Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 071_མདོ་སྡེ།_ཤ

Văn bản gốc(Tây Tạng)

Trang 18 / 20 (50.000 ký tự/trang)
རྟོགས་ནས་

ཤེས་པ་མེད་ཀྱང་བདག་ཉིད་ཤེས་པ་སྨྲ་བ། ཡོངས་སུ་བྱང་བ་ཉིད་ཡིན་པར་མགོ་གཅིག་ཏུ་འཇོག་པར་བྱེད་པ་དེ་ནི་དེ་དག་གི་མི་ཤེས་པ་ཁོ་ན་ཡིན་པར་སྣང་སྟེ། དགེ་སློང་དག་དེ་ཡང་རགས་པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་
ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན་དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས་དེ་ལས་ཕྱིར་ལྡོག་ཅིང་དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ། །དེ་བཞིན་གཤེགས་པས་དགེ་སྦྱོང་དང་བྲམ་
ཟེ་གང་དག་སྔོན་གྱི་མཐར་རྟོག་པ་དེ་དག་ཁ་ཅིག་བདག་དང་འཇིག་རྟེན་རྟག་པ་དང་། བདག་དང་འཇིག་རྟེན་མི་རྟག་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དང་། བདག་དང་སྡུག་བསྔལ་རྟག་པ་དང་། བདག་དང་
སྡུག་བསྔལ་མི་རྟག་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དང་། བདག་དང་འཇིག་རྟེན་རང་གིས་བྱས་པ་དང་། བདག་དང་འཇིག་རྟེན་གཞན་གྱིས་བྱས་པ་དང་། རང་གིས་ཀྱང་བྱས་ལ་གཞན་གྱིས་ཀྱང་བྱས་པ་དང་།
རང་གིས་ཀྱང་མ་བྱས་གཞན་གྱིས་ཀྱང་མ་བྱས་པར་རྒྱུ་མེད་པ་ལས་བྱུང་བ་དང་། བདག་དང་སྡུག་བསྔལ་རང་གིས་བྱས་པ་དང་། བདག་དང་སྡུག་བསྔལ་གཞན་གྱིས་བྱས་པ་དང་། རང་གིས་ཀྱང་བྱས་ལ་གཞན་གྱིས་ཀྱང་བྱས་པ་དང་། རང་གིས་ཀྱང་མ་བྱས་གཞན་གྱིས་ཀྱང་མ་
བྱས་པར་རྒྱུ་མེད་པ་ལས་བྱུང་ངོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ལ་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དགེ་སྦྱོང་དང་བྲམ་ཟེ་དེ་དག་དད་པ་མེད་པ་དང་། འདོད་པ་མེད་པ་དང་། ཐོས་པ་བརྒྱུད་པ་མེད་པ་དང་། རྣམ་པ་ལ་
ཡོངས་སུ་རྟོག་པ་མེད་པ་དང་། མཐོང་བས་ངེས་པར་རྟོགས་པའི་བཟོད་པ་མེད་པར་ཡང་རྟོགས་ནས་ཤེས་པ་དེ་ཡོད་པར་སེམས་པ་དེ་ནི་གནས་མེད་དོ། །དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ་དེ་དང་དེ་དག་རྟོགས་ནས་ཤེས་པ་མེད་ཀྱང་བདག་ཉིད་ཤེས་པ་སྨྲ་བ་ཡོངས་སུ་བྱང་བ་ཉིད་ཡིན་པར་

མགོ་གཅིག་ཏུ་འཇོག་པར་བྱེད་པ་དེ་ནི་དེ་དག་གི་མི་ཤེས་པ་ཁོ་ན་ཡིན་པར་སྣང་སྟེ། དགེ་སློང་དག་དེ་ཡང་རགས་པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན་དེ་བཞིན་གཤེགས་
པས་དེ་ཡོད་པར་ཐུགས་སུ་ཆུད་ནས་དེ་ལས་ཕྱིར་ལོག་ཅིང་དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ། །དགེ་སློང་དག་སྔོན་གྱི་མཐར་རྟོག་པ་དག་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་ནི་དེ་སྙེད་ཡོད་དེ།
དེ་དག་ནི་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་རྣམས་ཞེས་བྱའོ། །དགེ་སློང་དག་ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་སྨྲ་བ་དག་ཚེ་འདི་ཉིད་ལ་མྱ་ངན་ལས་འདའོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་ཇི་སྙེད་ཡོད་ཅེ་ན། དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ་སྔོན་
གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་དག་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ཤིང་དེ་འདི་སྙམ་
དུ་སེམས་ཏེ། འདི་ལྟར་བདག་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ནས། ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལུས་ཀྱིས་མངོན་སུམ་དུ་བྱས་
ནས་བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ། རབ་ཏུ་དབེན་པའི་དགའ་བ་འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས་དགེ་སྦྱོང་ངམ་བྲམ་ཟེ་གང་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་
རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས། ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ཤིང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་།

ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས། ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ། རབ་ཏུ་དབེན་པའི་དགའ་བ་འདི་ནི་ཞི་
བའོ། །འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་པ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དགེ་སློང་དག་རབ་ཏུ་དབེན་པའི་དགའ་བ་དེ་ཡང་མི་རྟག་པ་དང་། འགོག་པའི་ཆོས་ཅན་ཡིན་ཏེ། རབ་ཏུ་དབེན་པའི་བདེ་བ་འགགས་པ་ལས་ཡིད་མི་བདེ་བ་འབྱུང་བར་འགྱུར་ལ་
ཡིད་མི་བདེ་བ་འགགས་པ་ལས་ཀྱང་རབ་ཏུ་དབེན་པའི་དགའ་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་འདི་ལྟ་སྟེ། དཔེར་ན་གང་གི་ཚེ་གྲིབ་མ་འབྲི་བ་དེའི་ཚེ་ཉི་མས་ཁྱབ་པར་བྱེད་ལ། གང་གི་ཚེ་ཉི་མ་འབྲི་བ་དེའི་ཚེ་གྲིབ་མས་ཁྱབ་པར་བྱེད་དོ། །དེ་བཞིན་དུ་རབ་ཏུ་དབེན་པའི་དགའ་བ་
འགགས་པ་ལས་ཀྱང་ཡིད་མི་བདེ་བ་འབྱུང་བར་འགྱུར་ལ། ཡིད་མི་བདེ་བ་འགགས་པ་ལས་ཀྱང་རབ་ཏུ་དབེན་པའི་དགའ་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་དེ་ཡང་རགས་པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་
རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས་དེ་ལས་ཕྱིར་ལྡོག་ཅིང་དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ། །དགེ་སློང་དག་གཞན་ཡང་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ་སྔོན་གྱི་མཐའ་དང་ལྡན་
པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་དག་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་། ཟང་ཟིང་མེད་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་
བྱས་ནས་བསྒྲུབས་ཏེ་གནས་ལ། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་

དགའ་བ་ལས་ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ། ཟང་ཟིང་མེད་པའི་བདེ་བ་འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་སོ། །དེ་བཞིན་གཤེགས་པས་དགེ་སྦྱོང་ངམ་བྲམ་ཟེ་གང་སྔོན་
གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་། ཟང་ཟིང་མེད་པའི་བདེ་བ་ལུས་
ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ལ། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་རབ་ཏུ་
སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ། ཟང་ཟིང་མེད་པའི་བདེ་བ་འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་པ་དེ་ཡང་ཡང་དག་པ་ཇི་ལྟ་བ་
བཞིན་དུ་རབ་ཏུ་མཁྱེན་ཏོ། །དགེ་སློང་དག་ཟང་ཟིང་མེད་པའི་བདེ་བ་དེ་ཡང་མི་རྟག་པ་དང་། འགོག་པའི་ཆོས་ཅན་ཡིན་ཏེ། ཟང་ཟིང་མེད་པའི་བདེ་བ་འགགས་པ་ལས་སྡུག་བསྔལ་འབྱུང་བར་འགྱུར་ལ། སྡུག་བསྔལ་འགགས་པ་ལས་ཀྱང་ཟང་ཟིང་མེད་པའི་བདེ་བ་འབྱུང་བར་འགྱུར་
ཏེ། དགེ་སློང་དག་འདི་ལྟ་སྟེ། དཔེར་ན་འོད་པའི་ཆུ་ནི་ལན་འགའ་འབྲི་ཞིང་ལན་འགའ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ཟང་ཟིང་མེད་པའི་བདེ་བ་འགགས་པ་ལས་ཀྱང་སྡུག་བསྔལ་འབྱུང་བར་འགྱུར་ལ། སྡུག་བསྔལ་འགགས་པ་ལས་ཀྱང་ཟང་ཟིང་མེད་པའི་བདེ་བ་འབྱུང་བར་
འགྱུར་ཏེ། དགེ་སློང་དག་དེ་ཡང་རགས་པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས་དེ་ལས་ཕྱིར་ལྡོག་ཅིང་དེ་ལ་ཞི་བར་གཟིགས་

ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ། །དགེ་སློང་དག་གཞན་ཡང་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་
ལ་འདོད་པའི་ཀུན་དུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས་ཏེ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་
ལ། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་
ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས་ཏེ། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་
བ་འདི་ནི་ཞི་བའོ། འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས་དགེ་སྦྱོང་ངམ་བྲམ་ཟེ་གང་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་
དུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས་ཏེ། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ལ། དེ་འདི་
སྙམ་དུ་སེམས་ཏེ། འདི་ལྟར་བདག་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་

ཤིང་། ཟང་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས་ཏེ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་འདི་ནི་ཞི་བའོ། །འདི་
ནི་གྱ་ནོམ་པའོ་སྙམ་དུ་སེམས་པ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དགེ་སློང་དག་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཡང་མི་རྟག་པ་དང་། འགོག་པའི་ཆོས་ཅན་ཡིན་ཏེ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་
བ་འགགས་པ་ལས་བདེ་བ་དང་། སྡུག་བསྔལ་འབྱུང་བར་འགྱུར་ལ། བདེ་བ་དང་སྡུག་བསྔལ་འགགས་པ་ལས་ཀྱང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་འདི་ལྟ་སྟེ། དཔེར་ན་འཁར་བ་ནམ་མཁའ་
ལ་འཕངས་ན། ཡང་ན་ནི་ཡུ་བས་ཕྱིར་ལྷུང་ངོ་། །ཡང་ན་ནི་རྩེ་མོས་སོ། །དགེ་སློང་དག་དེ་བཞིན་དུ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་འགགས་པ་ལས་ཀྱང་བདེ་བ་དང་སྡུག་བསྔལ་འབྱུང་བར་འགྱུར་ལ། བདེ་བ་དང་སྡུག་བསྔལ་འགགས་པ་ལས་
ཀྱང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་དེ་ཡང་རགས་པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན། དེ་
བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས་དེ་ལས་ཕྱིར་ལྡོག་ཅིང་དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ། །དགེ་སློང་དག་གཞན་ཡང་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལས་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་
ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས། སྡུག་བསྔལ་ཡང་མ་ཡིན།

བདེ་བ་ཡང་མ་ཡིན་པའི་ཚོར་བ་ལས་ཀྱང་ཡང་དག་པར་འདས་ནས། འདི་སྐད་ཅེས་ང་ནི་ཞི་བའོ། །ང་ནི་མྱ་ངན་ལས་འདས་པའོ། །ང་ནི་སྲེད་པ་མེད་པའོ། །ང་ནི་ཉེ་བར་ལེན་པ་མེད་པ་སྟེ། ང་ལ་སྔོན་བདག་ཡོད་པར་གྱུར་པ་དེ་ནི་ད་ལྟར་ང་ལ་མེད་དོ་
ཞེས་ཟེར་ཏེ། དེ་བཞིན་གཤེགས་པས་དགེ་སྦྱོང་ངམ་བྲམ་ཟེ་གང་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་
དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ལས་ཀྱང་ཡང་དག་པར་འདས་ནས་འདི་སྐད་ཅེས། ང་ནི་ཞི་བའོ། །ང་ནི་མྱ་ངན་ལས་འདས་
པའོ། །ང་ནི་སྲེད་པ་མེད་པའོ། །ང་ནི་ཉེ་བར་ལེན་པ་མེད་པ་སྟེ། ང་ལ་སྔོན་བདག་ཡོད་པར་གྱུར་པ་དེ་ནི་ད་ལྟར་ང་ལ་མེད་དོ་ཞེས་ཟེར་བ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ནི་འདི་ལྟར་རིག་པར་བྱ་སྟེ། ཚེ་དང་ལྡན་པ་དེ་ནི་ཉེ་བར་ལེན་པ་
དང་འཐུན་པར་འགྲོ་བའི་ལམ་གང་ཡིན་པའི་ལམ་ལས་ཡང་དག་པར་མ་འདས་པར་རིག་པར་བྱའོ། །དེས་ནི་འདི་ལྟར་འདོད་པར་བྱ་སྟེ། ཡང་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་གང་ཡིན་པ་དག་ཉེ་བར་ལེན་པར་འགྱུར་བ་དང་། ཕྱི་མའི་མཐའ་དང་ལྡན་པའི་
ལྟ་བའི་རྣམ་པ་དག་ཀྱང་ཉེ་བར་ལེན་པར་འགྱུར་བ་དང་། ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་ཡང་ཉེ་བར་ལེན་པར་འགྱུར་བ་དང་། རབ་ཏུ་དབེན་པའི་དགའ་བ་ཡང་ཉེ་བར་ལེན་པར་འགྱུར་བ་དང་། ཟང་ཟིང་མེད་པའི་བདེ་བ་ཡང་ཉེ་བར་ལེན་པར་འགྱུར་བ་དང་། སྡུག་
བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཡང་ཉེ་བར་ལེན་པར་འགྱུར་བར་འདོད་པར་བྱའོ། །ཡང་དེ་འདི་སྐད་ཅེས་ང་ནི་ཞི་བའོ། །ང་ནི་མྱ་ངན་ལས་འདས་པའོ། །ང་ནི་སྲེད་པ་མེད་པའོ། །ང་ནི་ཉེ་བར་ལེན་པ་མེད་པ་སྟེ། ང་ལ་སྔོན་བདག་ཡོད་པར་

གྱུར་པ་དེ་ནི་ད་ལྟར་ང་ལ་མེད་དོ་ཞེས་ཟེར་བ་དེ་ཡང་དེ་ལ་ཉེ་བར་ལེན་པ་ཡོད་པ་ཁོ་ནར་སྣང་སྟེ། དགེ་སློང་དག་དེ་ཡང་རགས་པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་
པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས་དེ་ལས་ཕྱིར་ལོག་ཅིང་དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་ཏེ། དགེ་སློང་དག་ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་བར་སྨྲ་བ་དག་ཚེ་འདི་ཉིད་ལ་མྱ་
ངན་ལས་འདའ་བར་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་སྙེད་ཡོད་དོ། །དགེ་སློང་དག་གཞན་ཡང་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ་བཤད་པ་གོ་འཕང་དམ་པ་གཞན་ཡང་
ཡོད་དོ། །དགེ་སློང་དག་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བའི་བླ་ན་མེད་པ་ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ་བཤད་པ་གོ་འཕང་དམ་པ་གཞན་དེ་གང་ཞེ་ན། དགེ་སློང་དག་འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང་
མངོན་པར་འདུས་མ་བྱས་པའི་རྣམ་པར་གྲོལ་བ་སྟེ། དགེ་སློང་དག་དེ་ནི་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ངས་རང་གི་མངོན་པར་ཤེས་པས་མངོན་པར་ཤེས་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ་བཤད་པ་གོ་འཕང་དམ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་
བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བར་སྡོམ་ནི། འདུ་ཤེས་ཐ་དད་གཟུགས་ཅན་དང་། །ཆད་དང་རྟག་པར་ལྟ་བ་དང་། །གྲིབ་དང་ཆུ་དང་འཁར་བ་དང་། །སྐྱེས་བུ་གདུལ་བྱ་ཐ་མ་
ཡིན། །མདོ་ཆེན་པོ་ལྔ་གསུམ་པ་ཞེས་བྱ་བ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛིན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཤི་ལ་ཀྵིཔྟ་སཱུ་ཏྲཾ། བོད་སྐད་དུ། འཕགས་པ་རྡོ་འཕངས་པའི་མདོ། བམ་པོ་དང་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་
གྱད་རྣམས་ཀྱི་ལྗོངས་རྒྱུ་བ་སྤྱད་ནས་སྡིག་པར་གཤེགས་ཏེ། སྡིག་པའི་སྲིན་བུ་པད་པའི་ནགས་ཁྲོད་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཀུ་ཤའི་གྲོང་ཁྱེར་ག་ལ་བར་ཚུར་ཤོག །བཙུན་པ་དེ་
བཞིན་ནོ་ཞེས་གསོལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ། །ཡང་དེའི་ཚེ་ཀུ་ཤའི་གྲོང་ཁྱེར་གྱི་གྱད་རྣམས་ནི་གྱད་ལྔ་བརྒྱ་ཙམ་སྟེ། དེ་ལ་གྱད་རེ་རེ་ཡང་གྱད་ཀྱི་འཁོར་བརྒྱ་བརྒྱ་དང་ལྡན་ནོ། །འདུན་ས་ཅིག་ཤོས་སུ་འདུས་ཏེ་འཁོད་པ་དེ་དག་བར་
གྱི་གཏམ་ཡང་དག་པར་བརྗོད་པ་འདི་ལྟ་བུ་བྱུང་སྟེ། ཤེས་ལྡན་དག་བཅོམ་ལྡན་འདས་གྱད་རྣམས་ཀྱི་ལྗོངས་སུ་རྒྱུ་བ་སྤྱད་ནས་སྡིག་པར་གཤེགས་ཏེ། སྡིག་པའི་སྲིན་བུ་པད་པའི་ནགས་ཁྲོད་ན་བཞུགས་སོ། །དེ་ལ་སྡིག་པར་སྐྱེས་པའི་གྱད་རྣམས་ཀྱིས་རི་མོར་བྱ་བ་
མཆོག་གིས་རི་མོར་བྱས། མཆོད་པར་བྱ་བ་མཆོག་གིས་མཆོད། བླ་མ་ལ་གུས་པ་མཆོག་གིས་ཀྱང་བསྙེན་བཀུར་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་ཆོས་ཀྱི་སྦྱིན་པ་དམ་པ་གྱ་ནོམ་པ་བླ་ན་མེད་པས་ཕན་གདགས་པར་མཛད་དོ། །དེ་ལ་ད་བཅོམ་ལྡན་འདས་
གནས་པ་ཇི་ལྟ་བུར་གནས་པས་རིང་པོ་མི་ཐོགས་པར་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། བདག་ཅག་གི་གྲོང་གི་ཞིང་དུ་ཀུ་ཤའི་གྲོང་ཁྱེར་དུ་གཤེགས་སོ་སྙམ་མོ། །དེ་ལ་གང་འོ་ན་བདག་ཅག་གིས་ཀྱང་བཅོམ་ལྡན་འདས་དེ་ལ་རི་
མོར་བྱ་བ་དང་། མཆོད་པར་བྱ་བས་བདག་ལ་ཕན་པར་བྱ་བའི་ཕྱིར་ཀུ་ཤའི་གྲོང་ཁྱེར་ཀུན་ཆོ་ག་བཞིན་དུ་ཕྱག་དར་དག་བྱ། ཆག་ཆག་ལེགས་པར་བཏབ་པ་དང་། བྱི་དོར་ལེགས་པར་བྱ་བ་དག་བྱས་ནས་རྒྱན་དང་ལྷབ་ལྷུབ་ཐམས་ཅད་དང་། བདུག་པ་དང་། ཕྲེང་བ་དང་། མེ་ཏོག་དང་།

སྤོས་དང་། རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བྱ། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གཟུགས་པར་བྱ། དུས་སྟོན་དག་ཏུ་གནས་པར་བྱ། བཅོམ་ལྡན་འདས་ལམ་གང་ནས་གཤེགས་པར་བརྩོན་པའི་གཤེགས་ཤུལ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དར་
དག་བྱའོ། །དེ་ཕྱིན་ཆད་ནི་བདག་ཅག་ཐམས་ཅད་ཀྱིས་བསུ་བ་བྱས་འབའ་ཞིག་ན་ལེགས་སོ་སྙམ་ནས། དེ་ནས་དེ་དག་ཐམས་ཅད་ཚོགས་ཤིང་ཡང་དག་པར་དགའ་སྟེ། རྩོད་པ་མེད་ཅིང་རྩེ་གཅིག་ལ་བློ་གཅིག་པ་དག་ཏུ་བྱས་ནས་ཀུ་ཤའི་གྲོང་ཁྱེར་ཐམས་ཅད་ཆོ་ག་བཞིན་དུ་ཕྱག་
དར་དག་བྱེད་དོ། །ཆག་ཆག་ལེགས་པར་བཏབ་པ་དང་། བྱི་དོར་ལེགས་པར་བྱས་པ་དག་བྱས་ནས། རྒྱན་དང་ལྷབ་ལྷུབ་ཐམས་ཅད་དང་། བདུག་པ་དང་། ཕྲེང་བ་དང་། མེ་ཏོག་དང་། སྤོས་དང་། རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བྱེད། གདུགས་དང་། རྒྱལ་མཚན་
དང་། བ་དན་དག་འཛུགས་པར་བྱེད། དུས་སྟོན་ཡང་རབ་ཏུ་གནས་པར་བྱེད་དེ། གཤེགས་ཤུལ་གང་ནས་བཅོམ་ལྡན་འདས་གཤེགས་པའི་གཤེགས་ལམ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དར་དག་བྱེད་དོ། །ཡང་དེའི་ཚེ་ཀུ་ཤའི་གྲོང་ཁྱེར་གྱི་བར་དང་། ཆུ་ཀླུང་དབྱིག་ལྡན་
གྱི་བར་དེ་གཉིས་ཀྱི་བར་ན་རྡོ་ཆེན་པོ་ཡངས་པ་ཞིག་གནས་མ་ཡིན་པ་ན་འདུག་སྟེ། ལམ་པོ་ཆེ་ན་གནས་པ་ན་འདི་ལྟ་སྟེ། གྱེན་དུ་ནི་འདོམ་བཅོ་ལྔ་སྲིད་མངོན་དུ་འཕགས་སོ། །རྒྱར་ནི་འདོམ་ཕྱེད་དང་བརྒྱད་དོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གང་འོ་ན་བདག་ཅག་
གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་གཅིག་ཏུ་གཞག་པར་བྱའོ། །དེའི་ཕྱིར་བདག་ཅག་གིས་ལམ་ཡང་ཤིན་ཏུ་ཕྱག་དར་བྱས་པར་འགྱུར་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར་འགྱུར་ཞིང་།
ཕྱོགས་དང་ཕྱོགས་མཚམས་དག་ཏུ་ཡང་བདག་ཅག་གི་དགེ་བ་རྒྱ་ཆེན་པོ་གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པས་མངོན་པར་འཕགས་པར་འགྱུར་ཏེ། གང་དག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་ནས་ཕྱོགས་གང་ཡང་རུང་བ་ཞིག་ཏུ་བཞག་པས། ཀྱེ་མ་

ཀུ་ཤའི་གྲོང་ཁྱེར་གྱི་གྱད་དག་ནི་དཔའ་བ་དག་བྱུང་ངོ་། །ཀྱེ་མ་ཀུ་ཤའི་གྲོང་ཁྱེར་གྱི་གྱད་དག་ནི་རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཆེས་སྟོབས་དང་ལྡན་པ་དག་བྱུང་བར་གྱུར་ཏོ་ཞེས་ཟེར་རོ་སྙམ་ནས། དེ་ལྟར་རྗེས་སུ་རྣམ་པར་བསམས་ཏེ་
དམ་བཅའ་བ་དག་བྱས་སོ། །ཤེས་ལྡན་དག་ཀུ་ཤའི་གྲོང་ཁྱེར་གྱི་གྱད་དག་གམ། གྱད་ཀྱི་བུ་གཞོན་ནུ་དག་ཉོན་ཅིག །བདག་གིས་ལམ་འདི་བཙལ་བར་བརྩོན་ནོ། །རྡོ་ཆེན་པོ་ཡངས་པ་འདི་གནས་མ་ཡིན་པ་ན་འདུག་སྟེ། རྒྱལ་པོའི་ལམ་ན་གནས་པས་གང་འོ་ན་བདག་གིས་རྡོ་
ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་ནས་ཕྱོགས་ཅིག་ཤོས་སུ་གཞག་པར་བྱའོ། །དེའི་ཕྱིར་བདག་ཅག་གིས་ལམ་ཤིན་ཏུ་སྦྱངས་པར་འགྱུར་ཞིང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར་འགྱུར་ལ། ཕྱོགས་དང་ཕྱོགས་
མཚམས་སུ་ཡང་བདག་ཅག་གི་དགེ་བ་རྒྱ་ཆེན་པོ་གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པས་མངོན་པར་འཕགས་པར་འགྱུར་ཏེ། གང་དག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་ནས་ཕྱོགས་ཅིག་ཤོས་སུ་བཞག་པས། ཀྱེ་མ་ཀུ་ཤའི་གྲོང་ཁྱེར་གྱི་གྱད་དག་ནི་དཔའ་
བ་དག་བྱུང་ངོ་། །ཀྱེ་མ་ཀུ་ཤའི་གྲོང་ཁྱེར་གྱི་གྱད་དག་ནི་རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཆེས་སྟོབས་དང་ལྡན་པ་དག་བྱུང་ངོ་ཞེས་ཟེར་གྱིས། དེའི་ཕྱིར་ཤེས་ལྡན་དག་རྡོ་ཆེན་པོ་ཡངས་པ་འདི་ག་ལ་བར་ཀུན་ཀྱང་དེང་ཤིག་དེ་བཞིན་ནོ་ཞེས་སྨྲས་ནས་ཀུ་
ཤའི་གྲོང་ཁྱེར་གྱི་གྱད་དག་ཕན་ཚུན་གྱི་ལྟར་ཉན་ཏེ། དེ་དག་སོ་སོ་ནས་བཞོན་པ་བཟང་པོ་དག་ལ་ཞོན་ནས་བདག་ཅག་ནི་ས་སྟེང་འདི་ན། ཆེས་སྟོབས་དང་ལྡན་པའོ་སྙམ་དུ་རློམ་སེམས་སུ་བྱེད་ཅིང་འོངས་པ་དང་། རིགས་དང་། སྟོབས་དང་། ལུས་བྱད་དང་། དབང་ཕྱུག་གི་རྒྱགས་
པས་དྲེགས་ཏེ། སྒྲ་མཐོན་པོ་དང་། སྒྲ་ཆེན་པོས་ག་ཞ་བྱེད་ཅིང་ཅ་ཅོ་བྱེད་ལ། དགའ་མགུ་རངས་ཤིང་དགའ་བ་དང་། བདེ་བ་དང་། ཡིད་བདེ་བ་སྐྱེས་ཏེ། འབྱོར་བ་ཆེན་པོ་མཆོག་གིས་ཀུ་ཤའི་གྲོང་ཁྱེར་ནས་བྱུང་ནས་རྟ་དང་། རྔ་མོ་དང་། བ་ལང་སྔོན་པོའི་གཙོ་བོ་དང་།

ཁྱུ་མཆོག་དང་། གླང་པོ་ཆེ་དང་། སྤོས་ཀྱི་གླང་པོ་ཆེ་བརྒྱ་ཕྲག་དུ་མ་ཁྲིད་ནས་རྡོ་ཆེན་པོ་ཡངས་པ་འདི་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྡོ་ཆེན་པོ་ཡངས་པ་དེ་རྩིད་པའི་ཐག་པ་སྲ་བས་ལན་མང་དུ་དཀྲིས་ནས། ཁ་ཅིག་གིས་ནི་སྐས་བཅས་ཏེ། རྩྭ་མུན་ཛ་དང་། བལ་བ་ཛའི་ཐག་པ་དང་། རྟས་
འདྲེན་པའི་ཐག་པ་དག་གིས་ཚུར་འདྲེན་པར་བྱེད་ཕར་འདྲེན་པར་བྱེད་དོ། །ཁ་ཅིག་ནི་ཐང་ལྕགས་བརྒྱས་གཞི་ནས་འབྱིན་པར་འདོད་དོ། །ཁ་ཅིག་ནི་དགྲ་སྟ་དག་གིས་གཅོད་པར་འདོད་དོ། །ཁ་ཅིག་ནི་རྡོ་རྗེས་གདབ་པ་དག་གིས་ཕྱེ་མར་བྱ་བར་འདོད་དོ། །ཁ་ཅིག་ནི་ལུས་ཀྱི་སྟོབས་ཀྱིས་
མཆུ་དག་བསྡམས་ཏེ་ཡོངས་སུ་བསྐྱོད་པར་འདོད་དོ། །ཁ་ཅིག་ནི་ཁྱུ་མཆོག་དག་དང་། བ་ལང་གི་གཙོ་བོ་དག་གིས་བསྒྱེལ་བར་འདོད་དོ། །ཁ་ཅིག་ནི་བ་ལང་ཁྱུའི་སྟོབས་ཀྱིས་རབ་ཏུ་གཞོམ་པར་འདོད་དོ། །ཁ་ཅིག་ནི་སྨན་གྱི་མཐུས་གཞིག་པར་འདོད་དོ། །ཁ་ཅིག་ནི་སྔགས་
ཀྱི་མཐུས་མི་སྣང་བར་བྱ་བར་འདོད་དེ། དེའི་ཕྱིར་བརྩོན་པ་དང་། དྲང་བ་དང་། འབད་པ་དེ་ལྟ་བུས་དེ་དག་གིས་ཅི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་གཅིག་ཅིག་ཏུ་གཞག་གོ་སྙམ་པ་དང་། དེ་དག་ལུས་ངལ་ཞིང་ལུས་དུབ་ལ་ལུས་སྒུ་བས་རབ་ཏུ་འབད་པས་སྒྱིད་ལུག་སྟེ་རྡོ་
ཆེན་པོ་ཡངས་པ་དེ་བསྒུལ་བར་ཡང་མ་ནུས་ན། བསྒྲེང་པའམ་འཕང་བར་ལྟ་ག་ལ་ནུས། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། གང་ན་རྡོ་ཆེན་པོ་ཡངས་པ་དེ་གནས་པའི་ཕྱོགས་དེར་གཤེགས་སོ། །ཀུ་ཤའི་གྲོང་
ཁྱེར་དུ་སྐྱེས་པའི་གྱད་རྣམས་ཀྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ཁོ་ན་ནས་ཚུར་གཤེགས་པ་མཐོང་སྟེ། མཐོང་ནས་ཀྱང་དགའ་མགུ་ཞིང་རངས་ཏེ་དགའ་བ་དང་། བདེ་བ་དང་། ཡིད་བདེ་བ་སྐྱེས་ཤིང་། བླ་མ་ལ་གུས་པ་ཆེན་པོ་སྐྱེས་ནས་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ལ་བསུ་
བ་བྱེད་དོ། །བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་བར་བྱེད་དོ། །བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བར་བྱེད་དེ། །བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཅང་མི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ། །བཅོམ་ལྡན་འདས་ཀྱིས་ཀུ་ཤའི་གྲོང་

ཁྱེར་གྱི་གྱད་ཕྱོགས་གཅིག་ཏུ་འཁོད་པ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་དག་ཅི་འདི་ངལ་བ་ཆེན་པོ་མཆོག་གིས་ཀྱང་བརྩམས་སམ། ངལ་བར་བྱེད་དམ། དེ་སྐད་ཅེས་བཀའ་སྩལ་པང་དང་། བཅོམ་ལྡན་འདས་ལ་ཀུ་ཤའི་གྲོང་ཁྱེར་གྱི་གྱད་རྣམས་
ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ལ་ཀུ་ཤའི་གྲོང་ཁྱེར་གྱི་གྱད་བདག་ཅག་གིས་ནི། བཅོམ་ལྡན་འདས་གྱད་རྣམས་ཀྱི་ལྗོངས་རྒྱུ་བ་སྤྱད་ནས་སྡིག་པར་གཤེགས་ཏེ། སྡིག་པའི་སྲིན་བུ་པད་པའི་ནགས་ཁྲོད་ན་ཞུགས་སོ། །དེ་ལ་སྡིག་པར་སྐྱེས་པའི་གྱད་རྣམས་
ཀྱིས་རི་མོར་བགྱི་བ་མཆོག་གིས་རི་མོར་བགྱིས། མཆོད་པའི་མཆོག་གིས་མཆོད། བླ་མ་ལ་གུས་པའི་མཆོག་གིས་ཀྱང་རིམ་གྲོར་བགྱིས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་ཆོས་ཀྱི་སྦྱིན་པ་དམ་པ་གྱ་ནོམ་པ་བླ་ན་མེད་པས་ཕན་གདགས་པར་མཛད་དོ། །དེ་ལ་ད་བཅོམ་
ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། བདག་གི་གྲོང་གི་ཞིང་དུ་ཀུ་ཤའི་གྲོང་ཁྱེར་དུ་གཤེགས་སོ་ཞེས་ཐོས་ལགས་ཏེ། དེ་སྐད་ཐོས་ནས་ཀྱང་བདག་ཅག་འདི་སྙམ་དུ་སེམས་ལགས་སོ། །གང་འོ་ན་བདག་
ཅག་གིས་ཀྱང་བཅོམ་ལྡན་འདས་དེ་ལ་རི་མོར་བགྱི་བ་དང་། མཆོད་པར་བགྱི་བས་བདག་ལ་ཕན་པར་བགྱི་བའི་སླད་དུ་ཀུ་ཤའི་གྲོང་ཁྱེར་ཐམས་ཅད་ཆོ་ག་བཞིན་དུ་ཕྱག་དར་དག་བགྱི། ཆག་ཆག་ལེགས་པར་བཏབ་པ་དང་། བྱི་དོར་ལེགས་པར་བགྱི་བ་དག་བགྱིས་ནས་རྒྱན་
དང་ལྷབ་ལྷུབ་ཐམས་ཅད་ཀྱིས་བརྒྱན་པར་བགྱི། དེ་ནས་དྲི་དང་། ཕྲེང་བ་དང་། མེ་ཏོག་དང་། བདུག་པ་དང་། རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བགྱི། གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཀྱང་གཟུགས་པར་བགྱི། དུས་སྟོན་ཡང་རབ་ཏུ་
གཞག་པར་བགྱི། ཤུལ་གང་ནས་བཅོམ་ལྡན་འདས་གཤེགས་པར་བརྩོན་པར་མཛད་པའི་གཤེགས་ཤུལ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དར་དག་བགྱི། དེང་སླན་ཆད་བདག་ཅག་ཐམས་ཅད་ཀྱིས་བསུ་བ་བགྱིས་འབའ་ཞིག་ན་ལེགས་སོ་སྙམ་ནས་དེ་ནས་བདག་ཅག་ཐམས་ཅད་

ཚོགས་ཤིང་ཡང་དག་པར་དགའ་བར་བགྱིད་ལ། རྩོད་པ་མ་མཆིས་ཤིང་རྩེ་གཅིག་སྟེ་བློ་གཅིག་པར་གྱུར་ནས་ཀུ་ཤའི་གྲོང་ཁྱེར་ཐམས་ཅད་ནི་ཆོ་ག་བཞིན་དུ་ཕྱག་དར་དག་བགྱིད། ཆག་ཆག་ལེགས་པར་བཏབ་པ་དང་། བྱི་དོར་ལེགས་པར་བགྱི་བ་དག་བགྱིས་ནས་རྒྱན་དང་ལྷབ་ལྷུབ་
ཐམས་ཅད་དང་། བདུག་པ་དང་། ཕྲེང་བ་དང་། མེ་ཏོག་དང་། སྤོས་དང་། རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བགྱིད། གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཀྱང་འཛུགས་པར་བགྱིད། དུས་སྟོན་ཡང་རབ་ཏུ་འཇོག་པར་བགྱིད། བཅོམ་ལྡན་འདས་ཤུལ་གང་
ནས་གཤེགས་པའི་ཤུལ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དར་དག་བགྱིས་པས་གོར་མ་ཆེན་པོ་ཡངས་པ་དེ་གནས་མ་ལགས་པ་ན་མཆིས་ཤིང་། ཤུལ་པོ་ཆེ་ན་གནས་པ་མཐོང་ལགས་སོ། །དེ་ནས་བདག་ཅག་འདི་སྙམ་དུ་སེམས་སོ། །གང་འོ་ན་བདག་ཅག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་
འདི་ནས་བཏེག་སྟེ་ཕྱོགས་གང་ཡང་རུང་བར་གཞག་གོ། །དེའི་ཕྱིར་བདག་ཅག་གིས་ལམ་ཡང་ཤིན་ཏུ་ཕྱག་དར་བགྱིས་པར་འགྱུར་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར་འགྱུར་ཞིང་། ཕྱོགས་དང་ཕྱོགས་མཚམས་དག་ཏུ་ཡང་བདག་
ཅག་གི་དགེ་བ་རྒྱ་ཆེན་པོར་གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་མངོན་དུ་འཕགས་པར་འགྱུར་ཏེ། གང་དག་གིས་རྡོ་ཆེན་པོ་ཡངས་པ་དེ་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་ཅིག་ཤོས་སུ་འཕངས་པས་ཀྱེ་མ་ཀུ་ཤའི་གྲོང་ཁྱེར་གྱི་གྱད་དཔའ་བ་དག་བྱུང་ངོ་། །ཀྱེ་མ་ཀུ་ཤའི་
གྲོང་ཁྱེར་གྱི་གྱད་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཆེས་སྟོབས་དང་ལྡན་པ་དག་བྱུང་བར་གྱུར་ཏོ་ཞེས་ཟེར་རོ་སྙམ་ནས་དེ་ལྟར་རྗེས་སུ་རྣམ་པར་བསམས་ཏེ། དམ་བཅའ་བ་ཁས་བླང་བ་དག་ནི་ཤེས་ལྡན་དག་ཀུ་ཤའི་གྲོང་ཁྱེར་གྱི་གྱད་དག་དང་། གྱད་ཀྱི་བུ་གཞོན་ནུ་
དག་ཉོན་ཅིག །བདག་ཅག་གིས་ལམ་འདི་ཕྱག་དར་བྱ་བར་བརྩོན་ནོ། །རྡོ་ཆེན་པོ་ཡངས་པ་འདི་ནི་གནས་མ་ཡིན་པ་ན་འདུག་ཅིང་རྒྱལ་པོའི་ལམ་ན་གནས་ཏེ། གང་འོ་ན་བདག་ཅག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་སྟེ་ཕྱོགས་ཅིག་ཤོས་སུ་གཞག་པར་བྱའོ། །དེའི་ཕྱིར་

བདག་ཅག་གིས་ལམ་ཡང་ཤིན་ཏུ་ཕྱག་དར་བྱས་པར་འགྱུར་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར་འགྱུར་ཏེ། ཕྱོགས་དང་ཕྱོགས་མཚམས་དག་ཏུ་ཡང་བདག་ཅག་གིས་དགེ་བ་རྒྱ་ཆེན་པོ་གྲགས་
པ་དང་། སྒྲ་དང་། ཚིགས་སུ་བཅད་པས་མངོན་པར་འཕགས་པར་འགྱུར་བ་ནི་གང་དག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་སྟེ་ཕྱོགས་ཅིག་ཤོས་སུ་འཕངས་པས། ཀྱེ་མ་ཀུ་ཤའི་གྲོང་ཁྱེར་གྱི་གྱད་དཔའ་བ་དག་ཅིག་བྱུང་ངོ་། །ཀྱེ་མ་ཀུ་ཤའི་གྲོང་ཁྱེར་གྱི་གྱད་
རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཆེས་སྟོབས་དང་ལྡན་པ་དག་བྱུང་ངོ་ཞེས་ཟེར་གྱིས། ཤེས་ལྡན་དག་དེའི་ཕྱིར་རྡོ་ཆེན་པོ་ཡངས་པ་འདི་ག་ལ་བར་ཀུན་ཀྱང་ཕྱིར་བྱུང་སྟེ་དེང་ཤིག །དེ་བཞིན་ནོ་ཞེས་སྨྲས་ནས་དེ་དག་དང་དེ་ཉིད་གཅིག་ལ་གཅིག་གི་ལྟར་
ཉན་ཏེ། སོ་སོ་ནས་བཞོན་པ་བཟང་པོ་དག་ལ་ཞོན་ཏེ། བདག་ཅག་ནི་ས་སྟེང་འདི་ན་ཆེས་སྟོབས་དང་ལྡན་པའོ་སྙམ་དུ་རློམ་སེམས་བྱེད་ཅིང་འོངས་པ་དང་། རིགས་དང་། སྟོབས་དང་། ལུས་བྱད་དང་། དབང་ཕྱུག་གི་རྒྱགས་པས་དྲེགས་ཏེ། སྐད་མཐོན་པོ་དང་། སྐད་ཆེན་པོས་
ག་ཞ་བྱེད་ཅིང་ཅ་ཅོ་བྱེད་ལ་དགའ་མགུ་རངས་ཤིང་དགའ་བ་དང་། བདེ་བ་དང་། ཡིད་བདེ་བ་སྐྱེས་ཏེ། འབྱོར་པ་ཆེན་པོ་མཆོག་གིས་ཀུ་ཤའི་གྲོང་ཁྱེར་ནས་ཕྱིར་བྱུང་སྟེ། རྟ་དང་། རྔ་མོ་དང་། བ་ལང་སྔོན་པོའི་མཆོག་ཏུ་བྱིན་པ་དང་། ཁྱུ་མཆོག་དང་། གླང་པོ་ཆེ་དང་། སྤོས་ཀྱི་གླང་པོ་
ཆེ་བརྒྱ་ཕྲག་དུ་མ་དེད་ནས་རྡོ་ཆེན་པོ་ཡངས་པ་དེ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། རྡོ་ཆེན་པོ་ཡངས་པ་དེ་རྩིད་པའི་ཐག་པ་སྲ་བས་རྣམ་པ་ཐམས་ཅད་དུ་དཀྲིས་ནས་དེ་དག་དང་དེ་ཉིད་ཁ་ཅིག་གིས་ནི་སྐས་བཙུགས་ཏེ། རྩྭ་མུན་ཛ་དང་། བལ་བ་ཛའི་ཐག་པ་དང་། རྟས་འདྲེན་པའི་ཐག་པ་དག་གིས་
ཚུར་དྲང་བར་བྱ་ཕར་དྲང་བར་བྱའོ། །ཁ་ཅིག་ནི་རྨོ་ལྕགས་བརྒྱས་རྩ་ནས་འབྱིན་པར་འདོད་དོ། །ཁ་ཅིག་ནི་དགྲ་སྟ་དག་གིས་གཅོད་པར་འདོད། ཁ་ཅིག་ནི་རྡོ་རྗེས་གདབ་པ་དག་གིས་ཕྱེ་མར་བྱ་བར་འདོད། ཁ་ཅིག་ནི་ལུས་ཀྱི་སྟོབས་ཀྱིས་མཆུ་དག་བསྡམས་ཏེ་ཡོངས་སུ་བསྒུལ་བར་འདོད།

ཁ་ཅིག་ནི་ཁྱུ་མཆོག་དག་དང་། བ་ལང་མཆོག་ཏུ་ཕྱིན་པ་དག་གིས་བསྒྱེལ་བར་འདོད། ཁ་ཅིག་ནི་གླང་པོ་ཆེའི་ཚོགས་ཀྱིས་རབ་ཏུ་འཇོམས་པར་འདོད། ཁ་ཅིག་ནི་སྨན་གྱི་སྟོབས་ཀྱིས་གཞིག་པར་འདོད། ཁ་ཅིག་ནི་གསང་སྔགས་ཀྱི་སྟོབས་ཀྱིས་མི་སྣང་བར་བྱེད་པར་འདོད་པར་བྱའོ། །དེའི་
ཕྱིར་བདག་ཅག་གིས་བརྩོན་པ་དང་། དྲང་བ་དང་། འབད་པ་དེ་ལྟ་བུ་དག་གིས་ཅི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་ཅིག་ཤོས་སུ་གཞག་གོ་སྙམ་པ་དང་། དེ་དག་དང་དེ་ཉིད་ལུས་ངལ་ཞིང་། ལུས་དུབ་ལ། ལུས་དབྱིབས་སྒུ་བས་ཡིད་སྒྱིད་ལུག་སྟེ། གང་འདི་ཞག་ཉི་ཤུ་རྩ་དགུར་
རྩོམ་པ་བྱས་པ་དེས་ཀྱང་རྡོ་ཆེན་པོ་ཡངས་པ་དེ་ཕྱོགས་དེ་ནས་ཡོངས་སུ་བསྒུལ་བར་ཡང་མ་ནུས་ན་བསྒྲེང་བའམ། འཕང་བར་ལྟ་ག་ལ་ཞིག་ནུས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་དག་གང་དེ་བཞིན་གཤེགས་པས་རྡོ་ཆེན་པོ་ཡངས་པ་དེ་ཕྱོགས་དེ་ནས་བཏེག་ནས་ཕྱོགས་ཅིག་ཤོས་
སུ་འཕང་བར་བྱེད་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ། །དེ་ནས་བཅོམ་ལྡན་འདས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། རྡོ་ཆེན་པོ་ཡངས་པ་དེ་ག་ལ་བ་དེར་གཤེགས་ཏེ་ཕྱིན་ནས་རྡོ་ཆེན་པོ་ཡངས་པ་དེ་ཞབས་
ཀྱི་མཐེ་བོ་གཡས་པས་ཡང་དག་པར་རབ་ཏུ་བསྒུལ་ཏེ། ཡང་དག་པར་རབ་ཏུ་བསྒུལ་ནས་ཀྱང་གཞི་ནས་མ་ལུས་པར་ཕྱུང་སྟེ། ཕྱག་གཡོན་པས་བླངས་ནས་ཕྱག་གཡས་ཀྱི་མཐིལ་དུ་བཞག་སྟེ་ཡུད་ཙམ་ཞིག་དགོངས་ནས་གྱེན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕངས་ཏེ་མིག་
ལམ་དུ་མི་སྣང་བར་གནས་པར་གྱུར་པ་དང་། དེའི་སྒྲས་གྱད་དག་དངངས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་གི་རྒྱུད་དག་མ་འཇིགས་ཤིག །གྱེན་དུ་འཕངས་པ་ཙམ་གྱིས་ཀྱང་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་
བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་སྒྲ་དེ་ལྟ་བུ་མཛད་དོ། །སླར་འཁོར་ནས་ཀྱང་དེ་བཞིན་གཤེགས་པའི་ཕྱག་མཐིལ་དེ་ཉིད་དུ་གནས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ཞལ་གྱི་དབུགས་ཀྱིས་རྡུལ་ཕྲ་རབ་ཙམ་དུ་མཛད་དོ། །ཕྱེ་མར་མཛད་ནས་ཀྱང་

ཕྱོགས་དང་ཕྱོགས་མཚམས་དག་ཏུ་རྡུལ་ཕྲ་རབ་ཏུ་ཕྱེ་མའི་ཆར་མངོན་དུ་འབབ་པར་རྩོམ་པར་མཛད་དོ། །དེ་ནས་གྱད་ཀྱི་ཚོགས་དེ་ནི་རྡོ་ཆེན་པོ་ཡངས་པ་དེ་མེད་པར་གྱུར་པས། མཆོག་ཏུ་ཡིད་མི་བདེ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་གྱད་ཀྱི་ཚོགས་
དེའི་སེམས་ཀུན་མཁྱེན་ཏེ། རྡོ་ཆེན་པོ་ཡངས་པ་མེད་པས་མཆོག་ཏུ་ཡིད་མི་བདེ་བར་ཐུགས་སུ་ཆུད་ནས། ཕྱི་ནས་ཀྱང་རྡོའི་ཕྱེ་མ་རྡུལ་ཕྲ་རབ་ཙམ་དེ་མ་ཚང་བ་མེད་ཅིང་ཚང་བར་གཅིག་ཏུ་བསྡུས་ཏེ་བསྡོམས་ནས་རྡོ་ཆེན་པོ་ཡངས་པ་དེ་འདྲ་བ་ཁོ་ནར་མཛད་དེ། རྣམ་པར་དབེན་པར་ཕྱོགས་ཅིག་
ཤོས་སུ་གནས་པར་མཛད་དོ། །དེ་ནས་གྱད་ལྔ་བརྒྱ་ཙམ་པོ་དེ་དག་བཅོམ་ལྡན་འདས་དེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཆེན་པོས་འདུན་པར་མཛད་དེ་དགའ་མགུ་རངས་ཤིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་འདི་ཅི་ལགས། དེ་དེ་བཞིན་གཤེགས་པའི་ཡབ་དང་ཡུམ་ལས་བྱུང་བའི་སྟོབས་ལགས་སམ། འོན་ཏེ་རྫུ་འཕྲུལ་གྱི་སྟོབས་ལགས་སམ། འོན་ཏེ་བསྒོམ་པའི་སྟོབས་ལགས། གནས་འཇོག་གི་རྒྱུད་དག་གང་དེ་བཞིན་གཤེགས་པས་རྡོ་ཆེན་པོ་ཡངས་པ་ཞབས་ཀྱི་མཐེ་བོ་གཡས་
པས་ཡང་དག་པར་རབ་ཏུ་བསྒུལ་ཏེ། གཞི་ནས་མ་ལུས་པར་ཕྱུང་ནས་ཕྱག་གཡོན་པས་བཟུང་སྟེ་ཕྱག་མཐིལ་གཡས་པར་བཞག་ནས་ཡུད་ཙམ་དགོངས་ཏེ། གྱེན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕངས་པ་འདི་ནི་དེ་བཞིན་གཤེགས་པའི་ཡབ་ཡུམ་ལས་བྱུང་བའི་སྟོབས་སོ། །གནས་
འཇོག་གི་རྒྱུད་དག་གང་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་རྡོ་ཆེན་པོ་ཡངས་པའི་སྒྲ་མཛད་པ་འདི་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་སྟོབས་སོ། །གནས་འཇོག་གི་རྒྱུད་དག་གང་དེ་བཞིན་གཤེགས་པས་
རྡོ་ཆེན་པོ་ཡངས་པ་དེ་ཞལ་གྱི་དབུགས་ཀྱིས་ཕྱེ་མར་མཛད་ནས་ཕྱེ་མ་རྡུལ་ཕྲ་རབ་ཙམ་དེ་གོད་པ་མེད་ཅིང་མ་ཚང་བ་མེད་པར་གཅིག་ཏུ་བསྡུས་ཏེ་བསྡོམས་ནས་རྡོ་ཆེན་པོ་ཡངས་པ་དེ་འདྲ་བ་ཁོ་ནར་མཛད་དེ། དབེན་པར་ཕྱོགས་གཅིག་ཏུ་གནས་པར་མཛད་པ་འདི་ནི་དེ་བཞིན་གཤེགས་པའི་

སྒོམ་པའི་སྟོབས་སོ། །བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ཡབ་ཡུམ་ལས་བྱུང་བའི་སྟོབས་ཇི་ལྟ་བུ་དང་ལྡན་པ་ལགས། གནས་འཇོག་གི་རྒྱུད་དག་ཁྱེད་དེ་བཞིན་གཤེགས་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ། །གནས་འཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་
ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །གནས་འཇོག་གི་རྒྱུད་དག་མི་བཅུའི་སྟོབས་གང་ཡིན་པ་དེ་བ་ལང་ཕལ་གཅིག་གི་སྟོབས་སོ། །བ་ལང་ཕལ་བཅུའི་སྟོབས་གང་ཡིན་པ་དེ་བ་ལང་སྔོན་པོ་གཅིག་གི་སྟོབས་སོ། །བ་ལང་སྔོན་པོ་བཅུའི་སྟོབས་གང་ཡིན་པ་དེ་
ཁྱུ་མཆོག་གཅིག་གི་སྟོབས་སོ། །ཁྱུ་མཆོག་བཅུའི་སྟོབས་གང་ཡིན་པ་དེ་གཡག་གཅིག་གི་སྟོབས་སོ། །གཡག་བཅུའི་སྟོབས་གང་ཡིན་པ་དེ་བསེ་གཅིག་གི་སྟོབས་སོ། །བསེ་བཅུའི་སྟོབས་གང་ཡིན་པ་དེ་གླང་པོ་ཆེ་ཕལ་གཅིག་གི་སྟོབས་སོ། །གླང་པོ་ཆེ་ཕལ་བཅུའི་
སྟོབས་གང་ཡིན་པ་དེ་སྒྲ་གསལ་བར་མི་བྱེད་པའི་གླང་པོ་ཆེ་གཅིག་གི་སྟོབས་སོ། །སྒྲ་གསལ་བར་མི་བྱེད་པའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་སྒྲ་ཆེན་པོར་བྱེད་པའི་གླང་པོ་ཆེ་གཅིག་གི་སྟོབས་སོ། །སྒྲ་ཆེན་པོར་བྱེད་པའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་མཆེ་བ་གཅིག་པའི་
གླང་པོ་ཆེ་གཅིག་གི་སྟོབས་སོ། །མཆེ་བ་གཅིག་པའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་རི་སྔོན་པོའི་གླང་པོ་ཆེ་གཅིག་གི་སྟོབས་སོ། །རི་སེར་པོ་དང་། རི་དམར་པོ་དང་། རི་དཀར་པོ་དང་། དྲི་མཆོག་དང་ལྡན་པ་དང་། དྲི་ངད་འཇམ་པ་དང་ལྡན་པ་དང་། དྲི་ཨུད་པ་ལ་དང་ལྡན་པ་དང་།
དྲི་ཀུ་མུ་ད་དང་ལྡན་པའི་སྟོབས་ཀྱང་དེ་བཞིན་ནོ། །ཀུ་མུ་དའི་སྤོས་ཀྱི་གླང་པོ་ཆེའི་སྟོབས་གང་ཡིན་པ་དེ་པད་མའི་གླང་པོ་ཆེ་གཅིག་གི་སྟོབས་སོ། །པད་མའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་པད་མ་ཆེན་པོའི་གླང་པོ་ཆེ་གཅིག་གི་སྟོབས་སོ། །པད་མ་ཆེན་པོའི་གླང་པོ་ཆེ་བཅུའི་སྟོབས་གང་

ཡིན་པ་དེ་གངས་ཁྲོད་དུ་སྐྱེས་པའི་གླང་པོ་ཆེ་གཅིག་གི་སྟོབས་སོ། །གངས་ཁྲོད་དུ་སྐྱེས་པའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ཚན་པོ་ཆེ་དང་ལྡན་པ་བལ་གླང་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་སོ། །ཚན་པོ་ཆེ་དང་ལྡན་པ་བལ་གླང་སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང་
ཡིན་པ་དེ་ཚན་པོ་ཆེ་དང་ལྡན་པ་ཕྱེད་པོ་གཅིག་གི་སྟོབས་སོ། །ཆེན་པོ་ཆེ་དང་ལྡན་པ་ཕྱེད་པོ་གཉིས་ཀྱི་སྟོབས་གང་ཡིན་པ་དེ་ཚན་པོ་ཆེ་དང་ལྡན་པ་གཅིག་གི་སྟོབས་སོ། །ཚན་པོ་ཆེ་དང་ལྡན་པ་བཅུའི་སྟོབས་གང་ཡིན་པ་དེ་རབ་གནོན་ཕྱེད་པོ་གཅིག་གི་སྟོབས་སོ། །རབ་གནོད་ཕྱེད་པོ་གཉིས་
ཀྱི་སྟོབས་གང་ཡིན་པ་དེ་རབ་གནོན་གཅིག་གི་སྟོབས་སོ། །རབ་གནོན་བཅུའི་སྟོབས་གང་ཡིན་པ་དེ་སྟོབས་མཆོག་གི་སྟོབས་གཅིག་གོ། །སྟོབས་མཆོག་གི་སྟོབས་བཅུ་གང་ཡིན་པ་དེ་ཡན་ལག་མཆོག་གི་སྟོབས་གཅིག་གོ། །ཡན་ལག་མཆོག་གི་སྟོབས་བཅུ་གང་ཡིན་པ་དེ་
སྲེད་མེད་ཀྱི་བུ་ཕྱེད་ཀྱི་སྟོབས་གཅིག་གོ། །།སྲེད་མེད་ཀྱི་བུ་ཕྱེད་པོ་གཉིས་ཀྱི་སྟོབས་གང་ཡིན་པ་དེ་སྲེད་མེད་ཀྱི་བུའི་སྟོབས་གཅིག་གོ། །།སྲེད་མེད་ཀྱི་བུའི་སྟོབས་སུམ་བརྒྱ་ཉི་ཤུ་གང་ཡིན་པ་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་གི་ཡབ་
དང་ཡུམ་ལས་བྱུང་བའི་སྟོབས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྐུའི་གནད་ཀྱི་གནས་རེ་རེ་ལ་ཡང་སྲེད་མེད་ཀྱི་བུའི་སྟོབས་འཆང་བར་མཛད་པའི་ཕྱིར་རོ། །གང་དག་འདས་པ་དག་དང་གང་དག་མ་བྱོན་པ་
དག་དང་། གང་ཡང་ང་ད་ལྟར་བྱུང་བའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་སྟེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་
དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན་ནོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་ཡབ་ཡུམ་དག་ལས་བྱུང་བའི་སྟོབས་དེ་ལྟ་བུ་དང་ལྡན་པ་དག་ཡིན་ཞིང་། གང་

དག་འདས་པ་དག་དང་། གང་དག་མ་བྱོན་པ་དག་དང་། གང་ཡང་ང་ད་ལྟར་བྱུང་བའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་པ་སྟེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། །བསོད་ནམས་ཀྱི་
འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་མཉམ་པ་དག་ནི་མ་ཡིན་ནོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ནི་
བདག་ཅག་གིས་ཐོས་ལགས་ན་བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་བསོད་ནམས་ཀྱི་སྟོབས་ཇི་ལྟ་བུ་དང་ལྡན་པ་དག་ལགས། གནས་འཇོག་གི་རྒྱུད་དག་ཁྱེད་དེ་བཞིན་གཤེགས་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ། །གནས་འཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་
བཤད་དོ། །གནས་འཇོག་གི་རྒྱུད་དག་འཛམ་བུ་གླིང་པའི་སེམས་ཅན་རྣམས་ཀྱི་བསོད་ནམས་གང་ཡིན་པ་དེ་གླིང་གཅིག་གི་བདག་པོ་འཁོར་ལོས་སྒྱུར་བའི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་
དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །གནས་འཇོག་གི་རྒྱུད་དག་གླིང་གཉིས་ཀྱི་སེམས་ཅན་རྣམས་ཀྱི་བསོད་ནམས་གང་ཡིན་པ་དེ་གླིང་གཉིས་ཀྱི་བདག་པོ་འཁོར་ལོས་སྒྱུར་བའི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་
བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །གནས་འཇོག་གི་རྒྱུད་དག་གླིང་གསུམ་གྱི་སེམས་ཅན་རྣམས་ཀྱི་བསོད་ནམས་གང་ཡིན་པ་དེ་གླིང་གསུམ་གྱི་བདག་པོ་འཁོར་ལོས་སྒྱུར་བའི་བསོད་

ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །གནས་འཇོག་གི་རྒྱུད་དག་གླིང་བཞིའི་སེམས་ཅན་རྣམས་
ཀྱི་བསོད་ནམས་གང་ཡིན་པ་དེ་གླིང་བཞིའི་བདག་པོ་འཁོར་ལོས་སྒྱུར་བའི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །
གནས་འཇོག་གི་རྒྱུད་དག་ཡང་འཁོར་ལོས་སྒྱུར་བ་བཞི་བྱུང་སྟེ། གླིང་གཅིག་པ་དང་། གླིང་གཉིས་པ་དང་། གླིང་གསུམ་པ་དང་། གླིང་བཞི་པའི་འཁོར་ལོས་སྒྱུར་བའོ། །དེ་ལ་གླིང་གཅིག་པའི་འཁོར་ལོས་སྒྱུར་བའི་འཁོར་ལོ་ནི་ལྕགས་ལས་བྱས་པ་ཁོར་ཡུག་ཏུ་རྒྱང་གྲགས་གཅིག་ཡོད་
པ་འབྱུང་ངོ་། །གླིང་གཉིས་པའི་འཁོར་ལོས་སྒྱུར་བའི་འཁོར་ལོ་ནི་ཟངས་ལས་བྱས་པ་ཁོར་ཡུག་ཏུ་རྒྱང་གྲགས་གཉིས་ཡོད་པ་འབྱུང་ངོ་། །གླིང་གསུམ་པའི་འཁོར་ལོས་སྒྱུར་བའི་འཁོར་ལོ་ནི་དངུལ་ལས་བྱས་པ་ཁོར་ཡུག་ཏུ་རྒྱང་གྲགས་གསུམ་ཡོད་པ་འབྱུང་ངོ་། །གླིང་བཞི་པའི་འཁོར་ལོས་
སྒྱུར་བའི་འཁོར་ལོ་ནི་གསེར་ལས་བྱས་པ་རྩིབས་སྟོང་པ་ལྟེ་བ་དང་བཅས་པ། མུ་ཁྱུད་དང་བཅས་པ་ཐམས་ཅད་གསེར་ལས་བྱས་པ། ལྷ་རྫས་ཀྱི་འོད་འཕྲོ་བ། འོད་རབ་ཏུ་གསལ་བ། ཁོར་ཡུག་ཏུ་རྒྱང་གྲགས་བཞི་ཡོད་པ་འབྱུང་ངོ་། །གནས་འཇོག་གི་རྒྱུད་དག་གླིང་བཞི་པའི་འཁོར་
ལོས་སྒྱུར་བ་དག །བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་།
རྒྱུར་ཡང་ཉེ་བར་མི་འགྲོའོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་རྒྱལ་པོ་ཆེན་པོ་བཞིའི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་།

བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །རྒྱལ་པོ་ཆེན་པོ་བཞི་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་
གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །སུམ་ཅུ་རྩ་གསུམ་པའི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་ལྷའི་དབང་པོ་བརྒྱ་བྱིན་གྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་།
བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །ལྷའི་དབང་པོ་བརྒྱ་བྱིན་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །
སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །འཐབ་བྲལ་གྱི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་ལྷའི་བུ་རབ་འཐབ་བྲལ་གྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་
བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །ལྷའི་བུ་རབ་འཐབ་བྲལ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་དགའ་ལྡན་གྱི་ལྷ་རྣམས་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་
ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དགའ་ལྡན་གྱི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་ལྷའི་བུ་ཡོངས་སུ་དགའ་ལྡན་གཅིག་གི་བསོད་
ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །ལྷའི་བུ་ཡོངས་སུ་དགའ་ལྡན་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་འཕྲུལ་

དགའི་ལྷ་རྣམས་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །འཕྲུལ་དགའི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་
བསོད་ནམས་གང་ཡིན་པ་དེ་ལྷའི་བུ་རབ་འཕྲུལ་དགའ་གཅིག་གི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །ལྷའི་བུ་རབ་
འཕྲུལ་དགའ་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་
ཡང་ཉེ་བར་མི་འགྲོའོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་ལྷའི་བུ་དབང་སྒྱུར་གྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་
བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །ལྷའི་བུ་དབང་སྒྱུར་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་ཚངས་རིས་ཀྱི་ལྷ་རྣམས་ཀྱི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་།
ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །ཚངས་རིས་ཀྱི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་བདེ་འཁོར་གྱི་བདག་པོ་ཚངས་པའི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་
ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །ཚངས་རིས་དག་ཇི་ལྟ་བར་ཚངས་པའི་མདུན་ན་འདོན་དག་དང་། ཚངས་པ་ཆེན་པོ་དག་དང་། འོད་ཆུང་དག་དང་། ཚད་མེད་འོད་དག་དང་། འོད་གསལ་དག་དང་། དགེ་ཆུང་དག་དང་།

ཚད་མེད་དགེ་དག་དང་། དགེ་རྒྱས་དག་དང་། སྤྲིན་མེད་དག་དང་། བསོད་ནམས་སྐྱེས་དག་དང་། འབྲས་བུ་ཆེ་དག་དང་། མི་ཆེ་དག་དང་། མི་གདུང་དག་དང་། གྱ་ནོམ་སྣང་དག་དང་། ཤིན་ཏུ་མཐོང་དག་དང་། འོག་མིན་དག་ཀྱང་དེ་བཞིན་ནོ། །འོག་མིན་གྱི་ལྷ་དག་བྱེ་བ་ཕྲག་འབུམ་གྱི་བསོད་
ནམས་གང་ཡིན་པ་དེ་རང་སངས་རྒྱས་བསེ་རུ་ལྟ་བུ་གཅིག་གི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །རང་སངས་རྒྱས་བསེ་
རུ་ལྟ་བུ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་བྱམས་པ་གཅིག་གི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་
བར་མི་འགྲོའོ། །བྱང་ཆུབ་སེམས་དཔའ་བྱམས་པ་དག་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་གཅིག་གི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་།
ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་དག་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་སྙེད་ཀྱི་བསོད་ནམས་གང་ཡིན་པ་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་གི་བསོད་ནམས་དག་ཏུ་
ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
དག་ནི་བསོད་ནམས་ཀྱི་སྟོབས་དེ་ལྟ་བུ་དང་ལྡན་པ་དག་ཡིན་ཞིང་། གང་དག་འདས་པ་དང་། གང་དག་མ་བྱོན་པ་དང་། གང་ཡང་ང་ད་ལྟར་བྱུང་བའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་སྟེ། མཚན་

མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་ཏེ། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན་ནོ། །བཙུན་པ་བདག་ཅག་གིས་དེ་བཞིན་གཤེགས་པ་ལས་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱང་ཐོས་ལགས། བསོད་ནམས་ཀྱི་སྟོབས་ཀྱང་ཐོས་ལགས་ན་བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ཤེས་རབ་ཀྱི་སྟོབས་
ཇི་ལྟ་བུ་དང་ལྡན་པ་དག་ལགས། གནས་འཇོག་གི་རྒྱུད་དག་ཁྱེད་དེ་བཞིན་གཤེགས་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཤེས་རབ་ཀྱི་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ། །བདེ་
བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ། །གནས་འཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །གནས་འཇོག་གི་རྒྱུད་དག་རྒྱ་མཚོ་ཆེན་པོ་ནི་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ། རྒྱར་དཔག་ཏུ་མེད་པ་དེ་སྣག་ཚའི་སྙིང་ཁུས་ཡོངས་
སུ་གང་བར་གྱུར་ཅིང་། རིའི་རྒྱལ་པོ་རི་རབ་དཔག་ཚད་བརྒྱད་ཁྲི་ཆུའི་ནང་ནས་མངོན་དུ་འཕགས་ཏེ། རིན་པོ་ཆེ་སྣ་བཞི་ལས་བྱས་ཤིང་། ངོས་བཞི་ཡོད་པ། དེའི་ངོས་གཅིག་ནི་གསེར་ལས་བྱས་པ་ཡིན། ངོས་གཉིས་པ་ནི་དངུལ་ལས་བྱས་པའོ། །གསུམ་པ་ནི་བཻ་དཱུརྱ་ལས་བྱས་པའོ། །བཞི་པ་ནི་
ཤེལ་ལས་བྱས་པ་སྟེ། དེ་ལ་གསེར་གྱི་ངོས་སུ་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་སྣང་ངོ་། །དངུལ་ལས་བྱས་པའི་ངོས་སུ་ནི་ཤར་གྱི་ལུས་འཕགས་ཀྱི་གླིང་སྣང་ངོ་། །བཻ་དཱུརྱ་ལས་བྱས་པའི་ངོས་ན་ནི་འཛམ་བུའི་གླིང་སྣང་ངོ་། །ཤེལ་ལས་བྱས་པའི་ངོས་ན་ནི་བ་ལང་སྤྱོད་ཀྱི་གླིང་སྣང་ངོ་། །རིའི་རྒྱལ་
པོ་རི་རབ་དཔག་ཚད་བརྒྱད་ཁྲི་འོག་ཏུ་ཆུའི་ནང་དུ་ནུབ་སྟེ། གསེར་ལས་བྱས་པའི་ས་སྟེང་གི་བར་ན་གནས་པ་དེ་གྲོ་གའི་ཤོག་ཤོག་ཙམ་དུ་གྱུར་ལ། གླིང་བཞི་ན་སེམས་ཅན་གྱི་ཁམས་གང་སུ་དག་ཡོད་པ་ཡི་གེ་པ་རྣམས་ནི་དེ་ཙམ་དུ་གྱུར་ཏེ། ས་ཆེན་པོའི་སྟེང་ན་རྩྭ་དང་། ཤིང་དང་། ཤིང་

གི་ཡལ་ག་དང་། ཤིང་གི་དུམ་བུ་གང་ཅི་ཡང་རུང་སྨྱུ་གུ་དག་ནི་དེ་ཙམ་དུ་གྱུར་ནས། གནས་འཇོག་གི་རྒྱུད་དག་སྣག་ཚའི་སྙིང་ཁུ་རྒྱ་མཚོ་ཆེན་པོ་ཙམ་དང་། གྲོ་གའི་ཤོག་ཤོག་རི་རབ་ཙམ་དང་། ཡི་གེ་པ་དག་གླིང་བཞི་པའི་སེམས་ཅན་གྱི་ཁམས་ཙམ་དང་། སྨྱུ་གུ་དག་ས་ཆེན་
པོའི་སྟེང་ན་རྩྭ་དང་། ཤིང་དང་། ཡལ་ག་དང་། ཤིང་གི་དུམ་བུ་ཙམ་ནི་ཆེས་མྱུར་དུ་ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་འགྱུར་གྱི། དགེ་སློང་ཤཱ་རིའི་བུའི་ཤེས་རབ་ཟད་པར་འགྱུར་བར་ནི་ང་མི་སྨྲའོ། །གནས་འཇོག་གི་རྒྱུད་དག་དགེ་སློང་ཤཱ་རིའི་བུ་ནི་ཤེས་རབ་ཀྱི་
སྟོབས་དེ་ལྟ་བུ་དང་ལྡན་ནོ། །གནས་འཇོག་གི་རྒྱུད་དག་འདི་ལྟ་སྟེ། རྣམ་པར་སྣང་བྱེད་ཀྱི་ཉི་མ་དག་ནི་ཀུན་དུ་འགྲོ་བ་དང་། ཕྱོགས་སྣང་བར་བྱེད་དོ། །དེ་སྲིད་དུ་སྟོང་གི་འཇིག་རྟེན་ན་ཟླ་བ་སྟོང་དང་། ཉི་མ་སྟོང་དང་། རིའི་རྒྱལ་པོ་རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། བ་
ལང་སྤྱོད་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། འཛམ་བུ་གླིང་སྟོང་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་སྟོང་དང་། སུམ་ཅུ་རྩ་གསུམ་པ་དག་དང་། འཐབ་བྲལ་དག་དང་། དགའ་ལྡན་དག་དང་། འཕྲུལ་དགའ་དག་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་སྟོང་དང་། ཚངས་པའི་འཇིག་རྟེན་སྟོང་
པོ་འདི་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་སྟོང་གི་སྟོང་གང་ཡིན་པ་འདི་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཕྲག་སྟོང་གང་ཡིན་པ་འདི་ནི་སྟོང་གསུམ་གྱི་སྟོང་ཆེན་
པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །གནས་འཇོག་གི་རྒྱུད་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཡང་ཤེས་རབ་དགེ་སློང་ཤཱ་རིའི་བུ་དང་འདྲ་བ་དག་གིས་གང་བར་གྱུར་ལ། དེ་བཞིན་གཤེགས་པའི་ཤེས་རབ་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་
ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་ཤེས་རབ་ཀྱི་སྟོབས་དེ་ལྟ་བུ་

དང་ལྡན་པ་དག་ཡིན་ཞིང་། གང་དག་འདས་པ་དག་དང་། གང་དག་མ་བྱོན་པ་དག་དང་། གང་ཡང་ང་ད་ལྟར་བྱུང་བའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་པ་སྟེ། མཚན་
མཉམ་པ་ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན་ནོ། །བཙུན་པ་བདག་ཅག་གིས་དེ་བཞིན་གཤེགས་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱང་ཐོས་ལགས། བསོད་ནམས་ཀྱི་སྟོབས་ཀྱང་ཐོས་ལགས། ཤེས་རབ་ཀྱི་སྟོབས་ཀྱང་ཐོས་ལགས་ན་བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་རྫུ་འཕྲུལ་གྱི་སྟོབས་ཇི་
ལྟ་བུ་དང་ལྡན་པ་ལགས། གནས་འཇོག་གི་རྒྱུད་དག་ཁྱེད་དེ་བཞིན་གཤེགས་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་གྱི་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ། །བདེ་བར་
གཤེགས་པ་མཆོག་ཏུ་འཚལ་ལགས་སོ། །གནས་འཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །གནས་འཇོག་གི་རྒྱུད་དག་དུས་འདི་ནི་དུས་གཅིག་སྟེ། རྩྭ་བི་ར་ན་དང་ལྡན་པར་གནོད་སྦྱིན་འདམ་བུ་དང་འདྲ་བར་རྩུབ་པའི་དོང་ཀའི་ཤིང་དྲུང་
ན་བཞུགས་སོ། །ཡང་དེའི་ཚེ་རྩྭ་བི་ར་ན་དང་ལྡན་པ་ན་དཀའ་བ་འབྲོག་དགོན་པ་སློངས་མོ་པས་བསོད་སྙོམས་རྙེད་པར་དཀའ་བའི་མུ་གེ་བྱུང་སྟེ། དགེ་སློང་དག་ཀྱང་ཟས་ངན་པས་ཡོངས་སུ་དུབ་པ་ཡིན་ནོ། །དེ་ནས་དགེ་སློང་མཽད་གལ་གྱི་བུ་ང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ང་ལ་འདི་སྐད་ཅེས་
གསོལ་ཏོ། །བཙུན་པ་ད་ལྟར་ན་རྩྭ་བི་ར་ན་དང་ལྡན་པར་དཀའ་བ་འབྲོག་དགོན་པ་སློངས་མོ་པས་བསོད་སྙོམས་རྙེད་པར་དཀའ་བའི་མུ་གེ་བྱུང་ལགས་ཏེ། དགེ་སློང་དག་ཀྱང་དབྱར་ཟས་ངན་པས་ཡོངས་སུ་དུབ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ལས་བདག་གིས་མངོན་དུ་ཐོས་

ཤིང་མངོན་དུ་བཟུང་ལགས་ཏེ། དོག་ས་ཆེན་པོ་འདི་ལ་དོག་ས་ལས་བྱུང་བའི་རོའི་ཁམས་གྱ་ནོམ་པ་གང་ལགས་པ་དེ་ནི་འོག་ན་གནས་ལགས་ཤིང་། བདག་ཀྱང་བདག་ཉིད་ཀྱི་ཡང་དག་པར་ཤེས་པ་མཐོང་བ་འཇུག་ལགས་སོ། །དོག་ས་ཆེན་པོ་འདི་ལ་དོག་ས་ལས་བྱུང་བའི་རོའི་
ཁམས་གྱ་ནོམ་པ་གང་ལགས་པ་འདི་ནི་འོག་ན་གནས་པ་ལགས་ཏེ། བཙུན་པ་དེའི་སླད་དུ་དོག་ས་ཆེན་པོ་བསྒྱུར་བར་བདག་འཚལ་ལགས་སོ། །དོག་ས་ཆེན་པོ་འདིའི་འོག་ན་རོའི་ཁམས་གྱ་ནོམ་པ་གང་ལགས་པ་དེ་སྟེང་ན་མཆིས་པར་བགྱི་ལགས་སོ། །སྟེང་ན་མཆིས་པ་གང་ལགས་
པ་དེ་འོག་ན་མཆིས་པར་བགྱི་ལགས་སོ། །དེ་ལ་འདི་སྐད་ཅེས་ཀྱང་ངས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ས་ཆེན་པོ་བསྒྱུར་བར་འདོད་དམ། དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དོག་ས་ཆེན་པོ་བསྒྱུར་བར་འཚལ་ལགས་སོ། །དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གནས་འདིར་གནས་
ཏེ་ས་ཆེན་པོ་བསྒྱུར་བར་འདོད་དམ། དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཁོར་ཡུག་དང་ཁོར་ཡུག་ཆེན་པོ་དག་གི་གནས་སུ་གནས་ཏེ་དོག་ས་ཆེན་པོ་བསྒྱུར་བར་འཚལ་ལགས་སོ། །དེ་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ས་ཆེན་པོ་བསྒྱུར་བར་འདོད་ན་གང་དག་
ས་ལ་རྟེན་པའི་སེམས་ཅན་དང་། སྲོག་ཆགས་དེ་དག་ཇི་ལྟར་བྱེད། དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དོག་ས་ཆེན་པོ་བསྒྱུར་བར་འཚལ་ལགས་ཏེ། གང་དག་དོག་ས་ལ་རྟེན་པའི་སེམས་ཅན་དང་། སྲོག་ཆགས་དེ་དག་ལག་པ་གཡོན་པས་བླངས་ཏེ་བཟུང་བར་བགྱི་ལགས་
སོ། །ལག་པ་གཡས་པས་ནི་ས་ཆེན་པོ་བསྒྱུར་བར་བགྱི་ལགས་སོ། །དེ་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ཆེན་པོ་ས་ཆེན་པོ་སྒྱུར་བར་བྱེད་པ་ན་ཇི་ལྟ་བུའི་འདུ་ཤེས་དང་ལྡན་པར་བྱེད། དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ས་ཆེན་པོ་སྒྱུར་བར་བགྱིད་པ་ན་འདུ་
ཤེས་མཆོག་ཏུ་ཡང་བ་དང་ལྡན་པར་བགྱིད་ལགས་ཏེ། འདི་ལྟ་སྟེ། སྐྱེས་བུ་སྟོབས་དང་ལྡན་པ་ཞིག་ཆུ་ཤིང་གི་འདབ་མ་སྒྱུར་བར་བགྱིད་པ་ན་འདུ་ཤེས་མཆོག་ཏུ་ཡང་བ་དང་ལྡན་པར་བགྱིད་ལགས་སོ། །བཙུན་པ་དེ་བཞིན་དུ་བདག་ས་ཆེན་པོ་སྒྱུར་བར་བགྱིད་པ་ན། །འདུ་ཤེས་མཆོག་

ཏུ་ཡང་བ་དང་ལྡན་པར་བགྱིད་ལགས་སོ། །དེ་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ལེགས་སོ་ལེགས་སོ། །མཽད་གལ་གྱི་བུ་ཁྱོད་ཀྱིས་རྫུ་འཕྲུལ་དེ་དང་ཐབས་དེས་ས་ཆེན་པོ་ནི་བསྒྱུར་བར་ནི་ནུས་པར་གྱུར་ན་ས་ཆེན་པོ་བསྒྱུར་བར་དེ་བཞིན་གཤེགས་
པ་ཁྱོད་ལ་གནང་བ་མི་མཛད་དོ། །མཽད་གལ་གྱི་བུ་དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་ཕལ་ཆེར་ཁ་ཟས་ཀྱི་རོ་ལ་ཆགས་ཤིང་། ཁ་ཟས་ཀྱི་རོ་ལ་རྨོངས་ཏེ། ཀུན་དུ་གཏི་མུག་པར་འགྱུར་རོ། །མཽད་གལ་གྱི་བུ་དེ་ཅིའི་ཕྱིར་ཞེ་ན། ས་ཆེན་པོའི་སྟེང་ན་ས་ལས་བྱུང་བའི་རོའི་ཁམས་གྱ་ནོམ་
པ་དེ་ཡང་ཡུན་རིང་དུ་མི་གནས་ཏེ། རིང་པོ་མི་ཐོགས་པར་དེ་ས་ཆེན་པོའི་སྟེང་ན་ཐམས་ཅད་ཀྱི་ཐམས་ཅད་དུ་ནུབ་པར་འགྱུར་རོ། །དེའི་ཕྱིར་སེམས་ཅན་དང་། འབྱུང་པོ་དང་། སྲོག་ཆགས་དེ་དག་ཀྱང་ཁ་ཟས་ཀྱི་རོ་ལ་ཆགས་ཤིང་། ཁ་ཟས་ཀྱི་རོ་ལ་རྨོངས་ཏེ། མཆོག་ཏུ་མྱོས་པར་འགྱུར་
བའམ། སྲོག་ཆད་ནས་ཤི་བའི་དུས་བྱེད་པར་འགྱུར་ཏེ། མཽད་གལ་གྱི་བུ་དེའི་ཕྱིར་ས་ཆེན་པོ་བསྒྱུར་བར་དེ་བཞིན་གཤེགས་པ་ཁྱོད་ལ་གནང་བར་མི་མཛད་དོ། །གནས་འཇོག་གི་རྒྱུད་དག་དགེ་སློང་མཽད་གལ་གྱི་བུ་ནི་རྫུ་འཕྲུལ་གྱི་སྟོབས་དེ་ལྟ་བུ་དང་ལྡན་ནོ། །གནས་འཇོག་གི་རྒྱུད་དག་འདི་
ལྟ་སྟེ། རྣམ་པར་སྣང་བྱེད་ཀྱི་ཉི་མ་དག་ནི་ཀུན་དུ་འགྲོ་བ་ན་ཕྱོགས་སྣང་བར་བྱེད་དོ། །དེ་སྲིད་དུ་སྟོང་གི་འཇིག་རྟེན་ན་ཟླ་བ་སྟོང་དང་། ཉི་མ་སྟོང་དང་། རིའི་རྒྱལ་པོ་རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། བ་ལང་སྤྱོད་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། འཛམ་བུའི་
གླིང་སྟོང་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་སྟོང་དང་། སུམ་ཅུ་རྩ་གསུམ་པ་དག་དང་། འཐབ་བྲལ་དག་དང་། དགའ་ལྡན་དག་དང་། འཕྲུལ་དགའ་དག་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་སྟོང་དང་། ཚངས་པའི་འཇིག་རྟེན་སྟོང་པོ་འདི་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་
བྱའོ། །སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་དེ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཕྲག་སྟོང་གང་ཡིན་པ་འདི་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ།། །།

འཕགས་པ་རྡོ་འཕངས་པའི་མདོ། བམ་པོ་གཉིས་པ་སྟེ་ཐ་མ། གནས་འཇོག་གི་རྒྱུད་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཡང་རྫུ་འཕྲུལ་དང་ལྡན་པ་དགེ་སློང་མཽད་གལ་གྱི་བུ་དང་འདྲ་བ་དག་གིས་གང་བར་གྱུར་ལ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ངེས་
པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ནི་ལུས་ཀྱིས་འགྲོ་བ་ཡིན་ཞིང་།
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་ནི་ཡིད་ལྟར་མགྱོགས་པ་ཡིན་པའི་ཕྱིར་ཏེ། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་རྫུ་འཕྲུལ་གྱི་སྟོབས་དེ་ལྟ་བུ་དང་ལྡན་པ་དག་
ཡིན་ཞིང་། གང་དག་འདས་པ་དག་དང་། གང་དག་མ་བྱོན་པ་དག་དང་། གང་ཡང་ང་ད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་སྟེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་
པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན་ནོ། །བཙུན་པ་བདག་ཅག་གིས་དེ་བཞིན་གཤེགས་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱང་ཐོས་ལགས། བསོད་ནམས་ཀྱི་སྟོབས་ཀྱང་ཐོས་ལགས། ཤེས་རབ་ཀྱི་སྟོབས་ཀྱང་ཐོས་ལགས། རྫུ་འཕྲུལ་གྱི་སྟོབས་ཀྱང་ཐོས་ལགས་ན། བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་བསྒོམ་
པའི་སྟོབས་ཇི་ལྟ་བུ་དང་ལྡན་པ་དག་ལགས། གནས་འཇོག་གི་རྒྱུད་དག་ཁྱེད་དེ་བཞིན་གཤེགས་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསྒོམ་པའི་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་

ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ། །གནས་འཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །གནས་འཇོག་གི་རྒྱུད་དག་འཛམ་བུའི་གླིང་ཆུ་དང་རྒྱར་ནི་དཔག་ཚད་བདུན་སྟོང་ཡོད་དེ་
བྱང་ཕྱོགས་སུ་ནི་ཡངས་ལ། ལྷོ་ཕྱོགས་སུ་ཤིང་རྟའི་དབྱིབས་སོ། །གནས་འཇོག་གི་རྒྱུད་དག་ཤར་གྱི་ལུས་འཕགས་གླིང་ནི་ཆུར་དཔག་ཚད་བརྒྱད་སྟོང་ཡོད་དེ་ཟླ་གམ་དུ་གནས་སོ། །གནས་འཇོག་གི་རྒྱུད་དག་བ་ལང་སྤྱོད་ཀྱི་གླིང་ནི་ཆུར་དཔག་ཚད་དགུ་སྟོང་ཡོད་ལ་ཀུན་དུ་ཟླུམ་པོའོ། །གནས་
འཇོག་གི་རྒྱུད་དག་བྱང་གི་སྒྲ་མི་སྙན་གྱི་གླིང་ནི་ཆུར་དཔག་ཚད་ཁྲི་ཡོད་དེ་ཀུན་ནས་གྲུ་བཞིའོ། །གནས་འཇོག་གི་རྒྱུད་དག་གང་གླིང་བཞིར་དུས་མེད་པའི་སྤྲིན་ཆེན་པོ་ཡང་དག་པར་འོང་བའི་དུས་དེ་ཡོད་དེ། དེའི་ཚེ་གླིང་ཆེན་པོ་བཞི་ནས་ཆུ་ཆེན་པོའི་རྒྱུན་དང་། ཆུ་ཆེན་པོའི་ཕུང་པོ་རྒྱ་མཚོ་ཆེན་
པོར་འབབ་སྟེ། དེ་བཞིན་གཤེགས་པའི་ཆུའི་ཐིགས་པ་རེ་རེ་ལ་ཆུའི་ཐིགས་པ་འདི་ནི་འཛམ་བུའི་གླིང་ནས་ཆར་འབབ་བོ། །གྲོང་ཆེ་གེ་མོ་དང་། གྲོང་རྡལ་ཆེ་གེ་མོ་དང་། ལྗོངས་ཆེ་གེ་མོ་དང་། ལྗོངས་ཀྱི་ཕྱོགས་ཆེ་གེ་མོ་དང་། ཤིང་ལྗོན་པ་ཆེ་གེ་མོ་དང་། སྡོང་པོ་ཆེ་གེ་མོ་དང་། ཡལ་
ག་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། རྩྭ་དང་། ཤིང་དང་། ཡལ་ག་དང་། ཤིང་གི་དུམ་བུ་ཆེ་གེ་མོ་ལས་ཆར་བབ་པའོ། །འདི་ནི་བ་ལང་སྤྱོད་པ་དང་། ཤར་གྱི་ལུས་འཕགས་དང་། བྱང་གི་སྒྲ་མི་སྙན་གྱི་གླིང་ནས་ཆར་བབ་པའོ། །གྲོང་ཆེ་གེ་མོ་དང་། གྲོང་
རྡལ་ཆེ་གེ་མོ་དང་། ལྗོངས་ཆེ་གེ་མོ་དང་། ལྗོངས་ཀྱི་ཕྱོགས་ཆེ་གེ་མོ་དང་། ཤིང་ལྗོན་པ་ཆེ་གེ་མོ་དང་། སྡོང་པོ་ཆེ་གེ་མོ་དང་། ཡལ་ག་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། རྩྭ་དང་། ཤིང་དང་། ཡལ་ག་དང་། ཤིང་གི་དུམ་བུ་ཆེ་གེ་མོ་ལས་ཆར་བབ་པའོ་ཞེས་ཡོངས་སུ་
དཔྱོད་པར་མཛད་དེ། ཆུའི་ཐིགས་པ་དེ་ཡང་རྡུལ་ཕྲ་རབ་ཙམ་དུ་ཡོངས་སུ་དཔྱོད་པར་མཛད་དོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་བསྒོམ་པའི་སྟོབས་དེ་ལྟ་བུ་དང་ལྡན་པ་དག་ཡིན་ཞིང་། གང་དག་འདས་པ་དག་དང་

གང་དག་མ་བྱོན་པ་དག་དང་། གང་ཡང་ང་ད་ལྟར་བྱུང་བའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་པ་སྟེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་
སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན་ནོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་བཅུ་གཞན་དག་དང་ལྡན་པ་དག་ཡིན་ཞིང་། ཁྱུ་
མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་ཅིང་གང་དག་འདས་པ་དག་དང་། གང་དག་མ་བྱོན་པ་དག་དང་། གང་ཡང་ངད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་པ་སྟེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱིས་མཉམ་པ་
དག་ནི་མ་ཡིན་ནོ། །གནས་འཇོག་གི་རྒྱུད་དག་སྟོབས་བཅུ་གང་དག་དང་ལྡན་ཞེ་ན། འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་གནས་ལ་ཡང་གནས་དང་གནས་པ་མ་ཡིན་པ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་རབ་
ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་གནས་ལ་ཡང་གནས་དང་གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་