལྡིང་སྒོ་ང་སྔགས་ཀྱིས་བསྐོར། །འགྲམ་དུ་བཞག་ལ་བསྒྲུབ་པར་བྱ། །མཱ་ར་ན་སོད། མཱ་ར་ན་བྱིང་བྱིང་། མཱ་ར་ན་ མུགས་མུགས། མཱ་ར་ན་ཧ་ན་ཧ་ན། མཱ་ར་ན་དུན་དུན། ཧ་ལ་ཧ་ལ། མྱོས་མྱོས། བྱིང་བྱིང་། ཐུམ་རི་ལི་ལི་ཛ་ཛ། དེ་ནས་གཏོར་མ་དབུལ་བར་བྱ། །བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། གྲྀཧྞ་ཧྲྀཧྞ། མ་ཧཱ་རག་སི་པ་ཏོ། ས་མཱ་ཡ་སྭཱ་ཧཱ། གསོལ་བ་གདབ་ཅིང་ ཕྲིན་ལས་བཅོལ། །གླ་རྩི་ཤིང་ཀུན་ཤ་ཆེན་དང་། །ལྕེ་པོ་གནག་པོ་ཤ་རཱི་ར། །བྱི་སྐུ་སྟག་གི་སྡེར་མོ་རྣམས། །རས་སུ་གཏུམས་ལ་ལུས་ལ་བཅང་། །ཨོཾ་ཉི་མས་སླ་ནཱཾ། གྷུ་ནི་ཞི་རྩི་ཏ་གྷུ་བི་ནཱཾ། ཙི་ཏྲ་མུ་ཏྲ་ཟློག་བྱེར། །ཙི་ཏ་གྷུ་ལི་ནཱཾ། ཡ་ཁྲ་ནཱ་ག་ ཟློག །ནཱ་ག་ཤིག །ནཱ་ག་མགོ་ལ་ནཱཾ། ཧ་པ་ས་ཁྲེ། རྟག་ཏུ་སྟོམ་ཆངས་གཏོར་མས་མཆོད། །ཞི་བས་དུག་དབྱུང་བྱད་ཀྱང་དགྲོལ། །རྩ་བའི་དཀྱིལ་འཁོར་ཕྱོགས་བཞི་རུ། །ནཱ་གའི་གཟུགས་བྲིས་དུག་ཅན་གཞག །ཚོན་སྐུད་སྦྲུལ་བསྒོམས་བཅིངས་པ་ དེ། །སྤུ་གྲི་འབར་བས་གཏུབས་ཤིང་དབྱེ། །རི་རབ་ཆེན་པོའི་ཕྱོགས་བཞི་ན། །དུག་བཞི་ལས་སྐྱེས་རིགས་བཞིའི་ཀླུ། །ས་ཆུ་མེ་རླུང་དུག་བཞིའི་བདག །བཅིངས་པ་དགྲོལ་ཅིང་དུག་དབྱུང་ཕྱིར། །དུག་ཐུབ་སྒྲོ་ལ་ཁྱུང་བསམ་ཕྱིར། །དུག་བྱབ་རང་རང་གནས་ སུ་བཏང་། །བདེན་པ་བདར་ཞིང་ཏིང་འཛིན་གསལ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས་རབ་ཏུ་གསང་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བདུད་ རྩི་མཆོག་བཀའ་སྩལ་པ། རིན་ཆེན་བུམ་པ་ཚད་ལྡན་ལ། །དྲི་ཡི་རྒྱལ་པོ་ལ་སོགས་ལྔས། །བྱུགས་ལ་བོག་ནག་དུད་པས་བདུག །རྩི་ལྡན་འོ་མ་འབྲས་དང་ནས། །ཏིལ་དཀར་དང་ནི་ཨ་རུ་ར། །བ་རུ་ར་དང་སྐྱུ་རུ་ར། །མངར་གསུམ་ཀླུ་སྨན་སྣ་ཚོགས་ དང་། །ཙན་དན་ལ་སོགས་དྲི་སྦྱར་བའི། །ཆུས་བཀང་ལྕུག་མ་འོ་མ་ཅན། །ཁ་རྒྱན་བྱས་ཏེ་མགུལ་པ་ཡང་། །དར་རས་སྔོན་པོས་བཅིངས་བྱས་ལ། །མཎྜལ་གཙང་མའི་སྟེང་དུ་བཞག །ལྷ་ཡི་ང་རྒྱལ་ལྡན་པ་ཡིས། །གྲི་ལྕགས་སྦུ་གུར་མཆུ་བཙུགས་ཏེ། ། དབུགས་མ་ཤོར་བར་རབ་ཏུ་བསྣགས། །སེང་ལྡེང་ཕུར་པ་སོར་བརྒྱད་དང་། །སྔགས་ཀྱི་མདའ་མཆོག་ལ་ཡང་བསྣག །བུམ་པ་ལ་སྔགས་འབུམ་ཚར་རེ། །བཏོན་ནས་སྙིང་རྗེའི་ཡུལ་ལ་བཀྲུ། །ཁོང་དུ་བཏང་ན་གྲོལ་བར་འགྱུར། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་ གསང་བའི་རྒྱུད་ཕྱི་མ་ལས་བདུད་རྩི་བུམ་ཁྲུས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བདུད་རྩི་བུམ་པ་ཁྲོལ་བུ་ལ་བསྒྲུབ་པ་གསུངས་པ། ཉོན་ཅིག་ལྷ་ཡི་དབང་པོ་གཙོ། །ཏིང་འཛིན་གསང་བར་སྒྲུབ་པ་ནི། །ཛཱ་ཏི་ཕ་ལ་ནས་སྔོན་མོ། །འབྲས་དང་ སོ་བ་མ་གི་ཏ། །ཏིང་འཛིན་གཞུ་བཏུལ་བྱས་ཏེ་བསྒྲུབ། །དེ་ལ་རྟགས་བྱུང་ཕྱེ་མར་བསྒྲུབ། །བྱུགས་ནས་དྲི་ཆུས་སྐྱོ་མར་སྦྱར། །ཞུན་ཆེན་སྦྱར་ཏེ་ཁོང་དུ་གཏང་། །བུམ་པའི་ཆུ་ལ་ལྕགས་སྦུགས་སྔགས། །མཆོད་དང་ཏིང་འཛིན་བརྩོན་པར་བྱ། །བུམ་ཆུས་ཁྲུས་ བྱ་འདེ་གུས་བྱུག །སྐྱོ་མ་ཞུན་ཆེན་ཁོང་དུ་གཏང་། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས་བུམ་པ་ཁྲོལ་བུ་ཕྱེ་མ་དང་། འདེ་གུ་དང་། ཁོང་དུ་གཏང་པའི་ལེའུ་སྟེ་བརྒྱད་པོའོ།། །།དེ་ནས་ཡང་ལྷའི་དབང་པོ་ལ་བཀའ་སྩལ་པ། ཉོན་ ཅིག་ལྷ་ཡི་དབང་པོ་དག །གདུག་པའི་དུག་ལ་རྣམ་མང་ཡང་། །བསྡུས་ན་རྣམ་པ་གཉིས་ཡོད་དེ། །མངོན་སུམ་དུག་དང་རྐུ་དུག་སྟེ། །རྐུན་ཐབས་དུག་ནི་བཟློག་པར་དཀའ། །གདུག་ཅན་ཉོན་མོངས་གསུམ་ལྡན་ཏེ། །གཏི་མུག་ཆེ་བས་བྱོལ་ སོང་རིགས། །འདོད་ཆགས་ཆེ་བས་དབྲལ་བར་དཀའ། །ཤིན་ཏུ་ཞེ་སྡང་ཆེ་བས་ཀྱང་། །དུག་ནི་རྐུན་ཐབས་དག་ཏུ་གཏོང་། །དེ་ཕྱིར་སླར་ཡང་ལྡོག་པར་བྱེད། །ཕྲག་དོག་ཆེ་བས་རང་རྟེན་ལ། །གཞན་གྱིས་གཙེས་ན་གཞན་ལ་གནོད། །རྐུན་ཐབས་དུག་གི་ མཚན་ཉིད་ཀྱང་། །ཐབས་ཤིང་གདུག་པའི་དུག་ཀློད་ཀྱང་། །བར་བར་སྐབས་སུ་ལྡང་བར་བྱེད། །དེ་བཟློག་ཐབས་ནི་ཤིན་ཏུའང་དཀའ། །དེ་ཡི་བཟློག་ཐབས་དམ་པ་འདི། །ངས་བསྟན་པ་ལ་ཐེ་ཚོམ་དུ། །གང་ཞིག་བྱེད་པར་གྱུར་པ་དེ། །ནམ་ཡང་གྲུབ་ པར་མི་འགྱུར་ཏེ། །གྲུབ་ཀྱང་གཡེལ་བར་གྱུར་པ་ཡིན། །དེ་ནས་ལྷ་ཡི་དབང་པོ་དག །ཐེ་ཙོམ་མེད་པར་ངེས་པར་བྱོས། །ཙན་དན་དམར་པོས་གཙོར་བྱས་ཏེ། །ནཱ་ག་གེ་སར་མ་གི་ཏ། །རྒྱ་ཚིལ་རྒྱ་མཚོའི་ལྦུ་བ་དང་། །ཕག་རྒོད་དག་གི་ཤ་དག་སྟེ། ། ཡང་ན་རྒྱ་ཚིལ་མ་གི་ཏ། །ཕག་རྒོད་ཤ་དང་སྦྱར་བྱས་ཏེ། །ལྕགས་སྣོད་ནང་དུ་ལྕགས་ཀྱིས་ཕུར། །འབུམ་ཕྲག་གསུམ་དུ་བསྙེན་བྱས་ནས། །སྒྲུབ་པས་དཀར་གསུམ་གཞན་མི་བསྟེན། །འོ་མ་སོལ་ཆུས་ལུས་བཀྲུས་ཏེ། །ཉ་ལ་གནས་དྲུག་ཐིག་ལེ་བྱ། ། མཁུར་ཚོས་གཉིས་དང་དཔྲལ་བ་དང་། །སྙིང་ག་ལྐོག་མ་ལག་མཐིལ་གཉིས། །ཐིག་ལེ་མཚོན་གང་པ་རེ་བྱ། །ལྟེ་བ་པུས་མོ་གསང་གནས་སུ། །མ་གི་ཏ་ཉིད་འབའ་ཞིག་བྱུག །ཐིག་ལེ་རེ་ལ་ཉི་ཤུ་གཅིག །དེ་ལྟར་ལོ་གཅིག་བར་དུ་བྱ། །གངས་ རི་ལ་ནི་ཉི་མ་བཞིན། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས་རྐུན་ཐབས་ཀྱི་དུག་བཟློག་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ལྷའི་དབང་པོས་གསོལ་པ། ཀྱཻ་མ་ཁྲོ་བདག་རྡོ་རྗེ་འཛིན། །གདུག་པའི་དུག་གི་མཚན་ཉིད་གང་། ། ཟློག་དང་མི་ཟློག་ཇི་ལྟ་བུ། །ཁྲོ་བདག་ཆེན་པོས་བཤད་དུ་གསོལ། །ཞེས་གསོལ་པས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དགའ་བས་ཉོན་ཅིག་ལྷ་ཡི་དབང་པོ་ཁྱོད། །བསྙེན་དང་སྒྲུབ་པ་རྟགས་དང་གནོད་པ་རྟོགས། །ལྕགས་ཟངས་མི་དང་གཅེར་ བུ་བུམ་པ་ཐོགས། །བ་ལང་ཉ་ལྕིབས་ཟས་སུ་ཟ་བ་དང་། །མེ་ཆེན་འབར་དང་ཟམ་པ་འཛུགས་པ་དང་། །སྐྱེ་ཤིང་འཛུགས་དང་ཉི་མ་ཤར་བ་དང་། །བཟང་བ་ཡི་ནི་རྟགས་སུ་ཤེས་པར་བྱ། །ཉི་མ་ནུབ་དང་ནམ་སྲོས་ཐུར་དུ་བབས། །བཙོན་དུ་བཟུང་ནས་མི་ཐེག་ཁུར་ བསྐུར་དང་། །སྒྲུབ་པོ་གཞན་ཡུལ་འགྲོ་བ་ངན་པའི་རྟགས། །ལུང་པ་དང་ནི་སྐམ་ནས་ཆུ་བྱུང་དང་། །ཉ་སྦྲུལ་ས་རླུང་གསོད་དང་འཆོད་པ་དང་། །རིད་དང་སྐེམས་པ་དེ་དག་ཁྲི་ལ་འདུག །གཅེར་བུ་སྤྱི་བཅིངས་ཚོགས་ཀྱིས་སེམས་ཅན་གསོལ་བ་མཐོང་། །འཇིགས་ པའི་ཆུ་མིག་སྐམས་དང་རྟག་ཏུ་ནོར་བུ་རྒྱུད། །སྦལ་སྦྲུལ་ཟས་སུ་ཟ་དང་ཁྱི་སྤྱང་གསོད་ལ་སོགས། །བཟང་བ་ཡི་ནི་ལྟས་སུ་ཤེས་པར་བྱ། །ཆུ་ནང་ཆུང་དང་སྦལ་སྦྲུལ་ལུས་ལ་འཇུག །དེ་དག་ཕྱི་བཞིན་དུ་ནི་འབྲང་བྱེད་ཅིང་། །སྦྲང་བུ་མཆུ་རིང་ལ་སོགས་ལུས་ལ་ཟ། །བ་ ལང་མ་ཧེའི་ཚོགས་ཀྱིས་བརྡུངས་ནས་འདེད་པ་དང་། །ཁྱི་སྤྱང་ཚོགས་ཀྱིས་ཟུགས་དང་འདམ་དུ་ཚུད། །འབག་སེང་བུ་ཆུང་ལ་སོགས་སྟོན་པ་ངན། །གནོད་པའི་རྟགས་སུ་གཏིང་རིང་གྲོག་པོ་རུ། །མི་ཤོང་བཞིན་དུ་ཕྱིན་དང་སླར་མི་ཐར། །རི་བྲག་དོག་མོ་ལུང་པ་ ཕུག་རྡུགས་དང་། །ལྷ་ཁང་གནས་ཁང་ཧྲུལ་པོར་མི་ཤོང་བཞིན། །སྒོ་ལ་འཛུལ་ནས་སླར་ཡང་མི་ཐོན་དང་། །ཆུ་ངན་མཚོ་དང་ལུ་མ་ཉ་སྦྲུལ་སོགས། །ཕག་པ་བ་གླང་མ་ཧེ་ལ་སོགས་ཏེ། །ཤིན་ཏུ་ཡིད་དུ་མི་འོང་གཟུགས་མང་སྟོན། །རི་གཟར་མི་ཐར་ཅེ་སྤྱང་ ཚོགས་ཀྱིས་འདེད། །དེ་དག་གནོད་རྟགས་ལུས་ཀྱི་ཉམས་མྱོང་ཡང་། །ནུལ་བ་དང་ནི་ཀུ་དང་ཆང་ལ་དགའ། །ནད་དང་ཉམས་ལྕི་ཡན་ལག་ན། །ཤ་ནི་འགུལ་འཕྲིག་ཤུ་གཡན་ཤ་བཀྲ་དང་། །ངོ་ལྷེག་ཤ་རོ་སྐབས་སུ་ཟུག་གཟེར་ཆེ། །དེ་དག་གནོད་པའི་རྟགས་སུ་ ཤེས་པར་བྱ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས་བསྙེན་སྒྲུབ་ཀྱི་ལྟས་དང་། གནོད་རྟགས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ལྷའི་དབང་པོས་གསོལ་བ། ཀྱཻ་བཅོམ་ལྡན་འདས་སེམས་ཅན་གྱི་ལུས་ ལ་གདུག་པའི་དུག་ལུས་ལ་སླེབ་པའི་མཚན་ཉིད་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཤ་མཐངས་བར་དུ་སླེབ་པའི་དུག །རྟག་ཏུ་སྙིང་ཡང་མི་དགའ་ཞིང་། །ཤ་རྩ་ཟ་ཞིང་འགུལ་དང་འཕྲིག །རྟག་ཏུ་ འཕྲུག་སྙིང་འདོད་པ་དང་། །ཤ་ཡང་འོ་མའི་བྲིས་མ་བཞིན། །ཤ་མདོག་མེ་ལྕེ་འདྲ་བའོ། །སྐབས་སུ་ཤ་མཐངས་བར་དག་ན། །ཆུ་གྲང་བླུག་པ་སྙམ་བྱེད་དང་། །ཤུ་བ་བལ་བལྡགས་ཤ་བཀྲ་འོང་། །གདུག་པ་དུག་གིས་ཤ་ལ་སླེབ་པ་ནི། །འཕྲིག་ འགུལ་ཟ་སྦྲིད་བེར་བ་ལྟར། །ཤ་ནི་གནག་ཅིང་དམར་ལ་བེམ། །དུ་བ་མིག་ཏུ་སོང་བ་བཞིན། །མིག་གི་ཐ་མ་ཆུ་ཡིས་གང་། །མིག་ཀྱང་ཟླུམ་ལ་སྨིན་མ་གྲུགས། །སྨིན་མ་བྱི་ཞིང་མིག་ཀྱང་འགུལ། །སོར་མོ་རྣམས་ནི་བྱི་མཇུག་འདྲ། །རྩ་དང་ཆུ་ལ་ཞུགས་ པ་ནི། །ལུས་ལ་དྲི་མ་ང་བ་འབྱུང་། །ཆུ་བུར་དང་ནི་ཆུ་རྒངས་དང་། །དེ་ནི་རྩ་ཡི་མེ་ཏོག་ཡིན། །ཆུ་སེར་མདོག་ནི་དུད་ཁུ་འདྲ། །ཆུ་སེར་ཀོ་རུལ་མནམ་པ་དང་། །ཀོ་བ་རུལ་པའི་དྲི་མནམ་པའི། །ཆུ་སེར་དག་ནི་འབྱུང་བ་ཡིན། །རོ་སྟོད་མི་བདེ་བློ་ཡང་འདེགས། ། སྤྱི་ཡི་མཚན་ཉིད་འདི་དག་དང་། །འབྱུང་བར་འགྱུར་བ་དག་ཀྱང་ཡོད། །མེ་འོད་ཚ་བ་འདྲ་བ་འོང་། །ཚེར་མ་ཟུག་པ་འདྲ་བ་འོང་། །ལུས་པོ་ཚ་ལ་འབྲུམ་པ་འོང་། །ཀོར་ཚེ་ཤུ་བ་འབྱུང་བ་དང་། །རྨ་དང་སེར་ཀ་མི་འཚོ་བ། །ཀོར་ཚེ་ཚོར་བ་མེད་པར་འབྱུང་། །ན་ ཚ་མེད་པའི་ཤུ་བ་འབྱུང་། །ཚ་ལ་འཁུམས་པ་འབྱུང་བ་ཡོད། །ལུས་ཀྱི་ཉམས་སྟོབས་ཆུང་བར་འབྱུང་། །གླང་ཤུ་བ་དང་ཤ་བཀྲ་འབྱུང་། །ཤ་རོ་སྦལ་མིག་འདྲ་བ་འབྱུང་། །ཤ་སུལ་ཐམས་ཅད་འགུལ་འཕྲིག་འབྱུང་། །དུག་གིས་རུས་པར་སླེབ་གྱུར་ན། ། ཕྱི་ཡི་ཤ་རྣམས་ཀུན་སྐམས་ཏེ། །མདོག་ནི་སྔོ་སྐྱ་ཤ་མདངས་འཆོར། །གོས་ཀྱི་མདངས་ཀྱང་འཆོར་བ་སྟེ། །དེ་ནི་ཐར་བར་མི་འགྱུར་ཀྱང་། །སྔགས་དང་རྫས་དང་ཏིང་འཛིན་གྱིས། །ཚེ་རིང་སྐད་གསང་ལུས་ཀྱང་བདེ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་ གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས་གདུག་པའི་དུག་རུས་པ་ལ་སླེབ་པའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ལྷའི་དབང་པོས་གསོལ་པ། ཀྱེ་མ་བཅོམ་ལྡན་འདས་སླད་མའི་དུས་ཀྱི་འགྲོ་བ་ལ་ཕན་གདགས་པའི་ཕྱིར་རྫས་ཀྱི་ཁྱད་ པར་བཀའ་སྩལ་དུ་གསོལ་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་ལྷ་ཡི་དབང་པོ་གཙོ། །ཕྱི་མའི་དུས་ཀྱི་སེམས་ཅན་རྣམས། །གདུག་པའི་དུག་གིས་ཉེན་པ་ན། །ཕན་པའི་སྦྱོར་བ་འདི་ལྟ་བུ། །ཀུན་ཀྱང་སྔགས་ཀྱིས་བསྒྲུབ་ པར་བྱ། །མེ་འོད་འདྲ་ན་སྤྱང་དུག་བཏང་། །ཚེར་མ་ཟུག་པ་ལྟ་བུ་ལ། །ར་དུག་དང་ནི་རེ་ལྕག་གོ། །ཚ་ལ་འབྲུམ་པ་བྱུང་བ་ན། །བཙོད་དང་སྤང་སྤོས་བཏང་བར་བྱ། །ཤ་ནི་ཀོར་ཚེ་ཤུ་བ་ལ། །ར་ཐུག་སྲེ་དང་ལོང་རྟོལ་བཏད། །རྨ་དང་སེར་ཀ་མི་འཚོ་ན། །ཁོང་ དུ་བསྒྲུབ་པའི་མ་གི་ཏ། །དེ་ཉིད་དྲག་པོའི་སྔགས་ཀྱིས་གདུལ། །ཀོར་ཚེ་ཚོར་བ་མེད་པ་ལ། །སྟག་ཤ་གསེར་གྱི་མེ་ཏོག་དང་། །རྒྱ་ཚ་སྦྱར་ཏེ་བཏང་བར་བྱ། །ཤ་བུ་ཐལ་བ་བདུད་རྩིས་གསོ། །མུ་ཟི་བ་བླ་ལྡོང་རོས་དང་། །དྲི་ཆུ་སྦྱར་ཏེ་བསྐུ་བར་བྱ། ། ན་ཚ་མེད་པའི་ཤུ་བ་ལ། །བོང་རིལ་ཏི་ཚ་མར་དཀར་བསྐུ། །ཚ་འཁུམས་ལྕེ་བོག་རྭ་རུ་གཞོབ། །ཚ་དང་ཞུན་ཆེན་སྦྱར་བར་བྱ། །ལུས་ཀྱི་ཉམས་སྟོབས་ཆུང་བ་ན། །བུམ་པའི་ཆུ་དང་མ་གི་ཏ། །སྦྱར་ཏེ་བཀྲུ་ཞིང་བཏུང་བར་བྱ། །དྲི་ཆུ་ཞུན་ཆེན་བཏང་བར་བྱ། །ཤ་ བཀྲ་གུར་གུམ་ཕག་ཚིལ་ལོ། །གླང་ཤུ་འདྲ་བ་བྱུང་བ་ན། །གསེར་གྱི་མེ་ཏོག་མུ་ཟི་དང་། །སྔགས་ཀྱི་བྱ་བ་འབད་པར་བྱ། །ཤ་རོ་སྦལ་མིག་འབྱུང་བ་དང་། །ཤ་ཡི་སུལ་རྣམས་འགུལ་བ་ལ། །གླ་བ་མུ་ཟི་ལྕེ་པོག་གནག །ཤ་མཐངས་བར་གྱི་དུག་ རྣམས་ལ། །ས་ཡི་དྲི་དང་མ་གི་ཏ། །ཤུ་དག་ལྕེ་བོག་རུ་རྟ་དང་། །གུ་གུལ་ནག་པོ་དྲི་མ་དང་། །རོ་ཡི་རོ་དང་བཙན་དུག་དང་། །བྱི་ཀུ་ཅིག་སྐྱེས་མི་ཕག་བཅུད། །ཡང་ན་བཙན་དུག་ལྕེ་པོག་དང་། །ལྡོང་རོས་དང་ནི་ས་ཡི་དྲི། །ཞུན་ ཆེན་དྲི་ཆུས་བསྡུས་ཏེ་བསྐུ། །གུ་གུལ་ཤུ་དག་ཤིང་ཀུན་དང་། །གླ་རྩི་བཙན་དུག་རོ་ཡི་རོ། །རུས་ཆེན་བཏགས་ཏེ་ཞུན་གྱིས་བསྡུ། །རིལ་བུ་བྱས་ཏེ་བསྲེགས་ནས་ཀྱང་། །ཡང་དང་ཡང་དུ་སྣ་བུག་བདུག །དུག་ཆེན་ཀླུ་དང་དེ་ལས་གྲམ་པའི་གདོན། །སྐྱེ་ དགུ་འཚེ་བྱེད་གདོན་རྣམས་གང་ཡིན་ཡང་། །གདུག་པ་ཆེན་པོའི་དྲི་འདི་ཚོར་བ་ཡིས། །གདུག་པ་ཅན་རྣམས་ཀླད་པ་རབ་ཏུ་འགས། །ཉི་མའི་འོད་ཀྱིས་མུན་པ་ཇི་བཞིན་ནོ། །ཤ་ལ་ཞུགས་པའི་གདུག་པའི་དུག་རྣམས་ལ། །བྱུག་པའི་རྫས་རྣམས་ཕྱི་ནས་ བྱུག །བདུག་པ་ཅན་གྱིས་རྟག་ཏུ་བདུག །མ་གི་ཏ་དང་དྲི་ཆུ་གྲང་མོར་སྦྱར། །བཀྲ་ཞིང་ཁོང་དུ་གཏན་དུ་བཏང་བར་བྱ། །ནད་རྣམས་འབྱང་ཞིང་སྤུ་སོགས་བྱི་བ་སྐྱེ། །རྩ་དང་ཆུ་བ་དག་ལ་གནས་པའི་དུག །བྱུག་པ་བདུག་པ་ཆུ་བོའི་གཞུང་བཞིན་དུ། །ཁོང་ དུ་བཏང་བའི་རྫས་ནི་འདི་ལྟ་སྟེ། །མ་གི་ཏ་ནི་དྲི་ཡི་ཆུས་སྦྱངས་ཏེ། །ཨ་རུ་ར་དང་སྦྱར་བ་རྒྱུན་མི་བཅད། །རྩ་ཡི་གནས་སུ་ནད་རྣམས་དངས་སྙིགས་འབྱེད། །དངས་སྙིགས་ཕྱེད་པའི་ནད་ནི་ཕྱི་རུ་འབྱུང་། །གངས་ཀྱི་རི་ལ་ཉི་མ་ལྟ་བུའོ། །དུག་རྣམས་རུས་པ་དག་ ལ་རྒྱས། །ཁོང་དུ་བཏང་བའི་རྫས་ནི་རྒྱུན་དུ་བཏང་ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས་གདུག་པའི་དུག་རྫས་ཀྱིས་གདུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ལྷའི་དབང་པོས་གསོལ་པ། ཀྱཻ་བཅོམ་ ལྡན་འདས་གདུག་པ་ཅན་ཤིན་ཏུ་ཡང་ཚར་གཅོད་པའི་ཐབས་བཀའ་སྩལ་དུ་གསོལ་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་དབང་པོ་ཆེན་པོའི་ལྷ། །གདུག་པ་ཤིན་ཏུ་ཚར་གཅད་ན། །བསྲེག་པའི་ལས་ལ་ཤིན་ཏུ་བརྩོན་པར་བྱ། ། ཐབ་ཁུང་གྲུ་གསུམ་སོར་བརྒྱད་པ། །ཁྲག་དང་དུར་ཁྲོད་སོལ་བས་བྱུག །དཀྱིལ་དུ་རྡོ་རྗེ་རྩེ་གསུམ་བྲི། །ཟུར་དུ་མཆོད་རྟེན་གསུམ་གཞག་སྟེ། །དེ་སྟེང་དྲག་པོའི་སྣོད་བཞག་ལ། །ནང་དུ་གྲུ་གསུམ་རྩེ་མོ་ལྷོ། །གདུག་པའི་ཤིང་ཡང་ཟུར་གསུམ་བརྩིག །དཀྱིལ་འཁོར་ ཆེན་པོའི་ཤར་ལྷོར་བྱ། །ཤིང་ཤུན་དག་ལ་ཤུཏྲཱུ་ཡང་། །བརྒྱ་རྩ་བརྒྱད་བྱ་དུག་སྣ་དང་། །ཚ་བ་གསུམ་དང་བོང་བུའི་ཆུ། །རྔ་མོ་བྱ་རོག་བྲུན་ཡང་བསག །ལྷ་ཡི་ཏིང་འཛིན་མཆོད་སྔགས་ཀྱིས། །ཏིང་འཛིན་གསལ་སྟེ་ལྷ་ལ་འབུལ། །སྲེག་པའི་སྔགས་ནི་འདིས་ བྱའོ། །སརྦ་བིགྷྣཱན་མཱ་ར་ཡ་ཛྭ་ཝ་རྃ། །སྟོང་རྩ་བརྒྱད་དང་བརྒྱ་རྩ་བརྒྱད། །ལན་གྲངས་མང་དུ་བྱས་པ་ཡི། །ཐལ་བ་ཆུ་ཆེན་གཞུང་ལ་བོར། །ཐབ་ཁུང་འོག་མའི་ཐལ་བ་ཡང་། །ཁྱི་ཡི་དྲི་ཆེན་ཚ་བ་གསུམ། །བསྲེས་ཏེ་ཤ་ཏྲཱྃ་གཟུགས་བྱས་ལ། །ནཱ་ག་སྟྃ་ བྷ་ན་ན་ཞེས་རྒྱ་གྲམ་དཀྱིལ་དུ་མནན་ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས་དྲེགས་པ་ཅན་ཤིན་ཏུ་ཚར་གཅད་པ་བསྲེག་པ་དྲག་པོའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་ལྷའི་དབང་པོས་གསོལ་བ། ཀྱཻ་བཅོམ་ལྡན་ འདས། གནོན་པའི་ལས་ནི་བགྱི་བ་ཡི། །ཤིན་ཏུ་ཚར་གཅད་ཇི་ལྟར་བགྱི་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལྷ་ཡི་དབང་པོ་ཆེན་པོ་ཉོན། །རུ་སྦལ་ཁོག་པ་ཁ་སྦྱར་དུ། །རྒྱ་མཚོའི་ལྦུ་བ་ཁྲེ་རྒོད་དང་། །ནཱ་ག་གེ་སར་ཅུ་གང་ དང་། །དཀར་གསུམ་ཤ་ཆེན་ཤ