Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 082_རྒྱུད་འབུམ།_ཆ

Văn bản gốc(Tây Tạng)

Trang 1 / 20 (50.000 ký tự/trang)
༄༅། །རྒྱུད་འབུམ་ཆ་བ་བཞུགས་སོ། །

༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་བཛྲ་ས་མུཙྩ་ཡ། བོད་སྐད་དུ། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ། དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་
བདག་གིས་ཐོས་པ་ཡི། །དུས་གཅིག་ཚེ་ན་བཅོམ་ལྡན་འདས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བའི་དབྱིངས་སུ་བདག་ཉིད་ཀྱིས། །ཡེ་ཤེས་ངོ་བོར་བཞུགས་གྱུར་པས། །
སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །རོ་མཉམ་དམ་ཚིག་རྡོ་རྗེ་ཉིད། །མི་ཕྱེད་ཏིང་འཛིན་སྙོམས་ཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ནི། །སེམས་དཔའ་ཆེན་པོ་བྱམས་པ་
སོགས། །རྣམས་ཀྱིས་ཞུས་ཤིང་གསོལ་བཏབ་ནི། །དེ་ནས་བཅོམ་ལྡན་འདས་ལ་ཞུས། །མ་རིག་པ་དང་སེམས་བྱུང་དང་། །སེམས་ཞེས་བགྱི་བ་ཇི་ལྟར་ལགས། །དེ་སྐད་ཅེས་ནི་
གསོལ་པ་དང་། །བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི། །སྐུ་གསུང་ཐུགས་ཉིད་རྡོ་རྗེ་ཡི། །བདག་ཉིད་ཅན་གྱིས་བཀའ་སྩལ་པ། །རིགས་ཀྱི་བུ་རྣམས་ལེགས་ཉོན་ཅིག །ཡེ་ཤེས་

གསུམ་ནི་རྡོ་རྗེ་ལས། །བྱང་སེམས་རྡོ་རྗེ་དེ་བཞིན་ཉིད། །ཡང་དག་འབྱུང་པ་དེ་ཡི་ཕྱིར། །ཡེ་ཤེས་རྡོ་རྗེའི་རང་བཞིན་ནི། །དེ་ཡི་དོན་ནི་འདི་ལྟ་སྟེ། །ཡེ་ཤེས་གསུམ་ནི་དག་པའི་སེམས་སྣང་བ་གསུམ་གྱི་འབྱུང་གནས་རྡོ་རྗེ་ལས་མི་ཕྱེད་པ་
རླུང་རིག་ཐ་མི་དད་དུ་གནས་པ་ཉིད་དེ། བྱང་ཆུབ་སེམས་ནི་ཀུན་རྫོབ་དོན་དམ་དབྱེར་མེད་པ་སྟེ། རྡོ་རྗེ་དེ་བཞིན་ཉིད་ནི་གདོད་མ་ནས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལས་ཡང་དག་པར་འབྱུང་བ་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་བདེ་ཆེན། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་
རྗེ་ལས་འབྱུང་ཞིང་འཇུག་ལ་གནས་པ་དེའི་ཕྱིར་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་རྡོ་རྗེ་རླུང་སེམས་དབྱེར་མེད་ཐོགས་པ་མེད་པས་ཁྱབ་ཅིང་དབང་བྱེད་པ་ཉིད་དོ། །དེ་བཞིན་གཤེགས་པ་ཀུན་གྱི་དགོངས་པ་ནི། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་
ཉིད། །མངོན་བར་བྱང་ཆུབ་ཉིད་ལས་རབ་འབྱུང་བ། །རླུང་རིག་དབྱེར་མེད་པ་ལས་དུས་ཀུན་ཏུ། །སྣང་བ་གསུམ་དུ་ཤར་བ་འགག་པ་མེད། །དེ་ཉིད་ལྷན་ཅིག་སྐྱེས་པར་རབ་རྟོགས་བྱ། །ཡང་དག་དོན་ནི་ཟབ་པ་སྟེ། །རྡོ་རྗེའི་ངོ་བོར་ཡང་དག་བཤད་ཀྱི་དོན་ལ་ནི། །
གསང་བ་ཡང་དག་བྱང་ཆུབ་སེམས། །རླུང་སེམས་དབྱེར་མེད་ཆོས་ཉིད་ལས། །ཟབ་པ་མི་འགྱུར་རང་རིག་ནི། །སྤྲོས་མེད་འགག་པ་མེད་ཅིང་ཞི། །སྐྱེ་མེད་མཉམ་ཉིད་ངང་ལས་ནི། །རྟོགས་པ་མེད་ཀྱང་རྒྱུ་རྐྱེན་ལས། །ཤེས་པ་མ་རིག་དེ་ཉིད་ནི། །འབྱུང་གནས་
ཐོག་མ་མཐའ་མ་མེད། །དེ་ལས་ལྷན་སྐྱེས་མ་རིག་པ། །ཉེ་བར་ཐོབ་པ་དངོས་མེད་པ། །བདག་མེད་ཐམས་ཅད་སྙིང་པོ་ལས། །སྣང་མེད་པ་ལས་མ་འགགས་པས། །རིམ་པ་མ་ཡིན་འཆར་བ་ཡང་། །ཟབ་པ་སྟོང་ཆེན་པོར་འབྱུང་བའི། །མ་རིག་པ་ལས་

རྐྱེན་སྣང་བ། །སྣང་བ་ཐོབ་པ་མི་རྟོག་པ། །དེ་ལས་རང་བཞིན་སེམས་ལས་བྱུང་། །དེ་ལས་སྣང་བ་མཆེད་པ་སྟེ། །ཤིན་ཏུ་གསལ་ཞིང་སྟོང་པ་ཆེ། །སེམས་ལས་འབྱུང་བའི་རྒྱན་དག་ནི། །རྒྱུ་དང་མིག་ཡུལ་དབང་པོ་དང་། །མཚུངས་པའི་དེ་མ་ཐག་པ་ལས། །སེམས་
ཞེས་བྱ་བ་འབྱུང་བ་སྟེ། །དེ་ནི་སྣང་བའི་དོན་དང་ནི། །སྟོང་པ་ཉིད་དུ་གསུངས་པ་ཡིན། །སེམས་ནི་དོན་ལ་གནས་པ་སྟེ། །སེམས་བྱུང་བྱེ་བྲག་རྣམ་པར་སྟོན། །མ་རིག་དེ་ཉིད་ཆོས་ཉིད་དེ། །ཆོས་ཉིད་བདག་ཉིད་མི་གནས་པས། །སྣང་དང་སྟོང་པ་དེ་དག་ནི། །གསུམ་གསུམ་
སྤྲོས་པ་མེད་འབྱུང་བ། །འོད་གསལ་ངང་ལས་འབྱུང་བ་སྟེ། །གསལ་བདེ་སྟོང་པ་དབྱེར་མེད་པས། །རྡོ་རྗེ་བྱང་སེམས་ངོ་བོར་བསྟན། །ཅེས་པས་བསྟན་ཏེ། དེ་ནས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་དེའི་དུས་ལ་ཤིན་ཏུ་ངོ་མཚར་ཅན་དུ་ངོ་མཚར་སྐྱེས་
ཏེ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་ཅན་གྱི། བྱང་ཆུབ་སེམས་དཔའ་དེ་རྣམས་ཅང་མི་སྨྲ་བར་གྱུར་པ་གཟིགས་ནས་བཀའ་སྩལ་པ་ཅིའི་ཕྱིར་ཅང་མི་སྨྲ་བར་འདུག །དེ་
ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ། མགོ་བོས་གཏུགས་ཏེ་གཞན་ཡང་ཞུས་པ། ཨེ་མ་ཧོ་སྟོན་པ་རྡོ་རྗེ་འཛིན། །རྟོགས་པར་དཀའ་བའི་རྣམ་ཤེས་ནི། །གསུམ་གྱི་དབྱེ་བ་མཆོག་ཟབ་པ། །བཅོམ་ལྡན་
འདས་ཀྱིས་བཤད་དུ་གསོལ། །བདེ་བར་གཤེགས་པས་གསུང་དུ་གསོལ། །དེ་སྐད་ཅེས་ནི་ཞུས་པ་དང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་དག་འོད་གསལ་ལས་བྱུང་དེ་ཉིད་ནི། །སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས། །ཆོས་རྣམས་ཀུན་གྱི་རྩ་བར་
གྱུར་པ་སྟེ། །ཀུན་ཉོན་མོངས་དང་རྣམ་པར་བྱང་བ་ཡི། །བདག་ཉིད་དེ་ལས་རྟོགས་པ་གཉིས་རིག་བྱེད། །རྣམ་ཤེས་དེ་ཡི་བཞོན་པ་རླུང་ཡིན་ཏེ། །རླུང་ལས་མེ་དང་མེ་ལས་ཆུ་འབྱུང་ཞིང་། །ཆུ་ལས་ས་ཡང་རབ་ཏུ་འབྱུང་བར་བཤད། །དེ་རྣམས་འདུས་ལས་ཕུང་པོ་ལྔ་

ཉིད་དང་། །སྐྱེ་མཆེད་དྲུག་དང་ཡུལ་ལྡར་སྣང་བ་གང་། །དེ་དག་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། །རླུང་དང་རྣམ་ཤེས་ཉེ་བར་འདྲེས་པའོ། །དེ་ནས་རྣམ་པར་ཤེས་པ་གསུམ་གྱིས་ནི། །རང་བཞིན་གྱི་ནི་སྣང་བར་རབ་གསལ་བར། །སྤྱོད་པ་རྗེས་སུ་མྱོང་བར་བྱེད་
བའོ། །སྣང་བའི་རྒྱུ་འབྲས་ཀྱིས་ནི་རང་བཞིན་རྣམས། །ཡང་དག་པར་ཡང་རབ་ཏུ་འབྱུང་བ་དང་། །རྨི་ལམ་སྒྱུ་མ་ལྟར་ནི་སྣང་བའོ། །དེ་ཡང་འོད་གསལ་གནས་པ་མེད་པ་དང་། །འགག་པ་དང་ནི་སྐྱེ་བ་མེད་པ་སྟེ། །དོན་དམ་བདེན་པ་ཡང་དག་པ་ཡི་མཐའ། །དེ་ལས་འབྱུང་
བ་མུན་པའི་སྣང་བ་ནི། །འགོག་པ་མ་རིག་པ་ཞེས་བྱ་བར་བསྟན། །དེ་ཡི་རང་བཞིན་སྣང་བ་དང་། །འཁྲུལ་དང་རྣམ་པར་གཡེང་བ་དང་། །དྲན་པ་མེད་དང་ལེ་ལོ་དང་། །མི་སྨྲ་བ་དང་མི་གསལ་བའོ། །མ་རིག་པ་ཡང་སེམས་ལས་བྱུང་བ་སྟེ། །ངོ་བོ་ཆོས་ཉིད་རྣམ་པར་མི་
རྟོག་པ། །མར་མེ་ལྟར་འབར་སྣང་བ་ཉེར་ཐོབ་ལས། །རླུང་གི་ཁམས་ཉིད་ཕྲ་བར་འཇུག་པས་ནི། །མ་ནིང་ལྟར་ནི་ཤེས་དང་མི་གསལ་བའོ། །ཉི་མའི་སྣང་བ་ལྟ་བུར་བསྟན་པ་དང་། །ཤིན་ཏུ་གསལ་བའི་སྨིག་རྒྱུ་ལྟ་བུ་སྟེ། །དེ་ཡི་རང་བཞིན་ཆགས་དང་དགའ་བ་དང་། །མཆོག་
ཏུ་དགའ་དང་དྲག་པོ་ལ་སོགས་པའོ། །ཀུན་རྫོབ་ཏུ་ནི་མངོན་སུམ་གྱིས་བསྟན་དང་། །སྐྱེས་པའི་གཟུགས་དང་ཡབ་ལྷའི་ཚོགས་དག་དང་། །མཚན་མ་རྡོ་རྗེ་ཞེས་ནི་རང་བརྟགས་པའོ། །སེམས་ལས་སེམས་ཞེས་བཤད་པ་ཡིན། །ཟླ་བའི་སྣང་དང་ཤིན་ཏུ་གསལ་བ་སྟེ། །ཆུ་ཡི་
ཟླ་བ་ལྟ་བུར་བསྟན་པའོ། །རང་བཞིན་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པའོ། །ཀུན་རྫོབ་ཏུ་གསལ་བ་ལས། བུད་མེད་དང་། བྷ་ག་དང་། པདྨ་དང་ལྷ་མོའི་ཚོགས་ཀྱི་བརྡའོ། །འདིར་ཆོས་ཐམས་ཅད་ཀྱི་གནས་ལུགས་བསྟན་པར་བྱ་བའི་ཕྱིར། གང་དག་འོད་གསལ་ལས་བྱུང་
དེ་ཉིད་ནི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་འོད་གསལ་དབྱིངས་ལས། རིག་པ་རྟོག་མེད་ཀྱི་ཤེས་པ་ཕྲ་བའི་རླུང་དང་ལྷན་ཅིག་ཏུ་འབྱུང་བས་ན། སེམས་ནི་ཀུན་གཞིའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་སྤྲོ་བ་དང་སྡུད་པར་བྱེད་པའོ། །རྣམ་པར་ཤེས་པ་ནི་ཚོགས་བརྒྱད་དང་ལྡན་

པའོ། །ཆོས་རྣམས་ཀུན་གྱི་རྩ་བར་གྱུར་པ་ནི། བྱང་ཆུབ་ཀྱི་སེམས་མི་འགྱུར་བ་རྡོ་རྗེ་ནམ་མཁའ་མཉམ་པ་ཉིད་དོ། །ས་བོན་མ་དག་པ་ལས་འགྲོ་བ་འཁྲུལ་པ་ཀུན་ནས་ཉོན་མོངས་པར་སྣང་ལ། བག་ཆགས་དག་ལས་འཁྲུལ་པ་ལས་ལོག་པ། རྣམ་པར་བྱང་བ་ཉིད་དུ་ཡང་
དག་པར་སྣང་བའོ། །ཕྱི་རོལ་པས་བརྟགས་པའི་ཐ་སྙད་སྣ་ཚོགས་པ་བདག་ཏུ་བརྟགས་པ་དེ་ལས། རྟོག་པ་གཉིས་སུ་གྱུར་པ་སྟེ། གཟུང་འཛིན་དུ་འབྱུང་བའོ། །བདག་དང་གཞན་ནི་བདག་དང་བདག་གི་བར་འཛིན་པ་གཉིས་སུ་བརྟགས་པས། དངོས་པོ་དང་མཚན་མར་འཛིན་པ།
སེམས་སུ་རིག་པར་བྱེད་པ་ཉིད་དོ། །དེ་ལས་རྣམ་པར་ཤེས་པ་ཉིད་དུ་སྣང་། དེ་ཉིད་དུ་ཆོས་ཉིད་ཀྱི་རླུང་ལས། འོད་སྣང་རང་བྱུང་གི་སྣང་བར་ཤར་བའོ། །དེར་ལས་རླུང་ལས་ཀུན་དུ་གཡོ་བས། ཆགས་པ་ལས་མེ་བྱུང་། བསྲུབ་པ་ལས་ཞེ་སྡང་གི་ཆུ་སྣང་། དྲོད་གཤེར་ལས་གཏི་མུག་
གི་སའི་ཁམས་བསྐྱེད་ཅིང་། དེར་འབྱུང་བ་ལྔ་ལྷན་ཅིག་ཏུ་ཚོགས་ཤིང་འདུས་པ་ལས། རྩ་ཀུན་གཞིའི་རིག་པ་སྙིང་ག་ཙམ་དུ་བརྟེན་ཏེ། དེ་ལས་གཟུང་འཛིན་དུ་འཁྲུལ་པ་ལས། དེ་རྣམས་འདུས་པ་ལས་ཕུང་པོ་ལྔ་དང་ནི་སྐྱེ་མཆེད་དྲུག་དང་ཡུལ་ལྔར་སྣང་བ་སྟེ། དེ་ཉིད་རླུང་དང་རྣམ་
ཤེས་ཐ་དད་མེད་པར་ཉེ་བར་འདྲེས་པས། འགག་པ་མེད་པ་ཀུན་དུ་སྣང་བརྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དུའོ། །ཆོས་ཉིད་རྟོག་མེད་ཀྱི་ངང་ལས། རླུང་དང་ལྷན་ཅིག་ཏུ་འབྱུང་བས། སྲིད་པ་བར་དོར་ཡུལ་ལ་སྤྱོད་ཚུལ་ནི། དེ་ནས་རྣམ་པར་ཤེས་པ་གསུམ་གྱི་ནི། རྐྱེན་ལས་འཆར་
བའི་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་སྟེ། རྒྱུའི་རྐྱེན་དང་། དམིགས་པ་དང་། དབང་པོ་བདག་པོ་དང་། མཚུངས་པ་དེ་མ་ཐག་པ་ལས། མངོན་པར་འབྱུང་བ། རྟོག་པ་དང་ལྡན་པའི་རང་བཞིན་གྱི་སྣང་བ། རང་བཞིན་སུམ་ཅུ་རྩ་གསུམ་དང་། མཚན་ཉིད་བཞི་བཅུ་
དང་མ་རིག་པའི་སྐད་ཅིག་མ་བདུན་དུ་རབ་ཏུ་གསལ་བར་ཉིན་དང་མཚན་དུ་སྤྱོད་པས། རྗེས་སུ་ཉམས་སུ་མྱོང་བར་བྱེད་པ་མ་དག་པའི་དུས་སོ། །ཡང་རླུང་དལ་ཞིང་རིག་པ་ཅུང་ཟད་གནས་པའི་ཚེ། སྣང་བ་གསུམ་གྱི་རྒྱུ་འབྲས་ཐམས་ཅད་སྒྱུ་མ་ལྟ་བུར་གྱུར་པས། རང་བཞིན་རྣམ་པ་ཐམས་

ཅད་ཡེ་ཤེས་ཀྱི་ངང་དུ་རང་དག་རང་ཞི་རང་སར་གྲོལ་བས། ཡང་དག་པར་རབ་ཏུ་འབྱུང་བ། དེ་བཞིན་ཉིད་དུ་བདེ་བ། གསལ་བ། སྟོང་ཞིང་བདག་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་བས། བག་ཆགས་རྣམ་པར་དག་པའི་བར་དོར་རྨི་ལམ་གྱི་བར་དོར་
ལུས་ངག་སྒྱུ་མ་ལྟར་ཀུན་དུ་སྣང་བའོ། །སྒྱུ་ལུས་ཀྱི་སྣང་བ་དེ་ཉིད་ཀུན་རྫོབ་ཀྱི་སྤྱོད་པ་དག་པར་བྱེད་པའི་ཕྱིར། དེ་ཡང་འོད་གསལ་བ་ལ་རབ་ཏུ་འཇུག་པས་རིལ་པོར་འཛིན་པ་དང་། རྗེས་སུ་གཞིག་པའི་བསམ་གཏན་གྱིས་ལྷན་ཅིག་སྐྱེས་པའི་དྲི་མ་རྣམ་པར་དག་པའི་ཚེ། གང་ལ་ཡང་
གནས་པ་མེད་པ་དང་། ཆོས་རྣམས་ཀུན་ལ་འགག་པ་མེད་པ་དང་། གནས་པ་མེད་ཅིང་། སྐྱེ་བ་མེད་པ་སྟེ། སྤྲོས་མེད་དོན་དམ་པའི་བདེན་པ་རབ་ཏུ་མི་གནས་པའི་དོན། ཡང་དག་པའི་མཐའ་སྣང་བ་མེད་པ་ཞེས་བྱའོ། །དེ་ཉིད་ལས་ནི་ལུགས་ལས་བཟློག་གྱུར་པའི། །མུན་
པ་ལྟ་བུའི་སྣང་བ་ཕྲ་རླུང་ལས། །འགོག་པ་མ་རིག་པ་ཞེས་བྱ་བར་བསྟན། །དེ་ཡི་རང་བཞིན་སྣང་བ་འབྱུང་བ་དང་། །འཁྲུལ་དང་རྣམ་གཡེང་ཐེ་ཚོམ་དང་། བརྗེད་ངས་བ་དང་ལེ་ལོ་དང་། །མི་སྨྲ་གྱུར་དང་སྐྱོ་གྱུར་པའོ། །མ་རིག་པ་ཡང་སེམས་ལས་བྱུང་བ་སྟེ། །སྣང་བ་ཉེར་ཐོབ་
མར་མེ་ལྟར་འབར་ལས། །ངོ་བོ་ཆོས་ཉིད་རྣམ་པར་མི་རྟོག་པ། །རླུང་གི་ཁམས་ཉིད་ཕྲ་བར་འཇུག་པས་ནི། །མ་ནིང་ལྟར་ནི་ཤེས་པ་མ་གཡོས་པའོ། །པདྨ་འདབ་བརྒྱད་ལྟེ་བར་ལྡན་པ་ལ། །སྟོང་པ་བཞི་བཅས་མ་ནིང་ཡི་གེ་གནས། ཧྲཱིཿནི་ཐིག་ལེ་ལྡན་པ་དབུས་སུ་དམིགས། །
སྣང་བ་ཐོབ་པ་ཉིད་ཀྱི་དོན་འདིའོ། །སྣང་བ་མཆེད་པ་ཉི་མ་ལྟ་བུར་བསྟན། །ཤིན་ཏུ་གསལ་བ་སྨིག་རྒྱུ་ལྟ་བུ་སྟེ། །དེ་ཡི་རང་བཞིན་འདོད་ཆགས་དགའ་བ་དང་། །མཆོག་ཏུ་དགའ་བ་དྲག་པོ་ལ་སོགས་པའོ། །ཀུན་རྫོབ་ཏུ་ནི་མངོན་སུམ་གྱིས་བསྟན་དང་། །སྐྱེས་པའི་གཟུགས་དང་
ལྷ་ཡི་ཚོགས་དག་དང་། །མཚན་མ་རྡོ་རྗེ་ཞེས་ནི་རང་བརྟགས་པའོ། །པདྨ་དེ་ཉིད་ལྟེ་བར་ཉི་མའི་དལ། །དབུས་སུ་རྡོ་རྗེ་ཐིག་ལེ་ལྡན་པ་ལ། ཀཱ་ལི་གསལ་བྱེད་ཡི་གེ་སུམ་ཅུ་བདུན། །སྣང་བ་མཆེད་པ་དེ་ཉིད་གསལ་བའོ། །སེམས་ལས་བྱུང་བ་ལ་ནི་སེམས་ཞེས་བཤད། །ཟླ་བའི་སྣང་བ་

རབ་ཏུ་གསལ་བ་སྟེ། །ཆུ་ཡི་ཟླ་བ་ལྟ་བུར་བསྟན་པའོ། །རང་བཞིན་ཆགས་པ་དང་བྲལ་ལ་སོགས་པའོ། །ཀུན་རྫོབ་གསལ་བ་ལས་ནི་བུད་མེད་དང་། །བྷ་ག་པདྨ་ལྷ་མོའི་ཚོགས་ཀྱི་བརྡའོ། །སྔ་མ་ལྟར་ལས་ཟླ་དབུས་པདྨར་བཅས། །དབྱངས་ཡིག་ཕྱོགས་སུ་བརྐྱང་བ་འོད་
འབར་བ། །མཚམས་སུ་ཟུང་བཅས་བཅུ་གཉིས་རིམ་པར་དགོད། །གསང་སྔགས་འཁོར་ལོ་རིམ་པ་ཀུན་རྫོགས་བྱེད། །དམིགས་བཅས་བཟླས་པ་སེམས་གསུམ་སྒྱུ་མར་འཆར། །འོད་གསལ་ཡེ་ཤེས་ངང་ལས་ཟུང་འཇུག་པའོ། །སྣང་བ་མཆེད་པ་བདེ་བ་སྟེ། །གཟུང་
དུ་མེད་པས་ཆགས་ཞེན་བྲལ། །ཉི་མ་ལྟར་གསལ་ངང་གིས་བདེ། །འགྲོ་འོང་གནས་ཉིད་སྐད་ཅིག་མ། །མཚན་མ་བྲལ་བའི་ཏིང་ངེ་འཛིན། །གོ་འབྱེད་མུན་པ་འཇོམས་པའོ། །སྣང་བ་ཐོབ་པའི་ཡེ་ཤེས་སེམས། །རྣམ་པར་མི་རྟོག་བདག་ཉིད་ཅན། །མ་རིག་དེ་ཉིད་རྣམ་
དག་པ། །མུན་པ་མེད་ཅིང་སྣང་བ་བྲལ། །སྒྲོན་མེ་ལྟར་འཆར་ལྷུན་གྲུབ་པ། །གཡོ་མེད་མི་གཡོ་རྣམ་དག་པའོ། །གནས་མེད་ཆོས་ཉིད་ངང་དུ་དག །སྟོང་དང་སྟོང་པ་ཆེན་པོ་དང་། །ཤིན་ཏུ་སྟོང་པ་དངོས་མེད་པ། །ཐམས་ཅད་སྟོང་པ་ཟག་པ་མེད། །ཉེ་བར་ཐོབ་པ་སྣང་མེད་པ། །
མཁའ་ལྟར་དག་པ་འོད་གསལ་བ། །མཉམ་མེད་གཉིས་མེད་ཕྱག་རྒྱ་ཆེ། །ལྷན་ཅིག་སྐྱེས་པ་ཆོས་ཀྱི་དབྱིངས། །ལྷག་མཐོང་དམིགས་པ་ཀུན་ལས་འདས། །ཀུན་ཁྱབ་ཞི་བ་སྤྲོས་མེད་པ། །སྟོང་ཉིད་ངང་ལས་རྟོག་པ་དང་། །མི་རྟོག་མཐའ་ལས་འདས་པ་སྟེ། །ཆོས་ཉིད་ཟབ་དང་
རྒྱ་ཆེ་བའི། །རྒྱ་མཚོ་ཆེན་པོ་རང་དངོས་ལ། །རྩྭ་ཤིང་གཡོ་བཅས་སྣ་ཚོགས་པ། །སྟེང་དུ་ལྷུང་ཞིང་འགྲོ་འོང་ཉིད། །དུ་མས་ཁེབས་ཤིང་བསྐྱོད་གྱུར་ཀྱང་། །རྟོག་མེད་རང་བཞིན་གནས་མེད་པས། །རོ་གཅིག་འགྱུར་མེད་མཁའ་ལྟར་རོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་
ལས་རབ་ཏུ་བྱེད་པ་དང་པོའོ། །རྣལ་འབྱོར་ལུས་ཉིད་སྒྱུ་མ་རྨི་ལམ་ལྟར། །གནས་ལུས་ངེས་པར་འགྱུར་བ་དེ་ཉིད་ལས། །རྡོ་རྗེ་པདྨ་ཡང་དག་པར་སྦྱོར་བ་ཤེས་རབ་ཀྱི་ཡེ་ཤེས་རབ་ཏུ་འབྱུང་བ་ལས་རང་གི་རྡོ་རྗེ་སྦྱོར་བ་ལས་མེའོ། །མེ་ལས་ཆུ། ཆུ་ལས་ནུར་

ནུར་པོ་རྣམས་དང་། དེ་ནས་མེར་མེར་པོ་རྣམས་དང་། ནར་ནར་པོ་དང་། གོར་གོར་པོ་དག་གོ། །དེ་ནས་འདོད་ཆགས་དང་བྲལ་བའི་སྣང་བ་ལས་ཏེ། ཁྲག་གི་གོང་བུ་ལས་མཁྲང་འགྱུར་རྣམས་སོ། །ཁྱབ་འཇུག་རུས་སྦལ་གྱི་རྣམ་པ་ཅན་དེ་དག་ཕ་མའི་ཁུ་ཁྲག་
དག་གིས་བསྐྱེད་པའོ། །དེ་ནས་དབང་པོ་གཉིས་མཉམ་པར་སྦྱོར་བའི་ཆགས་པ་ལས། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་བར་མའི་ཆ་ལས་ཤེས་པར་བྱ་སྟེ། དེ་ལས་རྩ་རྣམས་ལུས་ལ་མངོན་པར་འབྱུང་བ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་
པ། ཀུན་འདར་མ་དང་། རོ་མ་དང་། བརྐྱང་མ་དང་། ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། སྤྱི་བོ་དང་། གསང་བ་དང་། མཛོད་སྤུའི་འཁོར་ལོ་དག་དང་། ཡང་ན་སུམ་ཅུ་གཉིས་དང་། རྩ་ཁ་གསུམ་པ་དང་། རྩ་ལུ་གུ་རྒྱུད་དང་། རྩ་བའི་མིག་ལྟ་བུ་དང་། རྩ་
བར་ཏ་ཀ་རིན་པོ་ཆེའི་ཕོ་བྲང་དང་། རྩ་རིག་པའི་གནས་དང་། གཞུ་ཆེན་གྱི་དབྱིབས་དང་། བདེ་སྐྱོང་ནོར་བུའི་འཁོར་ལོ་སྟེ། དབྱིབས་ཐ་དད་དུ་མ་ལས་ཡི་གེའི་རྣམ་པ་སོགས་སྲོག་ཏུ་གྱུར་པ་སྙིང་པོར་གནས་པ་ལས། ཁམས་གསུམ་པའི་འགྲོ་བའི་རྒྱུད་དཔག་ཏུ་མེད་པ་
ལས་སྐྱོན་དང་ཡོན་ཏན་མཐའ་དག་གི་རྟེན་ཅན་ཏེ། དེའི་ཕྱིར་ལུས་དང་ལུས་ལས་འབྱུང་བའི་དཀྱིལ་འཁོར་དུ་འཆར་བ་ལ་སོགས་པའི་ཕྱག་རྒྱ་དང་། གསུང་གི་བཟླས་པའི་ཕྱིར་ཕྱག་རྒྱ་དང་། བསྒོམ་པའི་ཕྱག་རྒྱ་གསུམ་དུ་གྱུར་པ་དང་། ཨཱ་ལི་ཀཱ་ལི་ལས་ཡང་དག་པར་འབྱུང་བའི་
སྔགས་དང་སེམས་ཀྱི་ཐབས་སུ་གྱུར་པ་ཤེས་རབ་དང་། མི་ཕྱེད་པས་བདེ་བ་ཆེན་པོ་ལྟར་དམིགས་པའོ། །ཡབ་ཡུམ་བསྲུབས་པའི་བདེ་བ་དེ་ཉིད་ལས། །གནས་སྐབས་དག་ལས་རིགས་ཀྱི་ཆ་ཐོབ་པ། །མངོན་པར་བྱང་ཆུབ་ཡེ་ཤེས་ལྔར་འབྱུང་ལས། །ལུས་རྫོགས་འབྱུང་
བས་བྱ་བ་བྱེད་འགྱུར་བའོ། །ཆོས་རྣམས་ཀུན་ནི་བདག་ཏུ་བསྒྲུབ་པ་དང་། །བདག་ནི་ལྷར་བསྒྲུབ་ལྷ་ཉིད་ཡེ་ཤེས་སོ། །གཟུགས་ལ་སོགས་པའི་ཡུལ་དབང་པོ་གཉིས་ཐབས་སུ་གྱུར་པའོ། །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི། སེམས་དང་སེམས་ལས་འབྱུང་བ་

དག་གི་ཐབས་སུ་གྱུར་པའོ། །སེམས་ལས་བྱུང་བ་མཉམ་པར་སྦྱོར་བའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་ཐབས་ཤེས་རབ་རོ་མཉམ་པར་གྱུར་པའོ། །དེ་སྒྱུ་མ་ལྟ་བུའི་དཔེ་ཉེ་བར་མཚོན་ཏེ། དེ་ནས་དེ་བཞིན་གཤེགས་པ་གངྒའི་བྱེ་མ་སྙེད་ཀྱི་ཞིང་ཁམས་རྣམས། སྒྱུ་
མ་ལྟ་བུ་དང་། ཆུ་ཟླ་དང་། མིག་ཡོར་དང་། སྨིག་རྒྱུ་དང་། རྨི་ལམ་དང་། སྒྲ་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། མིག་འཕྲུལ་དང་། དབང་པོའི་གཞུ་དང་། གློག་དང་། ཆུ་བུར་དང་། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས། བདེ་
བ་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པའི་ཚུལ་ལོ། །རྡོ་རྗེ་ལུས་ཀྱི་རྩ་དང་རླུང་། །ཡི་གེ་ཐིག་ལེ་གནས་པ་དག །དབྱངས་དང་གསལ་བྱེད་ཚོགས་རྣམས་ལས། །ཐབས་དང་ཤེས་རབ་རོ་མཉམ་འཆར། །གསལ་དང་བདེ་བ་བརྟེན་པ་ཉིད། །མི་རྟོག་ཆོས་ཉིད་དང་
ལས་ནི། །རླུང་དང་ཤེས་པ་མཉམ་དུ་ཡང་། །འབྱུང་འཇུག་གནས་པ་ཉིད་ཡིན་ནོ། །ཆོས་ཉིད་སྣང་བ་ཀུན་གཞི་སྟེ། །རྣམ་ཤེས་མ་བཅོས་རང་གསལ་བ། །སྒྲིབ་མེད་རང་བྱུང་ཀུན་ཏུ་ནི། །གཡོ་བཅས་འགྱུར་མེད་ཀུན་ཏུ་ནི། །དེ་ཉིད་གནས་པ་རྟེན་གྱུར་པའོ། །རྣམ་
པ་སེམས་བྱུང་འཆར་བ་ཡང་། །དུ་མ་ཉིད་ནི་གོ་རིམས་དང་། །གོ་རིམས་མེད་པའི་རང་བཞིན་རྣམས། །རྟོག་པའི་འདུ་འཕྲོ་རྐྱེན་གྱིས་བསྒྱུར། །ཆགས་བྲལ་གསུམ་དུ་འབྱུང་བ་ཉིད། །ཡིད་ལ་བྱེད་པ་འགྲོ་འོང་དང་། །རིག་པ་རྒོད་པར་བྱེད་དང་ཡིད་འབྱུང་བའོ། །མྱ་ངམ་
གསུམ་ནི་མ་དད་པ། །ཞེ་སྡང་མེད་པས་ཞི་བར་གནས། །ཀུན་ཏུ་རྟོག་པ་ཁོང་ཁྲོ་བ། །འཇིགས་པ་ཙམ་མོ་འཚིག་པ་སྟེ། །རེག་པ་ཁྲེ་བོའི་སྤྱོད་པ་དང་། །འཁོན་དུ་འཛིན་ཉིད་འཇིགས་ཆེན་པོ། །སྲེད་པ་ཆེ་འབྲིང་གསུམ་འབྱུང་བ། །ཉེར་ལེན་བཞི་སྟེ་འཆབ་པ་ཅན། །མི་དགེ་
བཀྲེས་སྐོམ་གདུང་བ་པོ། །རིག་འཛིན་ཡིད་ལ་བྱེད་པ་བཞི། །རིག་པ་པོ་སྟེ་གནས་པ་ལས། །ཚོམ་པར་བྱེད་པ་ཚོར་བ་ནི། །རྣམ་པ་གསུམ་སྟེ་སེམས་པའོ། །གཉིད་དང་འགྱོད་པ་རྟོག་དཔྱོད་པ། །ངོ་ཚ་ཤེས་དང་བག་ཡོད་པ། །རྣམ་པར་མི་འཚེ་སྙིང་རྗེ་དང་། །བརྩེ་བ་བྱམས་

པ་གསུམ་གསུམ་དང་། །དོགས་དང་བསགས་པ་སེར་སྣ་དང་། །ཕྲག་དོག་རྟོག་པ་རང་བཞིན་ཏེ། །སྣང་བའི་ངང་དུ་སྤྲོ་ཞིང་སྡུད། །ཆགས་པ་ཞེན་དང་དགའ་བ་དང་། །དགའ་ཞིང་ཤིན་ཏུ་དགའ་བ་སྟེ། །འདོད་ཆགས་རྟོགས་པར་འབྱུང་བའོ། །བདེ་
བས་ཡི་རངས་གཏི་མུག་མེད། །རབ་ཏུ་མགུ་བ་ཤེས་རབ་དང་། །ངོ་མཚར་དགོད་པར་བྱེད་དང་ཚིམ། །འཁྱུད་པ་ཁ་སྤྲོད་འཇིབ་པ་དང་། །རྟེན་པ་དེ་ཉིད་ཏིང་འཛིན་ཏེ། །བརྩོན་འགྲུས་བྱེད་དང་རྒྱལ་བ་དང་། །བྱ་དང་འཕྲོག་པ་ལས་གྱུར་ཡིན། །སྟོབས་ངོམ་རྒྱགས་པ་དྲེགས་བྱེད་དོ། །
མོས་པས་སྤྲོ་བར་གྱུར་པ་སྟེ། །ལྷན་ཅིག་སྐྱེས་བདག་བཏང་སྙོམས་སོ། །ཐ་དད་མེད་པ་ཤིན་ཏུའོ། །དྲུག་པོ་རྣམ་སྒེག་ཞེ་འགྲས་བྱེད། །བག་ཡོད་པ་ཡི་དགེ་བ་སྟེ། །ཚིག་གསལ་བདེན་སྨྲ་དད་པ་དང་། །གཡོ་མེད་དྲན་པ་ལྡན་པ་ཅན། །མི་བདེན་པ་དང་དེ་བཞིན་ངེས། །
ཤེས་བཞིན་མ་ཡིན་མ་ངེས་པ། །ཉེ་བར་མི་ལེན་མ་ཆགས་སེམས། །སྦྱིན་བྱེད་བསྐུལ་བ་མདུན་པ་ཉིད། །དེ་བཞིན་དེས་དང་ངོ་ཚ་མེད། །དཔའ་བས་རྣམ་པར་འཚེ་བྱེད་པ། །བག་མེད་པ་དང་ཁྲེལ་མེད་པ། །ཤེས་བཞིན་བྲལ་བ་མ་ཡིན་པ། །གཡོ་སྒྱུ་སྟོན་པས་མི་
བསྲུན་དང་། །གྱ་གྱུར་བྱེད་པ་རྒོད་བག་ཅན། །འདི་དག་རྟོག་པ་འབྱུང་བ་སྟེ། །སྣང་བ་མཆེད་པའི་ཤེས་པ་ལས། །ཀུན་ཏུ་རྒྱུ་ཞིང་འཇུག་པར་བྱེད། །མཚན་ཉིད་འདི་དག་བསྟན་པའོ། །ཆགས་པ་བར་མའི་སྐད་ཅིག་མ། །མ་རིག་པ་ཉིད་མིན་པ་ལྟར། །འཐིབས་ཤིང་
སྣང་བ་མེད་པའོ། །བརྗེད་ངས་པ་དང་རྨུགས་པའོ། །འཁྲུལ་ཆེན་ལོག་པར་ལྟ་བ་ཅན། །བརྗོད་མེད་འགོག་པས་འཇུག་པ་ཟད། །སྐྱོ་ཞིང་ལེ་ལོ་སྙོམ་ལས་བྱེད། །ཐེ་ཚོམ་གྱུར་པ་ཡིད་དཔྱོད་པ། །མ་ནིང་འབྱུང་བ་ཕྲ་བ་དང་། །རགས་པ་སྐྱེ་འགག་གནས་པ་ལས། །བག་
ཆགས་དྲི་མའི་རྟོག་པ་ཀུན། །སྣང་བ་ཐོབ་པའི་དེ་ཉིད་དུ། །སྟོང་ཉིད་སྤྲོས་པ་བྲལ་གྱུར་པས། །རྣམ་པར་དག་པ་འོད་གསལ་བའོ། །ནང་གི་རྣམ་པར་ཤེས་པ་དེ་ཉིད་ནི། །ལྷན་ཅིག་སྐྱེས་པའི་ཆོས་ཉིད་རྟོག་མེད་པ། །འོད་གསལ་ངོ་བོ་སྟོང་ཞིང་བདག་མེད་པ། །རླུང་གིས་བསྐྱོད་པས་

མཚན་མའི་རྣམ་པར་བྱུང་། །དེ་ཡི་སྐད་ཅིག་རང་བཞིན་འབྱུང་འཇུག་པ། །མཚན་མ་སྣང་བ་གསུམ་དུ་མངོན་པར་འབྱུང་། །དེ་བས་ན་འདི་དག་ངེས་པར་རྟོགས་པས་ཇི་ལྟར་འོ་མ་དང་། ཏིལ་དག་གིས་ཡང་དག་པའི་མངོན་པར་འདུ་བྱ་བ་མེད་པ་དང་། ཏིལ་མར་གྱི་འབྱུང་བ་དེ་བཞིན་དུ་
སྔགས་དང་ཕྱག་རྒྱ་མངོན་པར་འདུ་བྱ་བའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་མེད་པར་རྣམ་པར་ཤེས་པ་གསུམ་ཉེ་བར་བརྟག་པར་མི་ནུས་སོ། །གང་དུ་རླུང་མེད་ན་ཀུན་གཞི་རྟེན་པ་མེད་པའོ། །གང་དུ་ཀུན་གཞིའི་རྟེན་པ་མེད་ན་རྣམ་པར་ཤེས་པར་མི་འགྱུར་རོ། །རྣམ་པར་ཤེས་པ་ཉིད་མེད་
ན་གང་བྷ་ག་དང་ལིངྒ་ཡང་དག་པར་སྦྱོར་བར་ནུས་པ་མེད་དེ། དེས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་དོ། །ཇི་ལྟར་འོ་མ་བསྲུབས་པ་ལས་མར་དང་། ཇི་ལྟར་ཏིལ་མར་ཏེ། དེ་བཞིན་དུ་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ཉེ་བར་བརྟག་པའི་ཕྱིར་དང་། པདྨ་ཤེས་རབ་ཀྱི་ཡེ་ཤེས་ཉེ་བར་བརྟག་
པའི་ཕྱིར་རོ། །ཡུལ་འཇུག་པ་མེད་ཅིང་། དེ་ལ་སེམས་པ་མེད་པས། རྣམ་པར་ཤེས་པའི་བཞོན་པ་རླུང་མེད་དོ། །དེ་མེད་པས་ཕྱི་རོལ་འབྱུང་བ་ཆེན་པོ་བཞི་དང་། ནང་ཁམས་དང་སྐྱེ་མཆེད་མེད་པར་འགྱུར་ཏེ། སྣང་བ་གསུམ་དུ་དམིགས་པ་ཡང་མི་འབྱུང་བས། ཡང་དག་པའི་
མཐའ་ལ་རབ་ཏུ་འཇུག་པ་མེད་པ་ན། ཟུང་དུ་འཇུག་པར་མི་འགྱུར་རོ། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །བླ་མ་རྡོ་རྗེ་འཛིན་པ་ལ། །མོས་གུས་མཐར་ཕྱིན་གྱུར་པས་ནི། །ལམ་གྱི་རིམ་པ་ཀུན་རྫོགས་པ། །སྒྲིབ་དག་ཡོན་ཏན་ཐོབ་པ་སྟེ། །དབང་གི་རྒྱལ་བ་རྙེད་པ་བཞིན། །ལས་
དང་དངོས་གྲུབ་མ་ལུས་པ། །ཡེ་ཤེས་མི་ཟད་གནས་ཐོབ་བོ། །གང་རྣལ་འབྱོར་ལམ་གྱི་རིམ་པ་ཐམས་ཅད་ཅིག་ཅར་དུ་རྫོགས་པ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་ལྷག་པར་མོས་པ་ཙམ་གྱིས། ལས་དང་པོ་པ་ལ་གནས་པར་འགྱུར་ཏེ་ཕྱིར་མི་ལྡོག་པ་ལ་ཡང་གནས་པར་འགྱུར་རོ། །
དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་གཉིས་པའོ། །སྤྱི་དོན་མདོ་ལྟར་སྟོན་པ་བདག་མེད་པ། །ཨེ་ནི་ཆོས་ཏེ་བྃ་ནི་གང་ཟག་གིས། །སྟོང་པ་ཞི་བ་དངོས་པོ་མེད་པ་ཉིད། །ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀུན། །རང་བཞིན་མེད་པའི་ཆོས་

རྣམས་ཐམས་ཅད་བྲལ། །བླང་དོར་མེད་པའི་ཡེ་ཤེས་མཉམ་པ་ཉིད། །ཨེ་ནི་སྟོང་ཉིད་སྤྲོས་དང་བྲལ་བ་ལས། བཾ་ནི་ཐབས་མཆོག་སྙིང་རྗེ་ཆེན་པོར་བསྟན། །གཉིས་མེད་མཉམ་པ་བྱང་སེམས་རོ་གཅིག་པའོ། །རྣམ་ཐར་སྒོ་གསུམ་ཕ་རོལ་ཕྱིན་པ་དྲུག །
ཚད་མེད་བཞི་དང་བསྡུ་བའི་དངོས་པོ་བཞི། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཏེ། །སོ་སོ་ཡང་དག་རིག་དང་མ་འདྲེས་ཆོས། །སྟོབས་བཅུ་མི་འཇིགས་བཞི་དང་བསྲུང་བ་མེད། །མཁྱེན་པ་རྒྱས་པ་དེ་ཉིད་ཀུན་ཁྱབ་མཛད། །ཨེ་བྃ་བརྟན་གཡོ་སྣང་དང་སྟོང་པ་ལས། །ཕུང་
པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ནི། །ལྷ་ཡི་བདག་ཉིད་དཀྱིལ་འཁོར་དག་ཏུའོ། །ཡིག་དོན་སྒྲ་དང་ཐ་སྙད་དུ་མ་རྣམས། །བརྟགས་པ་མེད་དེ་སྣ་ཚོགས་རྐྱེན་གྱུར་ལས། །རྒྱུ་འབྲས་རབ་བྱེད་སྒྱུ་མར་སྣང་བ་ཀུན། །འཇིག་རྟེན་རིགས་བྱེད་མཚོན་བྱེད་སྒྲ་ལྡན་པའོ། །འདོད་ཆགས་
ཆོས་ཀྱི་སྦས་པ་ཞེས་བྱ་བ། །རྣལ་འབྱོར་ཐབས་དང་ཤེས་རབ་མཉམ་སྦྱོར་ལས། །སྣ་ཚོགས་དགའ་བ་དང་པོ་རྗེས་ཆགས་དང་། །རྣམ་པར་སྨིན་པ་མཆོག་ཏུ་བདེ་བ་ཉིད། །མཚན་ཉིད་བྲལ་བ་སྐད་ཅིག་ལྷན་ཅིག་སྐྱེས། །བདེ་བ་མི་འགྱུར་ཡེ་ཤེས་ཕྱག་རྒྱ་ཆེ། །རྣམ་པར་ཉིད་པ་དགའ་བྲལ་
རྗེས་ལའོ། །དེ་ཉིད་སྙིང་པོ་བླ་མེད་བྱང་ཆུབ་སེམས། །བདེ་སྟོང་དབྱེར་མེད་བྱང་ཆུབ་ཆེན་པོའོ། །ཀུན་ད་བྱང་སེམས་ཡེ་ཤེས་མེས་སྦྱངས་པས། །ཟག་མེད་བདེ་བས་ལུས་སེམས་རྣམ་དག་པའོ། །འཇིག་རྟེན་ཀུན་དུ་བརྟན་པ་སྣ་ཚོགས་པ། །དེ་རྟེན་འབྱུང་བ་འདུས་པའི་རི་རབ་དང་། །
གཞལ་མེད་ཁང་སོགས་དངོས་པོ་འཁྲུལ་ལས་སྣང་། །བརྟེན་པ་འགྲོ་བརྒྱུད་ཁམས་གསུམ་སེམས་ཅན་ཀུན། །སྒྱུ་མ་ལྟ་བུར་སྐྱེ་ཞིང་འགག་པར་འགྱུར། །འཁོར་བ་ཡུལ་དང་དབང་པོ་རྟོག་པར་བྱུང་། །དེ་བཞིན་གཤེགས་པ་བྱིན་གྱིས་བརླབས་པ་ལས། །ཟློག་བྱེད་ཡང་དག་
ཀུན་རྫོབ་ལམ་བསྟན་པས། །དངོས་པོ་མཚན་མར་འཛིན་པ་ལས་ལོག་ནས། །རང་བཞིན་བདེན་དོན་རྟོགས་པས་བྱང་ཆུབ་ཐོབ། །འོད་གསལ་བ་ཡི་དེ་ཉིད་ནི། །ཤེས་པ་སྤྱི་ཡི་ཁྱད་པར་ལས། །དེ་ལས་སེམས་ནི་མ་བཅོས་པ། །གནས་ལུགས་ཕྱོགས་སུ་མ་ལྷུང་བས། །དེ་ཡང་རྟོག་

མེད་ཆོས་ཉིད་ཀྱི། །སྣང་བ་གསུམ་དུ་མངོན་པར་འབྱུང་། །ཡུལ་དང་ཡུལ་ཅན་གནས་སྐབས་ལས། །རྒྱ་མཚོ་རབ་ཏུ་དངས་པ་ལས། །དེ་ལས་རླུང་གིས་བསྐྱོད་གྱུར་པས། །རྦ་རླབས་འབྱུང་བ་ཇི་བཞིན་དུ། །རང་བཞིན་སེམས་བྱུང་རྟོག་ཚོགས་བྱུང་། །གནས་རྒྱུ་དུས་དང་རྐྱེན་
དབང་གིས། གནས་ན་འོད་གསལ་སྟོང་ཉིད་ལས། །རྒྱུ་ནི་རླུང་སེམས་དབྱེར་མེད་པས། །དུས་གསུམ་དུས་མེད་སྐད་ཅིག་མར། །ངོ་བོ་སྟོང་པ་རླུང་གིས་བསྐྱོད། །རྐྱེན་ལས་མཚན་མའི་ཆོས་སུ་སྣང་། །གནས་སྒྲུབ་བྱེ་བྲག་ཐ་དད་པས། །རྣམ་ཤེས་དེ་ཉིད་འབུལ་བ་དང་། །མ་འཁྲུལ་
པ་ལས་ཁྱད་པར་དུ། །དགེ་དང་མི་དགེ་སྣ་ཚོགས་ལས། །བདེ་སྡུག་ཉམས་སུ་མྱོང་གྱུར་པས། །ལས་དང་ཉོན་མོངས་བག་ཆགས་ལས། །ལུས་ངག་ཡིད་ཀྱིས་སྤྱོད་པར་སྣང་། །མ་དག་དག་བྱེད་བླ་མ་ཡི། །གདམས་པས་ཀུན་ལས་གྲོལ་བར་འགྱུར། །བསོད་ནམས་བསོད་ནམས་
མ་ཡིན་ལས། །རྒྱུ་འབྲས་སྣ་ཚོགས་སྣང་བ་ཡང་། །ནམ་མཁའ་ལྟ་བུའི་ངང་ལས་ནི། །ནམ་མཁའ་ལྟ་བུའི་ཆོ་འཕྲུལ་བྱུང་། །དེ་ཉིད་སྐྱེ་མེད་རང་བཞིན་ལས། །འགག་པ་མེད་པར་གནས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། །དེ་ཉིད་བདག་མེད་ཆོས་ཉིད་ལས། །སྤྲོས་མེད་
དངོས་དང་དངོས་མེད་ཀྱི། །མ་འདྲེས་ཡོངས་རྫོགས་གནས་མེད་པའོ། །རྒྱར་ནི་གོ་རིམས་བཞིན་དུ་གནས་པ་ལ། །སྡུད་བྱེད་གོ་རིམས་འཆོལ་བ་འཁོར་ལོ་བརྟན། །དམ་ཚིག་ཀུན་ལྡན་ཕྱག་རྒྱ་སྙིང་པོ་ཉིད། །ཀུན་དོར་འབྱུང་ལྔ་ལྷ་མོ་རྡོ་རྗེ་དབྱིངས། །བདེ་ཆེན་རྡོ་རྗེ་གསང་བ་ཕུན་སུམ་ཚོགས། །
དེ་ཉིད་མི་འགྱུར་འབྱུང་གནས་ཐིམ་གྱུར་གང་། །སྐད་ཅིག་རྒྱན་རྫོགས་བུམ་པ་གང་བ་ལྟར། །བདུད་རྩི་གཙུག་ཏོར་ཡེ་ཤེས་རྒྱལ་བར་གྱུར། །རྗོད་བྱེད་འབྲུ་གསུམ་བརྗོད་བྱ་བཛྲ་དྷྲྀཀ །བྱ་བ་རྫོགས་པའི་རྣམ་པར་སྐྱེ་བ་སྟེ། །སྣང་བ་ཐོབ་པ་ལྷན་ཅིག་ཏུ་གནས་པས་ཡུལ་ལྡན་པ་སྣང་བ་མཆེད་པ།
རྟོག་ཅིང་བའི་བྱེ་བྲག་ལ་རིག་པ་འཇུག་པས་བྲད་པ་སྣང་བའོ། །བྱམས་པས་གསོལ་བ། སྦས་པའི་དོན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་རྫོབ་བདེན་པས་སྦས་པ་ནི་གང་དུ་སྣོད་བཅུད་མ་ལུས་པ་སྣང་བ་སྒྱུ་མ་ལྟ་བུར་བདག་བྱིན་གྱིས་བརླབ་པ་རང་བཞིན་གྱིས་བདེན་

པ་རྣམ་པར་དག་པའོ། །སེམས་སྣང་བ་གསུམ་གྱིས་སྦས་པ་ནི་གང་ཆོས་ཉིད་ལས་ཡང་དག་པར་འབྱུང་བ། ཐོབ་པ་དང་། མཆེད་པ་དང་། སྣང་བ་ནི་སེམས་ཡེ་ཤེས་ཀུན་ཏུ་རྣམ་པར་རྟོག་པ་མེད་པ་བཞིན་དུ་རང་བཞིན་དང་བཅས་པར་འབྱུང་བའོ། །ཆོས་ཀྱིས་སྤས་པ་ནི་བདེ་
བའི་དོན་གང་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བའི་བདེ་བས། རང་བཞིན་རྣམ་པར་དག་པའི་སྣང་བ་གསུམ་ཉེ་བར་མཚོན་པར་བྱེད་པ་དེ་ནི། བདེ་བ་ཆེན་པོའི་གོ་འཕང་རབ་ཏུ་གནས་པར་འགྱུར་རོ། །འདི་ནི་སྦས་པའི་བཤད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་
གསོལ་བ། བཅོམ་ལྡན་འདས་སྤྱིའི་དོན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉན་ཐོས་ལ་སོགས་པ་འདོད་ཆགས་དང་བྲལ་པའི་ཆོས་ལ་སྤྱོད་པ། རྣམ་པར་རྟོག་པའི་བག་ཆགས་ལས་མ་གྲོལ་བ། རྣལ་འབྱོར་ཆེན་པོའི་རྒྱུད་མཐའ་དག་ཏུ། རྡོ་རྗེ་བཙུན་མོའི་བྷ་ག་ལ་
བཞུགས་ཞེས་བྱ་བ་ལ་སོགས་པའི་འདོད་ཆགས་ཀྱི་ཆོས་གསལ་བར་བྱེད་པ་ངོ་མཚར་གྱི་རྡོ་རྗེའི་ཚིག་ཐོས་ནས་སྨོད་པར་བྱེད་པ་དེ་རྣམས་ལས་མི་འགལ་བའི་སྒོ་ནས་བཤད་པ་དེ་ནི་སྤྱིའི་དོན་དུ་གསུངས་པའོ། །བྱམས་པས་གསོལ་པ། ཡི་གེའི་དོན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། གང་ཡང་ཨཱ་ལི་ཀཱ་ལི་སྒྲའི་དོན་ལ་བརྟེན་ནས་རྗོད་པར་བྱེད་པ། བརྗོད་པའི་མཐའི་བྱེད་པ། མཐའ་དང་བརྗོད་པ་རྐྱེན་རྣམས་ལས་རྣམ་པར་འབྱུང་བ། རབ་ཏུ་བྱེད་པ་དང་བཅས་པ་ཐ་སྙད་སྣ་ཚོགས་པ་ལ་བརྟེན་ནས་ཆ་ཤས་ཙམ་དུ་བསྟན་པའོ། །བྱམས་པས་གསོལ་པ། ཐུན་
མོང་མ་ཡིན་པ་བླ་ན་མེད་པ་འདི་ལྟར་མཐར་ཐུག་པར་བཤད་པ་ཇི་ལྟར་བཤད་པ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ། །བྱང་ཆུབ་སེམས་དཔའ་སྙིང་རྗེ་
མཆོག་དང་ལྡན་པ་ཉོན་ཅིག །མཐའ་ནི་མུ་སྟེ། འོད་གསལ་བ་ཡང་དག་པའི་ཚུལ་ཞེས་བྱ་བ་མཐར་ཐུག་པའོ། །མཐའ་ལྡན་མཐའ་བཅས་གྲོལ་བ་ཡང་དག་མཐའ། །མཐའ་ཉིད་བཟློག་བྲལ་གྲུབ་མཐའ་ལས་འདས་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོས་གསོལ་པ།

བཅོམ་ལྡན་འདས་ཐབས་གང་གིས་མཐར་ཐུག་ཐོབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་མཐའ་སྣང་བ་གསུམ་ལས་སྟོང་པ་གསུམ་མོ། །དམིགས་པ་མེད་པ་སྒྱུ་མ་ལྟ་བུ་ལས་སྟོང་པ་གསུམ་གྱི་མཐའ་བདེ་སྟོང་འོད་
གསལ་བའོ། །བྱང་ཆུབ་སེམས་དཔའ་ཆེན་པོས་གསོལ་པ། སྟོང་པ་གསུམ་འོད་གསལ་བའི་མཐར་ཇི་ལྟར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་མེས་ཤིང་བསྲེགས་པ་སྟེ་འབར་བར་བྱེད་པ་དེ་བཞིན་དུ་འོད་གསལ་བར་ཤེས་རབ་ཀྱི་སྣང་བ་ཡེ་ཤེས་ཡུན་
རིང་པོས་རྣམ་པར་སྤྱོད་པར་བྱེད་དོ། །ཇི་ལྟར་ཏ་ལའི་ལོ་མ་ཡང་འབར་བར་བྱེད་པ་དེ་བཞིན་དུ་སྟེ་འོད་གསལ་བར་བྱེད་པ་དེ་བཞིན་དུ་ཐབས་ཀྱིས་ཡེ་ཤེས་ལ་མཆེད་པ་རྣམ་པར་སྦྱོང་བར་བྱེད་དོ། །ཇི་ལྟར་རས་བལ་གྱི་འདབ་མ་བསྲེགས་པ་དེ་བཞིན་དུ་སྣང་བ་ཐོབ་པའི་ཡེ་ཤེས་མཆོག་ཏུ་གྱུར་
པས་རྣམ་པར་སྦྱོང་བར་བྱེད་དོ། །དེའི་ཕྱིར་ཤིང་ཏ་ལའི་ལོ་མ་དང་རས་བལ་གྱི་འདབ་མ་བསྲེགས་པས་འབར་ཞིང་ཐལ་བར་གྱུར་པ་དེ་བཞིན་དུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། ཤིན་ཏུ་སྟོང་པ་དང་། ཐམས་ཅད་སྟོང་པ་རྣམས་སྣང་བ་ཉེ་བར་ཐོབ་པ་འོད་གསལ་བར་འགྱུར་རོ། །འོད་གསལ་
དོན་དམ་བདེན་པ་ཉིད། །མཉམ་ཉིད་ཡེ་ཤེས་རྟོགས་པས་ནི། །དབྱིངས་ཀྱི་དང་དུ་རྟོག་པའི་ཚོགས། །མ་དག་གཉེན་པོའི་བྱེད་པ་དང་། །རྒྱུ་རྐྱེན་ཡུལ་སྤྱོད་དངོས་པོ་ཀུན། །རྟོག་མེད་རང་འབྱུང་མེ་འབར་བས། །ཤིང་གི་བྱེ་བྲག་སྣ་ཚོགས་དང་། །རས་བལ་ཕུང་པོ་དུ་མ་ཡང་། །ཚིག་
ཅིང་དངོས་མེད་བྱེད་པ་ལྟར། །དེ་བཞིན་གཟུགས་འཛིན་མ་ལུས་པ། །ཆོས་ཀྱི་དབྱིངས་ཀྱི་གནས་ཉིད་དུ། །བསྲེགས་ཤིང་ཐིམ་གྱུར་མི་གནས་པའོ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཀུན་རྟོག་མ་ལུས་བཅོམ་གྱུར་པའི། །རྣམ་པར་དག་པའི་ཡེ་ཤེས་ཀྱི། །མཁྱེན་པ་བྱང་ཆུབ་
སེམས་ཀྱི་རྒྱུན། །མི་འགག་ཕྲིན་ལས་རྒྱུན་མི་འཆད། །མི་འགྱུར་སྟོང་ཉིད་བདེ་ཆེན་པོ། །ཟུང་འཇུག་རབ་ཏུ་མི་གནས་པ། །ཐོབ་ཏུ་མེད་ལས་ཀུན་དུ་འབྱུང་། །ལྷུན་གྲུབ་དེ་བཞིན་ཉིད་གནས་པའོ། །དེ་ཁོ་ན་ཉིད་ལས་རྟོག་པ་དང་མི་རྟོག་པ་རྣམ་པར་དག་པར་གྱུར་པས། རང་བཞིན་

སློབ་པ་དང་མི་སློབ་པའི་བྱེ་བྲག་གིས་རབ་ཏུ་མི་གནས་པའི་ངོ་བོར་འགྱུར་རོ། །འདི་ནི་མཐར་ཐུག་པའི་བཤད་པ་གསུངས་པའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་གསུམ་པའོ། །བྱམས་པས་གསོལ་པ། བཅོམ་ལྡན་འདས།
རྣལ་འབྱོར་གྱི་རྒྱུད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཐའ་དྲུག་གིས་བཤད་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དགོངས་པས་བཤད་པ་དང་དགོངས་པ་མ་ཡིན་པས་བཤད་པ་དང་། དྲང་བའི་དོན་དང་། ངེས་པའི་དོན་དང་། སྒྲ་ཇི་བཞིན་པ་དང་། སྒྲ་ཇི་
བཞིན་མ་ཡིན་པ་རྣམས་སོ། །བྱམས་པས་གསོལ་པ། ཐུགས་བརྩེ་བ་ཉེ་བར་གཞག་ཅིང་། བཅོམ་ལྡན་འདས་ཚིག་རེ་རེའི་དབྱེ་བ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐར་ཐུག་པས་བཤད་པ་དེ་ཉིད་དགོངས་པས་འཇིག་རྟེན་གྱི་སྤྱོད་པ་དང་འགལ་བ་རྨད་དུ་
བྱུང་བ་བཤད་པ་ནི་འདི་ལྟ་སྟེ། འདོད་ཆགས་མ་ཡིན་པ་དང་། འདོད་ཆགས་དང་བྲལ་བ་ཡང་མ་ཡིན་པ་དང་། བར་མ་དབུ་མ་ཉེ་བར་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་དགོངས་པས་བཤད་པའོ། །བདེ་བ་ཟག་བཅས་མ་ཡིན་ཏེ། །ཟག་པ་མེད་པའི་བདེ་བ་ཉིད། །
བདེ་བ་སྤངས་ཤིང་འབྲས་མེད་པས། །སྒྱུ་མ་ལྟ་བུར་བྱུང་བ་སྟེ། །དེ་ཉིད་བདེ་བའི་ཡེ་ཤེས་ནི། །དབུ་མ་ཙམ་དུའང་མི་དམིགས་སོ། །གང་ཟག་དབང་པོ་དམན་པ་རྣམས། །སྐྲག་བྱེད་འགལ་བ་ལྟར་སྣང་ངོ་། །དབང་པོ་མཆོག་རྣམས་ཆོས་ལ་ནི། །སྔོན་ཆད་མ་བྱུང་ཆོས་ཐོས་པས། །ངོ་
མཚར་ངེས་ཤེས་སྐྱེས་པ་ཡིས། །རྨད་དུ་གྱུར་པའི་ཏིང་འཛིན་ཐོབ། །རྣམ་པར་གྲོལ་ཐོབ་མཚན་ཉིད་དོ། །ཕྱི་རོལ་གསང་བར་སྨྲ་ལ་སོགས། །མ་དག་དག་པར་འདོད་པ་དང་། །མ་གྲོལ་གྲོལ་འདོད་དགག་པ་དང་། །རང་གར་འཇུག་པ་དགག་པའི་ཕྱིར། །ཅུང་ཟད་འཇིག་རྟེན་བརྟགས་
པ་ལས། །བཟློག་ཕྱིར་ཡེ་ཤེས་ཟབ་མོའི་དོན། །གནས་ལུགས་འཁྲུལ་པ་རྣམ་དག་སྟེ། །དེ་ཉིད་སྙིང་པོ་དགོངས་ཏེ་བཤད། །ལུས་དང་ངག་དང་ཡིད་མེད་པ་དང་། བདག་མེད་པ་དང་། ཐམས་ཅད་སྟོང་པ་དང་། དག་པ་དང་། འོད་གསལ་བ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་ཚིག་ནི་

དགོངས་པ་མ་ཡིན་པས་བཤད་པའོ། །ཆོས་ཐམས་ཅད་ལ་དངོས་པོ་དང་མཚན་མར་འཛིན་པ་དང་། བདག་ཏུ་འཛིན་པ་ལ་དགོངས་པ་མ་ཡིན་པའི་ཕྱིར་དགོངས་པ་མིན་ཏེ། ཆོས་ཐམས་ཅད་བདག་མེད་པར་སྟོན་ཅིང་སྤྲོས་མེད་དེ་བཞིན་ཉིད་ལས་སྟོང་པ་ཉིད་དུ་སྟེན་པ་དང་། ཆོས་
ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པ་དང་། ལུས་མེད་པ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་མི་དམིགས་པ་དང་། བརྗོད་པ་ལས་འདས་པས་བདག་མེད་པ་དང་། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཡིད་མེད་པ་ནི་དགོངས་མིན་དུ་བཤད་པའོ། །ག་པུར་དང་། ཁྲག་ཆེན་པོ་དང་། ཙནྡན་
དམར་པོ་དང་རྡོ་རྗེ་དང་། པདྨ་དང་། ཡི་གེ་དང་། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་དྲང་བའི་དོན་ཏེ། ག་པུར་ནི་ཁུ་བ་དང་། ཁྲག་ཆེན་པོ་ནི་ཟླ་མཚན་གྱི་ཁྲག་དང་། ཙནྡན་དམར་པོའི་ཁུ་བ་དང་བསྲེས་པ་ནི་ཙནྡན་དམར་པོའི་ཁུ་བའོ། །རྡོ་རྗེ་དང་མཚན་མ་དང་། ཐབས་
དང་། པདྨ་བྷ་ག་དང་། ཤེས་རབ་དང་། ཡི་གེ་དང་། ཕྱག་རྒྱ་དང་། བཙུན་མོ་རྣམས་དང་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ངེས་པའི་དོན་ནོ། །ག་པུར་ནི་དཀྱིལ་འཁོར་ཡིག་འབྲུ་དང་། ཁྲག་ཆེན་པོ་ཉི་མའི་དཀྱིལ་འཁོར་ཡིག་འབྲུ་དང་། ཙནྡན་དམར་པོ་ནི་པདྨ་དམར་པོ་འདབ་
བརྒྱད་ཡིག་འབྲུ་གསུམ་དང་བཅས་པ་དང་། །རྡོ་རྗེའི་རྒྱུད་མཚན་མ་ཡབ་དང་། །པདྨ་མཚན་མ་སྟེ་ཡུམ་དང་། ཡི་གེ་ནི་སྔགས་ཏེ་ས་བོན་དང་། ཕྱག་རྒྱ་ནི་ཕྱག་མཚན་ཏེ་སྐུ་ཡོངས་སུ་གྲུབ་པ་ཕྱག་རྒྱ་བཞི་ལྡན་ནོ། །ལྷའི་སྐུ་ཡོངས་སུ་རྫོགས་པ་ཡོངས་སུ་བརྟགས་པའི་ལྷ་རྣམས་འཁྲུལ་པ་བཟློག་པ་ཐ་
མལ་པ་ལས་ནུས་པ་ཅུང་ཟད་ལྡན་པ་སྟེ་ཐུན་མོང་པའོ། །ཡང་རང་བཞིན་ཐ་མི་དད་པའི་དོན་ལས་ག་པུར་ནི་ཁུ་བ་ཀ་པུར་ཤུ་ཀི་སྟེ་རྣམ་པ་ཀུན་འདར་ལས་རྒྱུ་བ་དང་། ཁྲག་ཆེན་པོ་ནི་རང་འབྱུང་གི་ཁྲག་སྟེ་སིཧླ་རཀྟ་རྩ་རོ་མ་ནས་རྒྱུ་བ་དང་། ཙནྡན་དམར་པོའི་ཁུ་བ་ནི་ཆོས་འབྱུང་ནང་དུ་འདྲེས་པ་ལས་
ཡུམ་གྱི་པདྨའི་ཁོངས་སུ་ཡོངས་སུ་འདྲེས་ལ་དབྱེར་མེད་པ་ལས་འགྲོ་བའི་ལུས་མངོན་པར་བྱང་ཆུབ་པའི་ཚུལ་དུ་ཡོངས་སུ་རྫོགས་པ་ཉིད་དོ། །པདྨ་བྷ་ག་སྟེ་ཤེས་རབ་ཀྱི་ཆ་དང་། རྡོ་རྗེ་ལིངྒ་སྟེ་ཐབས་ཀྱི་ཆ་དང་། ཟླ་ཉི་ནུབ་པའི་ལྡོག་པ་ཆ་མཉམ་པར་གྱུར་པ་ལས་ཡི་གེ་སྟེ་ས་བོན་ཡོན་ཏན་

གྲུབ་བྱེད། ཕྱག་རྒྱ་བཞི་ལྡན་གྱི་ཡབ་ཡུམ་རྡོ་རྗེ་བཙུན་མོ་རྣམས་ཆོས་འབྱུང་ལས་མངོན་པར་བདེ་བའི་དོན་ཡེ་ཤེས་ཡང་དག་པར་བསྟན་པ་ཐུན་མོང་མ་ཡིན་པའོ། །བྱམས་པས་གསོལ་བ། དེ་དག་གི་དྲང་བའི་དོན་གང་ལགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། གང་ཡང་ཨཱ་ལི་དང་ཀཱ་ལིའི་ཡི་གེ་སྣ་ཚོགས་སྒྲའི་དོན་གྱི་སྒོ་ནས་རྗོད་པར་བྱེད་པའི་མཐའ་དང་། བརྗོད་པར་བྱ་བའི་ཐུན་མོང་གི་ཆོས་དང་། ཐུན་མོང་མ་ཡིན་པའི་གསང་བ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་བླ་ན་མེད་པ་གསང་བ་ཆེན་པོའི་གཟུངས་སྔགས་དང་
རིག་སྔགས་འདི་སྒྲའི་དེ་ཁོ་ན་ཉིད་ལ་བརྟེན་ནས་རབ་ཏུ་རྟོགས་པར་བྱ་བ་དང་། ཡང་གང་ཟག་རྟོག་གེ་པར་གྱུར་པ་རྣམས་ལ་བསྟན་གྱི་རྗོད་བྱེད་ཐུན་མོང་དུ་གྱུར་པ་མི་ཕྱེད་རྡོ་རྗེའི་ཡི་གེ་སྲོག་ཏུ་གྱུར་པ་ཆོས་ཀྱི་ཕུང་པོ་དུ་མ་ཡང་དེ་ཉིད་ལས་བྱུང་ཞིང་དེ་ཉིད་དུ་ཐིམ་པ་ནི་དྲང་བའི་དོན་དུ་བསྟན་པའོ། །
དེ་དག་ལ་ཡང་ཕུང་པོ་ལྔ་དང་། རིགས་ལྔ་དང་། འབྱུང་བ་ལྔ་དང་ཡེ་ཤེས་ལྔ་རྣམ་པར་དག་པ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དག་གོ། །ཐུག་པ་ཕྱོགས་བཅས་འགྱུར་བ་ཉིད། །ཉི་ཟླ་
ལུས་ཀྱིས་གནས་ལས་སྐྱེས། །དབང་གི་དཀྱིལ་འཁོར་གཡོ་ལྡན་པ། །གནས་བཞི་པ་ལས་ཕྱོགས་གྱུར་པ། །ཆུ་བོས་བརྒྱད་ཅུ་རྩ་བཞི་སྟེ། །སྟོང་དང་བརྒྱད་ཅུ་དྷྲྀ་འོད་ཅན། །དེ་དག་ཆོས་ཀྱི་སྒོར་གྱུར་པ། །ཕུང་པོ་བླ་ན་མེད་པར་འགྱུར། །གཉིས་ཀ་དང་བྱ་བའི་རྒྱུད་ལ་སོགས་
པ་རྣམས་སུ་དོན་གསལ་བར་གསུངས་པ་ནི་སྒྲ་ཇི་བཞིན་པ་སྟེ། འདི་ལྟ་སྟེ་དཀྱིལ་འཁོར་དང་མཆོད་སྦྱིན་དང་། གཏོར་མ་དང་། སྨན་དང་། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་རྣམས་དང་། དེ་བཞིན་དུ་འཇིག་རྟེན་པའི་དངོས་གྲུབ་ཆེན་པོ་བརྒྱད་གསུངས་པ་རྣམས་ནི་སྒྲ་ཇི་བཞིན་པ་སྟེ་
ཡི་གེའི་དོན་གྱིས་བཤད་པའོ། །དཀྱིལ་འཁོར་རྟོག་པའི་ཆོ་ག་སོགས། །སྤྱོད་པ་བསྙེན་བསྒྲུབ་འབྲས་ལྡན་པ། །ཡན་ལག་དོན་རྒྱས་རྣམ་བཤད་པ།།ཇི་བཞིན་སྒྲ་ཞེས་བསྟན་པ་ཡིན། །ཀོ་ཊ་ཀྵ། ཀོ་ཊ་བྷ་ཎ། ཀོ་ཊ་ཝེ། ཀོ་ཊ་བྷ་ཤྭ་པ། ཀ་ཏིར་ཀ །ཀོ་ལ་ཁྱ། ཀོ་ལ་བ།

ཀོ་ལ་བྷཤྠ། ཀོ་ལ་སྟ་ཐཱ། ཀོ་ལ་བྷ་བྷི། འདིས་དབང་པོ་དང་ཡུལ་གསུངས་ཏེ། དེ་ལྟ་བུ་ལ་སོགས་པ་རྡོ་རྗེའི་ཚིག་ནི་སྒྲ་ཇི་བཞིན་མ་ཡིན་པའི་སྒོ་ནས་སྦས་པའི་བཤད་པའོ། །དེ་བཞིན་གཤེགས་པའི་བརྡའི་གསང་བ་གང་། །ཀོ་ཊ་ཀྵ་སོགས་མཁའ་འགྲོས་བསྟན་པ་དང་། །
བརྡ་སྤྱོད་གསང་བ་འཇིག་རྟེན་མ་གྲགས་པས། །ཇི་བཞིན་མ་ཡིན་སྒྲར་བསྟན་པའོ། །བྱང་ཆུབ་སེམས་ཉིད་སྤྲོས་མེད་ལས། །མཐའ་བྲལ་རྣམ་པར་མི་རྟོག་པས། །དམིགས་མེད་ཕྱག་རྒྱ་ཆེན་པོ་སྟེ། །མི་གནས་ཟུང་འཇུག་བླ་ན་མེད། །རྡོ་རྗེ་རང་འབྱུང་ཏིང་ངེ་འཛིན། །དེ་བཞིན་གཤེགས་
པའི་ངོ་བོ་ཉིད། །རྒྱལ་བས་ངེས་པའི་དོན་དུ་གསུངས། །མཐའ་དྲུག་རྣམ་པར་དབྱེ་བ་གཏན་ལ་ཕབ་པའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བཞི་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་ཐེག་
པ་ཆེན་པོའི་རྒྱུད་སྡེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱུད་སྡེ་ནི་འདི་ལྟ་སྟེ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་། གཉིས་ཀའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། བྱ་བའི་རྒྱུད་དང་། རྟོག་བའི་རྒྱུད་དོ། །བྱམས་པས་གསོལ་པ། རྒྱུད་དེ་རྣམས་ཀྱི་ཚད་ཇི་ལྟར་
ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་སྟོང་ཕྲག་བཅུ་གཉིས་ཏེ་རྒྱས་པར་ཕྱེ་ན་གྲངས་མེད་དོ། །རྣལ་འབྱོར་གྱི་རྒྱུད་ལ་སྟོང་ཕྲག་དྲུག་གོ། །སྤྱོད་པའི་རྒྱུད་ལ་སྟོང་ཕྲག་བརྒྱད་དོ། །བྱ་བའི་རྒྱུད་ལ་སྟོང་ཕྲག་བཞིའོ། །རྟོག་པ་དང་ཕྲ་
མོའི་རྒྱུད་ལ་སྟོང་ཕྲག་བཞིའོ། །དེ་དག་སྟོང་ཕྲག་སུམ་ཅུ་རྩ་བཞི་སྟེ་རྒྱུད་དང་རྟོག་པའི་མིང་གི་མཐའ་མའི་ཡི་གེ་ཇི་སྙེད་པ་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་ངྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ། རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་
ཨོ་ཨཽ་ཨྃ་ཨཿ འདི་དག་ནི་མིང་གི་ཡི་གེའི་ཚོགས་རྣམས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོས་གསོལ་བ། བཅོམ་ལྡན་འདས་དེ་རྣམས་ཀྱི་བྱེད་པའི་ཆོ་ག་དང་སྒྲུབ་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་དམ་པའི་བདེན་པ་ལས་རང་བྱིན་གྱིས་

བརླབ་པའི་རིམ་གྱིས་ལངས་ཏེ་འདོད་ཆགས་ལས་བྱུང་བའི་བྱང་ཆུབ་ཀྱི་གནས་རབ་ཏུ་བསྟན་པའི་ཕྱིར་བཙུན་མོའི་འཁོར་གྱི་དབུས་སུ་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཡང་དག་པར་བཞུགས་
ཏེ། འཇིག་རྟེན་གྱི་སྤྱོད་པ་དང་འགལ་བ་རྨད་དུ་བྱུང་བ་རྡོ་རྗེའི་ཚིག་གི་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་རབ་ཏུ་སྤྱོད་དེ་བསྒྲུབ་པར་བྱའོ། །ཞེས་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གནས་སོ། །རིག་མ་དང་ལྷ་མོ་དང་ལྷན་ཅིག་ཏུ་དཀྱིལ་འཁོར་གྱི་འཁོར་ལ་དགོད་པར་བྱའོ། །དེ་ནས་
ལས་བྱེད་པའི་སྒྲུབ་པ་ལ་སོགས་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་རབ་ཏུ་སྤྱོད་དེ་སྒྲུབ་པར་བྱེད་པ་རྣལ་འབྱོར་གྱི་རྒྱུད་ལ་བཞུགས་སོ། །ལས་ཀྱི་བྱ་བ་སྣ་ཚོགས་རྒྱ་ཆེན་པོ་བྱ་བའི་རྒྱུད་ཕྱག་རྒྱ་དམིགས་པའི་མཚན་ཉིད་རབ་ཏུ་སྤྱད་པ་སྒྲུབ་པར་བྱེད་པ་ནི་སྤྱོད་པའི་རྒྱུད་ལ་བཞུགས་སོ། །འཁོར་
བ་ལ་ཤིན་ཏུ་འཇིགས་པར་དམིགས་ཤིང་ཤིན་ཏུ་གཙང་སྦྲ་བྱེད་པ་དང་། ཡེ་ཤེས་སེམས་དཔའི་བདེ་བ་མེད་པ་དང་། བདག་ཉིད་ལྷའི་བསྙེམས་པ་མེད་པ་དང་། རྨད་དུ་བྱུང་བའི་སྤྱོད་ཡུལ་རང་རྐྱེན་གྱིས་རྒྱུའི་བར་སྤྱོད་པ་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་ལ་བཞུགས་སོ། །སྔགས་
དང་སྨན་དང་། སྦྱིན་སྲེག་དང་མིག་སྨན་དང་རྐང་མགྱོགས་ལ་སོགས་པ་དངོས་གྲུབ་ཆེན་པོ་བརྒྱད་རབ་ཏུ་སྤྱད་པ་སྒྲུབ་པར་བྱེད་པ་ཕྲ་མོ་དང་རྟོག་པའི་རྒྱུད་ལ་བཞུགས་སོ། །གསང་ཆེན་རྒྱུད་ཀྱི་ངོ་བོ་དང་། །ངེས་ཚིག་སྒྲ་འཇུག་རྒྱུ་མཚན་དང་། །ཁྱད་པར་དབྱེ་ཐབས་དང་ལྡན་པ། །
གཞུང་ཚད་དང་ནི་ལྡང་ཚད་དང་། བརྗོད་བྱ་རྗོད་བྱེད་སྟོན་ཚུལ་ལོ། །སེམས་བསྐྱེད་སྔོན་འགྲོ་མཚུངས་ལྡན་པས། །ཁྱད་པར་སྨིན་ལམ་བྱིན་རླབས་ལམ། །རྗེས་སྣང་འབྲེལ་པ་ཐུན་མོང་མིན། །བདེ་བ་ལམ་མྱུར་མཐོང་ཆོས་འགྱུར། །དེ་ཉིད་ཐབས་ཟབ་བླ་ན་མེད། །དཔལ་
ལྡན་རྡོ་རྗེ་འཆང་ཆེན་གྱི། །སྐུ་གསུང་ཐུགས་ལས་མི་ཕྱེད་པ། །བདེ་ཆེན་མཆོག་གི་སྙིང་པོ་ཉིད། །ངོ་བོ་ཡེ་ཤེས་དྲི་མེད་པའོ། །ཏནྟྲ་ཞེས་པ་རྒྱུད་ཡིན་ཏེ། །ཏེནྟ་ཤེས་པ་དངོས་ལ་རྒྱུན། །ཏྲ་ཡ་དུས་གསུམ་ཐོག་མེད་པས། །འདྲེན་པ་རྟོག་ཚོགས་འཇོམས་བྱེད་པའོ། །རྒྱུན་

ཆགས་འབྲེལ་པ་མ་ཚང་མེད། །རྒྱས་བྱེད་སེམས་ཅན་ཁམས་ལས་ནི། །བྱང་ཆུབ་སེམས་དཔའ་རྣལ་འབྱོར་པ། །སངས་རྒྱས་མཛད་པ་མཐའ་ཡས་པ། །བར་མི་བཅད་ཅིང་ཡེ་ཤེས་རྒྱུན། །ཕྲིན་ལས་མི་ཟད་འཁོར་ལོ་སྟེ། །རྒྱུད་ཅེས་སྒྲར་བཏགས་དེ་ཉིད་དོ། །གླེང་
གཞི་གླེང་སློང་གསང་ཆེན་ལ། །རྒྱས་བསྡུས་ངོ་བོ་མི་འགྱུར་བ། །འཇུག་གནས་མཐར་ཕྱིན་བླ་ན་མེད། །རྡོ་རྗེ་ཐེག་པའི་ལྡང་ཚད་དོ། །སྔོན་རྒྱུ་གདུང་བ་ཤས་ཆེ་ལ། །སྤོང་བར་མི་ནུས་འཇུག་ཕྱིར་ན། །དབང་ཕྱུག་ཆེན་པོ་ལྟ་བུའོ། །ལམ་ལ་གནས་པ་རིམ་གཉིས་ཆོས། །
ངོ་བོ་མི་འགྱུར་མཆོག་གསང་བ། །ས་ལམ་བགྲོད་པ་མཐར་ཕྱིན་པས། །བླ་མའི་ལམ་ནི་གཙོར་གྱུར་པ། །བླ་ན་མེད་པ་ཚེ་འདིས་ཐོབ། །རྒྱུ་དང་ཐབས་ལམ་འབྲས་བུ་སྟེ། །གྲུབ་བྱེད་གསང་བ་རྩ་བའི་རྒྱུད། །སྙིང་པོ་མཆོག་ལས་རབ་འབྱམ་སྤྱོད། །གསལ་བྱེད་ཕྱི་མ་
བདེ་བླག་འགྱུར། །དཀའ་བ་སྤྱོད་དང་ཁ་སྐོང་བྱེད། །ཐེ་ཚོམ་སེལ་ངེས་སྟེར་བ་དང་། །དུས་རྟགས་བློ་ལ་སྦྱར་བ་སྟེ། །སྣོད་རིག་སྐལ་བའི་ཁྱད་པར་བསྟན། །གསང་བ་ཆེན་པོ་སྤྱི་དང་བྱེ་བྲག་ཐམས་ཅད་དུ། །ཐ་དད་པ་དང་གཅིག་ཏུ་གནས་པ་ཏིང་འཛིན་དང་། །མཐར་
ཐུག་རིམ་པ་དམ་ཚིག་སྐུ་གསུང་ཐུགས་དང་ནི། །སྡོམ་པའི་དེ་ཉིད་ཀུན་ཏུ་ཁྱབ་པ་བྱང་ཆུབ་སེམས། །ཡང་དག་བདེ་བ་ཆེན་པོ་ཕྱག་རྒྱས་རྒྱས་བཏབ་པ། །ཡེ་ཤེས་ཚད་མེད་རྒྱ་ཆད་ཕྱོགས་སུ་ལྷུང་བ་མེད། །མཉམ་ཉིད་སྤྲོས་པ་མེད་པ་དག་པ་ཆེན་པོ་སྟེ། །སྒྲ་དང་སྒྲ་མིན་ལས་
འདས་རྒྱུད་ནི་བླ་མེད་པའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་ལྔ་པའོ། །བྱམས་པས་གསོལ་པ། བཅོམ་ལྡན་འདས་སྦྱོར་བ་དང་པོའི་མཛད་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་བདེ་
བ་ཆེན་པོ་མི་འགྱུར་བ་འོག་མིན་ཆོས་ཀྱི་དབྱིངས་དཀྱིལ་འཁོར་ཆེན་པོ་ཡོངས་སུ་དག་པ་ཚད་མེད་པའི་ཕོ་བྲང་དུ། དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱིས་ཡོངས་སུ་བསྐོར་བའི་དབུས་སུ་བཞུགས་ཏེ། བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མེད་པ་དང་། དེ་བཞིན་གཤེགས་པ་འདུས་པའི་གསང་བ་བླ་ན་མེད་པར་དབང་བསྐུར་བ། སྐུ་གསུང་ཐུགས་རྡོ་རྗེའི་སྙིང་པོ་གསང་བ་ཆེན་པོ་ཡོངས་སུ་དག་ཅིང་ཡེ་ཤེས་ཡོངས་སུ་དག་པ་ཐོབ་པ་ནི།
དཀྱིལ་འཁོར་མ་ལུས་པའི་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འབྱུང་གནས་སུ་གྱུར་པ། སྤྲོ་བ་དང་བསྡུ་བར་མཛད་པ། སྤྲོས་པ་མེད་ཅིང་སྣང་བ་རྣམ་པར་དག་པ་དེ་ཉིད་ལ་གནས་པ་ནི་སྦྱོར་བ་དང་པོ་ཞེས་བྱའོ། །བྱམས་པས་གསོལ་པ། དཀྱིལ་འཁོར་རྒྱལ་པོ་
མཆོག་ཇི་ལྟར་དུ་སྟོན་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འདི་ཉིད་ཚད་མེད་དཀྱིལ་འཁོར་དུ། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས། །རྡོ་རྗེ་བླ་ན་མེད་པའི་མཆོག །རྟེན་དང་བརྟེན་པར་བཅས་པ་ཡི། །བདེ་གཤེགས་ཕོ་བྲང་སྙིང་
པོ་ནི། །འདོད་པ་ཁམས་ཀྱི་འགྲོ་བ་རྣམས། །རི་རབ་ཆེན་པོའི་སྟེང་དུ་ནི། །ཁང་བུ་བརྩེགས་པ་ག་ལ་བར། །དབང་པོ་བརྒྱ་བྱིན་འཁོར་བཅས་པ། །ཉེ་དབང་སུམ་ཅུ་རྩ་གཉིས་སོགས། །རིན་ཆེན་རང་བྱུང་མཆོད་སྤྲིན་ལྡན། །དབང་བསྐུར་རིམ་པ་སྟོན་པར་མཛད། །
དབང་ཕྱུག་ཨུ་མར་བཅས་པ་དང་། །ཚངས་པ་ཁྱབ་འཇུག་གདོང་དྲུག་སོགས། །འདུལ་ཕྱིར་ཡུལ་དང་དབང་པོ་ནི། །གཉིས་མེད་མཉམ་པར་སྦྱོར་བ་ལས། །ལོངས་སྤྱོད་བདེ་བའི་སྤྱོད་པ་ཡིས། །རྣམ་པར་དག་པ་བྱ་བའི་ཕྱིར། །དཀྱིལ་འཁོར་དུ་ནི་འཇུག་པར་མཛད། །
དེ་ནས་དག་ཁམས་དེ་ཉིད་དུ། །དེ་བཞིན་ཉིད་ཀྱི་ངང་ལས་འདས་པ་ཡི། །བྱང་ཆུབ་སེམས་མཆོག་རྡོ་རྗེ་བླ་མེད་པ། །ཟིལ་གནོན་རྡོ་རྗེ་ཏིང་ངེ་འཛིན་ལ་ཞུགས། །དབྱིངས་དང་ཡེ་ཤེས་དབྱེར་མེད་མཉམ་ཉིད་དང་། །རྣལ་འབྱོར་བདེ་ཆེན་མངོན་པར་བྱང་ཆུབ་པ། །ཉི་ཟླ་པདྨ་ཨཱ་
ལི་ཀཱ་ལི་བཅས། །ཐུགས་གསུང་སྐུ་ཡི་རྡོ་རྗེ་དེ་ཉིད་ལས། །འོད་སྤྲོས་འཇིག་རྟེན་ཁམས་སུ་ཁྱབ་གྱུར་པས། །བརྟན་གཡོར་བཅས་པ་ཡོངས་སུ་དག་པར་གྱུར། །བྱིན་གྱིས་བརླབས་ཀྱི་སྣང་བའི་རྒྱུད་སྦྱངས་པས། །འགྲོ་བ་རྡོ་རྗེ་སེམས་དཔའི་གོ་འཕང་བཀོད། །བདེ་

བ་དང་ནི་ཡིད་བདེ་ཐོབ་གྱུར་ཏེ། །རྗེས་སུ་རྣལ་འབྱོར་ཡེ་ཤེས་རྒྱ་མཚོ་ལས། །མི་ཕྱེད་དབང་ཕྱུག་བྱང་ཆུབ་སེམས་ཀྱི་སྐུ། །ཡེ་ཤེས་འབྱུང་བ་རྡོ་རྗེའི་ཏིང་འཛིན་ལས། །བྱིན་གྱིས་བརླབས་པའི་ཆོ་འཕྲུལ་བསྟན་པ་དང་། །སྔགས་ཀྱི་བྱིན་གྱིས་བརླབས་པ་དེ་ཉིད་
མཆོག །དབང་བསྐུར་བ་ཡི་ཆོ་འཕྲུལ་བླ་ན་མེད། །གསང་བ་ལྷུན་གྲུབ་སྙིང་པོའི་ངང་ལ་སྟེ། །ཨོཾ་ཨཱཿཧཱུྃ་དང་སྭཱ་ཧཱ་འོད་འཕྲོ་བ། །འོད་ཟེར་གྱིས་ནི་ཕྱོགས་བཅུར་ཁྱབ་པར་མཛད། ལཱཾ་མཱཾ་པཱཾ་ཏཱཾ་ཨཱཾ་ལས་འབྱུང་བ་བཞི། མེཾ་བྷཱཧཱེཾ་ཨོཾ་ཨོཾ་ཨོཾ་ཧཱུྃ་ཨོཾ་སཾ་ལས། །རྣམ་
ཤེས་བརྒྱད་ཀྱི་རང་བཞིན་སེམས་དཔའ་ཆེ། །རཱུ་ཤ་ག་ར་སྤ་སྟེ་འདོད་ཡོན་ཉིད། ཛཿཧཱུྃ་བཾ་ཧོཿཧཱུྃ་དྲུག་འོད་འབར་ལས། །མཐར་བྱེད་ཁྲོ་བོའི་རྒྱལ་པོ་ཡུམ་བཅས་བཅུ། །ཡན་ལག་ཚོགས་གནས་ཕྱོགས་ཀྱི་གདོན་འཇོམས་པའོ། །ཤིན་ཏུ་རྣལ་འབྱོར་རྫུ་འཕྲུལ་ཆོ་
འཕྲུལ་སྟོན། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་ཀྱི་རྡོ་རྗེ་འཆང་དེ་ཉིད། ཞལ་གསུམ་ཕྱག་དྲུག་རྒྱན་བཅས་གཟིགས་པར་གྱུར། །མཚན་དཔེ་རྫོགས་པ་ཕྱག་རྒྱ་ལྡན་པར་སྣང་། །དེ་ཉིད་ཆོས་དབྱིངས་རྡོ་རྗེ་ཡུམ་བཅས་བཞི། །ཆོས་
འབྱུང་ནས་བྱོན་ཐུགས་ཀའི་དབུས་མ་ནས། །དེ་བཞིན་གཤེགས་པ་དུ་མ་སྤྲོས་པ་ལས། །ཆེད་དུ་བརྗོད་པ་གསང་བ་དེ་ཉིད་གསུངས། །ཀུན་རྫོབ་ཆོ་འཕྲུལ་མི་ཟད་འཁོར་ལོ་བསྟན། །དེ་རྗེས་འདོད་པ་ཁམས་པ་གདུལ་དོན་དུ། །རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་
དང་བའི་ཚུལ། །རྣམ་སྣང་མཛད་པ་རྡོ་རྗེ་འཛིན་སྐུ་ལས། །སྐུ་ཡི་ཆ་ཞུ་ལྷ་མོའི་ཚུལ་བསྟན་པ། །སྤྲོ་དང་བསྡུ་བ་ཡེ་ཤེས་མངོན་རོལ་པའི། །སྤྱོད་པ་བདེ་ཆེན་དགྱེས་པར་བསྟན་པའོ། །དཔལ་ལྡན་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་མཆོག །རྡུལ་མེད་པ་ཉིད་གྲུ་བཞིར་བྱིན་
བརླབས་པ། །དེ་ནས་དེ་བཞིན་གཤེགས་པའི་ཚོགས་དཔག་མེད། །ཕྱོགས་དུས་ཀུན་ནས་ཁྱབ་ཅིང་ཡོངས་སུ་བསྐོར། །བྱང་ཆུབ་སེམས་ཉིད་རྡོ་རྗེ་དབུས་བཞུགས་སོ། །བཅོམ་ལྡན་རྣམ་སྣང་མཛད་པ་རིན་ཆེན་འབྱུང་། །འོད་དཔག་མེད་པ་གདོན་མི་ཟབ་ཉིད། །

བདེར་གཤེགས་དཔག་མེད་རྣམས་དང་ལྷན་ཅིག་ཏུ། །རང་སྣང་ཡེ་ཤེས་ཡུམ་དང་གཉིས་མེད་པ། །ཤིན་ཏུ་རྣལ་འབྱོར་རིམ་པ་ཡང་དག་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེས་བྱིན་རླབས་པ། །དམ་ཚིག་པ་དང་ཡེ་ཤེས་སེམས་དཔའ་ཆེ། །
ནུས་པ་བརྟན་དང་དབང་བསྐུར་རྒྱས་གདབ་པའོ། །ཏིང་འཛིན་སེམས་དཔའ་ཐུགས་ཀར་ངེས་གནས་པ། །རྣལ་འབྱོར་ཆེན་པོ་ཡི་ནི་མགོན་པོ་མཆོག །རིག་པ་ཆེན་པོའི་སྐྱེས་བུ་དེ་བཞིན་གཤེགས། །ཐབས་དང་ཤེས་རབ་གཉིས་མེད་བཞུགས་པའོ། །དེ་
བཞིན་གཤེགས་པ་དཔག་མེད་འདུས་པའི་དུས། །འཁོར་གྱི་དཀྱིལ་འཁོར་དཔག་མེད་བརྗོད་མི་མི་ལང་། །རྡོ་རྗེ་རིན་ཆེན་པདྨ་སྤྲིན་ཕྲེང་བའི། །མཆོད་པའི་ཚོགས་ཀྱིས་བར་སྣང་གང་བས་མཆོད། །རྡོ་རྗེ་འཆང་ཆེན་དེ་བཞིན་གཤེགས་པ་ལ། །དེ་བཞིན་གཤེགས་དང་
སེམས་དཔའ་ཐམས་ཅད་ཀྱིས། །ཐུན་མོང་དུ་ནི་གསོལ་བ་བཏབ་གྱུར་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །འདུས་པ་གསང་བ་ལས་བྱུང་བ། །རྡོ་རྗེ་སྙིང་པོས་བསྡུས་པ་ཡི། །བཅོམ་ལྡན་སྙིང་པོ་བཤད་དུ་གསོལ། །ཞེས་ཞུས་ཤིང་གསོལ་བ་བཏབ་པར་གྱུར་
ལ། དེ་ཚེ་རྡོ་རྗེ་འཆང་གིས་བཀའ་སྩལ་པ། །འདིར་ནི་ལེགས་ཅེས་གསང་བ་ངེས་པ་ལ། །སྤྲོ་བས་ཞུས་པ་གསང་ཆེན་བླ་མེད་ལ། །དེ་བཞིན་གཤེགས་པ་མཆོག་གྱུར་ཐམས་ཅད་ཀྱང་། །ཐེ་ཚོམ་སྐྱེ་བར་གྱུར་པ་ཡིན་པས་ན། །སེམས་དཔའ་ཁྱེད་རྣམས་ཀུན་གྱིས་
ཇི་ལྟར་རྟོགས། །བྱང་ཆུབ་སེམས་དཔའ་ཀུན་གྱིས་གསོལ་བ་ནི། །རྡོ་རྗེ་དམ་ཚིག་འབྱུང་བའི་ཚིག་གིས་ནི། །ཤིན་ཏུ་རྟོགས་པར་དཀའ་བར་གྱུར་པ་ལ། །དེ་བཞིན་གཤེགས་པ་ཉིད་ཀྱི་མཐུ་སྟོབས་ཀྱིས། །སྐལ་བར་ལྡན་པ་རྗེས་སུ་འཛིན་པར་ནི། །ནུས་པ་མཆོག་ལྡན་
ཕུན་སུམ་ཚོགས་པ་ཡི། །ཤིན་ཏུ་རབ་ཏུ་རྟོགས་པར་བྱིན་རླབས་ཤིང་། །དབང་བསྐུར་མཛད་པས་མངོན་པར་རྟོགས་མཛད་གསོལ། །རྨད་དུ་བྱུང་བའི་ཡེ་ཤེས་ཆོ་འཕྲུལ་ཀུན། །ད་ལྟ་ཉིད་དུ་གསལ་བར་བསྟན་མཛད་གསོལ། །སྦྱོར་བ་དང་པོའི་རིམ་པའོ། །དཔལ་ལྡན་

རྡོ་རྗེ་འཛིན་པ་ཡིས། །མངོན་རྫོགས་བྱང་ཆུབ་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་བཞུགས་ནས་ནི། །དང་པོའི་མགོན་པོ་ཉིད་ཀྱིས་ནི། །རིག་པ་ཆེན་པོའི་སྐྱེས་བུ་སྟེ། །ཆོས་དབྱིངས་རྡོ་རྗེ་མ་གཉིས་མེད། །དཀྱིལ་འཁོར་སྤྲོ་དང་སྡུད་པར་མཛད། །དཔལ་ལྡན་མི་བསྐྱོད་
རྡོ་རྗེས་ནི། །ཡེ་ཤེས་སྒྲོན་མ་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་པས། །བཛྲ་དྷྲྀཀ་ལས་ཕྱུང་གྱུར་ནི། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །ཨིནྡྲ་ནཱི་ལ་ཀུནྡ་ལྟར། །རཱ་ག་འབར་བའི་ཞལ་མངའ་བ། །གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན། །པདྨ་འཁོར་ལོ་
ནོར་བུ་དང་། །པདྨ་རལ་གྲི་གཡོན་དུ་སྟེ། །རྡོ་རྗེ་སྐྱིལ་ཀྲུང་རྒྱན་སྤྲས་པ། །དེ་ཉིད་སྐུ་ལས་འོད་ཟེར་ཚོགས། །སྤྲོས་ནས་ཀུན་ཏུ་བདེར་གཤེགས་ཀྱིས། །ཕྱོགས་བཅུའི་ཞིང་ཁམས་ཁྱབ་མཛད་ནས། །འགྲོ་སྦྱངས་དག་པར་གྱུར་ནས་ནི། །སྨིན་བར་ནས་ཞུགས་
ཐུགས་ཀར་ཐིམ། །དེ་ནི་དེ་མ་ཐག་ཏུ་ཡང་། །བཅོམ་ལྡན་ཞེ་སྡང་རྡོ་རྗེར་གྱུར། །རིན་ཆེན་སྣ་ཚོགས་སེང་གེའི་ཁྲི། །ཟླ་བ་ཉི་མའི་སྟེང་དུ་བཞུགས། །དཀྱིལ་འཁོར་ཆེན་པོའི་དབུས་གནས་པའོ། །དཀྱིལ་འཁོར་གཙོ་བོ་མངོན་པར་འབྱུང་བའི་ཏིང་ངེ་འཛིན་ཏོ། །དཔལ་
ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་དྲུག་པའོ། །དཔལ་ལྡན་རྣམ་པར་སྣང་མཛད་ཀྱིས། །མངོན་པར་རྟོགས་པ་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ཞལ་གསུམ་ཕྱག་དྲུག་ཀུནྡའི་མདོག །འཁོར་ལོ་དྲིལ་བུ་ཡུམ་དང་རོལ། །རྡོ་རྗེ་
ནོར་བུ་གཡས་པ་ལ། །གཡོན་པ་པདྨ་རལ་གྲི་འཛིན། །སྔོ་དང་དམར་དང་གཡས་དང་གཡོན། །གླང་ཆེན་ཁྲི་སྟེང་པད་ཟླའི་སྟེང་། །རྒྱན་བཅས་སྐྱིལ་ཀྲུང་བཞུགས་པའོ། །བདེ་གཤེགས་རིན་ཆེན་འབྱུང་གནས་ཀྱིས། །བདག་མེད་རྡོ་རྗེ་ལ་བཞུགས་ཏེ། རཧྣདྷྲྀཀ་ཕྱུང་
གསེར་གྱི་མདོག །ཡིད་བཞིན་ནོར་བུ་དྲིལ་བུ་དང་། །འཁོར་ལོ་པདྨ་རལ་གྲི་ཅན། །དུང་དང་ཨུཏྤལ་མཚུངས་པ་ནི། །རིན་ཆེན་རྒྱན་སྤྲས་རྟ་མཆོག་སྟེ། །ཡུམ་བཅས་སྐྱིལ་ཀྲུང་བཞུགས་པའོ། །དཔལ་ལྡན་ཚེ་དཔག་མེད་པ་ནི། །འོད་ཟེར་འབར་བ་རྡོ་རྗེར་བཞུགས། །

ཨ་རོ་ལིཀ་ཅེས་རཱ་གའི་འོད། །སྔོ་དཀར་པདྨ་དྲིལ་བུ་དང་། །རྡོ་རྗེ་འཁོར་ལོ་རལ་གྲི་བཅས། །ཡུམ་བཅས་རྨ་བྱའི་ཁྲི་ལ་བཞུགས། །རིན་ཆེན་རྒྱན་ལྡན་འོད་འཕྲོ་བས། །མཉམ་པའི་སྐྱིལ་ཀྲུང་གིས་བཞུགས་པའོ། །བཅོམ་ལྡན་གདོན་མི་ཟ་བའི་སྐུ། །
ཟིལ་གནོན་རྡོ་རྗེ་ལ་བཞུགས་ཏེ། པྲཛྙཱ་དྷྲྀཀ་ལས་མརྐཏ་མདོག །དཀར་དམར་རལ་གྲི་དྲིལ་བུས་འཁྱུད། །རྡོ་རྗེ་འཁོར་ལོ་ནོར་བུ་དང་། །པདྨ་རིན་ཆེན་རྒྱན་ལྡན་ཉིད། །ཡུམ་བཅས་ཤང་ཤང་ཁྲིར་བཞུགས་པ། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །དེ་བཞིན་
གཤེགས་པའི་རིགས་ཀྱི་འཁོར་ལོ་མངོན་པར་འབྱུང་བའི་ཏིང་ངེ་འཛིན་ཏོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བདུན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །རྡོ་རྗེ་བཙུན་མོ་སྤྱན་མ་ཡིས། །རྡོ་རྗེ་འཛིན་པ་ཐམས་
ཅད་ཀུན། །མཉམ་བྱེད་དམ་ཚིག་ལ་བཞུགས་ཏེ། །མོ་ཧཱ་ར་ཏི་ལས་བྱུང་བ། །དུང་མདོག་སྔོ་དང་དམར་བའི་ཞལ། །སྐུ་ཡི་རྡོ་རྗེ་དང་མཚུངས་པ། །པདྨ་ཟླ་ཉི་ཤར་ལྷོར་བཞུགས། །རྡོ་རྗེ་བཙུན་མོ་མཱ་མ་ཀཱིས། །སངས་རྒྱས་རྗེས་སུ་མཉེས་བྱེད་པའི། །ཏིང་ངེ་འཛིན་
ལ་སྙོམས་ཞུགས་ནས། །དྭེ་ཥ་ར་ཏི་ལས་བྱོན་པ། །ཐུགས་ཀྱི་རྡོ་རྗེ་མཚུངས་པ་ཉིད། བཻ་ཌཱུར་དུང་དང་རཱ་གའི་ཞལ། །རིན་ཆེན་སྣ་ཚོགས་རྒྱན་སྤྲས་འགྱིང་། །པད་ཟླར་ལྷོ་ནུབ་གྲྭར་བཞུགས་སོ། །རྡོ་རྗེ་བཙུན་མོ་གོས་དཀར་གྱིས། །རྗེས་སུ་ཆགས་པ་རྡོ་རྗེ་ཡི། །ཏིང་
ངེ་འཛིན་ལ་སྙོམས་ཞུགས་ཏེ། རཱ་ག་ར་ཏི་ལས་བྱོན་པ། །གསུང་གི་རྡོ་རྗེ་མཚུངས་པ་ཉིད། །བནྡུ་རི་ག་སྔོ་དང་དཀར། །སྒེག་ཅིང་རིན་ཆེན་རྒྱན་སྤྲས་པ། །པད་ཟླར་ནུབ་བྱང་གྲྭར་བཞུགས་པའོ། །རྡོ་རྗེ་བཙུན་མོ་སྒྲོལ་མ་ཡི། །གླུ་མ་རྡོ་རྗེ་ཞེས་བྱ་བའི། །ཏིང་ངེ་འཛིན་ལ་སྙོམས་
ཞུགས་ཏེ། །བཛྲ་ར་ཏི་ལས་བྱུང་སྒེག །མརྐཏ་དུང་དང་བྷནྡུ་ཀ །ཕྲིན་ལས་རྡོ་རྗེ་དང་མཚུངས་པ། །རིན་ཆེན་རྒྱན་གྱིས་ལེགས་སྤྲས་པ། །པད་ཟླར་བྱང་ཤར་གྲྭར་བཞུགས་པའོ། །ལུས་ཀྱི་གནས་སུ་ལྟེ་བ་དང་། །སྙིང་ག་མགྲིན་པ་གསང་བ་དང་། ལཱྃ་མཱྃ་པཱྃ་ཏཱྃ་ས་

བོན་ཉིད། །འབྱུང་བ་ལ་ནི་ལྷན་ཅིག་སྤྱོད་པ་ཡི། །ལྷ་མོ་ཡེ་ཤེས་བདེ་བར་རོལ། །དེ་ཉིད་མཉམ་པ་ཕྱག་རྒྱ་ཆེ། །ཡེ་ཤེས་མཉམ་པར་སྦྱོར་བ་ལྷ་མོའི་ཏིང་ངེ་འཛིན་ཏོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བརྒྱད་པའོ། །ལྷ་མོ་
གཟུགས་ཀྱི་རྡོ་རྗེ་མས། །དམ་ཚིག་མཆོག་གི་མཆོད་པ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །བཛྲ་རཱུ་པེ་ཞེས་སྔགས་ལས། །སྐུ་མཆོག་དཀར་མོ་མེ་ལོང་འཛིན། །རྡོ་རྗེ་སྤྱན་མ་དང་མཚུངས་པ། །རིན་ཆེན་རྒྱན་རྣམས་ཀྱིས་མཛེས་སྤྲས། །མེ་ཡི་ཕྱོགས་ཀྱི་
གྲྭར་བཞུགས་པའོ། །ལྷ་མོ་སྒྲ་ཡི་རྡོ་རྗེ་ལས། །ནམ་མཁའི་འོད་ཀྱི་སྤྲིན་རྡོ་རྗེ། །ཚིམ་བྱེད་ཏིང་འཛིན་ལ་བཞུགས་ཏེ། །བཛྲ་ཤབྡེ་ལས་བྱོན་པ། །རྡོ་རྗེ་མཱ་མ་ཀཱི་དང་མཚུངས། །ཨ་གཽ་རྒྱུད་མངས་སྦྲེང་མཛད་གླུ། །དབྱངས་ཀྱིས་ཀུན་ཏུ་མཆོད་བྱེད་པ། །བདེན་བྲལ་
ཕྱོགས་ཀྱི་གྲར་བཞུགས་སོ། །ལྷ་མོ་དྲི་བྱུག་རྡོ་རྗེ་མས། །མངོན་པར་བྱང་ཆུབ་བདུན་སྟོན་པ། །དེ་ཉིད་རྡོ་རྗེའི་ཏིང་འཛིན་བཞུགས། །བཛྲ་གནྡྷེ་ལས་ཕྱུང་བ། །གོས་དཀར་ཡུམ་དང་མཚུངས་པ་སྟེ། །དུང་ཆོས་ལྷ་རྫས་མཆོག་འཛིན་པ། །རིན་ཆེན་རྒྱན་སྤྲས་འགྱིང་བག་
ལྡན། །རིག་འཛིན་ཕྱོགས་ཀྱི་གྲྭར་བཞུགས་པའོ། །རྡོ་རྗེ་རོ་མཆོག་ལྷ་མོ་ནི། །དམ་ཚིག་ཆེན་པོའི་མཆོད་པ་ནི། །ཀུན་མཆོད་ཏིང་འཛིན་ལ་བཞུགས་ཏེ། །བཛྲ་རཱ་སྱ་ལས་བྱུང་བ། །རིན་ཆེན་པད་སྣོད་བདུད་རྩི་ནི། །རོ་མཆོག་བཅུད་ལྡན་འཛིན་མཛད་པ། །སྒྲོལ་མ་དང་
ནི་མཚུངས་པ་སྟེ། །དབང་ལྡན་ཕྱོགས་ཀྱི་གྲྭར་བཞུགས་སོ། །རིག་མ་མཆོད་ལྷ་རྣམས་ཀྱིས་ནི། །མཆོད་སྤྲིན་རྒྱ་མཚོས་མཆོད་གྱུར་པའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་དགུ་པའོ། །བྱང་ཆུབ་སེམས་དཔའ་སའི་སྙིང་ནི། །
ཞི་བའི་དམ་ཚིག་མཆོག་གནས་ལས། །ཀྵི་ཏི་གརྦྷའི་སྔགས་ལས་བྱུང་། །མདོག་དཀར་འཁོར་ལོ་རྩིབས་བཅུ་འཛིན། །ཐོར་ཚུགས་ཅོད་པན་རྒྱན་གྱིས་སྤྲས། །ཤར་ཁྱམས་སྐྱིལ་ཀྲུང་དག་གིས་བཞུགས། །སེམས་དཔའ་རྡོ་རྗེ་འཛིན་པ་ནི། །དངོས་དང་དངོས་

མེད་དམ་ཚིག་སྟེ། །རོ་མཉམ་ཏིང་འཛིན་ལ་བཞུགས་པ། །བཛྲ་པཱ་ཎི་ཨཾ་ཞེས་ལས། །གསེར་མདོག་རྡོ་རྗེ་འབར་བ་འཛིན། །ལྷོ་ཕྱོགས་ཁྱམས་ལ་སྐྱིལ་ཀྲུང་བཞུགས། །བྱང་ཆུབ་ནམ་མཁའི་སྙིང་པོ་ནི། །དམ་ཚིག་མཆོག་ལ་གཟིགས་
པ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ཨཱ་ཀཱ་ཤ་གརྦྷའི་སྔགས་ལས་བྱུང་། །གསེར་མདོག་མརྐ་ཏ་འཛིན་པ། །འགྱིང་བཅས་ལྷོ་ཕྱོགས་ཁྱམས་ལ་བཞུགས། །སེམས་དཔའ་འཇིག་རྟེན་དབང་ཕྱུག་གིས། །གསུང་མཆོག་རྡོ་རྗེ་ཡེ་ཤེས་ཀྱི། །ཏིང་ངེ་
འཛིན་ལ་སྙོམས་ཞུགས་ཏེ། །ལོ་ཀེ་ཤྭ་ར་བཛྲ་ལས། །བྱོན་པ་པདྨ་རཱ་གའི་འོད། །གཡོན་པའི་པདྨ་གཡས་པ་ཡིས། །འབྱེད་མཛད་ནུབ་ཀྱི་ལྷ་ཁྱམས་བཞུགས། །བྱང་སེམས་མགོན་པོ་འཇམ་དབྱངས་ཀྱིས། །ནམ་མཁའི་རྡོ་རྗེ་ཚུལ་གཅིག་པའི། །ཏིང་ངེ་
འཛིན་ལ་སྙོམས་ཞུགས་ཏེ། །གྷོ་ཥ་ནཱ་ཐ་ལས་བྱུང་བའི། །དམར་སེར་རིན་ཆེན་རྒྱན་སྤྲས་པའི། །ཨུཏྤལ་དམར་པོ་འཛིན་མཛད་པ། །གཡས་པས་འབྱེད་པར་མཛད་པ་ནི། །སྐྱིལ་ཀྲུང་ནུབ་ཀྱི་ཁྱམས་ལ་བཞུགས། །བྱང་སེམས་སྒྲིབ་པ་ཀུན་སེལ་གྱིས། །
ཆོས་རྣམས་ཀུན་ལ་འཇུག་པའི་སྒོ། །རྡོ་རྗེ་ཞེས་པའི་ཏིང་འཛིན་བཞུགས། །ནི་ཝ་ར་ནི་ལས་བྱུང་བའི། །མརྐཏ་འོད་འཕྲོ་རལ་གྲི་ཅན། །རྒྱན་ལྡན་བྱང་གི་ཁྱམས་ལ་བཞུགས། །དཔལ་ལྡན་བྱམས་པའི་མགོན་པོས་ནི། །རྡོ་རྗེ་སྤྲོས་པའི་སྔགས་བཀོད་ཀྱི། །
ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། མཻ་ཏྲི་ནཱ་ཐ་ལས་བྱུང་བ། །དུང་མདོག་ཀླུ་ཤིང་སྤྱི་བླུགས་ཅན། །རིན་ཆེན་རྒྱན་གྱིས་སྤྲས་པ་སྟེ། །ཤར་གྱི་ཁྱམས་ལ་བཞུགས་མཛད་པའོ། །སེམས་དཔའ་ཀུན་ཏུ་བཟང་པོ་ནི། །ཞིང་ཁམས་ཀུན་ཁྱབ་མཆོད་སྤྲིན་གྱི། །ཏིང་ངེ་འཛིན་
ལ་སྙོམས་ཞུགས་ཏེ། །ས་མནྟ་བྷ་དྲ་ལས་ཕྱུང་བ། །ལྗང་མདོག་སྣ་ཚོགས་རྡོ་རྗེ་ཅན། །རིན་ཆེན་སྣ་ཚོགས་རྒྱན་སྤྲས་པ། །བྱང་ཕྱོགས་ཁྱམས་ལ་སྐྱིལ་ཀྲུང་བཞུགས། །པདྨ་ཉི་མའི་གདན་ལ་ནི། །འགྱིང་བཅས་ཐོར་ཚུགས་རྒྱན་སྤྲས་པ། །ཀུན་ཀྱང་ཞལ་གསུམ་

ཕྱག་དྲུག་སྟེ། །གཙོ་ལ་བསྣོལ་མའི་ཚུལ་གྱིས་གཟིགས། མེཾ་ཐླྀཾ་ཨོཾ་ཨོཾ་ཨོཾ་དང་ནི། ཧཱུྃ་ཨོཾ་སྃ་ཉིད་རྣམ་ཤེས་བརྒྱད། །རྣམ་པར་དག་པ་སེམས་དཔའོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བཅུ་པའོ། །ཚོགས་སློབ་གང་
ཟག་སྒྲ་དོན་སྟོན། །བདེན་པ་གཉིས་སུ་ཡོངས་བསྡུས་པ། །ཁྱད་པར་རྣམ་པར་ངེས་འགྱུར་རོ། །དེ་ནས་དཀྱིལ་འཁོར་སྒོ་བཞི་དང་། །ཕྱོགས་རྣམས་ཀུན་ཏུ་ཁྲོ་བོ་བཅུ། །འཇིགས་པའི་གཟུགས་ཅན་བགེགས་འཇོམས་མཛད། །ཞལ་གསུམ་ཕྱག་དྲུག་ལྡན་
པའོ། །ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད། །རྡོ་རྗེ་འཁོར་ལོ་འབར་བ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ཡ་མཱནྟ་ཀྲྀཏ་ལས་ཕྱུང་བ། །མཐིང་ནག་གཡས་དཀར་གཡོན་དམར་ཞིང་། །རྡོ་རྗེ་ཐོ་བ་འཁོར་ལོ་དང་། །རལ་གྲི་ནོར་བུ་སྡིགས་མཛུབ་ཅན། །
ཤར་སྒོར་དྲི་ཟའི་སྟེང་བཞུགས་པའོ། །ཁྲོ་རྒྱལ་ཤེས་རབ་མཐར་བྱེད་ཀྱིས། །མངོན་པར་བྱང་ཆུབ་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། པྲཛྙཱནྟ་ཀྲྀཏ་སྔགས་ལས་ཕྱུང་། །དུང་མདོག་སྔོ་དང་དམར་བའི་ཞལ། །བེ་ཅོན་དགྲ་སྟ་འཁོར་ལོ་དང་། །
རལ་གྲི་ནོར་བུ་པདྨ་འཛིན། །ལྷོ་སྒོར་གྲུལ་བུ་མ་གནོན་མཛད་པའོ། །ཁྲོ་བོའི་རྒྱལ་པོ་རྟ་མཆོག་གིས། །རྡོ་རྗེ་ཆགས་མེད་པདྨ་ནི། །ཡེ་ཤེས་འབྱུང་བའི་ཏིང་འཛིན་ལས། །པདྨ་དྷྲྀཀ་ལས་ཕྱུང་བ་ནི། །བྷནྡུ་རི་ཀའི་མདོག་འདྲ་བ། །གཡས་མཐིང་གཡོན་དཀར་འཇིགས་
པར་བྱེད། །པདྨ་རྡོ་རྗེ་ཐོ་བ་དང་། །རལ་གྲི་འཁོར་ལོ་དགྲ་སྟ་ཅན། །ནུབ་སྒོར་ཀླུ་དབང་སྟེང་བཞུགས་པའོ། །ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་ཡིས། །རྡོ་རྗེ་བྱིན་རླབས་སྙིང་པོའི་ཚུལ། །རྡོ་རྗེ་ཏིང་འཛིན་ལ་ཞུགས་ཏེ། བིགྷྣ་ནྟ་ཀྲྀཏ་ལས་བྱུང་བ། །མརྐཏ་དཀར་
དང་དམར་བའི་ཞལ། །རྒྱ་གྲམ་འཁོར་ལོ་རལ་གྲི་དང་། །གཏུན་ཤིང་དགྲ་སྟ་སྡིགས་མཛུབ་ཅན། །བྱང་སྒོར་གནོད་སྦྱིན་སྟེང་བཞུགས་སོ། །ཁྲོ་རྒྱལ་མི་གཡོ་མགོན་པོ་ཡིས། །ཆོས་དབྱིངས་མི་ཟད་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། ཨཱརྱ་ཨ་

ཙ་ལས་ཕྱུང་ཉིད། བཻ་ཌཱུར་དཀར་དང་དམར་བའི་ཞལ། །རལ་གྲི་འཁོར་ལོ་དགྲ་སྟ་དང་། །པདྨ་ནོར་བུ་སྡིགས་མཛུབ་བོ། །མེ་ཕྱོགས་དྲང་སྲོང་གནོན་མཛད་པའོ། །ཁྲོ་བོ་འདོད་པའི་རྒྱལ་པོ་ཡིས། །བསམ་གཏན་ཐོགས་མེད་རྡོ་རྗེ་ཡི། །
ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ཊཀྐི་རཱ་ཛའི་སྔགས་ལས་ཕྱུང་། །ཨིནྡྲ་ནཱི་ལ་ཀུནྡ་དམར། །ཕྱག་རྒྱ་བསྣོལ་བའི་སྡིགས་མཛུབ་ཅན། །ལྕགས་ཀྱུ་རལ་གྲི་ཨུཏྤལ། །སྡིགས་མཛུབ་ཞགས་པ་འཛིན་པ་སྟེ། །བདེན་བྲལ་སྟེང་དུ་བཞུགས་པའོ། །ཁྲོ་བོ་རྡོ་རྗེ་
བེ་ཅོན་ཅན། །འཇིགས་མཛད་སྙིང་རྗེའི་ཏིང་ངེ་འཛིན། ནཱི་ལ་དཎྜ་ལས་བྱུང་བ། །ཆར་སྤྲིན་མདོག་འདྲ་དཀར་དམར་ཞལ། །དབྱུག་པ་རལ་གྲི་ནོར་བུ་དང་། །འཁོར་ལོ་པདྨ་སྡིགས་མཛུབ་མཛད། །གཏུམ་པོ་མི་བཟད་མེ་དཔུང་ཀློང་། །རླུང་ལྷའི་གདན་ལ་
བཞུགས་པའོ། །རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ། །སྐུ་གསུམ་མི་ཕྱེད་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །མ་ཧཱ་བ་ལའི་སྔགས་ལས་ཕྱུང་། །ཨུཏྤལ་སྤྲིན་དཀར་བྱི་རུའི་ཞལ། །རྩེ་གསུམ་རྔ་ཡབ་རལ་གྲི་དང་། །འཁོར་ལོ་ནོར་བུ་སྡིགས་མཛུབ་ཅན། །འབྱུང་
པོའི་གདན་སྟེང་བཞུགས་མཛད་པའོ། །ཁྲོ་རྒྱལ་རྡོ་རྗེ་གཙུག་ཏོར་ཅན། །རིག་པའི་སྟོབས་མཆོག་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ཨུཥྞཱི་ཥ་བི་ཛའི་སྔགས་ལས་ཕྱུང་། །ནམ་མཁའི་མདོག་ཅན་གཙུག་ཏོར་གྱི། །ཕྱག་རྒྱ་སྤྱི་བོར་བཅིངས་པ་སྟེ། །རྡོ་རྗེ་རལ་
གྲི་པདྨ་དང་། །སྡིགས་མཛུབ་ཞགས་པ་འཁོར་ལོ་འཛིན། །རྣམ་འཚེ་འཇོམས་མཛད་ས་བདག་གནོན། །ལྷ་རྒྱལ་ཚངས་པ་གནོན་མཛད་པའོ། །རྡོ་རྗེ་གནོད་མཛེས་ཁྲོས་པའི་སྐུ། །རབ་ཏུ་འབྱུང་གནས་ཡེ་ཤེས་ཀྱི། །རྡོ་རྗེའི་ཏིང་འཛིན་ལ་ཞུགས་ནས། །བརྟན་གཡོ་
གདུག་པ་དུག་ཅན་གྱི། །དྲག་པོ་འཇོམས་མཛད་མཐིང་ནག་ཉིད། །སུམ་བྷ་རཱ་ཛའི་སྔགས་ལས་བྱུང་། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །ནོར་བུ་པདྨ་སྡིགས་མཛུབ་མཛད། །རྣམ་འཚེ་ཞི་མཛད་ས་བདག་གནོན། །ལུས་ཀྱི་གནས་སུ་ཁྲོ་བོ་རྣམས། །ས་བོན་ཕྱག་

མཚན་རྩ་གནས་ལ། །གཡས་མཐིང་ཐོད་དབྱུག་གཡོན་པར་ནི། །བེ་ཅོན་མགྲིན་པར་པདྨ་ཅན། །གསང་བར་སྣ་ཚོགས་རྡོ་རྗེ་འཁྱིལ། །ཛཿཧཱུྃ་བཾ་ཧོཿསྒོ་བཞི་བསྲུང་། །དྲུག་ལྡན་ཧཱུྃ་གིས་བརྒྱན་པ་ནི། །ལྕགས་ཀྱུ་དཔུང་གཡས་རྩེ་གསུམ་གཡོན། །ལྷ་ངར་
དབྱུག་པ་ཏྲི་ཤུ་ལ། །ལོང་བུར་རྡོ་རྗེ་སྤྱི་གཙུག་ཏུ། །འཁོར་ལོ་གྱེའུ་འཕགས་གྱུར་པའོ། །ཁྲོ་རྒྱལ་ཐམས་ཅད་ཡུམ་དང་ལྡན། །རིན་ཆེན་ཀླུ་དབང་རྒྱན་གྱིས་སྤྲས། །དབུ་སྐྲ་གྱེན་བརྗེས་མེ་དཔུང་དབུས། །ཡན་ལག་རགས་ཤིང་བཇིདཔའི་སྐུ། །ཧ་ཧ་ཧཱུཾ་ཧཱུཾ་སྒྲ་
སྒྲོགས་པས། །སྲིད་གསུམ་གཡོ་བར་མཛད་པ་པོ། །དངོས་པོ་མཚན་མར་འཛིན་པའི་གདོན། །ལོག་ལྟ་ཅན་རྣམས་འདུལ་མཛད་པ། །ཡབ་ཡུམ་གཉིས་མེད་སྦྱོར་བ་དགྱེས། །གསང་བ་བདེ་བ་ཆེན་པོ་ཡི། །དཀྱིལ་འཁོར་ཡེ་ཤེས་སྙིང་པོ་བསྟན། །ལྷ་ཚོགས་
མངོན་པར་འབྱུང་བའི་འཁོར་ལོའི་ཏིང་ངེ་འཛིན་ཏོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བཅུ་གཅིག་པའོ། །ཟབ་པའི་རྒྱན་ལ་རྣམ་པར་དབྱེ་བ་གང་། །མཐའ་ལྡན་དང་ནི་བཤད་ཚུལ་དབྱེ་བ་ཡིས། །ནུས་པ་ཁྱད་པར་གྱུར་པ་
རྒྱན་དང་ལྡན། །ས་ཡི་དབང་ཕྱུག་གསང་བའི་རྒྱན་བསྟན་པའོ། །རྒྱ་ཆེའི་རྒྱན་ལ་སྤྱི་དང་བྱེ་བྲག་ཅན། །རྒྱ་ཆེ་ལ་ནི་མཚོན་དོན་སྟོན་པ་དང་། །རིགས་ཅན་ལྔས་ནི་ངེས་པར་འཇུག་གྱུར་པ། །གང་ཟག་དང་ནི་དངོས་གྲུབ་སྒྲུབ་པའི་གནས། །ལྔ་ཚད་གཟུགས་ཁམས་ཚད་
མེད་ལྡན། །ཚུལ་ལྡན་སྟོན་པའི་མཚན་ཉིད་དང་། །རྒྱུད་དང་གླེང་གཞི་ངེས་པའི་ཚིག །རྒྱུ་ཡིས་མཐར་འབྱིན་སྤྱོད་པའོ། །ཆོས་ཀྱི་ཐ་དད་པ་ཡི་རྒྱན། །ཚོགས་སློབ་གཉིས་དང་བདེན་གཉིས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པས་གསོལ་པ། དོན་
དམ་པའི་བདེན་པ་ལ་གནས་པའི་རྣལ་འབྱོར་ཆེན་པོ་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ཅན་གྱི་དོན་ཇི་ལྟར་རབ་ཏུ་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཇི་སྲིད་དུ་ཞི་བ་ལ་སོགས་པའི་ལས་ཀྱི་སེམས་ཅན་གྱི་དོན་མི་བྱེད་པ་དེ་

སྲིད་དུ་ཡང་དག་པའི་མཐའ་ལ་རབ་ཏུ་གནས་པར་འགྱུར་རོ། །གང་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་མཐོང་བ་དེའི་ཚེ་ཡང་དག་པའི་མཐའ་ལས་ལངས་ཏེ་སེམས་ཅན་གྱི་དོན་བྱས་ནས་ཡང་དག་པའི་མཐའ་ཉིད་དུ་འཇུག་ཅིང་མི་གནས་པའི་
མྱ་ངན་ལས་འདས་པ་མངོན་དུ་བྱེད་དོ། །གང་དུ་འགྲོ་བའི་དོན་འབྱུང་བ། །དུས་ལ་བབ་པ་དེ་ཡི་ཚེ། །རྡོ་རྗེའི་སྤྱན་གྱིས་གཟིགས་པའི་ཚེ། །ཐོགས་པ་མེད་པར་ཕྲིན་ལས་ཀུན། །གདུལ་བྱའི་བསམ་པ་ཇི་ལྟ་བར། །ངེས་པ་ཉིད་དུ་འབྱུང་འགྱུར་བའོ། །ས་རླུང་
བརྟན་པོ་ཐོབ་པ་དང་། །རླུང་གིས་རྣམ་པར་འདེགས་བྱེད་པ། །ཐབས་དང་ཤེས་རབ་སྲོག་རྩོལ་ལ། །བརྟེན་པས་རྡོ་རྗེ་རྐང་མགྱོགས་འགྲུབ། །ཐ་མལ་ལུས་ངག་ཡིད་དག་ལ། །ལྷ་སྔགས་རླུང་སེམས་རྩེ་གཅིག་ལས། །བསམ་གཏན་ཡ་རླུང་མ་རླུང་གིས། །ཀུན་ཏུ་
བསྒྱུར་བས་གསེར་འགྱུར་ཐོབ། །ལྷ་བྱེད་སྒྱུ་མའི་རྣམ་ཤེས་ལས། །ཏིང་འཛིན་ཆུ་རླུང་གསལ་སྣང་གིས། །ལྐོག་ཏུ་གྱུར་པའི་རྫས་མཐོང་བ། །དེ་ཉིད་མིག་སྨན་རིལ་བུ་འགྲུབ། །རླུང་གི་དམིགས་པ་རྣོན་པོ་ཡི། །རྣལ་འབྱོར་པ་ཡི་མཚོན་ཆ་མཆོག །གར་
བསྒྱུར་གཅོད་པར་བྱེད་པ་ཡི། །ཐོགས་མེད་རལ་གྲིའི་དངོས་གྲུབ་བོ། །རྟོག་མེད་ཐ་མལ་དབུགས་བྲལ་ལ། །ཞིང་སྐྱོང་ཆོ་འཕྲུལ་ཡུམ་གཞན་བཞུགས། །ཕོ་ཉ་སྔགས་ཀྱི་ནུས་པ་ལས། །གྲུབ་སྟེར་རོ་ལངས་གྲུབ་པ་འབྱུང་། །བདུད་རྩི་རང་ལུས་གནས་པ་ལས། །
སྟོབས་གྱུར་འབྱུང་བ་རོ་སྙོམས་པས། །སྨན་མཆོག་ཟིལ་ལྡན་རྙེད་པ་ལྟར། །བཅུད་ལེན་ཡོན་ཏན་ཁྱད་པར་འགྲུབ། །ནམ་མཁའི་རླུང་ལས་རྩ་གནས་དེར། །རླུང་སྒྲོམ་དག་བྱེད་སྦེད་ཤེས་པས། །གྲིབ་མ་མི་འབྱུང་བདེ་ཐོབ་པ། །མི་སྣང་བར་སྣང་བྱེད་པ་
ཉིད། །གསང་སྒོ་རྩ་ཡི་བུ་ག་ལས། །འདུས་པ་སྒྲོན་མེས་ཁམས་དགུ་ཡི། །དངས་སྙིགས་བྱེད་པས་ལྷ་མིན་གྱི། །བུག་རྙེད་ལ་ནི་ས་འོག་འགྲུབ། །དབང་དང་དགུག་དང་བསྐྲད་པ་དང་། །མནན་དང་རེངས་བྱེད་མངོན་སྤྱོད་དང་། །ཞི་དང་རྒྱས་པ་ཀླུས་ལས་བྱེད། །

བརྗོད་བྱ་དང་ནི་རྗོད་བྱེད་དང་། །དཔེ་དང་མངོན་གྱུར་སྟོབས་དང་ནི། །ཆོས་དོན་ཁྱད་པར་གྱུར་པའི་ཕྱིར། །ནུས་ལྡན་གསང་བའི་རྒྱན་ཡིན་ནོ། །གནས་པ་དང་ནི་གསལ་རྫུ་འཕྲུལ། །ཡོན་ཏན་ཕྲིན་ལས་རྒྱན་རིམ་བཞིན། །དེ་ནི་རྗོད་བྱེད་རྟག་པར་བརྒྱན། །དོན་གྱུར་
དགོས་པ་བླ་ན་མེད། །དོན་གནས་བྱེད་དང་ཡེ་ཤེས་ཀྱི། །གསང་ཆེན་དོན་མཐོང་སྙིང་པོ་སྟེ། །རྒྱན་པས་དབྱེ་བསྡུ་བསྟན་པའོ། །དུག་ཞི་བ་དང་བསྲུང་བ་དང་། །རྒོལ་བའི་ནུས་འཇོམས་ཕྲིན་ལས་ཏེ། །རབ་འབྱམ་ལས་ཚོགས་དུ་མ་བསྟན། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་
ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བཅུ་གཉིས་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པས་གསོལ་པ། བཅོམ་ལྡན་འདས་རྒྱན་རྣམ་པ་བདུན་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླེང་བསླང་བ་རྣམ་པ་ལྔ་དང་། རིགས་
པ་རྣམ་པ་བཞི་དང་། མཐའ་དྲུག་གིས་བཤད་པ་དང་། བཤད་ཚུལ་རྣམ་པ་བཞི་དང་། དབྱེ་བ་རྣམ་པ་གཉིས་དང་། གང་ཟག་རྣམ་པ་ལྔའི་སྒོ་ནས་སློབ་མ་བརྟག་པ་དང་། བདེན་པ་གཉིས་ཀྱི་དགོངས་པའོ། །གླེང་བསླང་བ་རྣམ་པ་ལྔ་ནི་འདི་ལྟ་སྟེ། མཚན་དང་། གང་
ཟག་དང་། བྱེད་པ་པོ་དང་། ཚད་དང་། དགོས་པ་རྣམས་སོ། །དང་པོ་གླེང་གཞི་གླེང་སློང་བསྟན་པ་ལས། །ཕུན་སུམ་ཚོགས་པ་ལྔ་དང་ལྡན་བསྡུས་པ། །གསེར་གྱི་འཁོར་ལོ་རིན་ཆེན་ཆོས་མཐུན་པ། །སྤྱི་བོའི་གནས་སུ་ཨེ་བྃ་རྡོ་རྗེ་བཞུགས། །སྟོན་པ་ཆགས་ཅན་
འཁོར་དང་དེ་བཞིན་ཆོས། །ཡེ་ཤེས་དུས་ལྡན་ཚད་ལས་དགོས་པ་བསྒྲུབ། །བྱང་སེམས་རྡོ་རྗེ་ཆོ་ག་དབང་བསྐུར་བ། །རྣམ་གྲངས་ལེའུ་གནས་ཚུལ་ལྔ་ལྡན་པ། །རིམ་གཉིས་རྒྱུད་གསུམ་དོན་གྱིས་ཕྱེ་བ་ཉིད། །བྱང་ཆུབ་ཕྱོགས་ལས་དུམ་བུ་དབྱེ་བར་གྱུར། །རྣལ་
འབྱོར་བསྙེན་བསྒྲུབ་ཡན་ལག་མཆོག་དང་ནི། །རྡོ་རྗེ་རྣམ་བཞི་ཡན་ལག་རིམ་པས་བསྡུས། །དགོས་པའི་ཁྱད་པར་ལས་དང་དངོས་གྲུབ་ལས། །གྲུབ་པ་བརྒྱད་དང་མཆོག་ལྡན་ཡང་དག་པའོ། །བདེ་ཆེན་འཁོར་ལོར་ཐིག་ལེ་གཙོར་གྱུར་བའི། །དགུ་བརྒྱ་ཕྲག་

གཅིག་ཡེ་ཤེས་རླུང་གྱུར་པ། །བཅུ་གཅིག་བཞི་ཆ་ཕྲག་ལྔའི་རྩ་གནས་སོ། །ལྔ་བཅུ་ཕྲག་གཉིས་ཨཱ་ལི་ཀཱ་ལི་སྟེ། །རྩིབས་སྟོང་ལྡན་པ་སྦས་པའི་འཁོར་ལོའོ། །སྤྱོད་པ་རིམ་ལྡན་རྗེས་སུ་གསང་བ་སྟེ། །རྨད་བྱུང་དཀྱིལ་འཁོར་སྙིང་པོ་བསྐུལ་བ་དང་།
སྔགས་དང་ཡེ་ཤེས་སྐུ་བསྐྱེད་ཕྲིན་ལས་དག །རབ་འབྱམས་རིགས་འཛིན་ཡན་ལག་འབྲས་བུ་བསྟན། །སྔགས་དང་ནད་ལ་མཆོག་གཞོལ་རྣལ་འབྱོར་གྲུབ། །ལས་ཚེགས་ཚར་གཅོད་རྗེས་འཛིན་རྨི་ལམ་ཆོས། །རྣམ་དག་དཀྱིལ་འཁོར་ལས་ཀྱི་ཕྲིན་ལས་ཚོགས། །
དམ་ཚིག་སྡོམ་པ་རབ་རྫོགས་གཞུང་བསྡུས་བསྟན། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བཅུ་གསུམ་པའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་དེ་ཉིད་དུ། །ལྷན་ཅིག་སྐྱེས་པའི་སྙིང་པོ་གསང་བ་གང་། །རྒྱལ་ཆེན་ཤཱཀྱའི་རིགས་རྒྱུད་དུས་ལྡན་
མཆོག །དོན་གྱི་ཕོ་བྲང་དུ་འཁྲུངས་དབུགས་འབྱིན་པ། །བྱང་ཆུབ་གླེང་གཞི་ཨ་ཁཾ་བཱིར་ཧཱུྃ་ལས། །འཇུག་པ་ཆུ་སྒོ་ཡང་དག་ཐར་པའི་རྟེན།