Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 083_རྒྱུད་འབུམ།_ཇ

Văn bản gốc(Tây Tạng)

Trang 19 / 21 (50.000 ký tự/trang)
ེས་པས་དྲི་རུ་བྱེད། །རྃ་རྃ་ཞེས་པས་བརྒྱལ་བར་བྱེད། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་
ཚོགས་རྣམས་ངོ་མཚར་ཆེར་གྱུར། རྨད་དུ་བྱུང་བ་ཆེན་པོར་གྱུར་ཏེ། རང་གི་སེམས་མགུ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་པོ་ཀུན་ཏུ་བཟང་པོ་ཆེན་པོ་ལ་
ཕྱག་འཚལ་ཏེ་གསོལ་བ་འདེབས་སོ། །གཉིས་མེད་མཆོག་ཏུ་རྨད་བྱུང་བ། །བཅོམ་ལྡན་དེ་ཉིད་བཤད་དུ་གསོལ། །གང་གིས་སེམས་ཅན་གྲུབ་པ་འདི། །གསང་བ་སྦས་པ་གྲུབ་པར་འགྱུར། །གར་དང་གླུ་དང་བཞད་པ་ཆེ། །སྒེག་མོ་རོལ་པ་བདེ་བ་མཆོག །སིལ་སྙན་གླིང་བུ་
རྣམ་སྣ་ཚོགས། །བརྡབ་དང་རྒྱུད་རྣམས་རབ་འབྱོར་པ། །གསང་རྒྱུད་ཆོ་གའི་རིམ་པ་རྣམས། །རྫུ་འཕྲུལ་བློ་ཡི་ཆེ་བ་ཆེ། །དངོས་གྲུབ་ཐམས་ཅད་གྲུབ་པ་ཡིས། །སྔགས་རྒྱལ་ཁྱོད་ཀྱིས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་སངས་རྒྱས་རྣམས། །ཐམས་ཅད་བདག་པོ་རྒྱལ་པོ་
ཆེ། །ཐོག་མ་མེད་ནས་སྤྱོད་རྨད་བྱུང་། །སྣ་ཚོགས་ཆེན་པོ་རྣམ་མི་རྟོག །སྣ་ཚོགས་ཡེ་ཤེས་ཡོན་ཏན་ཆེ། །བླ་མེད་ཆོས་ཀུན་དབང་པོ་སྟེ། རིག་དང་སྔགས་ཀྱི་བདག་པོ་ཆེ། །དེ་ཉིད་ཆེན་པོ་སྙིང་པོ་མཆོག །བློ་རྨོངས་ཕྱག་རྒྱ་རྒྱས་འདེབས་ཏེ། །རྒྱས་འདེབས་རྨོངས་བྱེད་ཟ་བ་

བོ། །གཏོང་དང་བྱེད་པ་ཁྱབ་པ་ཆེ། །བསྐྱོད་པ་སྡིག་པ་འཕྲོག་པར་བྱེད། །སྡིག་པའི་ཆོས་རྣམས་སེལ་བར་བྱེད། །དུས་ངན་འདོད་བྱེད་ཁྲོས་པ་པོ། །གཏི་མུག་ཆོས་རྗེས་འདེབས་པར་བྱེད། །ས་དང་བར་སྣང་དེ་བཞིན་བདེ། །དེ་བཞིན་རྣལ་འབྱོར་པ་ལ་སྦྱིན། །ཚངས་
དང་གཏོགས་འདོད་དབང་ཆེན་པོས། །དེ་ལ་ཕྱག་དང་མཆོད་པར་བྱེད། །དེ་ཉིད་སྐྱོང་བྱེད་སྐྱོབ་པ་པོ། །གསང་བའི་གསང་བ་བདེ་བ་ཆེ། །ཟླ་གསང་ཐིག་ལེ་ལས་བྱུང་བའི། །སྦས་པ་ཆེན་པོ་གསང་བ་སྟོན། །ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ། །བདེ་བ་ཆེན་པོ་འབྱིན་མཛད་དོ། །སྐལ་ལྡན་
ཉེ་བར་ལོངས་སྤྱོད་ཀུན། །བུད་མེད་ཐམས་ཅད་དབང་དུ་བྱེད། །རང་འབྱུང་མཚན་དུ་ཐིག་ལེ་སྟེ། །བཅུ་གསུམ་དྲ་བ་དབུ་རུ་ལྡན། །འདི་ཡིས་བུད་མེད་བསྐྱེད་བྱས་ཏེ། །ས་བོན་གྱིས་ནི་རྒྱལ་པོ་འདུ། །འོད་ཟེར་གཟི་བརྗིད་འབར་བ་ཅན། །རང་ལས་མྱུ་གུར་འདྲ་བ་ཡིས། །འོག་གི་ཕྱོགས་
སུ་གཞག་པ་ནི། །ཧྲྃ་བྱས་མྱུར་དུ་དྲང་བར་བྱ། །དང་པོ་དྲང་བ་གཉིས་དྲངས་པས། །ཚེག་དྲག་དེས་ནི་ལྕགས་ཀྱུ་བྱས། །ལྷ་དང་ལྷ་མིན་མཆོག་གི་བདག །ཁམས་གསུམ་ཐམས་ཅད་དྲང་བར་བྱེད། །འདི་ཡི་ཚུལ་གྱིས་སྦྱོར་བ་ཡིས། །ཕན་ཚུན་དུ་ནི་བསྒྲུབས་བྱས་ནས། །རྨད་
བྱུང་རྣམ་པ་སྣ་ཚོགས་ཀྱི། །དངོས་གྲུབ་བྱེད་པ་སྦྱིན་པར་བྱེད། །བདག་ཉིད་རང་བཞིན་མཐོང་བར་བྱ། །སྦྱོར་ལྡན་ཟླ་བའི་གཟུགས་ཉིད་དུ། །དེ་སྟེ་ས་བོན་གཞག་པར་བྱ། །དེ་ཉིད་དེ་ཉིད་ཐབས་ཀྱིས་གནས། །སྔགས་ཀྱི་སྦྱོར་བ་རབ་སྦྱོར་བས། །དེ་ནས་སྔགས་མཁན་དེར་འགྲུབ་
བོ། །དེ་ཉིད་སྔགས་དང་སྙིང་པོ་དང་། །ཕྱག་རྒྱ་རིག་དང་མི་ལྡན་པས། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཡང་། །འགྲུབ་པ་ཉིད་དུ་ཡོང་མི་འགྱུར། །དེ་ཉིད་ནང་དུ་སྦྱར་བྱས་ན། །སྙིང་པོ་སྙིང་གར་སྦྱོར་བ་ཡིས། །ཕྱག་རྒྱ་ཕྱག་རྒྱས་སྦྱར་བར་བྱ། །སྔགས་དང་སྔགས་ཀྱི་འབྲུ་
བསྒོམས་ཏེ། །རིག་མ་རིག་མ་ཉིད་དུ་སྦྱར། །འདི་ཡིས་མྱུར་དུ་དངོས་གྲུབ་སྟེ། །མགྱོགས་པར་འགྲོ་བ་རབ་ཏུ་འགྲུབ། །སངས་རྒྱས་ཀུན་གྱི་ས་ཆེན་པོར། །འབྱུང་དང་འབྱུང་ལས་འགྱུར་བ་ཉེ། །རྣལ་འབྱོར་འབྱོར་དོན་སྒྲུབ་པ་པོ། །དཔའ་བོ་ཆེན་པོ་འགྲོ་འོང་བྱེད། །དེ་ནས་

དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་མགུ་རངས་པར་གྱུར་ཏེ། རྡོ་རྗེའི་དབྱངས་འདི་བསྒྲགས་སོ། །ཀྱེ་མའོ་ཀུན་ཏུ་བཟང་པོ་ཡི། །རྡོ་རྗེའི་ཐེག་པ་བླ་ན་མེད། །བཤད་པ་གསང་བ་ཞེས་བགྱི་བ། །དེ་ཉིད་དོན་དུ་བསྒྲུབ་པ་སྟེ། །སྙིང་པོ་ཕྱག་རྒྱ་དམ་ཚིག་ནི། །སྔགས་རིག་རང་
གི་ལྷ་ཉིད་དེ། །བདག་གི་དེ་ཉིད་ཇི་བཞིན་པ། །གསང་བ་རྒྱལ་བ་མཆོག་གིས་གསུངས། །དཀྱིལ་འཁོར་དང་ནི་དམ་ཚིག་དང་། །གསང་བ་སྦས་པ་དེ་ཉིད་དེ། །འཇིག་རྟེན་གསུམ་གྱིས་འདུད་པའི་རིམ། །དཔའ་བོ་ཆེན་པོས་རབ་ཏུ་བསྒྲགས། །རྡོ་རྗེ་པདྨོ་རྣམ་མཛད་
པས། །རིག་མ་དང་ནི་ལྷན་ཅིག་རྩེན། །གདུག་པ་ཐམས་ཅད་མཉེ་བྱ་དང་། །དམ་ལ་ཞེ་སྡང་བཟའ་བ་དང་། །སློབ་དཔོན་སྨོད་ལ་བསྒྲལ་བ་དང་། །གཟུངས་མའི་བདག་པོར་བསྒྲུབ་པ་དང་། །སངས་རྒྱས་ཐམས་ཅད་བསྐྱེད་བྱ་དང་། །རབ་དགྱེས་བདག་ཉིད་བསྐུལ་བ་
དང་། །སྡིག་པ་ཐམས་ཅད་སྦྱང་བ་དང་། །བུད་མེད་ཐམས་ཅད་འདོད་བྱ་དང་། །བདུད་རྣམས་ཐམས་ཅད་དྲང་བྱ་དང་། །རྡོ་རྗེ་ཀུན་ཏུ་གཞུག་བྱ་དང་། །པདྨོའི་གནས་ནི་དགང་བྱ་དང་། །བསྒྲུབ་དང་ཉེ་བར་བསྒྲུབ་པ་དང་། །ཤིན་ཏུ་སྦྱོར་དང་སྦྱོར་ཆེ་བ། །སྦྱོར་བ་རབ་སྦྱོར་སྦྱོར་
སྐྱེ་བ། །དེ་རྣམས་དེ་ཉིད་མཁྱེན་པ་པོ། །བདེ་བ་ཆེན་པོ་ཉིད་ཀྱིས་གསུངས། །བསྒྲུབ་པ་ཡི་ནི་སྦྱོར་ཆེ་བ། །སྦྱོར་དང་སྦྱོར་མར་ཡང་དག་སྦྱོར། །དེ་ཉིད་གསལ་བར་སེམས་དཔའ་ཆེ། །ཕན་པར་དགོངས་པ་ཉིད་ཀྱིས་གསུངས། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱིས་གསོལ་བའི་མདོ་རྗེས་སུ་དྲིས་པ། རང་གི་ཐུགས་ལ་བཞག་སྟེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་བ། སངས་རྒྱས་ཀུན་གྱི་དམ་ཚིག་ནི། །ཀུན་དུ་སྦྱོར་བ་མཉམ་པར་ལྡན། །དེ་ཉིད་ཕྱག་རྒྱ་ཆེན་པོ་སྟེ། །ཡེ་ཤེས་ལྔ་ཡིས་རྗེས་སུ་བསྐྱེད། །
དཀྱིལ་འཁོར་ཕྱག་རྒྱ་བཞི་པ་སྟེ། །ཕྱག་རྒྱ་ཆེན་པོས་རྗེས་སུ་བསྒྲུབས། །རྡོ་རྗེ་སེམས་དཔའ་བསྐྱེད་མཛད་དེ། །ཀྱེ་མའོ་བདེ་བ་རྣམ་པར་འབྱུང་། །སྙིང་པོ་ཡེ་ཤེས་ཞེས་བྱ་སྟེ། །ཡེ་ཤེས་བཞི་དང་ཡང་དག་ལྡན། །ཕྱག་རྒྱ་ཡེ་ཤེས་ཕྱག་རྒྱ་ཆེ། །དམ་ཚིག་མཆོག་ནི་རིག་

མའོ། །སྔགས་ཀྱི་ཡི་གེ་ཚུལ་འདྲ་བ། །ཡི་གེའི་ཕྱག་རྒྱ་དོན་ཆེན་སྦྱིན། །འདི་ཡིས་བསྒྲུབ་པ་བྱས་པའི་གཟུངས། །བདག་གི་དེ་ཉིད་ལྷ་དེ་ཉིད། །དེ་དག་དེ་ཉིད་ཅི་བཞིན་པར། །ང་ཡིས་གསང་བ་རབ་ཏུ་བསྒྲགས། །དམ་ཚིག་མ་ཡིན་མི་ཤེས་ལ། །སྔགས་
རིག་པས་ནི་བསྟན་མི་བྱ། །ཕྱག་རྒྱ་ཐམས་ཅད་གསང་བྱ་སྟེ། །དམ་ཚིག་རྒྱས་འདེབས་གསང་བ་ཡིན། །དེ་ཉིད་ལྷ་ཡི་སྦྱོར་བ་ནི། །གསང་བ་གསང་བ་རབ་ཏུ་བསྒྲུབ། །རྡོ་རྗེ་པདྨོ་རྣམ་མཛད་པས། །རོལ་པ་ཕྱི་ནང་སྦྱོར་བ་ཡིས། །རིག་དང་ལྷན་ཅིག་རྩེན་བྱ་བ། །སྤྲོད་པ་དང་ནི་འཁྱུད་
པ་དང་། །དེ་བཞིན་མཆུ་ནི་སོ་ཡིས་གཟུང་། །རྡོ་རྗེ་བརྟན་པ་གཞུག་པར་བྱ། །གཡས་དང་གཡོན་གྱི་ཚུལ་གྱིས་ནི། །བསྐྱོད་ཅིང་རྣམ་པར་གར་བྱའོ། །གདུག་པ་ཐམས་ཅད་མཉེ་བྱ་སྟེ། །ནུ་མ་མཆན་ཁུང་མཁུར་ཚོས་གཉིས། །འགྲམ་པ་དང་ནི་བརླ་གཉིས་རྒྱབ། །རྐང་པ་ལག་
པ་འཇམ་པོ་གཉིས། །མཉེ་བའི་སྦྱོར་བ་འདི་ཡིས་ནི། །མཛའ་བ་ཆེན་པོ་དེ་འགྲུབ་བོ། །འདོད་པའི་དོན་གྱི་བར་གཅོད་དང་། །དམ་ལ་ཞེ་སྡང་བཟའ་བ་དང་། །ཞེ་སྡང་ཅན་གྱིས་ཟོས་འགྱུར་བ། །ཁྱད་པར་གཞན་དང་གཞན་ཡང་བཟའ། །རྟག་པར་མི་ཕྱོགས་སྨྲ་བ་དང་། །
བླ་མ་སྨོད་རྣམས་བསྒྲལ་བར་བྱ། །ཤ་དང་ཁྲག་དང་ཀླད་པ་རྣམས། །དྲངས་ཏེ་ཚོགས་ཀྱི་མཆོད་པར་བྱ། །འདི་ནི་གསང་བ་དྲག་པོ་སྟེ། །རྡོ་རྗེ་སློབ་དཔོན་སྨོད་པ་དང་། །བླ་མ་སྨོད་བྱེད་བརྩོན་པ་ལ། །དམ་ཚིག་ཕྱིར་ནི་བསྒྲུབ་པར་བྱ། །གཏི་མུག་དེ་ནི་འགྲུབ་མི་འགྱུར། །སྡུག་
བསྔལ་བ་ཡང་འཐོབ་འགྱུར་ཏེ། །ཐམས་ཅད་ནད་དང་ཁྲོས་ཆེན་དང་། །འཇིགས་བྱེད་ཉེ་བར་འཚེ་བ་ཡིས། །བསྐལ་པ་གྲངས་མེད་བྱེ་བ་རུ། །སྡུག་བསྔལ་ཆེན་པོ་སྟེན་བྱེད་ཅིང་། །འོ་དོད་འབོད་པར་སྦྲུལ་གྱི་བདག །བསྟིར་མེད་ཆེན་པོ་བརླག་པར་འགྲོ། །ལུས་ངག་སེམས་ནི་
བདེ་དམ་པ། །རིག་མ་ཀུན་ལ་བསྐྱོད་བྱས་ཏེ། །བྱང་ཆུབ་ཆེན་པོ་བདེ་བ་ཡིས། །ཚུལ་བཞིན་དུ་ནི་བསྔགས་པར་བྱ། །བསྐུལ་བའི་སྙིང་པོ་འདི་སྨྲས་ཏེ། །ཛཿཞེས་སྐད་ཅིག་སྐད་ཅིག་ཏུ། །རང་གི་གནས་ནས་གནས་པ་ཡིས། །དེ་ཉིད་ལས་ནི་བསྐྱོད་པར་བྱ། །བཅུ་དྲུག་ཆ་དང་

ཡང་དག་ལྡན། །ཟླ་བ་གསང་བའི་ཐིག་ལེ་ལ། །མེ་ཏོག་དང་ནི་འདྲ་བ་ཉིད། །རླུང་གིས་ཕུལ་བ་བསྐྱོད་པར་བྱ། །དེ་ནི་བསྐྱོད་པས་འགྲུབ་པ་སྟེ། །དེ་བཞིན་དུ་ཡང་བསྐུལ་བར་བྱ། །རྒྱུན་གྱི་ཕྲེང་ནི་འོད་གསལ་བཞིན། །བློ་ལྡན་རྟག་ཏུ་བསྒྲུབ་པར་བྱ། །བདུད་རྣམས་ཐམས་
ཅད་འདྲེན་པ་ནི། །ལྷ་མོ་རྣམས་ནི་སྙིང་པོར་བཤད། །ཞགས་པའི་ཚུལ་གྱིས་གཞུག་པ་དང་། །དེ་བཞིན་དགང་བ་བཅིང་བའོ། །བསྒྲུབ་པ་ལྷ་ཡི་སྦྱོར་བ་སྟེ། །རྗེས་སུ་སྒྲུབ་པ་ལྷ་མོའི་དོན། །སྒྲུབ་པ་ཆེན་པོ་གཉི་གའི་རྒྱ། །མཉམ་པར་སྦྱོར་བ་རྡོ་རྗེའི་མཆོག །ཉེ་བར་སྒྲུབ་
པ་གཉི་ག་གནས། །ཤིན་ཏུ་སྒྲུབ་པ་བདེ་དམ་པ། །སོ་ཡི་རྩེ་མོས་མཆུ་བཟུང་སྟེ། །མ་མཆུ་མཆོག་ནི་བསྡམ་པར་བྱ། །སྦྱོར་བ་རབ་སྦྱོར་སྐལ་ལྡན་པའི། །རབ་དགྱེས་རོ་མྱང་བདེ་དམ་པ། །ལྷ་དང་ལྷ་ཉིད་ཡང་དག་སྦྱོར། །འདི་ནི་གཉིས་སུ་མེད་ཅེས་བྱ། །སྙིང་པོ་
ཕྱག་རྒྱ་སྔགས་རིག་གིས། །ཉིད་ཀྱི་གཟུགས་ནི་བསྒྲུབ་བྱ་སྟེ། །བདག་ནི་སེམས་དཔའོ་ཞེས་བསམས་ན། །འདི་ནི་གཉིས་མེད་མྱུར་དུ་འགྱུར། །གཟུགས་དང་སྒྲ་ལ་སོགས་པའི་ལྷའི། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །སྦྱོར་དང་རབ་སྦྱོར་སྦྱོར་ཆེ་བ། །རྒྱལ་བ་ཀུན་
གྱི་མཆོག་གིས་གསུངས། །བཅོམ་ལྡན་རྡོ་རྗེ་སྦྱོར་བ་སྟེ། །རབ་ཏུ་སྦྱོར་བ་མཁའ་ལ་འགྲོ། །ཕྱག་རྒྱ་དེ་དག་རབ་སྦྱོར་བ། །སྦྱོར་བ་ཆེན་པོ་བསྒྲགས་པ་ཡིན། །འདི་ཡིས་དཔའ་བོ་ཐམས་ཅད་དང་། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །སྦྱོར་བའི་དབང་པོ་བདེ་བ་ཆེ། །ཚེ་
འདི་ཉིད་ལ་འཐོབ་པར་འགྱུར། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་ན། །རྡོ་རྗེའི་བདག་པོ་ཆེན་པོར་འགྱུར། །མཉམ་པར་སྦྱོར་བ་སྦྱར་བ་ཡིས། །འཇིག་རྟེན་གསུམ་པོ་མྱུར་དུ་རྒྱལ། །ཡང་དག་སྦྱོར་བ་སྦྱར་ཚུལ་གྱིས། །དྲངས་ཏེ་རབ་ཏུ་བཅུག་ནས་ཀྱང་། །རྡོ་རྗེ་བརྟན་པོས་བསྐུལ་
བྱས་ཏེ། །ཤིན་ཏུ་འདོད་པས་འདོད་པ་བསྐྱེད། །མཁའ་འགྲོ་ཐམས་ཅད་ཐབས་མཁས་ལྡན། །རྒྱས་དང་དེ་བཞིན་ཟག་པར་བྱ། །འདི་ནི་ཡང་དག་སྦྱོར་བ་སྦས། །སྦས་པ་རྣལ་བྱོར་མ་དཀྱིལ་ལོ། །འདི་ཡིས་ཡང་དག་དངོས་གྲུབ་བླང་། །རྫུ་འཕྲུལ་ཆེན་པོ་འབྲས་

བུ་འཐོབ། །སངས་རྒྱས་བྱང་ཆུབ་བདེ་ཆེ་དང་། །བྱང་ཆུབ་མཆོག་རབ་ཡང་དག་འཐོབ། །གསང་བ་ཆེན་པོ་རྨད་འབྱུང་བ། །དེ་དག་དེ་ཉིད་སྦས་པ་ཆེ། །སངས་རྒྱས་རྣམས་ཀྱིས་དྲིས་པའི་རྒྱ། །ང་ཡིས་ཡང་དག་རབ་ཏུ་བསྟན། །གང་གིས་ཡང་དག་
ལྡན་མཐོང་དང་། །བདག་པོ་ཆེན་པོ་མཆོད་བྱེད་ན། །དེ་ཡིས་སྟོན་པ་ཀུན་མཐོང་སྟེ། །རྒྱལ་བ་མཆོག་ལ་མཆོད་པར་འགྱུར། །སྲིད་པ་གཅོད་པ་པོར་འགྱུར་ཏེ། །འགྲོ་བའི་སྟོན་པ་མཆོག་ཏུ་འགྱུར། །དེ་ལ་ལྷ་ཀུན་མཆོད་བྱེད་ཅིང་། །སྐད་ཅིག་སྐད་ཅིག་ཕྱག་ཀྱང་བྱེད། །ཇི་
ལྟར་སྟོན་པ་རྫོགས་སངས་རྒྱས། །ཕན་བྱེད་འཇིག་རྟེན་སྐྱེས་གྱུར་པ། །སྣ་ཚོགས་ཡེ་ཤེས་རྗེས་བསྡུས་པས། །རྣལ་འབྱོར་ཆེན་པོར་དེ་བཞིན་འགྱུར། །རང་གིས་དམ་ཚིག་བསྲུངས་པ་ཡིས། །རྡོ་རྗེ་སེམས་དཔའ་བདེ་སྐྱེ་བ། །རྡོ་རྗེ་སེམས་དཔའི་སྦྱོར་ལྡན་པས། །དངོས་
གྲུབ་ཆེན་པོ་དེས་འཐོབ་བོ། །རྡོ་རྗེ་སེམས་དཔའི་མཚན་བཏབ་ལ། །ཅུང་ཟད་མི་འགྲུབ་ཡོད་མེད་དེ། །ཕྱག་རྒྱ་ཀུན་གྱི་བདེ་བ་ཆེ། །བདག་ཉིད་སོ་སོར་རྗེས་སུ་འགྲུབ། །རབ་དགྱེས་མཚན་དང་མཛའ་ཆེན་མོ། །རོ་དང་རེག་པའི་ཆེ་བའི་ཆེ། །རྡོ་རྗེ་སེམས་དཔའ་སྦྱོར་བ་
ཡིས། །དཔྱད་མི་དགོས་པར་འགྲུབ་པར་འགྱུར། །དེ་ནས་དེ་དག་མགུ་འགྱུར་ཏེ། །རྡོ་རྗེ་སེམས་དཔའ་བདེ་ཆེ་བ། །སྦྱོར་བ་འདོད་པའི་གཟིར་བ་ཡིས། །སྦྱོར་བ་ཆེན་པོས་མཉེས་པར་མཛད། །ར་མ་ར་མ་སམ་ཧོ་མ་ཧཱ་ས་ཏྭ། །རབ་དགྱེས་གདོན་མི་ཟ་ལ་བཞུགས། །
སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །ཟླ་གསང་ཐིག་ལེར་ཡང་དག་ལྡན། །བདག་ཅག་ཀུན་ཀྱང་དམ་ཚིག་སྟེ། །སྐལ་ལྡན་དྲི་མེད་རབ་དགྱེས་ཀྱི། །རྣལ་འབྱོར་མ་སྙིང་མཆོག་ཉིད་དུ། །སྦྱོར་ཆེན་ཉིད་ཀྱིས་རོལ་པ་མཛོད། །ཐེག་པ་ཆེན་པོ་བདེ་ཆེ་ཡི། །
པདྨོ་རྡོ་རྗེ་རིན་ཆེན་གྱིས། །རྣལ་འབྱོར་མ་ཀུན་དཀྱིལ་འཁོར་དུ། །རབ་དགྱེས་ལོངས་སྤྱོད་ཉིད་བསྟེན་མཛོད། །བདག་ཅག་ཐམས་ཅད་ཉེས་བྲལ་ཏེ། །གནོད་མེད་དེ་ནི་གསེར་དང་འདྲ། །དེ་ཉིད་ཐམས་ཅད་གྲུབ་ཆེན་པོ། །རབ་དགྱེས་བདག་ཉིད་ཉིད་བསྟེན་མཛོད། །སྤྲོད་

པ་འཁྱུད་པ་སྦས་པ་དང་། །གཞུག་པ་དང་ནི་གཏོང་བའི་མཆོག །འདི་ནི་སྒྱུ་མའི་བརྟན་པ་ཡིས། །དེད་དཔོན་རབ་ཏུ་བརྟག་པ་མཛོད། །དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་ཀུན་དུ་བཟང་པོས་འདོད་པ་ཐམས་ཅད་ཉེ་བར་ལོངས་སྤྱོད་པའི་རྣམ་པར་རྒྱལ་བའི་དཔལ་ཞེས་བྱ་བའི་ཆོས་
ཐམས་ཅད་མཉམ་པ་ཉིད་ཀྱི་སྦས་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྣལ་འབྱོར་མ་ཐམས་ཅད་ཀྱི་ཤིན་ཏུ་དགྱེས་པ་ཆེན་པོའི་ཀུན་དུ་འཁྱུད་པ་དང་། སྤྲོད་པ་དང་། གཞུག་པ་དང་། འདྲེན་པ་དང་། རབ་ཏུ་བསྐུལ་བ་དང་། མཉེ་བ་དང་། ཐིགས་པ་དང་། ཚོར་བར་
བྱ་བ་དང་། བསྐྱོད་པ་དང་། ཀུན་དུ་བསྐྱོད་པ་དང་། བཅིང་བའི་རྡོ་རྗེ་དང་། པདྨ་ཆེན་མོ་མཉམ་དུ་སྦྱོར་བ་ལ་ཡང་དག་པར་ཞུགས་ཏེ། ཤིན་ཏུ་དགྱེས་པའི་བདེ་བ་ཆེན་པོས། བདེ་བས་ཀུན་དུ་རྒྱས་པར་མཛད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། གཟུངས་
མའི་ཚོགས་ཐམས་ཅད་ལ་བསྐྱོད་པ་དང་། རབ་ཏུ་དགྱེས་པ་དང་། རབ་ཏུ་རྣམ་པར་འབྱིན་ཅིང་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བའི་མཉམ་པ་ཉིད་ཀྱི་ཚོགས་ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་ཀུན་དུ་རྒྱས་པར་བྱས་ཏེ་གནས་སོ། །དེ་ནས་རྣལ་འབྱོར་མ་ཆེན་མོ་ཤིན་ཏུ་དགྱེས་པའི་
བདག་ཉིད་ཆེན་པོ་དེ་དག་ཉིད་མགུ་ཞིང་བདེ་བར་གྱུར་ཏེ། ཀྱེ་མའོ་བདེ་བ་བདེ་བ་ཆེ། །རྫོགས་སངས་རྒྱས་ནི་མགུ་བ་ཆེ། །བདེ་བ་ཆེན་པོ་རངས་པར་འགྱུར། །ཀྱེ་མའོ་བདེ་བ་བདེ་བ་ཆེ། །བདེ་བ་ཉིད་ཀྱིས་ཕྱག་བྱེད་དེ། བྱང་ཆུབ་སེམས་དཔའ་སེམས་ཆེན་པོ། །མགུ་བ་ཆེན་
པོའི་བདེ་དང་ལྡན། །ཀྱེ་མའོ་བདེ་བ་བདེ་བ་ཆེ། །འཇིགས་ཤིང་སྐྲག་པས་སྡུག་པར་བྱེད། །ཁྲོས་པ་ཆེན་པོ་མཁའ་འགྲོ་མ། །རབ་ཏུ་མི་བཟད་དུག་དང་འདྲ། །བདེ་བྱེད་ཆེན་པོའི་རོལ་པ་ཡིས། །བདེ་བྱེད་ཆེ་ལ་མཆོད་པར་བྱེད། །སྐལ་བ་ཆེན་པོ་སྲིན་མོ་དང་། །བདེ་
བྱེད་བདེ་བས་རབ་རྨོངས་པ། །མཆོད་པའི་སྤྲིན་ཕུང་བདེ་ལྡན་པའི། །རྒྱ་ཆེན་མཆོག་གིས་མཆོད་པར་བྱེད། །དྲག་མོ་ཆེན་མོ་མ་ལྟ་བུ། །རབ་ཏུ་གཏུམ་པ་མེ་འདྲ་བ། །འོངས་ནས་བདེ་བྱེད་ཆེན་མོ་ཡིས། །གཙོ་བོ་མཆོག་ལ་མཆོད་པར་བྱེད། །ལྷ་དང་ལྷ་མོ་ཐམས་

ཅད་ཀྱང་། །ཀླུ་མོ་དང་ནི་རྟ་གདོང་ཡང་། །འོངས་ནས་བདེ་བ་སྦྱོར་བ་ཡིས། །ཡིད་དུ་འོང་བས་མཆོད་པར་བྱེད། །དེ་ནས་དབང་པོ་ལྷ་ཆེན་པོ། །བདག་ཉིད་ཆེན་པོ་ལྷ་ཡི་ལྷ། །ཀྱེ་མའོ་བདེ་བ་སྣ་ཚོགས་ཉིད། །སྣ་ཚོགས་སྦྱོར་བ་བདེ་བ་ཆེ། །མགུ་ཞིང་རབ་
ཏུ་རངས་པ་ཡིས། །ལྷ་ཡི་ལྷ་ནི་སྔོན་དུ་འགྲོ། །དཔའ་བོ་བདེ་ལ་ཕྱག་བྱས་ཏེ། །ཀྱེ་མའོ་བདེ་བ་བདེ་བ་ཆེ། །རང་གི་བདེ་བས་མངོན་མཆོད་ཅིང་། །འཇིགས་ཤིང་སྐྲག་པས་མཉེས་པར་བྱེད། །ཚད་མེད་རངས་པ་བཞད་པ་ཆེ། །གླུ་གར་མཆོག་ཏུ་ལྡན་པ་དང་། །བཟའ་དང་
བཅའ་བ་ཤ་ཆེན་དང་། །སིལ་སྙན་ཕྲེང་བ་རོ་ཆེན་དང་། །གླིང་བུ་རྒྱུད་མངས་རྫ་རྔ་དང་། །པི་ཝང་པ་ལ་ཀི་ག་ཧ་ལ་ལེ། །སྟག་དང་དཔའ་བོ་འཇིགས་པ་དང་། །ཞི་དང་རྨད་འབྱུང་འཇིགས་བྱེད་དང་། །བདག་དང་ཁྲོས་དང་སྤྱན་རྒྱས་པས། །སྐད་ཅིག་སྐད་ཅིག་མཆོད་བྱེད་
ཅིང་། །བྱེད་པ་དང་ནི་བཟློག་པ་དང་། །འཕྲོག་པ་དང་ནི་གཞུག་པ་དང་། །སིད་ཅེས་པ་དང་ཧཱུྃ་ཧཱུྃ་དང་། །ཧ་ཧ་ཞེས་པས་མཉེས་བྱེད་ཅིང་། །རབ་དགྱེས་བདག་ཉིད་བདེ་བ་ཡི། །རང་གི་ཆུང་མས་མཉེས་པར་བྱེད། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་རབ་
ཏུ་དགྱེས་པ་བདེ་བ་ཆེན་པོས། ནམ་མཁའ་དང་ནམ་མཁའི་སྐབས་ཐམས་ཅད་ལ་གནས་པའི་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་དང་ཉན་ཐོས་དང་། རང་བཞིན་གྱིས་འགག་པ་དང་། ངོ་བོ་ཉིད་མེད་པའི་ཆོས་ཉིད་ཀྱི་ཡེ་ཤེས་ལ་གནས་པ་
རྣམས་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བའི་ཐབས་དང་། ཤེས་རབ་ཀྱི་བདེ་བས་བཀུག་སྟེ་དབང་བསྐུར་ནས། ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བའི་ཏིང་ངེ་འཛིན་ལ་ཡང་དག་པར་འཇོག་པ་དང་། ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བའི་ཆོས་ཉིད་ཀྱི་རྒྱལ་པོ་རྗེས་སུ་སྐྱོང་ཞིང་མི་
མཉམ་པ་དང་མཉམ་པ། ནམ་མཁའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ཆེན་པོ་མ་ལུས་པའི་སེམས་ཅན་གྱི་ཁམས་རྣམས་སུ་རབ་ཏུ་གཟིགས་པས་གཟིགས་ནས། འཇིག་རྟེན་དང་། ལྷར་བཅས་པ་རྣམས་ལ་བདེ་བ་ཆེན་པོས་ཁྱབ་པར་མཛད་དོ། །སེམས་ཅན་དང་རིགས་

ཐམས་ཅད་དང་། གནས་ཐམས་ཅད་དང་། སྤྱོད་པ་དང་མི་སྤྱོད་པར་བཅས་པ་དང་། འབྱུང་བ་དང་། འབྱུང་བ་ལས་གྱུར་པ་དང་། སའི་འོག་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། བསགས་པའི་དབང་པོ་ལྔ་དང་། རྣམ་པར་ཤེས་པ་དང་། ཤེས་བྱ་དང་། བདག་
དང་། བདག་གི་དང་། སྣ་ཚོགས་དང་། སྣ་ཚོགས་མ་ཡིན་པ་དང་། བུས་པ་དང་། རྒན་པོ་དང་། གཞོན་ནུ་དང་། བུད་མེད་དང་། སྐྱེས་པ་དང་། སྐྱེས་པ་མ་ཡིན་པ་དང་། སྲོག་དང་། རབ་ཏུ་ཟད་པ་དང་། འཇིགས་པ་དང་། མི་འཇིགས་པ་དང་། མིག་དང་། རྣ་བ་དང་།
སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཤེས་པ་དང་། མི་ཤེས་པ་དང་། ཤེས་རབ་དང་། ཐབས་དང་། ཁྱབ་པ་དང་། ཁྱབ་བྱེད་དང་། ཟླ་བ་དང་། དབང་ཆེན་དང་། ཉི་མ་དང་། མེ་དང་། གཤིན་རྗེ་དང་། ཆུ་བདག་དང་། ལུས་སྲུལ་པོ་དང་། ཚངས་པ་དང་། གཏོགས་
འདོད་དང་། དབང་ཕྱུག་ཆེན་པོ་དང་། ལྷ་མོ་དང་། སྐལ་བ་དང་ལྡན་པ་དང་། སྐལ་བ་དང་མི་ལྡན་པ་དང་། དངོས་པོ་དང་། དངོས་པོ་མེད་པ་དང་། མཚན་དང་། རྡོ་རྗེ་དང་། པདྨོ་དང་། རིན་པོ་ཆེ་དང་། རལ་གྲི་དང་། ཐོ་བ་དང་། དབྱིག་པ་དང་། རྩེ་གསུམ་པ་དང་། འཁོར་ལོ་དང་།
སྦྱོར་བ་དང་། རབ་ཏུ་སྦྱོར་བ་དང་། སྟོང་པ་དང་། སྟོང་པ་ཆེན་པོ་དང་། མཆོག་ཏུ་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་རབ་ཏུ་སྟོང་པ་དང་། བྱང་ཆུབ་དང་། བྱང་ཆུབ་ཀྱི་སེམས་དང་། ཡི་གེ་དང་། ཡི་གེ་མེད་པ་དང་། དྲ་བ་དང་། ལྕུག་མ་དང་། ཆ་དང་། ཆ་མེད་པ་དང་། ཐིག་ལེ་
དང་། རོ་དང་། རོ་ཆེན་པོ་དང་། ཡིད་ལ་བྱེད་པ་མེད་པ་དང་། རྟག་པ་དང་། ཞི་བ་དང་། མི་ཟད་པ་དང་། ཐར་པ་དང་། ཐར་བྱེད་དང་། གྲོལ་བ་དང་། རིགས་པ་དང་། ཉོན་མོངས་པ་མེད་པ་དང་། ནམ་མཁའ་དང་། སྐབས་དང་། སྐབས་མེད་པ་རྣམས་ལ་གཅིག་ཏུ་སྟུག་པོར་གྱུར་ཏེ།
རྣམ་པར་ཕྱེ་ནས་མི་སྣང་བའི་ཚུལ་དུ་གནས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་མ་དང་། རྡོ་རྗེའི་ཕ་རོལ་ཏུ་ཕྱིན་མ་རྣམས་ཀྱིས། བཅོམ་ལྡན་འདས་དེ་

བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཤིན་ཏུ་དགྱེས་པ་རྡོ་རྗེ་གདོན་མི་ཟ་བ་ཆེན་པོ་གསང་བ་ཆེན་པོའི་དགོངས་པ་ངེས་པར་འགྲེལ་པ་ཆེན་པོ་ལ་ཕྱག་མཛད་དེ། མངོན་སུམ་དུ་ཡང་དག་པར་བསྐུལ་ནས་དྲིས་པ། སུ་ར་ཏ་སྟྭྃ་མ་སི་ཧོ། །གང་
ཕྱིར་འདོད་པ་བདེ་བ་ཆེ། །གང་གིས་འདོད་ལས་བྱང་ཆུབ་འགྱུར། །འདོད་ཆགས་བྲལ་བ་ཇི་ལྟར་བདེ། །གང་གིས་ཞེ་སྡང་རྡོ་རྗེ་ཆེ། །གང་གིས་གཏི་མུག་རྒྱལ་བ་ཆེ། །གང་གིས་འདོད་ཆགས་པདྨོར་འགྱུར། །གང་གིས་ང་རྒྱལ་ནམ་མཁའི་བདག །
གང་གིས་ཕྲག་དོག་གདོན་མི་ཟ། །བྱང་ཆུབ་སེམས་ནི་ཇི་ལྟར་བདེ། །གང་གིས་བདེ་བྱེད་མཆོད་པར་འགྱུར། །མཆོད་པ་ཡིས་ནི་ཇི་ལྟར་འགྲུབ། །ཇི་ལྟར་གཟུངས་དང་མཉམ་སྦྱོར་བས། །ཡི་གེ་མཆོག་ནི་འགྲུབ་པར་འགྱུར། །ཇི་ལྟར་འདོད་པའི་ཡོན་ཏན་ལྔ། །
བསྙེན་པ་ཡིས་ནི་མྱུར་དུ་འགྲུབ། །ཇི་ལྟར་གསང་བ་མཉམ་སྦྱོར་བས། །རྨད་དུ་བྱུང་བའི་དབང་བསྐུར་འགྱུར། །ཇི་ལྟར་པདྨོ་མཉམ་སྦྱོར་བས། །དཀྱིལ་འཁོར་རབ་ཏུ་ཞུགས་པར་འགྱུར། །ཇི་ལྟར་དྲི་ཆུ་བྱང་ཆུབ་དང་། །ཁྲག་དང་སྣང་མཛད་ཆེན་པོ་
ཡིས། །དམ་ཚིག་ཉིད་དུ་ཇི་ལྟར་འགྱུར། །ཇི་ལྟར་བཏུང་བ་རབ་ཏུ་བརྟག །དེ་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོའི་བདག་པོ་ཀུན་དུ་བཟང་པོ་ཆེན་པོས། རྡོ་རྗེ་ཕ་རོལ་ཏུ་ཕྱིན་མའི་གསང་བ་ཆེན་མོ་དེ་དག་ཐམས་ཅད་ལ་རང་གི་བདེ་བས་མཉེས་པར་བྱས་
ཏེ། མི་མཉམ་པ་དང་མཉམ་པའི་སྦས་པ་ཆེན་པོ་ཤིན་ཏུ་སྦས་པ། མཆོག་ཏུ་གསང་བའི་དྲིས་ལན་ཆེན་པོ་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ངན་སོང་གསུམ་གྱི་འཇིགས་བྱེད་དུ། །སེམས་ཅན་ཉོན་མོངས་སྡང་བྱས་པས། །དེ་
ཕྱིར་ང་ནི་རྡོ་རྗེ་ཆེ། །ཞེ་སྡང་ཞེས་ནི་བསྒྲགས་པ་ཡིན། །ངན་སོང་འཇིགས་པ་ཆེན་པོ་རུ། །སེམས་ཅན་ཐམས་ཅད་རྨོངས་བྱེད་པས། །དེ་ཕྱིར་འདི་ནི་གཏི་མུག་སྟེ། །རྟག་པ་ཐུབ་པ་མཆོག་ཡིན་ནོ། །ཐབས་དང་ཤེས་རབ་ཚུལ་ཉིད་ཀྱིས། །འགྲོ་བ་ཐམས་

ཅད་དགའ་བྱེད་ཅིང་། །པདྨོའི་ཚུལ་དུ་རབ་རྟོགས་ཕྱིར། །དེ་ཕྱིར་འདོད་ཆགས་ཞེས་བྱའོ། །བདེ་ཆེན་སྦྱིན་པའི་སྤྲིན་གྱིས་ནི། །སེམས་ཅན་ཐམས་ཅད་ང་རྒྱལ་བསྐྱེད། །ནམ་མཁའི་བདེ་བ་བསྡུས་པའི་ཕྱིར། །དེ་ཕྱིར་མཁའ་ཆེན་ང་རྒྱལ་ཡིན། །རོ་ལ་སོགས་པས་མཉམ་སྦྱོར་བས། །ཕྲག་དོག་རྡོ་རྗེ་གདོན་མི་ཟ། །
སྣ་ཚོགས་པདྨོ་རབ་འཇུག་ཕྱིར། །དེ་ཡི་ཕྱིར་ནི་སྣ་ཚོགས་ཆེ། །འདོད་ཆགས་བྲལ་བ་དགའ་མེད་ཕྱིར། །བདག་ནི་རབ་དགྱེས་སྦས་པ་ཆེ། །འདོད་པ་མ་གཏོགས་བདེ་བྱེད་མེད། །བདེ་ཆེ་འདོད་པ་ང་ཡིན་ནོ། །འདོད་ཆགས་མེད་པར་བྱང་ཆུབ་མེད། །བྱང་ཆུབ་མེད་ནའང་འདོད་ཆགས་མེད། །སྡིག་པའི་
ནང་ན་ཆགས་བྲལ་ཏེ། །སངས་རྒྱས་བདེ་མཆོག་མཉེས་བྱེད་པས། །འདོད་ཆགས་འདོད་ལས་བདེ་བྱེད་ཀྱི། །བདེ་བ་མཆོག་ཏུ་རྨད་འབྱུང་འགྱུར། །བྱང་ཆུབ་སེམས་མེད་བདེ་བྱེད་གཞན། །འཇིག་རྟེན་གསུམ་པོ་འདིར་མེད་དོ། །ཐམས་ཅད་བྱང་ཆུབ་སེམས་ངོ་བོ། །བདེ་བ་ཀུན་གྱིས་ཚིམ་པར་
འགྱུར། །བོ་ཞེས་པ་ནི་རྡོ་རྗེར་བཤད། །དྷི་ཞེས་པ་ནི་གཟུངས་མའི་མཆོག །ཅི་ཞེས་པ་ནི་ཟག་པར་བཤད། །ཏ་ཞེས་པ་ནི་བདེ་བ་ཆེ། །མཆོད་པ་མེད་པས་བདེ་བྱེད་མེད། །བདེ་བ་མེད་པས་མགུ་བ་མེད། །མགུ་བས་དངོས་གྲུབ་ཐོབ་པར་འགྱུར། །གྲུབ་ན་བདེ་བྱེད་རྟག་པ་ཡི། །ཕྱག་ན་རྡོ་
རྗེ་བདེ་བ་ཆེ། །འདོད་པའི་བདེ་བས་མཆོད་བྱེད་ཅིང་། །ཚེ་འདི་ཉིད་ལ་འཐོབ་པར་འགྱུར། །བདེ་བ་ཀུན་གྱི་གཞིར་གྱུར་པའི། །ཆོས་ཀྱི་དབྱིངས་ནི་རྣམ་པར་འཛིན། །རྡོ་རྗེ་འཛིན་ཕྱིར་གཟུངས་མ་སྟེ། །ཧྲཱི་ཞེས་པ་ནི་པདྨོ་འཛིན། །འདི་དང་མཉམ་པར་སྦྱོར་བ་ཡིན། །ཡི་གེ་མྱུར་དུ་འགྲུབ་
པར་འགྱུར། །འདོད་པ་ལྔ་ཡི་ཡོན་ཏན་ཀུན། །རྫོགས་སངས་རྒྱས་ཀྱི་སྤྲུལ་པ་སྟེ། །སངས་རྒྱས་རྣམས་དང་རྡོ་རྗེ་འཛིན། །མཁའ་འགྲོ་སྒྱུ་མའི་ལོངས་སྤྱོད་དེ། །དེ་ཕྱིར་འདོད་པའི་ཡོན་ཏན་ལྔ། །དེ་ཡིས་བསྙེནན་གྲུབ་པར་འགྱུར། །སྔགས་ཀྱི་སྐུ་འཛིན་དཔལ་དང་ལྡན། །དབང་ཕྱུག་
མཆོག་གིས་སྔགས་རྒྱལ་ལོ། །རྡོ་རྗེ་སེམས་ཀྱི་ཐུགས་ལས་སྐྱེས། །མཚན་ཅན་མཆོག་ཏུ་སྦས་པར་བཤད། །དེ་དང་མཉམ་དུ་སྤྱོད་པ་ཡིས། །མཆོག་གི་དབང་ནི་བསྐུར་བར་འགྱུར། །པདྨོའི་དཀྱིལ་འཁོར་ཞེས་བྱ་བས། །དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད། །བློ་ལྡན་དེ་རུ་

ཞུགས་གྱུར་ནའོ། །དམ་ཚིག་སྦས་པ་ཚོགས་ཀྱི་རྣམས། །དྲི་ཆུ་བྱང་ཆུབ་དམར་པོ་མཆོག །ཤ་ཆེན་སྦྲང་རྩི་མར་ཉིད་ཀྱིས། །ལུས་ལ་ཀུན་ཏུ་ཁྱབ་གནས་ཏེ། །དེ་ཡི་ཕྱིར་ནི་དམ་ཚིག་ཆེ། །དམ་ཚིག་འདི་ཡིས་དངོས་གྲུབ་སྟེ། །དམ་ཚིག་ཡི་གེར་ལྡན་པ་ཡིས། །སྦྱོར་ཅེས་སྦྱང་དང་བསྐྱེད་
བྱས་ན། །བཟའ་བ་དངོས་གྲུབ་ཐོབ་པར་འགྱུར། །དེ་ནས་ཕ་རོལ་ཕྱིན་མ་ཀུན། །པདྨོའི་གཟིགས་པ་རྒྱས་པ་ཡི། །འཛུམ་བཅས་གཡོན་ནས་གར་མཛད་ཅིང་། །རྟག་པ་ལ་ནི་ཡང་གསོལ་པ། །རིགས་དེ་རྣམ་པ་དུ་རུ་བསྟན། །ཇི་ལྟར་སྦས་པ་གསུམ་ཞེས་བགྱི། །སྣ་ཚོགས་ཆེན་པོ་དེ་དག་
ཀུན། །བདེ་ལ་གནས་པས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་མཉམ་པ་ཉིད་ཀྱི་བདེ་བ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
མཆོག་ཏུ་གསང་བ་ཕ་རོལ་ཏུ་ཕྱིན་མའི་དེ་ཁོ་ན་ཉིད་རབ་ཏུ་ཕྱུང་ངོ་། །ང་ཉིད་སྦྱོར་བ་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དོན་ཆེན་སྦྱིན། །རིགས་ཀྱི་ཁྱད་པར་ལྔ་རྣམས་ཀྱིས། །སྤྱོད་བཅས་མི་སྤྱོད་རྣམས་ལ་རོལ། །རྟག་པ་མི་བསྐྱོད་རིན་ཆེན་མཆོག །འཇིག་དབང་གདོན་མི་ཟ་གྲུབ་རྣམས། །
རིགས་ནི་རྣམ་པ་བརྒྱད་བསྟན་ཏེ། །མདོ་རུ་བསྡུས་ན་རྣམ་པ་ལྔ། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །ཁྱད་པར་ཐེག་པ་རྣམ་པ་གསུམ། །དེ་ཉིད་གསུམ་པོ་རྡོ་རྗེ་མངའ། །བདེ་བའི་གནས་ལ་རོལ་པ་མཛད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་མཆོག་ཏུ་ངོ་མཚར་དུ་
གྱུར་ཏེ། །རང་གི་སྡོམ་པ་གསོལ་བ་འདེབས་སོ། །སྡོམ་པ་དངོས་གྲུབ་ཀུན་སྦྱིན་པ། །བརྟུལ་ཞུགས་དཀའ་ཐུབ་སྔགས་མཁན་གྱི། །དམ་ཚིག་མཆོག་ཏུ་བསྲུང་བ་རྣམས། །བཅོམ་ལྡན་གསང་བ་ཉིད་ཀྱིས་གསུངས། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་མཆོག་ཏུ་ཤིན་ཏུ་དགྱེས་
པའི་བདེ་བ་ལ་མངོན་པར་ཆགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པས་མཁྱེན་ཏེ། ཞལ་རབ་ཏུ་བཞད་པས་རྒྱས་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །སྐུ་དང་གསུང་དང་ཐུགས་སྦས་པས། །ནན་ཏན་དུ་ནི་བསྲུང་བར་བྱ། །བསྲུངས་པ་ཡིས་

ནི་བསོད་ནམས་ཆེ། །དངོས་གྲུབ་ཤིན་ཏུ་སྐྱེ་བར་འགྱུར། །དེ་ནི་འདི་ཡིས་རྒྱ་ཆེ་བའི། །ཡིད་ཀྱིས་ཁ་དོག་དབྱིབས་ཆེན་གྱི། །ཕྱག་རྒྱ་བཅིངས་ལ་སོགས་པས་བཏབ། །སྦས་པའི་སྐུ་ནི་རབ་བསྒྲུབ་བྱ། །རྡོ་རྗེ་གསུང་དུ་རབ་སྦྱོར་བར། །ཆོས་ཀྱི་ངོ་བོ་ཕྱག་རྒྱས་བརྗོད། །ངག་སྦས་གསང་བར་བརྗོད་པ་ནི། །
ང་རོ་སྦས་པ་རྡོ་རྗེའི་གསུང་། །རང་སེམས་རབ་ཏུ་འབིགས་པ་ཡིས། །ཟླ་བ་རྡོ་རྗེ་རྣམ་པར་བསྒོམ། །རང་བཞིན་གསུམ་པོ་གཅིག་ཏུ་བསྒོམ། །འདི་ནི་ཡིད་སྦས་ཆེན་པོ་ཡིན། །འདི་ནི་དེ་ཉིད་རྒྱ་ཆེན་མཆོག །རྒྱུན་དུ་བསྒོམ་པ་རྣམས་བྱས་ཏེ། །གསུམ་བསྒོམས་པས་ནི་འགྲུབ་པར་འགྱུར། །
གཞན་མིན་རྡོ་རྗེ་འཛིན་གྱིས་གསུངས། །སྦས་གསུམ་ལ་སོགས་ཆོ་ག་ཡིས། །ཕྱག་རྒྱ་ཐམས་ཅད་རྒྱས་བཏབ་སྟེ། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །སྦས་གསུམ་རྣམ་པར་སྦ་བར་བྱ། །རྡོ་རྗེ་མཆོག་འཛིན་ཆེན་པོ་དང་། །གཙོ་བོ་ཆེན་པོས་བྱིན་གྱིས་རློབ། །བླུན་པོ་གང་གིས་འདས་བྱས་
ན། །རྡོ་རྗེ་འཛིན་པའང་སྐད་ཅིག་འཇིག །སེམས་དཔའ་ཆེ་དང་བྲལ་གྱུར་ན། །ངན་སོང་གསུམ་དུ་ཡང་དང་ཡང་། །ཇི་ཙམ་ནམ་མཁའི་དཀྱིལ་འཁོར་བ། །ཤིན་ཏུ་མི་བཟད་སྨིན་པར་འགྱུར། །དེ་ནས་དམ་ཚིག་དེ་དག་ཀུན། །རྡོ་རྗེ་འཛིན་ལ་མགུ་གྱུར་ཏེ། །འཇམ་པོའི་ཕྱག་གིས་གར་མཛད་ཅིང་། །
གཡོན་གྱིས་ཕྱག་བྱས་སླར་གསོལ་པ། །གར་དབང་རྣམ་གནོན་གནོན་པར་གར་མཛད་ཅིང་། །མཐའ་ཡས་ཕྱག་ནི་བཅུ་པའི་བསྒྱིངས་པ་ཡིས། །པདྨོའི་ལོ་མ་འཇམ་པོ་བརྒྱད་ཕྱེ་ནས། །གཉིས་མིན་བདེ་བར་རྡོ་རྗེ་འཇོག་མཛད་དེ། །སྦས་པ་དེ་ཉིད་མི་མཉམ་སད་པར་འགྱུར། །རྡོ་རྗེ་འདམ་
སྐྱེས་ཟླ་བ་ཡང་དག་འདུ། །ཐབས་དང་ཤེས་རབ་དགྱེས་པ་བདེ་བྱེད་སོགས། །བདེ་གཤེགས་རྣམས་ཀྱི་སྦས་པ་ཉིད་ཀྱིས་ཤོད། །སྦྱོར་དང་སྦྱོར་མིན་ཡང་དག་སྦྱོར། །ཞི་བའི་ཐལ་མོ་མཆོག་ཏུ་བདེ། །འདོད་པ་ལྔ་ཡི་ཡོན་ཏན་འགྲུབ། །སངས་རྒྱས་བྱང་ཆུབ་རབ་བསྒྲུབས་པའོ། །དེ་ནས་
བཅོམ་ལྡན་དམ་ཚིག་རྒྱལ། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །དེ་ཉིད་སྦས་པ་བསྐུལ་བ་ཡིས། །སྦས་པ་མ་ལུས་འཆད་པར་མཛོད། །རྡོ་རྗེ་པདྨོ་མཉམ་སྦྱོར་བས། །ཆོ་གར་ལྡན་པས་གང་དབང་བསྐུར། །བདེ་བར་འདོད་པའི་སློབ་དཔོན་གྱིས། །དེ་ཉིད་འདི་ནི་དེ་ལ་བསྟན། །འདི་ལ་ཁྲུས་

མེད་ཉེས་པ་མེད། །དཀའ་ཐུབ་མེད་དེ་དཀའ་བའང་མེད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ང་ཉིད་སྦྱོར་བས་འགྲུབ་པར་འགྱུར། །ལུས་དང་ངག་སེམས་རྡོ་རྗེ་ཡི། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །རྡོ་རྗེ་དབབ་པ་སྐྱེས་གྱུར་ན། །ཇི་ཙམ་འདོད་པ་ནམ་མཁར་འཕུར། །
སྙིང་གར་རྡོ་རྗེ་ཁུ་ཚུར་བཅིངས། །རྡོ་རྗེ་ལྟ་བས་རྣམ་བལྟས་ཏེ། །དགྱེས་པའི་ཚུལ་གྱིས་བསྙེན་བྱས་ན། །རྡོ་རྗེ་སེམས་དཔའ་སྐད་ཅིག་འགྱུར། །རྣམ་སྒེག་དགྱེས་པའི་རྣམ་གནོན་པས། །རབ་དགྱེས་སར་ནི་འགྲོ་བྱེད་དེ། །སངས་རྒྱས་བདེ་བ་ཆེན་པོ་དང་། །གྲུབ་པ་ཡིས་ཀྱང་མཆོད་
བྱེད་ཅིང་། །རྡོ་རྗེ་སེམས་དཔའི་རྒྱ་ཆེ་མཆོག །འགྱིང་བའི་ལངས་པས་གར་བྱེད་པས། །བདེ་བྱེད་ཟླ་བའི་འོད་འདྲ་ཞིང་། །ལས་ཀྱི་ཁྱད་པར་ལས་སོགས་གནོན། །སྦས་པའི་གར་གྱིས་གར་བྱས་པས། །སྦས་པ་སྦྱོར་བའི་བདག་ཉིད་འགྲུབ། །སྣ་ཚོགས་དཀྱིལ་འཁོར་གར་བྱེད་ཅིང་། །
ལག་པ་མང་པོ་རྣམ་བསྒྱུར་དང་། །ཕྱིར་བརྐྱང་དབྱིངས་སུ་ལྡན་པ་དང་། །ཁྲོ་བར་དྲི་མེད་ལྟ་བ་ཡིས། །གདུལ་དཀའ་གནོན་པ་འཇིགས་བྱེད་པའི། །འཇིག་རྟེན་གསུམ་པོ་རྣམ་རྒྱལ་འགྱུར། །མེ་འབར་ཉི་མའི་དབུས་ཉིད་དུ། །ཁྲོ་བོ་ཧཱུྃ་མཛད་བསྒོམ་བྱས་ན། །མྱུར་དུ་འཇིག་རྟེན་དོན་བསྒྲུབ་
ཕྱིར། །འཇིག་རྟེན་གསུམ་པོ་རྣམ་རྒྱལ་འགྱུར། །ལྷ་མོ་བཞི་དང་མཉམ་སྦྱོར་བས། །སུ་ར་ཏ་སྟྭྃ་ཞེས་སྨྲ་ཞིང་། །ཧ་ར་ཐིག་ལེ་ཚུལ་སྦྱར་ན། །རབ་དགྱེས་དེ་མ་ཐག་ཏུ་འགྱུར། །རབ་དགྱེས་མཆོག་ཏུ་བརྟག་པ་ཡིས། །ས་ཆེན་རྣལ་འབྱོར་འགྲོ་འགྱུར་ཏེ། །ལྷ་མོ་བཞི་དང་
འགྲོགས་པ་ཡིས། །སེམས་ཅན་རྣམས་ཀྱི་དོན་ཀུན་བྱེད། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་བདེ་བ་ཆེན་པོ་ལ་ཕྱག་བཞེས་ནས་གསོལ་པ། ཐལ་མོ་ཡང་དག་སྦྱར་བྱས་ཏེ། །ཕྱག་རྒྱ་དེ་ཉིད་ཉིད་ཀྱིས་ཤོད། །རྡོ་རྗེ་མཆོག་ལ་གསོལ་བ་འདེབས། །བདེ་བའི་བདག་ཉིད་མཆོད་པ་
ཤོད། །གཟུགས་དང་སྒྲ་དང་དྲི་ཆེ་དང་། །རོ་དང་རེག་པ་ཡིད་འོང་བ། །ཐུགས་རྗེ་ཆེན་པོས་བསྒྲུབས་པ་ཡིས། །དཔའ་བོ་ཆེན་པོ་ཉིད་ཀྱིས་ཤོད། །དེ་ནས་བཅོམ་ལྡན་བདེ་བྱེད་ཆེ། །རྡོ་རྗེ་སེམས་དཔའ་བདག་པོ་ཆེ། །ཕྱག་རྒྱ་བཅིངས་པ་བདེ་བ་ཆེ། །དེ་ཉིད་མཆོག་ནི་བཤད་

པར་མཛད། །དང་པོ་ཆོས་ཀྱི་ཕྱག་རྒྱ་སྟེ། །གཉིས་པ་དམ་ཚིག་ཕྱག་རྒྱ་ཡིན། །གསུམ་པ་ཕྱག་རྒྱ་ཆེན་པོ་སྟེ། །བཞི་པ་ལས་ཀྱི་ཕྱག་རྒྱར་བཤད། །དེ་ནས་སྐུ་གསུང་ཐུགས་རྡོ་རྗེ། །ཇི་ལྟར་འགྱིང་བཞིན་བསྒོམ་བྱ་བ། །སྣ་ཚོགས་ཡེ་ཤེས་རྗེས་སུ་དག །སྣ་ཚོགས་ཆེན་པོས་འཆད་
པར་མཛད། །རྟག་པའི་སྐུ་ནི་སེར་པོ་སྟེ། །མི་བསྐྱོད་རྡོ་རྗེ་དཀར་པོ་ཡིན། །ནམ་མཁའི་སྙིང་པོ་མཐིང་ག་ཆེ། །ཚེ་དཔག་མེད་པ་པདྨོ་དམར། །སྣ་ཚོགས་ཁ་དོག་རྒྱ་ཆེ་མཆོག །འོད་ཟེར་ཕྲེང་བ་རྨད་བྱུང་བའི། །གདོན་མི་ཟ་བ་རྡོ་རྗེ་ཆེ། །དོན་ཆེན་བྱེད་པ་བསམ་པར་བྱ། །རང་
རང་རིགས་ཀྱི་གནས་ཉིད་དུ། །མྱུར་དུ་ནམ་མཁའ་འགྲོ་བྱེད་ཅིང་། །རིགས་ཀྱི་ལྷ་མོ་བཞི་རྣམས་ཀྱིས། །རོལ་པ་དང་ནི་མཆོད་པར་བྱེད། །སྣ་ཚོགས་སྦྱོར་བ་བདེ་ཆེ་བའི། །ལྷ་མོ་བཞི་དང་མཉམ་སྦྱོར་བ། །རྡོ་རྗེ་སྦྱོར་བ་དག་བསྒོམ་བྱས་ན། །རྡོ་རྗེ་སེམས་དཔའ་བདག་ཉིད་འགྱུར། །རྡོ་རྗེ་
སེམས་སོགས་སེམས་དཔའ་མཆོག །རྡོ་རྗེ་ལ་སོགས་གདན་ཞུགས་པར། །རང་གི་འཁོར་ལོ་མཆོག་གིས་བརྒྱན། །རང་གི་ཕྱག་རྒྱར་གནས་པར་བསམ། །པདྨོའི་གདན་གྱི་ཚུལ་གྱིས་ནི། །བརྩེ་དང་ལྡན་པའི་བསྒོམ་བྱས་ཏེ། །སྙིང་པོ་སྦས་དོན་གར་བྱས་པས། །སྦས་པ་ཆེ་
ལ་བདེ་བྱེད་ན། །འགྱིང་བའི་བདེ་བར་ལྡན་པ་ཡི། །རྡོ་རྗེ་ཆེན་པོ་དེ་འགྲུབ་སྟེ། །སྣ་ཚོགས་དཀྱིལ་འཁོར་རབ་ཉེ་བར། །སྣ་ཚོགས་ཆེན་པོ་འགྲོ་བར་འགྱུར། །བདེ་བ་ཆེན་པོ་ཐམས་ཅད་འགྲུབ་པའི་སྦྱོར་བ་ཆེན་པོའི་བདེ་བ་ཞེས་བྱ་བའི་ཕྱག་རྒྱ་རབ་ཏུ་རྒྱས་པའོ།། །།དེ་ནས་ཕྱག་
རྒྱ་བཅིང་བཤད་དེ། །རྟག་ལ་སོགས་པའི་དེ་ཁོ་ན། །གང་གིས་མྱུར་དུ་བཅིངས་པ་ཡིས། །སངས་རྒྱས་དངོས་གྲུབ་བདེ་ཆེར་འགྲོ། །ཐབས་ནི་གཡས་ཀྱི་ལོགས་སུ་བྱ། །དེ་བཞིན་ཤེས་རབ་གཡོན་པར་ཏེ། །ཞི་བའི་ཐལ་མོ་གསུམ་ཉིད་ཀྱིས། །སྦྱོར་བའི་ཚུལ་གྱིས་བསྡུ་བར་བྱ། །
སོར་མོ་ཐམས་ཅད་བར་བར་དུ། །མཉམ་དུ་སྦྱོར་བས་ཁྱད་པར་སྦྱིན། །རྡོ་རྗེ་ཡི་ནི་ཐལ་མོ་འདིས། །སངས་རྒྱས་ཐམས་ཅད་ཉིད་དུ་བསྒྲུབ། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །ནམ་མཁའི་སྙིང་པོའི་གནས་སུ་འགྲོ། །འདི་ཉིད་ཤིན་ཏུ་བཅིངས་པ་ཡིས། །གསུམ་དུ་སྦྱོར་བས་མཆོད་

པར་བྱ། །དེ་ཉིད་ལས་ནི་སོར་མོ་ཀུན། །ཀུན་དུ་བསྐུམས་ཏེ་བཅིང་བར་བྱ། །རྡོ་རྗེའི་བཅིང་བ་བསྡུས་པས་ནི། །བཅིང་བར་ལྡན་པར་རྣམ་བསྒྱུར་ཏེ། །དེ་ཉིད་སྦོམ་པོ་རབ་བཅུག་ནས། །ཁྲོ་མོའི་རྩེ་མོ་རབ་ཏུ་དགུག །འདི་ནི་རྡོ་རྗེ་རིགས་ཀྱི་བཅིང་། །རྡོ་རྗེ་སེམས་དཔའ་ཉིད་འགྲུབ་
བྱེད། །དེ་བཞིན་བཅིངས་པ་རྣམ་བཞག་སྟེ། །སྦོམ་པོ་ཁྲོ་མོའི་རྩེ་མོ་སྦྱར། །འདི་ནི་བཅིང་བ་བཅིང་བ་ཆེ། །ནམ་མཁར་འགྲོ་བ་ཉེ་བར་སྒྲུབ། །དེ་ཉིད་བཅིང་བ་བཅིང་བྱས་ཏེ། །ཁྲོ་མོ་གཉིས་པོ་མཚན་བཞིན་དུ། །རྩེ་མོ་སྤྲད་དེ་དགུག་བྱ་བ། །བཅིང་བ་འདི་ཡིས་པདྨོ་སྒྲུབ། །བཅིང་བ་
དེ་ཉིད་རབ་ཏུ་སྦོམ། །བདེ་བར་བཅུག་ནས་བསྡམ་བྱས་ཏེ། །ལས་ཀྱི་བཅིང་བ་སྦྱོར་བ་ཡིས། །དོན་ཡོད་མཆོག་གི་རིགས་སུ་འགྲོ། །བཅིང་བ་དེ་ཉིད་བཅིང་བྱས་ཏེ། །སྦོམ་དང་ཁྲོ་མོའི་རྩེ་མོ་སྦྱར། །གཡས་པའི་སྦོམ་པོ་རྡོ་རྗེ་ཡིས། །དེ་ཡི་དབུས་སུ་བཅུག་བྱ་བ། །དེ་འདི་བཅིང་བ་ཆེན་
པོ་སྟེ། །རབ་དགྱེས་རོ་ནི་སྒྲུབ་བྱེད་པ། །གང་གིས་བཅིངས་པ་ཙམ་གྱིས་ནི། །རབ་ཏུ་དགྱེས་པ་ཉིད་ཐོབ་བོ། །དངོས་གྲུབ་ཐམས་ཅད་བདེ་བ་ཆེ། །དེ་ཡིས་འདི་ཚེ་འཐོབ་གྱུར་ཏེ། །ཕྱག་རྒྱ་བཅིང་བའི་ཆོ་ག་ཡིས། །སངས་རྒྱས་ཐམས་ཅད་རབ་ཏུ་གནས། །ཕྱག་རྒྱ་བཅིང་བའི་ཡེ་ཤེས་
རྣམ་པར་རྒྱས་པའོ།། །།བཅིང་བ་ལྔ་ཡི་ཆོ་ག་ཡིས། །གཅིག་གིས་རྣལ་འབྱོར་བསྒྲུབ་མི་བྱ། །དྲུག་ནི་སྦྱོར་བས་སྦྱོར་བྱས་ན། །དེ་མ་ཐག་ཏུ་རབ་དགྱེས་འགྱུར། །བཅིང་བ་ལྔ་ཡི་ཕྱག་རྒྱའོ། །དེ་བཞིན་བཅིང་བ་གཉིས་བྱས་ཏེ། །གཡོན་གྱི་སྙིང་གར་བཅིང་བར་བྱ། །གཡས་ཀྱི་རྩེ་མོ་
བསྒྲེང་བྱས་ཏེ། །རྡོ་རྗེའི་ཚུལ་གྱིས་གཟུང་བར་བྱ། །ཕྱག་རྒྱ་འདི་ནི་བྱང་ཆུབ་བདེ། །སངས་རྒྱས་ཐམས་ཅད་གཅིག་ཏུ་བསྒྲུབ། །གདོན་མི་ཟ་བར་ཚེ་འདི་ལ། །རྟག་པ་འདྲ་བ་ཐོབ་པར་བྱེད། །གཡོན་པ་དེ་ཉིད་སྙིང་གར་གཞག །གཡས་པ་ས་ལ་རེག་བྱས་པས། །ས་ལ་བདེ་བ་
རོལ་པ་ཡིས། །འདི་ཡིས་མི་ཟད་ཐོབ་པར་འགྱུར། །དེ་བཞིན་སྙིང་གར་གཡོན་པ་གཞག །ལག་པ་གཡས་པ་རབ་སྦྱིན་བྱ། །འདི་ཡིས་རིན་ཆེན་སྐལ་ལྡན་སོགས། །ནམ་མཁའ་ཉེ་བར་འགྲུབ་པར་འགྱུར། །དེ་བཞིན་གཡོན་པ་སྙིང་གར་གཞག །གཡས་ཀྱང་གཞག་སྟེ་ཏིང་

འཛིན་གནས། །འདི་ཡིས་ཚེ་དཔག་མེད་པ་ཉིད། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །དེ་བཞིན་གཡོན་པ་སྙིང་གར་སྦྱར། །ལག་པ་གཡས་པ་མི་འཇིགས་སྦྱིན། །འཇིགས་པ་མ་ལུས་རབ་སྒྲོལ་བ། །སྡིག་པ་གདུག་པ་འཇིགས་པ་ཆེ། །འདི་ཡིས་ཐམས་ཅད་འཕྲོག་པར་བྱེད། །གདོན་
མི་ཟ་བའི་ངེས་པ་ཡི། །དེ་ནི་ཆེན་པོའི་ཆེན་པོར་འགྱུར། །དེ་ཉིད་བཅིང་བ་གཉིས་བྱས་ཏེ། །གཡོན་པ་གཡོན་དུ་སྦྱར་བར་བྱ། །གཡས་ནི་སྙིང་གར་གཟུང་བྱས་ཏེ། །བརྗིད་པས་རབ་ཏུ་བཞད་ཅིང་གནས། །བདེ་བ་ཆེན་པོ་ཐབས་གནས་པས། །འདི་ཡིས་རབ་དགྱེས་ཉིད་འགྱུར་ཏེ། །བདེ་
མཆོག་ཉིད་དུ་སྒྲུབ་པ་པོ། །ཚེ་འདི་ཉིད་ལ་ཐེ་ཙོམ་མེད། །དེ་བཞིན་བཅིང་བ་བཅིང་བྱས་ཏེ། །སྦྱོར་དང་ལྡན་པས་བརྟན་པར་བྱ། །སྦོམ་པོའི་རྩེ་མོ་པདྨོའི་གནས། །གཡོན་གྱི་ཁྲོ་མོའི་རྩེ་མོར་སྦྱར། །གཡས་པ་ཡི་ནི་སྦོམ་པོ་ཡིས། །མངོན་སུམ་རྡོ་རྗེར་བྱས་པ་ཡིས། །བཅུག་ནས་བདེ་བ་སྤྱོད་
བྱ་ཞིང་། །སྐད་ཅིག་སྐད་ཅིག་བསྡམ་པར་བྱ། །དེ་འདི་སངས་རྒྱས་ཐམས་ཅད་ཀྱི། །དགྱེས་པ་དགྱེས་མཆོག་སྒྲུབ་པ་པོ། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །ཡང་དག་རྡོ་རྗེ་དགྱེས་པ་འཐོབ། །རབ་དགྱེས་བདེ་མཆོག་ལོངས་སྤྱོད་ཀྱི། །བཙུན་མོ་དངོས་གྲུབ་ཉིད་དུ་འགྱུར། །གཡས་ནི་མཚན་མས་
བགྲང་བྱས་ཏེ། །ལྕགས་ཀྱུའི་ཚུལ་དུ་གཞག་པར་བྱ། །རྡོ་རྗེ་འདོད་མ་ལྕགས་ཀྱུ་སྟེ། །རྡོ་རྗེ་འདོད་བྱེད་བཙུན་མོ་ཡི། །དང་པོར་འདྲེན་པ་དེ་ཉིད་བཞག །ཐ་མར་ཧ་ར་ཐིག་ལེར་བྱ། །རྡོ་རྗེ་དགྱེས་པ་བདེ་འཐོབ་བྱེད། །མིང་ནི་དབུས་སུ་བྲི་བར་བྱ། །འདི་ཡིས་སྙིང་གར་བྱས་པ་ཡིས། །དེ་བཞིན་གཤེགས་
པ་བདེ་མཆོག་འགྲོ། །ཕྱག་རྒྱ་བཞི་དང་འགྲོགས་པ་ཡིས། །ལུས་འདིས་ཚེ་འདི་འགྲུབ་པར་འགྱུར། །རབ་དགྱེས་སྦྱོར་བར་ཡང་དག་ལྡན། །ཕྱག་རྒྱ་བཞི་དང་མཉམ་འགྲོགས་ཤིང་། །རྡོ་རྗེ་འགྱིང་ལ་སོགས་སྤྲོད་པས། །རྣལ་འབྱོར་འདི་ནི་བཅིངས་པ་ཡིས། །རབ་དགྱེས་ལ་སོགས་མ་ལུས་པ། །
རབ་དགྱེས་རོ་ལ་བསྒྱིངས་མ་ཡིས། །སྐད་ཅིག་ཉིད་དུ་འདྲེན་པར་འགྱུར། །དེ་བཞིན་སྦོམ་མོའི་རྩེ་མོར་སྦྱར། །སྙིང་རྗེ་ཆེན་པོ་དེར་གཞག་པ། །སྐལ་བ་ཆེན་པོ་རྡོ་རྗེ་སྤྱན། །དེ་ཉིད་དོན་ཀུན་སྟོན་བྱེད་མ། །འདི་ནི་ཡང་དག་བཅིངས་པ་ཡིས། །རྡོ་རྗེ་རྟག་པའི་སྤྱན་དུ་འགྱུར། །ཡོད་དང་མེད་པ་རྣམ་སྤངས་པ། །དངོས་པོ་ཐམས་

ཅད་མཐོང་བར་འགྱུར། །རྡོ་རྗེའི་ཐལ་མོ་བརྟན་བྱ་སྟེ། །ཁྲོ་མོ་རྩེ་མོ་ཟླུམ་པོ་ཡི། །མཐོན་པོར་མཚན་དང་འདྲ་བྱས་ཏེ། །སྦོམ་པོར་རྡོ་རྗེ་བརྟན་པ་ཆེ། །དེ་འདི་བཅོམ་ལྡན་འདས་མ་མཆོག །རྡོ་རྗེ་པདྨོའི་བདེ་འཐོབ་བྱེད། །རྣལ་འབྱོར་འདི་ནི་བཅིངས་པ་ཡིས། །སྦས་པ་ཆེན་པོའི་དགྱེས་པ་འཐོབ། །དེ་ནས་ལྷ་
མོ་ཆེན་མོ་དག །སྤྲོ་བ་ཆེ་བས་གར་མཛད་ཅིང་། །རྡོ་རྗེ་བདེ་བྱེད་བདག་ཉིད་ལ། །བདུད་དང་བཅས་པས་ཕྱག་བྱས་ཏེ། །ཆོས་ཀྱི་ཡི་གེ་ཐབས་གནས་ནས། །དེ་ཉིད་ཆོས་ཀྱི་གསོལ་བ་འདེབས། །ཆོས་ཀྱི་ཕྱག་རྒྱ་བདེ་བ་ཆེ། །རྡོ་རྗེ་བཅོམ་ལྡན་བཤད་དུ་གསོལ། །སྒྲུབ་པ་པོས་ནི་རབ་བསྒྲིམས་ན། །གང་གིས་ལྷ་ནི་འགྲུབ་པར་
འགྱུར། །གང་གིས་མྱུར་དུ་བྱིན་བརླབས་པས། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་སྟེ། །བདེ་བྱེད་གཉིས་ཀྱིས་སྤྲོ་ཆེ་བ། །དེ་བཞིན་གཤེགས་པས་གནས་འཇུག་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མོ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་མཁྱེན་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྦས་པ་ལས་ཆོས་ཀྱི་ཕྱག་རྒྱ་
ཆེན་པོའི་ཚིག་འདི་ཕྱུང་ངོ་། །བཅུ་གསུམ་བདག་ཉིད་འདྲེན་པ་སྟེ། །ཐིག་ལེ་ལྷར་ནི་ཡང་དག་ལྡན། །ཐ་མར་ཧ་ར་ཐིག་ལེར་གནས། །རབ་ཏུ་དགྱེས་པ་རྡོ་རྗེ་དགྱེས། །སྙིང་གར་ཕྱག་རྒྱ་འདི་བྱས་ནས། །དགའ་བྱེད་ལྷན་ཅིག་རྩེན་བྱེད་ཅིང་། །སྤྱོད་དང་མི་སྤྱོད་འགྲུབ་འགྱུར་ཏེ། །རྣལ་འབྱོར་བདེ་བ་ཆེན་པོར་
འགྲོ། །དེ་བཞིན་འདྲེན་པ་ཐོག་མར་བྱ། །རྡོ་རྗེ་འདོད་པ་ཀྱོ་བ་མཆོག །ཧ་ར་ཐིག་ལེ་ཡང་དག་ལྡན། །ཆ་གཉིས་གསུམ་པ་སྦྱར་བྱས་པ། །འདི་ནི་སྙིང་གར་བཞག་བྱས་ན། །བདེ་བར་ནམ་མཁའ་འགྲོ་འགྱུར་ཏེ། །བདེ་བ་ཤིན་ཏུ་རྟག་པ་ཡི། །འདི་ཡིས་མཆོག་ཏུ་དངོས་གྲུབ་བོ། །འདྲེན་པ་དེ་ཉིད་ཐོག་
མར་གཞག །ལྟོས་ལྟོས་ཞེས་པ་ཧཱུྃ་དང་ལྡན། །སྐལ་བ་ཆེན་པོ་རྡོ་རྗེ་སྤྱན། །དབུས་སུ་བསྐུལ་བས་འགྲུབ་པར་འགྱུར། །འཕྲུལ་གྱི་སྤྱན་ལྔ་ནོར་ཆེ་བ། །འདི་ཡིས་རྣལ་འབྱོར་འགྲུབ་འགྱུར་ཏེ། །རྡོ་རྗེ་བྱང་ཆུབ་དགྱེས་པ་ཆེ། །སངས་རྒྱས་ཐམས་ཅད་མཐོང་བར་འགྱུར། །དང་པོར་འདྲེན་པ་དེ་ཉིད་གཞག །ཐ་མར་
ཧ་ར་ཐིག་ལེར་བྱ། །རྡོ་རྗེ་དགྱེས་པ་བདེ་འཐོབ་བྱེད། །མིང་ནི་དབུས་སུ་བྲི་བར་བྱ། །འདི་ཡིས་སྙིང་གར་བྱས་པ་ཡིས། །དེ་བཞིན་གཤེགས་པ་བདེ་མཆོག་འགྲོ། །ཕྱག་རྒྱ་བཞི་དང་འགྲོགས་པ་ཡིས། །ལུས་འདིས་འདི་ཚེ་འགྲུབ་པར་འགྱུར། །རབ་དགྱེས་སྦྱོར་བར་ཡང་དག་ཞོན། །ཕྱག་རྒྱ་བཞི་དང་མཉམ་

འགྲོགས་ཤིང་། །རྡོ་རྗེ་འགྱིང་ལ་སོགས་སྤྲོད་པས། །བཅོམ་ལྡན་འདོད་མ་འགྲུབ་པར་འགྱུར། །ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱའོ།། །།དེ་ནས་བཅོམ་ལྡན་སྦྱོར་བ་ཆེ། །ཐོག་མ་ཐ་མ་མེད་པ་མཆོག །གདུག་པ་ཐམས་ཅད་གདུལ་བའི་ཕྱིར། །རྡོ་རྗེ་ཁྲོ་བོར་དེ་འགྱུར་རོ། །མདུན་དུ་ཐོག་མའི་ལྷ་ཉིད་དུ། །རྡོ་རྗེ་ཧཱུྃ་མཛད་
ཉི་མ་འབར། །ཉི་མ་བཅུ་གཉིས་གཟི་བརྗིད་ཆེ། །མེ་འབར་རབ་ཏུ་འབར་བར་ལྡན། །འཁོར་གྱི་འཁོར་ལོ་དེ་དག་ཀུན། །དུར་ཁྲོད་ཀྱི་ནི་རྒྱན་མཆོག་གིས། །བརྒྱན་ཏེ་གདུག་པའི་ཚོགས་རྣམས་ལ། །དེ་ནི་ཡང་དག་རོལ་པ་མཛད། །ཁྲོ་ཆེན་མཆོག་འདུལ་ཕྱག་རྒྱ་འདི། །སྔགས་ནི་རང་གི་སྙིང་གར་བསྒོམ། །ཁྲོ་མོའི་བུ་མོའི་མདུན་དུ་
བསྐོར། །ཁྲོ་མོ་ཆེན་མོ་དེ་འགྲུབ་བོ། །འདི་ཡིས་གདུག་པ་ཐམས་ཅད་རྣམས། །ཧཱུྃ་བྱས་མྱུར་དུ་བརྒྱབ་པར་འགྱུར། །དེ་དག་གདུག་པ་གདུག་པ་ཆེ། །འཇིགས་ཤིང་འཁྲུགས་ཏེ་རབ་ཏུ་འཇིག །སྐྱོབས་ཤིག་སྐྱོབས་ཤིག་ཅེས་སྨྲ་ཞིང་། །རྡོ་རྗེ་གཙོ་ལ་དྲན་པར་བྱེད། །ཕྱག་རྒྱ་འདི་ནི་མཉམ་པར་གཞག །འགྲོ་བ་ཐམས་
ཅད་དབབ་བྱ་སྟེ། །ལས་མཆོག་ཐམས་ཅད་སྒྲུབ་པ་པོས། །དགྲ་ཡི་རྣམས་ནི་གཞིག་པར་བྱ། །སྦྱོར་དང་ལྡན་པས་འབུམ་བཟླས་ཏེ། །ལས་རྣམས་ཐམས་ཅད་བྱེད་པ་ན། །གདོན་མི་ཟ་བར་ཀུན་འགྱུར་ཏེ། །རྡོ་རྗེ་སེམས་དཔའ་འང་བསྒྲུབ་པར་ནུས། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཁྲོ་
བོའི་ཕྱག་རྒྱའི་ཡེ་ཤེས་སོ། །དེ་ནས་སངས་རྒྱས་ཆེ་དེ་དག །སངས་རྒྱས་ཉིད་སྐྱེས་ཐམས་ཅད་མཆོག །གཟུངས་མ་རྣལ་འབྱོར་མ་ཐམས་ཅད། །རང་གི་འཁོར་གྱི་འཁོར་ལོའི་ཚོགས། །ཕན་ཚུན་བདེ་བ་ལྡན་པ་ཡི། །དགའ་བས་འཁོར་རྣམས་འཕགས་འགྱུར་ཏེ། །རང་གི་བདེ་བྱེད་སྐྱེས་པར་འབྲེལ། །སྐལ་བ་ཆེན་
མོ་རྩེན་པར་བྱེད། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་པོས་རང་གི་འཁོར་གྱི་འཁོར་ལོའི་ཚོགས་རྣམས་ལ་ཡང་དང་ཡང་དུ་གཟིགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདྲེན་པའི་རིག་མའི་སྙིང་པོ་འདིས་སྡུད་པ་མཛད་དོ། །ཨོཾ་བཛྲ་ཨྃ་ཀུ་ཤ་དུ་རུ་དུ་རུ། ཨེ་ཧྱེ་ཧི་ཀཌྜྷྱ་བི་ཀཌྜྷྱ། སརྦཱན་བརྵ་ཏ་ཙ་ཀྲ་
སཉྩ་ཡ། བཛྲ་ཨྃ་ཀུ་ཤ་ཧཱུྃ་ཕཊ། འདི་ཡིས་ཕྱག་རྒྱ་རྡོ་རྗེ་ཡི། །བཅིང་བ་གཉིས་ནི་དམ་བྱས་ཏེ། །རྡོ་རྗེ་ཁྲོ་མོ་དགྲོལ་བར་བྱ། །རྡོ་རྗེ་ཁྲོ་བ་རབ་སྦྱར་བ། །རྡོ་རྗེ་ཀྱོ་བ་ཞེས་བྱའོ། །འགྲོ་དང་རི་བོ་སེམས་ཅན་རྣམས། །ཕྱག་རྒྱ་འདི་ཡིས་ཀུན་བཀུག་སྟེ། །འདོད་པས་འགྱིང་བའི་ཡིད་རྟག་རྣམས། །མི་ཡི་བུ་མོ་སྨོས་ཅི་དགོས། །

རྡོ་རྗེ་བཅིངས་པ་མཉམ་གཞག་སྟེ། །གཡོན་གྱི་སྟེང་དུ་དེ་བཞིན་གཞག །དབུས་སུ་སྦོམ་མོ་གཞག་པར་བྱ། །རྡོ་རྗེ་འདྲེན་པ་གཟི་བརྗིད་ཆེ། །རྡོ་རྗེ་བཅིང་བ་བསྡམ་བྱས་ཏེ། །རྡོ་རྗེ་སྦོམ་མོ་རྩེ་མོ་སྤྲད། །བདག་ནི་རྡོ་རྗེ་ཞེས་བསྒོམ་ཞིང་། །བཅིང་བ་དེ་ནི་དགྲོལ་བར་བྱ། །དེ་ཉིད་བཅིང་བ་དམ་བྱས་ཏེ། །དབང་
དང་ཆུང་ངུའི་རྩ་བའི་མཚམས། །རྡོ་རྗེ་སྦོམ་པོ་ནུས་བྱས་ཏེ། །རབ་དགྱེས་བདག་ཉིད་བསྐྱོད་པར་བྱ། །དེ་ལས་རྡོ་རྗེ་མཆོག་གཉིས་བསྐྱེད། །མདུད་པའི་ཚུལ་དུ་སྦྱར་བར་བྱ། །གཞུག་པ་དང་ནི་འདྲེན་པའི་མཆོག །འདི་ཡིས་ཐམས་ཅད་དངོས་གྲུབ་པས། །རྣལ་འབྱོར་ཕྱག་རྒྱ་འདི་ཉིད་ཀྱིས། །དྲངས་ཏེ་
བཅུག་ནས་བཅིང་བྱས་ཏེ། །དབང་དུ་བྱས་ནས་བསྒྲུབ་པར་བྱ། །དེ་ནས་དེ་དག་ཐམས་ཅད་དྲངས་བཅུག་བཅིངས་དགའ་བར་བསྐྱེད་ནས། རང་གི་རབ་ཏུ་དགྱེས་པའི་བདེ་བ་ཆེན་པོས་རང་གི་རྒྱལ་སྲིད་རྗེས་སུ་སྐྱོང་ཞིང་རྡོ་རྗེ་ཆོས་ལ་བཀའ་སྩལ་པ། སངས་རྒྱས་ཀུན་གྱི་ཚུལ་ཆེན་པོ། །དགའ་བྱེད་ཟླ་གསང་
ཐིག་ལེ་ཡི། །རབ་དགྱེས་བདག་ཉིད་གསང་བ་འདི། །སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཟུང་། །དེ་ནས་གདན་ལས་མྱུར་བཞེངས་ཏེ། །ཐལ་མོ་སྦྱར་ཏེ་ཕྱག་བཞེས་ནས། །ཆོས་ཀྱི་ངོ་བོར་ཚིག་སྨྲས་པ། །བདེ་བ་ཆེན་པོ་བདག་གིས་བླངས། །རང་བདེ་ལོངས་སྤྱོད་གར་བྱས་ཏེ། །རྡོ་རྗེ་ཚེ་ཡིས་འདི་སྐད་སྨྲས། །རྡོ་རྗེ་
ཆོས་ནི་སྣ་ཚོགས་ཆེ། །སྣ་ཚོགས་པདྨོ་གར་རབ་བྱེད། །དེ་ནས་ཕ་རོལ་ཕྱིན་དེ་ཀུན། །རབ་དགྱེས་ལོངས་སྤྱོད་གར་བྱེད་ཅིང་། །བདེ་བྱེད་ཆེན་པོས་བདག་ཉིད་རྗེས། །ལེགས་པ་ཞེས་པ་སྦྱིན་བྱེད་དེ། །ལེགས་སོ་ལེགས་སོ་བདེ་བ་ཆེ། །ལེགས་སོ་ལེགས་སོ་ཡེ་ཤེས་ཆེ། །ལེགས་སོ་ལེགས་སོ་སྣ་ཚོགས་ཆེ། །
ལེགས་སོ་ལེགས་སོ་དགྱེས་པ་ཆེ། །བཅོམ་ལྡན་འདས་དགྱེས་པའི་ཐུགས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཕ་རོལ་ཏུ་ཕྱིན་མའི་འཁོར་ཆེན་མོ་དེ་དག་མངོན་པར་དགའ་བར་གྱུར་ཏོ། །ཟླ་གསང་ཐིག་ལེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་མཆོག་ཏུ་གསང་བ་ཡོངས་སུ་རྫོགས་སྷོ།། །།
ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། གསུང་རབ་དོན་རྟོགས་སློབ་དཔོན་གྱིས། །ལྷག་པར་བཀྲོལ་ཏེ་བསྟན་པ་ལ། །ཅི་རིགས་བསྒྱུར་བའི་བསོད་ནམས་ཀྱིས། །སེམས་ཅན་སེམས་བདེ་ཐོབ་པར་སྨོན། །མངྒ་ལྃ། །

༄༅༅། །རྒྱ་གར་སྐད་དུ། ཤྲཱི་མཾ་ར་ཀྟ་ཡ་མཱ་རི་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་ལྡན་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། གཤིན་རྗེ་མཐར་བྱེད་དམར་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདྲེས་པར་གྱུར་པ་བདག་མེད་པའི་བྷ་ག་ལ་བཞུགས་སོ། །དེ་ལ་མགྲིན་པར་དམ་འཁྱུད་དེ། །རང་ཉིད་སེམས་ཅན་ཆེད་ཞུས་པ། །ཀྱཻ་རྡོ་རྗེར་གསུངས་པ་དང་། །ཐར་པ་དེ་བཞིན་སྡོམ་པར་ཡང་། །འདུས་པ་ལ་སོགས་
རྒྱུད་དུ་ཡང་། །སླར་ཡང་ཆེས་མང་དུ་གསུངས་ཀྱང་། །སེམས་ཅན་བསམ་པ་ཡོངས་རྫོགས་བྱེད། །ད་ནི་བདག་གིས་རབ་བཤད་བྱ། །ཁ་ཅིག་རྒྱལ་སྲིད་འདོད་པ་དང་། །ཚེ་རིང་ནད་མེད་འབྲས་བུ་སྦྱིན། །ཞི་བ་ལ་སོགས་ལས་རྒྱས་པ། །གང་ཡང་མངོན་པར་སྤྱད་པ་དང་། །
དགྲ་ཡི་སྡེ་ཉམས་བྱེད་པ་དང་། །སྐྲོད་དང་འགུགས་དང་གསོད་པ་ཡང་། །སྣ་ཚོགས་རྒྱུད་རྣམས་སུ་གསུངས་ཀྱང་། །སྣ་ཚོགས་རྒྱུད་དུ་མ་བརྗོད་པའི། །འཁྲུལ་འཁོར་འཇིག་རྟེན་གསུམ་རྙེད་དཀའ། །ཁྱོད་ལ་ཕན་པའི་སྐྱེས་ཀྱི་ཕྱིར། བཤད་བྱ་ལྷ་མོ་གུས་བཅས་ཉོན། །
འཁྲུལ་འཁོར་གང་གི་མཐུ་སྟོབས་ཀྱིས། །རྟག་ཏུ་རྒྱལ་སྲིད་ཐོབ་པ་དང་། །ཇི་སྲིད་ཉི་མ་ཟླ་བ་བཞིན། །གལ་ཏེ་འཚོ་བར་འདོད་པ་དང་། །ཁུ་བ་རེངས་དང་སྡེ་འགུགས་དང་། །མཁའ་སྤྱོད་ཉིད་དང་མཆོག་ཏུ་མྱུར། །དེང་འདིར་མིང་གི་སྤྱོད་ཡུལ་དུ། །དེ་ཡི་སྨན་ནི་བཤད་པར་
བྱ། །དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་དེ་བཞིན་ནོ། །གསུམ་པར་དགའ་བ་བསྒོམ་པར་བྱ། །བཞི་པར་བཏང་སྙོམས་རྣམ་བསྒོམ་བྱ། །འཇིག་རྟེན་ཆོས་རྣམས་བརྒྱད་པོ་ནི། །ཡོངས་བཏང་སྟོང་པར་བསམ་པར་བྱ། །སླར་ཡང་སྟོང་ཉིད་བྱང་ཆུབ་སྟེ། །
གཉིས་པ་ལ་ནི་ས་བོན་བསྡུ། །བཞི་པར་ཡི་གེ་དགོད་པའོ། །ར་ཡིག་ལས་བྱུང་ཉི་མ་ལ། །ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེའོ། །དེ་ཉིད་ཀྱིས་ནི་རྡོ་རྗེ་ཡི། །ར་བ་ཞེས་དང་དེ་བཞིན་དུ། །ས་གཞི་རྡོ་རྗེ་འཆིང་བའོ། །དང་པོར་སྟོང་པར་བསྒོམ་པར་བྱ། །དེ་ནས་ཡི་གེ་ཨཾ་དམར་པོ་ཡོངས་སུ་

གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཧཱུྃ་དམར་པོའོ། །དེའི་སྟེང་དུ་བརླན་དང་བཅས་པའི་མགོ་བོས་བརྒྱན་པའི་དབྱུག་པའི་དབུས་སུ་ཧུྃ་ཡིག་དམར་པོའོ། །དེར་ཡང་ཉི་མ་ལ་ཧཱུྃ་ཡིག་གོ །དེ་ལས་ངེས་པར་བྱུང་བའི་འོད་ཟེར་རྣམས་ཀྱིས་
ནམ་མཁའི་ཕྱོགས་སུ་དཔའ་བོའི་གཟུགས་དེ་ལ་འཇིག་རྟེན་གསུམ་པོ་ཐམས་ཅད་བསྡུས་ནས་སླར་ཡང་དེ་ཉིད་དུ་བཅུག་སྟེ། དཔལ་གཤིན་རྗེའི་གཤེད་དམར་པོའི་གཟུགས་སུ་བདག་ཉིད་བསམ་པར་བྱའོ། །སྐུ་མདོག་དམར་པོ་གཡོན་བརྐྱང་ཞིང་རྣམ་པར་འགྱུར་བའི་ཞལ་མ་ཆེ་བ་
གཙིགས་པ། ལྗགས་འདྲིལ་བ་འཇིགས་པར་བྱེད་པ། ཀླུ་བརྒྱད་ཀྱིས་རྣམ་པར་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། རྐེདཔའི་ཕྱོགས་སུ་སྟག་གི་པགས་པ་འཛག་པས་རྣམ་པར་བརྒྱན་པ། མིའུ་ཐུང་གསུས་པ་འཕྱང་ཞིང་འཇིགས་པ། སྤྱན་གསུམ་པ་ཤིན་
ཏུ་འཇིགས་པར་བྱེད་པ་དམར་པོ་འབར་བའི་རྒྱུན་མི་ཟད་པ་འོད་ཟེར་སྣ་ཚོགས་ཀུན་ཏུ་འཁྲུགས་པ། གཡོན་པར་སྲེད་མེད་ཀྱི་བུ་ལ་སོགས་པའི་ཁྲག་གིས་གང་བའི་མིའི་ཐོད་པ་དང་། གཡས་པར་བདུད་བཞི་རྣམ་པར་འཇོམས་པར་བྱེད་པའི་དབྱུག་པ་དཀར་པོ་དང་ཀླུའི་རྒྱན་ལ་སོགས་པས་
སྤྲས་པ། རྡོ་རྗེ་རོ་ལངས་མས་ཕྲག་པར་འཁྱུད་པ། འདོད་ཆགས་ཆེན་པོ་གཅིག་ཏུ་ངེས་པར་རྒྱས་པ། རྗེ་བཙུན་གྱི་རང་བཞིན་ཇི་ལྟ་བ་དེ་བཞིན་དུ་རྗེ་བཙུན་མ་ཡང་སྟེ་མགོ་བོ་སྐམ་པོའི་རྒྱན་གྱིས་ཁྱད་པར་དུ་བྱས་པའོ། །བཅོམ་ལྡན་འདས་དང་བཅས་པ་འཛག་པའི་མགོ་བོའི་རྒྱན་
ཡང་སྟེ། སྐ་རགས་འོག་པག་ས་ཀྱང་གྲོལ་བར་གྱུར་པའོ། །མ་ཧེ་དམར་པོ་ལ་གནས་པའི་གཡོན་བརྐྱང་གི་ཞབས་ཀྱིས་བཞུགས་པའོ། །ཕྱི་ནས་བཅོམ་ལྡན་འདས་ལས་སྐྱེས་པའི་རྩེ་གསུམ་པའི་དབྱུག་པ་དཀར་པོའི་དབུས་སུ་སླར་ཡངས་བོན་ཁ་དོག་དམར་པོར་བསམ་པར་བྱའོ། །ཕྱི་ནས་བཅོམ་ལྡན་
འདས་ཀྱི་རྡོ་རྗེ་ཡང་ཧཱུྃ་ཡིག་ལས་སྐྱེས་པའོ། །སླར་ཡང་བཅོམ་ལྡན་འདས་མའི་གསང་བའི་པདྨ་འདབ་མ་བརྒྱད་པ་སྦལ་མིག་འགྱུས་ཙམ་དང་བཅས་པ་ཨཿཡིག་གིས་རྫོགས་པར་མཚན་པའོ། །དེའི་རྗེས་སུ་གསང་སྔགས་རྒྱལ་བའི་བདག་ཉིད་ཅན་ནི། ཨོྃ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ།

ལྟེ་བའི་འོག་ཏུ་བརྗོད་པ་དེ་འདབ་མ་བརྒྱད་པ་ཁ་དོག་དམར་པོའོ། །དེར་ཡི་གེ་ཧྲིཿདམར་པོ་ངེས་པར་སོན་པའོ། །སྤྱི་བོར་སོན་པའི་རེ་ཁ་དཀར་པོ་སླར་ཡང་བསམ་པར་བྱ་ཞིང་བཅོམ་ལྡན་འདས་ཀྱི་དབུ་ལ་གཞུག་པར་བྱའོ། །སླར་ཡང་རྡོ་རྗེའི་ལམ་དེར་སོན་པར་བློ་བཟང་པོས་བསམ་པར་བྱའོ། །ཕན་ཚུན་གཉིས་གཉིས་སྙོམས་པར་ཞུགས་
པས་རོ་མཉམ་པའི་ས་བོན་གྱི་གཟུགས་ཅན་ནོ།།ས་བོན་དེ་ལྷ་མོ་བཞེས་རང་བཞིན་ལས་བསླང་བ་ནི། ཤར་ལ་སོགས་པའི་ཕྱོགས་བཞི་རྣམས་ན་གནས་པའི་ལྷ་མོ་ཐམས་ཅད་ཡིད་གཙིགས་པས་རང་གི་བདག་པོ་ལ་བལྟ་ཞིང་བསླང་བའི་ཆེད་དུ་གླུའི་མཆོད་པ་བྱེད་པར་བལྟའོ། །
ཐུགས་རྗེའི་ཁྲོ་བོ་རྗེ་བཙུན་ཉིད་བཞེངས་ཤིག །ས་གསུམ་མཐའ་དག་རྨོངས་པ་སོལ་མཛོད་ཅིག །རྡོ་རྗེ་ཙརྩི་ཀཱ་ཡིས་སོ། །ཇོ་བོ་བདུད་བཞི་པོ་ནི་ལས་རྒྱལ་བ། །སེམས་ནི་གཡེངས་སོ་རྗེ་བཙུན་ཉིད་བཞེངས་ཤིག །ཕག་མོ་ཡིས་སོ། །འཇིག་རྟེན་མགྲོན་གཉེར་སྟོང་ཉིད་
བཞུགས་སམ་ཅི། །རྗེ་བཙུན་འཇིག་རྟེན་བསོད་ནམས་ཉིད་ཀྱིས་བཞེངས། །དབྱངས་ཅན་མ་ཡིས་སོ། །བྱང་ཆུབ་རང་བཞིན་འཇིག་རྟེན་མགྲོན་གཉེར་ནས། །ཁྱོད་ཉིད་སྟོང་ཉིད་སེམས་ཤིང་ཅི་ལ་བཞུགས། །གཽ་རཱི་ཡིས་སོ། །རབ་ཏུ་སད་པར་བྱས་ནས་སླར་ཡང་དེ་ལ་
རབ་ཏུ་བཞུགས་སོ། །དེ་ནས་དེར་ཁུ་བ་ལས་བྱུང་བའི་བདག་ཉིད་ལྷའི་བདག་ཉིད་ཅན་མ་ཧེ་དམར་པོ་ལ་གནས་པ་གར་གྱི་ཉམས་དགུ་དང་ལྡན་པ་བན་དྷུ་ཀའི་མེ་ཏོག་ལྟ་བུ་དྲག་པོ་ཞལ་གཅིག་པ། ཕྱག་གཉིས་པ་མཆེ་བ་རྣམ་པར་གཙིགས་པས་མི་བཟད་པ། དམར་ལ་ཟླུམ་
པའི་སྤྱན་གསུམ་པ། སྨ་ར་དམར་སེར་འཇིགས་པར་བྱེད་པ། མིའུ་ཐུང་གསུས་པ་འཕྱང་ཞིང་འཇིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ལྗགས་འདྲིལ་ཞིང་ཁྲག་འཛག་པ། སྨིན་མ་འཁྱོག་ཅིང་དྲག་ཏུ་བཞད་པ། མགོ་བོས་མཚན་པའི་དབྱུག་པ་དཀར་པོ་
གཡས་པའི་ཕྱག་གིས་འཛིན་པ། གཡོན་པས་མྱོས་བྱེད་དང་ཁྲག་གིས་གང་བའི་ཐོད་པ་འཛིན་པ། ཉི་མ་བྱེ་བའི་གཟི་བརྗིད་དང་མཉམ་པ། གཡོན་བརྐྱང་བའི་ཞབས་ཀྱིས་གནས་པ། མ་ཧེའི་རྒྱབ་ནས་གཤིན་རྗེ་འཇིགས་ཤིང་བསྡིགས་པར་མཛད་པ། བརྒྱད་གཉིས་

ལོན་པའི་རྣམ་པ་ཅན། ཀླུ་བརྒྱད་ཀྱིས་རྣམ་པར་བརྒྱན་པ། མགོ་བོའི་ཕྲེང་བ་དབུ་ལ་བཅིངས་པ། མགོ་བོའི་ཕྲེང་བ་རབ་ཏུ་འཕྱང་བ། སྟག་གི་པགས་པའི་ཤམ་ཐབས་ཅན་གྱི་ལྷའོ། །རྡོ་རྗེ་ཕག་མོས་འཁྱུད་པ་ནི་བཅོམ་ལྡན་འདས་ཀྱི་
གཟུགས་དང་ཁ་དོག་འདྲ་བ་ལ་གྲི་གུག་དང་ཐོད་པ་ཅན་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པའི་ལུས་ཅན་མར་བརྩོན་པའི་སེམས་ཀྱིས་བསྒོམ་པར་བྱའོ། །དེ་ནས་ང་རྒྱལ་བྱས་ན་བདག་ཉིད་གྲུབ་པར་འགྱུར་བར་ཐེ་ཚོམ་མེད་དོ། །དེ་ནས་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཱཾ་གི་གསང་
སྔགས་བཀླག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མས་རྗེས་སུ་ཆགས་པ་ཆེན་པོས་ཡན་ལག་དང་ཉིང་ལག་ཐམས་ཅད་རྣམ་པར་བལྟས་ནས་པདྨ་ར་རྡོ་རྗེ་གསོར་ཏེ་གཉིས་ཀའི་སྟག་ལྤགས་ཀྱི་ན་བཟའ་འཕྱར་བར་བསྒོམ་པར་བྱའོ། །དེ་ལ་འདི་དག་རྗེས་སུ་ཆགས་
པར་བྱེད་དོ་ཞེས་བྱས་ནས་རྡོ་རྗེ་པདྨ་དག་སེམས་ལ་བྱིན་ནས་ཧཱུྃ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་མོར་ཨོཾ་ཡིག་སེར་པོས་བྱིན་གྱིས་བརླབས་པ་རབ་ཏུ་བསྒོམ་པར་བྱའོ། །ཨཱཿཡིག་དམར་པོས་པདྨ་དེའི་ཟེའུ་འབྲུ་ལ་ཨཱཿཡིག་གིས་བྱིན་གྱིས་བརླབས་པའོ། །
དེ་ནས་ཨོྃ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ་ཞེས་བཀླགས་ནས། རྡོ་རྗེ་པདྨ་མཉམ་པར་སྦྱོར་བ་ལས་བཞེངས་པར་བ་དག་ཉིད་བསྒོམ་པར་བྱ་སྟེ། ཕྱི་རོལ་གྱི་གཉིས་གཉིས་བཞིན་ནོ། །དེ་ནས་འཕོ་བའི་གནས་སྐབས་ན་བདག་ཉིད་དུ་བསྒོམས་
པའི་ལྷ་མོའི་པདྨའི་ཁོངས་སུ་དུས་མཉམ་པར་འཛག་པའི་ཁམས་གཉིས་འདྲེས་པར་བསྒོམ་པར་བྱའོ། །དཀར་པོ་དང་དམར་པོ་དེ་དག་ཡོངས་སུ་གྱུར་པས་གཏི་མུག་གཤིན་རྗེའི་གཤེད་ལ་སོགས་པ་རྣམས་བདག་ཉིད་ཇི་ལྟ་བ་བཞིན་དུ་པདྨའི་དབུས་སུ་བསམས་ནས་
བཅོམ་ལྡན་འདས་མ་ལས་སྐྱེ་བར་བསྒོམ་པར་བྱའོ། །དེའི་འོག་ཏུ་དེ་རྣམས་མདུན་དུ་བལྟས་ནས་རང་རང་གི་གནས་སུ་སོ་སོར་གནས་པར་བསམ་པར་བྱའོ། །དེ་ནས་ཤར་གྱི་འདབ་མའི་ཉི་མ་ལ་གཏི་མུག་གཤིན་རྗེའི་གཤེད་ཙརྩི་ཀཱ་ནག་མོས་འཁྱུད་པའོ། །ལྷོའི་འདབ་

མའི་ཉི་མ་ལ་ཕྲ་མ་གཤིན་རྗེའི་གཤེད་སེར་པོ་ཕག་མོ་སེར་མོས་འཁྱུད་པ་སྟེ་དེ་ཡང་ཕག་པའི་གདོང་པ་ཅན་ནོ།།ནུབ་ཀྱི་འདབ་མའི་ཉི་མ་ལ་འདོད་ཆགས་གཤིན་རྗེའི་གཤེད་དམར་པོ་དབྱངས་ཅན་མ་དཀར་མོ་དང་སྦྱོར་བའོ། །བྱང་གི་འདབ་མའི་ཉི་མ་ལ་ཕྲག་
དོག་གཤིན་རྗེའི་གཤེད་སྔོ་བསངས་གཽ་རཱི་མ་དང་སྙོམས་པར་འཇུག་པའོ། །ཡང་ན་ཐམས་ཅད་ཀྱང་གཤིན་རྗེའི་གཤེད་དམར་པོ་དང་། རོ་ལངས་མ་དང་མཚུངས་པར་བསྒོམ་པར་བྱའོ། །མེ་རུ་མུ་མེན་གྱི་བུམ་པ་བཞི་མཉམ་སྦྱར་བས་གང་བའོ། །བདེན་བྲལ་དུ་གསེར་གྱི་བུམ་
པ་གླ་རྩིས་གང་བའོ། །དེ་བཞིན་དུ་རླུང་དུ་བྱི་རུའི་བུམ་པསིཀླས་གང་བའོ། །དབང་ལྡན་དུ་དངུལ་གྱི་བུམ་པ་ག་པུར་གྱིས་གང་བ་ཇི་ལྟ་བ་བཞིན་ནོ། །ཐོད་པ་གང་བ་བལྟས་ནས་ཉི་མ་དང་ཟླ་བ་ཀུན་རྫོགས་པ་དག་ལའོ། །འདི་ཉིད་བདེ་བ་ཆེན་པོ་དང་ཟུང་དུ་འཇུག་པ་མཆོག་
ལས་གཞན་པ་མ་ཡིན་པའོ། །དེ་ནས་རང་གི་སྙིང་གར་པདྨ་དང་། ཉི་མ་ལ་གནས་པའི་ཧཱུྃ་ཡིག་ལས་སྐྱེས་པ་དེའི་འོད་ཟེར་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པ་ཀུན་གྱིས་མཆོད་ནས། ཛཿཧཱུྃ་བྃ་ཧོཿཞེས་པས་བདེན་པར་དགུག་པ་དང་། གཞུག་པ་ལ་སོགས་
པ་དང་མཆོད་པར་བྱའོ། །སེམས་ཅན་རྣམས་ཐམས་ཅད་བླ་མའི་མན་ངག་ཇི་ལྟ་བ་ལས་སོ་ཞེས་པས་རྣལ་འབྱོར་གཉིས་སོ། །དེས་ན་ཕྱོགས་བཅུར་བ་ཞུགས་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་ཚོགས་རྣམས་བློ་དང་ལྡན་པས་སྔ་མ་བཞིན་དུ་བཀུག་ནས་མཆོད་ཅིང་དབང་
བསྐུར་བ་ལ་སོགས་པ་རྣམས་སོ། །དེ་བཞིན་གཤེགས་པ་རྣམས་དང་སྤྱན་མ་ལ་སོགས་པ་རྣམས་ཀྱིས་ཀུན་ཏུ་དགའ་བའི་ཐུགས་ཀྱིས་སྣ་ཚོགས་པར་གྱུར་པའི་གླུ་ལ་སོགས་པ་དང་གར་གྱིས་བདུད་རྩི་ལྔ་ཡིས་གང་བའི་བུམ་པ་རྣམས་ཀྱིས་དབང་བསྐུར་བཞིན་དུ། དབང་
བསྐུར་རིན་ཆེན་ཆེན་པོ་ལ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་གསུང་ཞིང་བསྟོད་པས། དཀྱིལ་འཁོར་བ་ཐམས་ཅད་ཀྱི་དབུ་ལ་ཁུ་བ་སྟེང་དུ་བྱུང་བ་ལས། རྡོ་རྗེ་སེམས་

དཔས་རྒྱས་བཏབ་པར་བསམ་མོ། །ཞེས་པ་ཡང་དག་པར་སྐྱེད་པའི་ཆོ་གའོ། །གཏི་མུག་དང་། ཕྲ་མ་དང་། འདོད་ཆགས་དང་། ཕྲག་དོག་རྣམས་ཀྱིས། གསོལ་བ་འདེབས་པར་བྱེད་པ་ནི། ཀྱེ་ཀྱེ་གཤིན་རྗེའི་གཤེད་དམར་པོ། །བླ་མ་
སྲིན་པོའི་གཟུགས་རང་བཞིན། །ཁོ་བོས་ཁྱོད་མཐོང་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། །ཁྱོད་ཀྱིས་གར་མཛད་ས་སྟེངས་དང་། །ས་བླ་དང་ནི་ས་འོག་ག་གཡོ། །ཆགས་པས་བརྒྱན་པའི་ཁྲོ་བོ་ཡི། །གར་མཛད་ཁྱོད་ནི་རོ་ལངས་ལགས། །སྐུ་
ནི་སྦོམ་ཐུང་དམར་པོ་སྟེ། །རྣམ་པ་སྣ་ཚོགས་སྐུ་སྤྲུལ་པ། །རྡོ་རྗེ་དབྱངས་ཅན་མ་ཡིས་བཏུད། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲཱིཿཥྚྲིཿགསང་སྔགས་དག་གིས་ནི། །ཁྱོད་ནི་ས་གསུམ་འཁྲུལ་པ་སེལ། །རྗེ་བཙུན་སྙིང་རྗེའི་ཁྲོ་བོ་ལགས། །གར་མཛད་
ཁྱོད་ནི་འགྲོ་ལ་གཟིགས། །ཨོྃ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ་ཞེས་སོ། །དེ་ནས་སྔར་བཞིན་དུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨོཾ་ཡིག་ཡོངས་སུ་གྱུར་པའི་གསང་བའི་དཀྱིལ་འཁོར་གསུམ་གྱི་སྟེང་དུ་ཨཱཿཡིག་ཡོངས་
སུ་གྱུར་པ་ལས་ཐོད་པ་བསྒོམ་པར་བྱའོ་ཞེས་སོ། །དེའི་དབུས་སུ་བདུད་རྩི་ལྔ་དང་། སྒྲོན་མ་ལྔ་དང་། ཞོ་དང་། འོ་མ་དང་། ཤ་དང་། ཉ་ལ་སོགས་པ་དབྱུག་པས་དཀྲུགས་པས་རོ་མཉམ་པར་བྱས་ལ་ཚོས་ནས་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུར་བལྟའོ། །ཨོཾ་ཨཱཿཧཱུྃ་ཞེས་པ་འདིས་
བསིལ་བར་གྱུར་པར་བྱས་ནས་ཧཱུྃ་ཡིག་ཡོངས་སུ་གྱུར་པའི་ལྕེ་སྦུ་གུ་ཅན་བསམས་ནས་བཏུང་བར་བྱའོ། །རང་རང་གི་ཁ་ཡིས་ནི་ལྷ་མོའི་ཁ་རུ་སྦྱིན་པར་བྱའོ། །དཀྱིལ་འཁོར་པ་རྣམས་ཀྱིས་ཀྱང་བསམས་ནས་ཀུན་ཏུ་སྤྱད་པར་བྱའོ། །དེ་ནས་བདུད་རྩི་མྱོངས་པས་ཡང་དག་པར་དགོས་པར་གྱུར་ནས་ཕྱི་ནས་གསང་སྔགས་
བཟླས་པར་བྱའོ། །སྙིང་གར་གནས་པའི་ས་བོན་དང་མཚན་མ་བསྟན་པར་བྱས་ནས་གསང་སྔགས་བཟླས་པར་བྱའོ། །ཨོཾ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་ཇི་སྲིད་འདོད་པར་བསམས་ནས་བཟླས་པར་བྱའོ། །ལྡང་བར་འདོད་ན་རང་གི་ལུས་ཀྱི་འོད་ཟེར་གྱིས་སེམས་ཅན་གྱི་དོན་བྱས་ནས་ཐམས་ཅད་

བདག་ལ་རབ་ཏུ་བཅུག་སྟེ་ཡིད་ཀྱིས་གཤིན་རྗེའི་གཤེད་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དག་གིས་ཇི་ལྟར་བདེ་བར་གནས་པར་བྱའོ། །ལྷན་ཅིག་སྐྱེས་པའི་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་གྱི་གནས་སྐབས་ནི་བདག་ཉིད་ཀྱི་གཟུགས་ལྟ་བུ་རང་བཞིན་གྱིས་གྲུབ་པའི་གཤིན་རྗེའི་
གཤེད་དུ་ང་རྒྱལ་བྱེད་པར་བརྗོད་པར་བྱ་སྟེ། རང་བཞིན་གྱིས་གྲུབ་པའི་ཞལ་གཅིག་པ་ཕྱག་གཉིས་པ་གཤིན་རྗེའི་གཤེད་ཁོ་ན་ངའོ་ཞེས་སོ། །རྣལ་འབྱོར་ཆེན་པོའོ། །རྣལ་འབྱོར་བཞི་དང་ལྡན་པ་འདིས་ཐུན་གཉིས་ཀྱིས་སམ། ཐུན་བཞེས་ཀྱང་རུང་སྟེ། ད་ལྟར་མངོན་པར་
འདོད་པའི་དུས་སུ་རྟག་ཏུ་ཡོངས་སུ་རྫོགས་པའི་བར་ཇི་སྲིད་དུའོ། །དེ་ནས་འབུམ་ཕྲག་གི་མཐར་མཚན་ཐོག་ཐག་ཏུ་བཟླས་པར་བྱ་སྟེ། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་ལས་ཐམས་ཅད་པའི་ཐབ་ཀྱི་ཆོ་གས་མར་དང་སྦྲང་རྩི་དང་མེ་ཏོག་དམར་པོས་སྟོང་ཕྲག་བཅུར་
སྦྱིན་སྲེག་བྱ་སྟེ། རེ་རེ་ཞིང་གསང་སྔགས་བཀླགས་ནས་སོ། །ཨོྃ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ན་ནམནྟྲ་སིདྡྷིམྨེ་དེ་ཧཱི་ཏི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་ལས་ཐམས་ཅད་པའི་དངོས་གྲུབ་ཀྱི་གསང་སྔགས་འགྲུབ་པར་འགྱུར་རོ། །དམར་པོ་ཞེས་པའི་ལྷ་ལ་སོགས་པའི་ལེའུ་སྟེ་དང་
པོའོ།། །།འདིར་བཅོམ་ལྡན་འདས་མས་གསོལ་པ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེའི། །དངོས་གྲུབ་ཇི་ལྟར་འགྱུར་བ་དང་། །རྣམ་པ་ཅི་ཡིས་བསྒྲུབ་བྱ་བ། །དེ་ཡང་བཅོམ་ལྡན་འདས་གསུང་གསོལ། །ཁ་ཡིས་ཁ་ལ་འོ་བྱས་ནས། །ཕན་ཚུན་
དམ་པོ་ཡིས་ནི་འཁྱུད། །མཆོག་ཏུ་དགའ་བའི་གཟུགས་ཀྱིས་ནི། །དགའ་མ་བཤད་པར་བྱ་ཡིས་ཉོན། །གར་བྱེད་པའི་རྣམ་པའི་རྣལ་འབྱོར་བ་དག་ཉིད་ཀྱི་གཟུགས་གང་ཡིན་པ། བཅོམ་ལྡན་འདས་མཆོག་ཏུ་རྣམ་པར་མ་ཆད་པར་འབབ་པ་སྟེ། དཔེར་ན་ཆུ་ཀླུང་
གི་རྒྱུན་རབ་ཏུ་འབབ་པ་བཞིན་ནོ། །འདིར་ཇི་སྲིད་དུ་བསྒོམས་པ་ལས་སྐྱོ་ན་སྔགས་བཟླས་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཟུགས་གལ་ཏེ་མྱུར་དུ་གྲུབ་པར་འགྱུར་གྱི་གཞན་དུ་མ་ཡིན་ནོ། །ཇི་སྲིད་དུ། འདིའི་དངོས་གྲུབ་ཀྱང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཁོ་ན་དེའོ། །

འདི་རྣམས་ཀྱང་རྣལ་འབྱོར་གོམས་པ་ཁོ་ནས་ཐམས་ཅད་སྒྲུབ་པར་བྱེད་ཀྱི་གཞན་དུ་མ་ཡིན་ནོ། །སྐྱེས་བུའི་གོམས་པའི་སྦྱོར་བས་ཐར་པའི་དོན་དང་འདོད་པའི་དོན་བྱུང་བ་དང་མ་བྱུང་བ་དང་སྔོན་དུ་གནས་པ་རྣམས་རྣམ་པ་སྣ་ཚོགས་པ་དང་སངས་
རྒྱས་ཉིད་ཀྱི་དངོས་གྲུབ་ཀྱང་སྐྱེ་བ་འདི་ཉིད་ལ་འགྱུར་རོ། །ལས་ཐམས་ཅད་ཡོངས་སུ་སྤངས་ནས་དེར་སོན་པའི་ཡིད་དུ་གྱུར་ནས། ཇི་སྲིད་རང་ཉིད་འོངས་ནས་སྨྲ་བར་བྱེད་དེ། ཀྱེ་ཀྱེ་སྒྲུབ་པ་པོ་མཆོག་ཅི་ཡིན་པ་དེ་སྩལ་བར་བགྱིའོ། །དེ་ནས་མཆོད་ཡོན་བྱིན་ནས་ཕྱག་
བྱས་ཏེ་དངོས་གྲུབ་བླང་བར་བྱས་པ་དེ་སྦྱིན་པར་བྱེད་དོ། །ཨོྃ་ཧྲཱིཿཥྚྲཱིཿཔི་ཀྲྀ་ཏཱ་ན་ན་ཨཱ་གཙྪ་ཨཱ་གཙྪ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་རྡོ་རྗེ་རོ་ལ་ངས་མ་སྒྲུབ་པར་འདོད་ན། རྡོ་རྗེ་རོ་ལངས་མའི་གཟུགས་བརྙན་བྱ་སྟེ། རས་སམ་འབྲས་བུ་ལ་བྱའོ། །རྗེ་བཙུན་གྱི་ཁ་དོག་དང་
དབྱིབས་མདུན་དུ་ཡང་དག་པར་བཞག་ནས། ཇི་ལྟར་འབྱོར་པའི་མཆོད་པ་བྱས་ཏེ། དེ་དག་རང་རང་སོ་སོའི་གཟུགས་མ་འདྲེས་པས་ཀུན་ཏུ་མཐོང་བ་དེ་སྲིད་དུ་བཟླས་པར་བྱའོ། །ཇི་སྲིད་དུ་འོངས་ནས་སྒྲུབ་པ་པོ་ལ་འཁྱུད་དེ་སྨྲས་པ། ཀྱེ་སྒྲུབ་པ་པོ་ཁྱེད་ཀྱི་བཀའ་བསྒོ་བ་ཅི་
ལགས། སྒྲུབ་པ་པོས་མཆོད་ཡོན་བྱིན་ནས་སྨྲ་བར་བྱ་སྟེ། བདག་གི་ཆུང་མར་འགྱུར་བའོ་ཞེས་པས་ཆུང་མར་འགྱུར་རོ། །དེ་ལ་ལོངས་སྤྱད་པས་གཤིན་རྗེའི་གཤེད་ཀྱི་གཟུགས་སུ་གྲུབ་པར་འགྱུར་རོ། །ཨོྃ་དྭེ་ཥ་ར་ཏི་ཨཱ་གཙྪ་ཨཱ་གཙྪ་ནུ་ད་ནུ་ད་ཏྲུ་ཊ་ཏྲུ་ཊ་ཧཱུྃ་ཛཿསྭཱ་ཧཱ།
ཡང་ན་ཨོྃ་བཛྲ་བེཏྟ་ལི་ཨཱ་གཙྪ་ཨཱ་གཙྪ་ཧཱུྃ་ཛཿསྭཱ་ཧཱ། གཞོན་ནུ་མ་ལོ་བཅུ་དྲུག་ལོན་པ་ཡན་ལག་བཟང་མོ་བག་མར་བླངས་པས་སམ། ཡང་དག་པར་བཟུང་ནས། བསྐྱེད་དེ་སྐལ་ལྡན་མར་བྱས་ཏེ། དབང་བསྐུར་བའི་རྣལ་འབྱོར་མ་སྔགས་ཀྱི་སྒོམ་པའི་ཚུལ་གྱིས་
ཡང་དག་པར་མཆོད་དེ། ལག་པ་གཡོན་པས་འཁྱུད་ལ་རྣལ་འབྱོར་མའི་གཟུགས་སུ་བསམས་ནས་ཇི་སྲིད་དུ་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་དེ་ལ་བཟུང་ནས་གཤིན་རྗེའི་གཤེད་ཀྱི་གཟུགས་སུ་གྲུབ་པར་འགྱུར་རོ། །ཨོཾ་བཛྲ་བེཏྟ་ལི་ཛྭ་ལ་ཧཱུྃ་ཛཿསྭཱ་ཧཱ།

ཞེས་བཟླས་པར་བྱའོ། །དེ་ནས་གཏི་མུག་གཤིན་རྗེའི་གཤེད་སྒྲུབ་པར་འདོད་ན། གཏི་མུག་གཤིན་རྗེའི་གཤེད་ཀྱི་ཆ་ལུགས་སུ་བྱས་ནས་གཡས་པ་དང་ཅིག་ཤོས་ཀྱི་རྐང་པའི་མཐིལ་གྱིས་པདྨ་མནན་ཏེ། ཇི་སྲིད་དུ་ཀྱེ་སྒྲུབ་པ་པོ་ཞེས་བོས་ནས་བཀའ་བསྒོ་བ་ཅི་ལགས་
ཞེས་སྨྲ་བར་བྱེད་པ་དང་། ཅི་བགྱི་བར་འགྱུར་ཞེས་སྨྲ་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་བརྩམས་ཏེ་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་ཀྱང་སྟེར་རོ། །དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་ཕྲ་མ་གཤིན་རྗེའི་གཤེད་དང་། འདོད་ཆགས་གཤིན་རྗེའི་གཤེད།
ཕྲག་དོག་གཤིན་རྗེའི་གཤེད་སྒྲུབ་པར་འདོད་ན་དེ་བཞིན་ཉིད་དུ་འབྲས་བུ་སྲུབ་པའི་གསང་སྔགས་ནི། ཨོྃ་མོ་ཧཱ་ཡ་མཱནྟ་ཀྲྀཏ་ཨ་གཙྪ་ཨཱ་གཙྪ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོྃ་པི་ཤུན་ཡ་མཱནྟ་ཀྲྀཏ་ཨ་གཙྪ་ཨཱ་གཙྪ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོྃ་རཱ་ག་ཡ་མཱནྟ་ཀྲྀཏ་ཨཱ་གཙྪ་ཨཱ་གཙྪ་ཧཱུྃ་ཧཱུྃ་ཕཊ་ཕཊ།
ཨོྃ་ཨཱིརྵ་ཡ་མཱནྟ་ཀྲྀཏ་ཨཱ་གཙྪ་ཨཱ་གཙྪ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །དེ་ནས་གཏི་མུག་དགའ་མ་སྒྲུབ་པར་འདོད་ན་གཏི་མུག་དགའ་མ་ལྟ་བུའི་སྔར་བརྗོད་པའི་ལྷ་མོའི་གཟུགས་མ་ཧེ་ལ་ཞོན་པ་བདག་ཉིད་དང་ལྷན་ཅིག་པ་བྱས་ནས་སྔར་བཞིན་དུ་མནན་ཏེ།
ཇི་སྲིད་དུ་འོངས་ནས་ཅི་བགྱི་བར་འགྱུར་རོ་ཞེས་སྨྲ་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་བརྩམས་ནས་སྒྲུབ་པ་པོ་མངོན་པར་འདོད་པ་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་བཞིན་དུ་ཕྲ་མ་དགའ་མ་དང་། འདོད་ཆགས་དགའ་མ་དང་། ཕྲག་དོག་དགའ་མ་བསྒྲུབ་པར་བྱའོ། །
དེ་ནས་སྔགས་ནི། ཨོྃ་མོ་ཧཱ་ར་ཏི་ཨཱ་གཙྪ་ཨཱ་གཙྪ་ཧཱུྃ་ཛཿ ཨོྃ་པི་ཤུ་ནཱ་ར་ཏི་ཨཱ་གཙྪ་ཨཱ་གཙྪ་ཧཱུྃ་ཛཿ ཨོྃ་རཱ་གཱ་ར་ཏི་ཨཱ་གཙྪ་ཨཱ་གཙྪ་ཧཱུྃ་ཛཿ ཨོྃ་ཨཱིཛྱ་ར་ཏི་ཨཱ་གཙྪ་ཨཱ་གཙྪ་ཧཱུྃ་ཛཿ ཞེས་བཟླས་པར་བྱའོ། །ཡང་ན། ཨོྃ་བཛྲ་ཙརྩི་ཀེ་ཨ་གཙྪ་ཨཱ་
གཙྪ་ཧཱུྃ་ཛཿ དེ་བཞིན་དུ། བཛྲ་ཝཱ་རཱ་ཧཱི། བཛྲ་སྭ་ར་སྭ་སྟི། བཛྲ་གཽ་རཱི་ཞེས་བཟླས་པར་བྱའོ། །དེ་ནས་གནོད་སྦྱིན་སྒྲུབ་པར་འདོད་ན། དེའི་ཚེ་འཇིག་རྟེན་གྱི་དངོས་གྲུབ་སྒྲུབ་པའི་འདུ་ཤེས་ཀྱིས་གནོད་སྦྱིན་གྱི་གཟུགས་བརྙན་བྱས་ཏེ། དེ་མནན་ཏེ་བསྒྲུབ་པར་བྱའོ། །

བཀའ་བསྒོ་བ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་བཞིན་དུ་གནོད་སྦྱིན་མོ་དང་། ཀླུ་དང་། ཀླུ་མོ་དང་། ཡི་དགས་དང་། ཡི་དགས་མོ་དང་། ཤ་ཟ་དང་། ཤ་ཟ་མོ་དང་། ལྷ་དང་། ལྷ་མོ་དང་། མི་དང་། མི་མོ་ཡང་ངོ་། །གཞན་ཡང་མངོན་དུ་
བསྒྲུབ་པར་བྱས་ཏེ། ཨོྃ་ཧྲཱིཿཥྚྲིཿབི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་སཱ་དྷ་ཡ་ས་དྷ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །དེ་ནས་རྡོ་རྗེ་ད་བྱུག་པ་སྒྲུབ་པར་འདོད་ན། སྐར་མ་རྒྱལ་ལ་རྡོ་རྗེའི་དབྱུག་པ་ཤིང་ལས་བྱུང་བ་སོར་མོ་སུམ་ཅུ་པའི་དབྱུག་པ་བྱས་ནས། བ་བྱུང་ལྔས་བྱུགས་
ཏེ། ཙནྡན་དང་། མེ་ཏོག་གི་ཕྲེང་བ་ས་ཉེ་བར་མཛེས་པར་བྱས་པའམ། ཡང་ན་གང་ཞིག་རྩེ་མོ་རལ་གྲིའི་ཚུལ་གྱིས་བཟུང་ནས་ཇི་སྲིད་དུ་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་དབྱུག་པ་འཛིན་པར་འགྱུར་ཏེ། གཤིན་རྗེའི་གཤེད་དང་མཚུངས་པར་ཕ་རོལ་གནོན་ཏོ། །
ཨོྃ་ཧྲཱིཿཥྚྲིཿ བི་ཀྲྀ་ཏཱ་ན་ན་བཛྲ་ད་ཎྜ་ཛྭཱ་ལ་ཡ་ཛྭཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །དེ་ནས་ཐོད་པ་སྒྲུབ་པར་འདོད་ན་བདུད་འཇོམས་པའི་གཟུགས་ཐོད་པ་སོར་མོ་སུམ་ཅུ་སོ་གཉིས་པ་བྱས་ནས་སྔར་བཞིན་དུ་ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་
པས་བཀབ་ནས་ཇི་སྲིད་དུ་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །འབྲས་བུ་ནི་དེ་ལྟ་བུ་ཁོ་ནའོ། །སྔགས་ལ་ནི། ཀ་པཱ་ལཾ་ཛྭཱ་ལ་ཡ་ཞེས་པ་ཁྱད་པར་རོ། །དེ་ནས་དབྱུག་པའི་ཕྱག་རྒྱ་བསྒྲུབ་པར་བྱ་སྟེ། དེའི་ཚེ་ལག་པ་གཡས་པ་ཁུ་ཚུར་བྱས་ནས་སྡིགས་མཛུབ་བརྐྱང་
བར་བྱའོ། །དེའི་ཕྱག་རྒྱ་བཅིངས་ནས་ཇི་སྲིད་དུ་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་གཤིན་རྗེའི་གཤེད་ཀྱི་གཟུགས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །སྔགས་ལ་ནི། དཎྜ་མུ་དྲཱཾ་ཛྭཱ་ལ་ཡ། ཞེས་པ་ཁྱད་པར་རོ། །འདི་ནི་འདོད་པ་ལྔ་པོ་ཐམས་ཅད་ལ་ཉེ་བར་
ལོངས་སྤྱོད་པ་ཉིད་ཀྱིས་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་ཏེ། ཇི་ལྟར་རྙེད་པའི་དམ་ཚིག་གི་རྫས་བསམ་པ་རབ་ཏུ་རྫོགས་པའི་དོན་དུ་བཟའ་བར་བྱ་ཞིང་། བཏུང་བར་བྱའོ། །ཡང་ནས་ཡང་དུ་གང་ཅི་འང་རུང་། །དེ་ཀུན་གདོན་མི་ཟ་བར་ཡང་། །བཟའ་བྱ་ཐམས་ཅད་བཏུང་བར་བར་བྱ། །

ཕུད་ཀུན་གཤིན་རྗེའི་གཤེད་ལ་དབུལ། །ཞེས་པ་དངོས་གྲུབ་ཆེན་པོ་སྒྲུབ་པའི་ཆོ་གའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དངོས་གྲུབ་ཕྲན་ཚེགས་སྒྲུབ་པར་འདོད་ན། དེ་ལ་ཞི་བ་ཅན་ལ་སོགས་པ་བསྒྲུབ་པར་བྱ་སྟེ། གྲོ་ག་ལ་ཡང་ལན་བརྒྱ་རྩ་བརྒྱད་དུ་
བསྔགས་པའི་འོ་མས་རྩིབས་བཅུ་གཉིས་པའི་འཁོར་ལོ་སོ་གོ་ཐ་དད་པ་མངོན་པར་བྲི་བར་བྱའོ། །དེའི་ཤར་སྒོ་ནས་བརྩམས་ཏེ། གཡས་སྐོར་གྱིས་ཡི་གེ་བཅུ་གཉིས་བྲི་བར་བྱའོ། །ཨོྃ་ཧྲཱིཿཥྚྲིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། དབུས་སུ་ཆུའི་ས་བོན་བཾ་ཡིག་བྲི་བར་བྱ་སྟེ།
རྃ་ཡིག་གཉིས་ཀྱི་ཁ་སྦྱར་ལ་བསྒྲུབ་བྱའི་མིང་དེའི་དབུས་སུ་བྲི་བར་བྱའོ། །ཕྱི་རོལ་ཏུ་ཡི་གེས་བསྐོར་བར་བྱའོ། །དེ་ནས་ཁ་སྦྱོར་དུ་བྱས་ནས་སྐུད་པ་དཀར་པོས་དཀྲིས་ནས་མྱོས་བྱེད་ཀྱིས་དཀྲིས་ཏེ་བརྒྱ་རྩ་བརྒྱད་དུ་བྱིན་གྱིས་བརླབས་ལ་འོ་མས་གང་བའི་བུམ་པ་བཅུག་སྟེ།
སྔགས་བཟླས་པར་བྱའོ། །ཇི་ལྟར་འབྱོར་བའི་མཆོད་པ་བྱས་ནས། ཨོྃ་ཧྲཱིཿཥྚྲིཿབི་ཀྲྀ་ཏཱ་ན་ན་བ་དེ་བ་དཏྟ་སྱ་ཤཱནྟིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་པ་བྱ་སྟེ་ཞི་བར་འགྱུར་རོ། །འཇིག་རྟེན་པ་རྣམས་ཀྱིསྡིག་པ་དང་ནད་ལ་སོགས་པ་ཉེ་བར་འཚེ་བ་ལ་གྲོང་གི་ཕྱོགས་བཅུ་རྣམས་
སུ། ཨོྃ་ཧྲཱིཿཥྚྲིཿཔི་ཀྲྀ་ཏཱ་ན་ན་ཨ་མུ་ཀ་གྲུ་མ་སྱ་སརྦོ་པ་དྲ་ཝ་ཤཱནྟིཾ་ཀུ་རུ་ཀུ་རུ་ཧེ་ཧེ་བ་ལིཾ་གྲྀཧྞ་གྲྀཧྞ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་འདིས་ལན་བདུན་དུ་བྱིན་གྱིས་བརླབས་ནས་ཆོ་གས་གཏོར་མ་སྦྱིན་པར་བྱའོ། །ཕྱི་རོལ་ལ་སོགས་པར་མདུན་དུ་བྱས་ཏེ་འོ་མས་སྦགས་པའི་སྦྱིན་སྲེག་
གྲོང་གི་དབུས་ཇི་སྲིད་པར་བྱས་ན་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་འགྱུར་རོ། །དེ་ནས་རྒྱས་པར་བྱ་བར་འདོད་ན་སྔར་བཞིན་དུ་རྡོ་རྗེ་གཉིས་མངོན་པར་བྲིས་ཏེ། ཡི་གེ་བཅུ་གཉིས་པོ་རྣམས་ཀྱི་དབུས་སུ་བྷྲུྃ་ཡིག་དཀྱིལ་འཁོར་གྱི་འཁོར་ལོའི་རྡོ་རྗེ་བྲི་བར་བྱའོ། །དེའི་དབུས་སུ་
བསྒྲུབ་བྱའི་པཽ་ཥ་ཊ་གཉིས་ཁ་སྦྱར་བ་བྲི་བར་བྱའོ། །ཕྱི་རོལ་ཏུ་གུར་གུམ་གྱིས་གྲུ་བཞི་པའི་རི་མོ་གསུམ་གྱིས་བསྐོར་བར་བྱའོ། །དེ་སྐུད་པ་སེར་པོས་དཀྲིས་ནས་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་ཏེ། མར་དང་སྦྲང་རྩིས་གང་བའི་བུམ་པར་བཅུག་ནས་སྔགས་བཟླས་

པར་བྱའོ། །ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་སྔགས་བཟླས་པར་བྱ་སྟེ། ཨོྃ་ཧྲཱིཿཥྚྲིཿབི་ཀྲྀ་ཏཱ་ན་ན་བྷྲུྃ་པཽ་ཥཊ་ལྷ་སྦྱིན་གྱི་པུཥྚིཾ་ཀུ་རུ་པཽ་ཥཊ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །ཇི་སྲིད་དུ་ནོར་འཕེལ་ཞིང་རྒྱས་པར་གྱུར་གྱི་བར་དུའོ། །
སྔགས་བཟླས་པའི་བར་མ་ཆད་པར་ཞོའི་ཟན་གྱིས་སྦྱིན་སྲེག་བྱའོ། །དེ་ནས་དབང་དུ་བྱེད་པར་འདོད་ན་སྔར་བཞིན་དུ་འཁོར་ལོ་གཉིས་ལ་སེ་ན་རྩིའི་ཁུ་བས་ཡི་གེ་བཅུ་གཉིས་པོ་རྣམས་མངོན་པར་བྲིས་ཏེ། དབུས་སུ་ཧྲིཿཡིག་ཀུ་རུ་ཀུམྦྷའི་ས་བོན་ནོ། །དབུས་སུ་ཧོཿཡིག་གཉིས་
ཁ་སྦྱར་བ་ཀུན་ཏུ་བྲིའོ། །ཕྱི་རོལ་ཏུ་གྲུ་གསུམ་པའི་རི་མོས་བསྐོར་བར་བྱའོ། །དེ་ནས་སྲད་བུ་དམར་པོས་ཀུན་ཏུ་དཀྲིས་ནས་བརྒྱ་རྩ་བརྒྱད་དུ་བྱིན་གྱིས་བརླབས་ལ་མར་དང་སྦྲང་རྩིས་གང་བའི་ཁམ་ཕོར་ལ་རྒྱ་སྐྱེགས་ཀྱི་ཁུ་བས་བྲིས་ཏེ་བཅུག་ནས་ཇི་ལྟར་འབྱོར་པའི་མཆོད་པ་
བྱས་ནས་སྔགས་བཟླས་པར་བྱའོ། །ཨོྃ་ཧྲཱིཿཥྚྲིཿབི་ཀྲྀ་ཏཱ་ན་ན་ཧྲཱིཿཧོཿ ལྷ་སྦྱིན་གྱིས་ལྷ་བྱིན་ལ། ཝ་ཤ་མ་ན་ཡ་ཧོཿཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཇི་སྲིད་དབང་དུ་གྱུར་གྱི་བར་དུ་བཟླས་པར་བྱའོ། །སྔགས་བཟླས་པའི་མཐར་ནི་ལན་ཚྭ་དང་ལྷན་ཅིག་པའི་མེ་ཏོག་ཁ་
དོག་དམར་པོའི་སྦྱིན་སྲེག་བྱའོ། །དེ་ནས་གོང་བུ་དགུག་པར་སེམས་ན་དུར་ཁྲོད་ཀྱིསོལ་བ་དང་སའི་གཟུགས་བརྙན་གྱི་དབུས་སུ་སྔགས་དང་དེ་ཉིད་ཀྱི་མིང་སྙིང་གར་བཅུག་སྟེ། རྐང་པའི་མཐེ་བོས་མན་ནས་བཟླས་པ་བྱ་སྟེ། འདི་ཁོ་ན་བསྒྲུབ་བྱའི་གོང་བུ་ཞེས་ཇི་སྲིད་དུ་གོང་བུ་
ཁུགས་པར་གྱུར་གྱི་བར་དུ་བཟླས་པར་བྱའོ། །སྔགས་ལ་ནི། ཝ་ཤ་མཱ་