Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 071_མདོ་སྡེ།_ཤ

Văn bản gốc(Tây Tạng)

Trang 17 / 20 (50.000 ký tự/trang)
་ན་དགེ་སློང་སེམས་ནང་ཁོ་ནར་འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། བསྡུས་ཏེ་འཇོག་པར་བྱེད། ཉེ་བར་
འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད་ཅིང་། ཏིང་ངེ་འཛིན་དུ་བྱེད་ཅེ་ན། འདི་ལ་དགེ་སློང་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་ལུས་དེ་ཉིད་མངོན་པར་རླན་པར་བྱེད། ཡོངས་སུ་རླན་པར་བྱེད། ཡོངས་སུ་ཚིམ་པར་བྱེད་ཅིང་།
ཡོངས་སུ་ཁྱབ་པར་བྱེད་དེ། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་ཁྱབ་པར་མ་གྱུར་པ་དང་། ཁྱབ་པར་མ་བྱས་པ་ཆུང་ཟད་ཀྱང་མེད་དོ། །འདི་ལྟ་སྟེ། དཔེར་ན་ཁྲུས་མཁན་ནམ། ཁྲུས་མཁན་གྱི་སློབ་མ་མཁས་པ་ཞིག་གིས། ཁྲུས་ཆལ་
ཞིབ་མོ་དག་ཁར་ཕོར་རམ། གཞོང་བུའམ། ཉ་ཕྱིས་སུ་བླུགས་ཏེ། ཆུས་བཏབ་ཅིང་མཉེས་ན། དེ་ཁྲུས་ཆལ་གྱི་རིལ་བུ་རླན་པ་རླན་དང་ལྡན་པ། རླན་གྱིས་ཀུན་དུ་གང་བ། ཕྱི་ནང་བཅས་པར་རླན་གྱིས་ཁྱབ་པར་འགྱུར་ཞིང་། ཕྱིར་ཡང་མི་འཇིག་ལ་ཟག་པར་ཡང་མི་འགྱུར་རོ། །
དེ་བཞིན་དུ་དགེ་སློང་ཡང་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་ལུས་དེ་ཉིད་མངོན་པར་རླན་པར་བྱེད། ཡོངས་སུ་རླན་པར་བྱེད། ཡོངས་སུ་ཚིམ་པར་བྱེད་ཅིང་། ཡོངས་སུ་ཁྱབ་པར་བྱེད་དེ། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་

བས་ཁྱབ་པར་མ་གྱུར་པ་དང་། ཁྱབ་པར་མ་བྱས་པ་ཆུང་ཟད་ཀྱང་མེད་དོ། །ཀུན་དགའ་བོ་དེ་ལྟར་ན་དགེ་སློང་སེམས་ནང་ཁོ་ནར་འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། བསྡུས་ཏེ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད།
ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད་ཅིང་། ཏིང་ངེ་འཛིན་དུ་བྱེད་པ་ཡིན་ཏེ། ཀུན་དགའ་བོ་དགེ་སློང་དེས་ནི་སེམས་ནང་ཁོ་ནར་བཞག །ཡང་དག་པར་བཞག །བསྡུས་ཏེ་བཞག །ཉེ་བར་བཞག །དུལ་བར་བྱས། ཞི་བར་བྱས། ཉེ་བར་ཞི་བར་བྱས། རྒྱུད་གཅིག་ཏུ་བྱས་ཤིང་། ཏིང་
ངེ་འཛིན་དུ་བྱས་ཏེ། ཕྱི་སྟོང་པ་ཉིད་ཡིད་ལ་བྱའོ། །ཀུན་དགའ་བོ་དགེ་སློང་དེ་ཕྱི་སྟོང་པ་ཉིད་ཡིད་ལ་བྱེད་པས་སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་སྟོང་པ་ཉིད་ལ་དེའི་སེམས་འཇུག་པར་མི་འགྱུར། དང་བར་མི་འགྱུར། གནས་པར་མི་འགྱུར། མོས་པར་མི་འགྱུར་ལ། ཀུན་
དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ་བདག་ཕྱི་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་སྟོང་པ་ཉིད་ལ་སེམས་འཇུག་པར་མི་འགྱུར། དང་བར་མི་འགྱུར། གནས་པར་མི་འགྱུར། མོས་པར་མི་འགྱུར་བར་ཤེས་པར་གྱུར་ན། ཀུན་
དགའ་བོ་དགེ་སློང་དེས་ནང་སྟོང་པ་ཉིད་ཡིད་ལ་བྱའོ། །ཀུན་དགའ་བོ་དགེ་སློང་དེ་ནང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། ནང་སྟོང་པ་ཉིད་ལ་སེམས་འཇུག་པར་མི་འགྱུར། དང་བར་མི་འགྱུར། གནས་པར་མི་འགྱུར། མོས་པར་མི་འགྱུར་
ལ། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ་བདག་ནང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། ནང་སྟོང་པ་ཉིད་ལ་སེམས་འཇུག་པར་མི་འགྱུར། དང་བར་མི་འགྱུར། གནས་པར་མི་འགྱུར། མོས་པར་མི་འགྱུར་བར་ཤེས་
པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱའོ། །ཀུན་དགའ་བོ་དགེ་སློང་དེ་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་ནང་སྟོང་པ་ཉིད་ལ་སེམས་འཇུག་པར་མི་འགྱུར། དང་བར་མི་འགྱུར། གནས་པར་མ་འགྱུར།

མོས་པར་མི་འགྱུར་ལ། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ་བདག་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་ནང་སྟོང་པ་ཉིད་ལ་སེམས་འཇུག་པར་མི་འགྱུར། དང་བར་མི་འགྱུར། གནས་པར་མི་འགྱུར། མོས་
པར་མི་འགྱུར་བར་ཤེས་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་མི་གཡོ་བ་ཡིད་ལ་བྱའོ། །ཀུན་དགའ་བོ་དགེ་སློང་དེ་མི་གཡོ་བ་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། མི་གཡོ་བ་ལ་སེམས་འཇུག་པར་མི་འགྱུར། དང་བར་མི་འགྱུར། གནས་
པར་མི་འགྱུར། མོས་པར་མི་འགྱུར་ལ། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ་བདག་མི་གཡོ་བ་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། མི་གཡོ་བ་ལ་སེམས་འཇུག་པར་མི་འགྱུར། དང་བར་མི་འགྱུར། གནས་པར་མི་
འགྱུར། མོས་པར་མི་འགྱུར་བར་ཤེས་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་སེམས་དེ་ཏིང་ངེ་འཛིན་དེ་དང་དེ་དག་ལ་གཞོལ་བར་བྱ། དུལ་བར་བྱ། ཞི་བར་བྱ། ལས་སུ་བྱ། བསྲོ་བར་བྱ། ཡང་དག་པར་བསྲོ་བར་བྱ། ཡོངས་སུ་བསྲོ་བར་བྱ། དྲང་པོར་བྱ་ཞིང་ལས་སུ་
རུང་བ་དང་། གནས་པ་དང་། བཅོས་སུ་རུང་བ་དང་། བཏུབ་པར་བྱའོ། །ཀུན་དགའ་བོ་དགེ་སློང་དེས་སེམས་དེ་ཏིང་ངེ་འཛིན་དེ་དང་དེ་དག་ལ་གཞོལ་བར་བྱས། དུལ་བར་བྱས། ཞི་བར་བྱས། ལས་སུ་བྱས། བསྲོ་བར་བྱས། ཡང་དག་པར་བསྲོ་བར་བྱས། ཡོངས་སུ་བསྲོ་བར་
བྱས། དྲང་པོར་བྱས་ཤིང་། ལས་སུ་རུང་བ་དང་། གནས་པ་དང་། བཅོས་སུ་རུང་བ་དང་། བཏུབ་པར་བྱས་ཏེ། ཕྱི་སྟོང་པ་ཉིད་ཡིད་ལ་བྱའོ། །ཀུན་དགའ་བོ་དགེ་སློང་དེ་ཕྱི་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་སེམས་རྣམ་པར་གཡོ་བར་མི་འགྱུར་ཞིང་འདི་ལྟ་སྟེ། ཕྱི་སྟོང་པ་ཉིད་ལ་སེམས་
འཇུག་པ་དང་། དང་བ་དང་། གནས་པ་དང་། མོས་པར་གྱུར་ལ། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ་བདག་ཕྱི་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་སེམས་རྣམ་པར་གཡོ་བར་མི་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་སྟོང་པ་ཉིད་ལ་སེམས་འཇུག་པ་དང་། དང་བ་དང་། གནས་པ་དང་།

མོས་པར་གྱུར་པར་ཤེས་ན། ཀུན་དགའ་བོ་དགེ་སློང་དེས་ནང་སྟོང་པ་ཉིད་ཡིད་ལ་བྱའོ། །ཀུན་དགའ་བོ་དགེ་སློང་དེ་ནང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་གཡོ་བར་མི་འགྱུར་ཞིང་། འདི་ལྟ་སྟེ། ནང་སྟོང་པ་ཉིད་ལ་སེམས་འཇུག་པ་དང་། དང་བ་དང་།
གནས་པ་དང་། མོས་པར་གྱུར་ལ། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ་བདག་ནང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་གཡོ་བར་མི་འགྱུར་ན། འདི་ལྟ་སྟེ། ནང་སྟོང་པ་ཉིད་ལ་སེམས་འཇུག་པ་དང་། དང་བ་དང་། གནས་པ་དང་། མོས་པར་
གྱུར་པར་ཤེས་ན། ཀུན་དགའ་བོ་དགེ་སློང་དེས་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱའོ། །ཀུན་དགའ་བོ་དགེ་སློང་དེ་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་གཡོ་བར་མི་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་ནང་སྟོང་པ་ཉིད་ལ་སེམས་འཇུག་པ་དང་། དང་བ་དང་། གནས་པ་དང་།
མོས་པར་གྱུར་ལ། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ་བདག་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་གཡོ་བར་མི་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་ནང་སྟོང་པ་ཉིད་ལ་སེམས་འཇུག་པ་དང་། དང་བ་དང་། གནས་པ་དང་། མོས་པར་གྱུར་པར་ཤེས་
ན། ཀུན་དགའ་བོ་དགེ་སློང་དེས་མི་གཡོ་བ་ཡིད་ལ་བྱའོ། །ཀུན་དགའ་བོ་དགེ་སློང་དེ་མི་གཡོ་བ་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་གཡོ་བར་མི་འགྱུར་ཞིང་། འདི་ལྟ་སྟེ། མི་གཡོ་བ་ལ་སེམས་འཇུག་པ་དང་། དང་བ་དང་། གནས་པ་དང་། མོས་པར་གྱུར་ལ། ཀུན་དགའ་བོ་གལ་
ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ་བདག་མི་གཡོ་བ་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་གཡོ་བར་མི་འགྱུར་ཞིང་། འདི་ལྟ་སྟེ། མི་གཡོ་བ་ལ་སེམས་འཇུག་པ་དང་། དང་བ་དང་། གནས་པ་དང་། མོས་པར་གྱུར་པར་ཤེས་ན། དེ་དེ་ལ་དྲན་པ་དང་ཤེས་བཞིན་ཅན་
དུ་འགྱུར་རོ། །ཀུན་དགའ་བོ་དགེ་སློང་དེ་གནས་པ་འདིས་གནས་པ་ན། གལ་ཏེ་འཆག་པ་ལ་སེམས་འཇུག་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་གཙུག་ལག་ཁང་གི་ཕྱི་རོལ་བླ་གབ་མེད་པའི་འཆག་སར་དབང་པོ་རྣམས་ནང་དུ་བསྡུས་ཤིང་ཡིད་ཕྱི་རོལ་དུ་མ་སོང་བར་སྔ་ཕྱིའི་

འདུ་ཤེས་ཀྱིས་བཅག་པར་བྱའོ། །དེ་དེ་ལྟར་འཆག་པ་ན་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་སེམས་ཀྱི་རྗེས་སུ་མི་འབྲང་ཞིང་། དེ་དེ་ལ་དྲན་པ་དང་ཤེས་བཞིན་ཅན་དུ་འགྱུར་རོ། །ཀུན་དགའ་བོ་དགེ་སློང་དེ་གནས་པ་འདིས་གནས་
པ་ན། གལ་ཏེ་འདུག་པ་ལ་སེམས་འཇུག་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ཏེ་གཙུག་ལག་ཁང་གི་ནང་དུ་ཞུགས་ལ་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲང་ལ་དྲན་པ་མངོན་དུ་བཞག་སྟེ་འདུག་པར་བྱའོ། །དེ་དེ་ལྟར་འདུག་པ་ན་འཇིག་
རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་སེམས་ཀྱི་རྗེས་སུ་མི་འབྲང་ཞིང་། དེ་དེ་ལ་དྲན་པ་དང་ཤེས་བཞིན་ཅན་དུ་འགྱུར་རོ། །ཀུན་དགའ་བོ་དགེ་སློང་དེ་གནས་པ་འདིས་གནས་པ་ན། གལ་ཏེ་རྣམ་པར་རྟོག་པ་དག་ལ་སེམས་འཇུག་པར་
གྱུར་ན། ཀུན་དགའ་བོ་དགེ་སློང་དེས་མི་དགེ་བ། སྡུག་བསྔལ་བ། འཕགས་པ་མ་ཡིན་པ། གནོད་པ་དང་ལྡན་པའི་རྣམ་པར་རྟོག་པ་འདི་ལྟ་སྟེ། འདོད་པའི་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་དང་། དེ་ལྟ་བུའི་རྣམ་པར་
རྟོག་པ་གང་དག་ཡིན་པ་དེ་དག་མངོན་པར་སྤངས་ལ། དགེ་བ་བདེ་བ་འཕགས་པ་གནོད་པ་མེད་པ་དང་ལྡན་པའི་རྣམ་པར་རྟོག་པ་འདི་ལྟ་སྟེ། ངེས་པར་འབྱུང་བའི་རྣམ་པར་རྟོག་པ་དང་། གནོད་སེམས་མེད་པའི་རྣམ་པར་རྟོག་པ་དང་། རྣམ་པར་མི་འཚེ་བའི་རྣམ་པར་རྟོག་པ་དང་། དེ་ལྟ་བུའི་རྣམ་
པར་རྟོག་པ་གང་དག་ཡིན་པ་དེ་དག་ལ་རྣམ་པར་བརྟག་པར་བྱའོ། །དེ་དེ་ལྟར་རྣམ་པར་རྟོག་པ་ན་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་སེམས་ཀྱི་རྗེས་སུ་མི་འབྲང་ཞིང་། དེ་དེ་ལ་དྲན་པ་དང་ཤེས་བཞིན་ཅན་དུ་འགྱུར་རོ། །ཀུན་དགའ་བོ་
དགེ་སློང་དེ་གནས་པ་འདིས་གནས་པ་ན། གལ་ཏེ་གཏམ་ལ་སེམས་འཇུག་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་མི་དགེ་བ་འཕགས་པ་མ་ཡིན་པ་གནོད་པ་དང་ལྡན་པའི་གཏམ་འདི་ལྟ་སྟེ། རྒྱལ་པོའི་གཏམ་དང་། རྐུན་པོའི་གཏམ་དང་། འཐབ་མོའི་གཏམ་དང་། ཟས་ཀྱི་གཏམ་

དང་། སྐོམ་གྱི་གཏམ་དང་། གོས་ཀྱི་གཏམ་དང་། ལམ་སྲང་གི་གཏམ་དང་། སྨད་འཚོང་མའི་གཏམ་དང་། འཇིག་རྟེན་གྱི་གཏམ་རྒྱུད་ཀྱི་གཏམ་དང་། ལམ་ངན་པའི་གཏམ་རྒྱུད་ཀྱི་གཏམ་དང་། རྒྱ་མཚོའི་གཏམ་རྒྱུད་ཀྱི་གཏམ་དང་། ཡུལ་གྱི་མི་དང་། སྣ་ཆེན་
པོ་ལ་གཏོགས་པའི་གཏམ་རྒྱུད་ཀྱི་གཏམ་དང་། དེ་ལྟ་བུའི་གཏམ་གང་དག་ཡིན་པ་དེ་དག་མངོན་པར་སྤངས་ལ། འཕགས་པའི་ཡོ་བྱད་བསྙུངས་པ་སེམས་ཀྱི་སྒྲིབ་པ་མེད་པ་དང་འཐུན་པར་འགྱུར་བའི་གཏམ་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་གཏམ་དང་། ཏིང་ངེ་འཛིན་གྱི་གཏམ་དང་། ཤེས་
རབ་ཀྱི་གཏམ་དང་། རྣམ་པར་གྲོལ་བའི་གཏམ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་གཏམ་དང་། འདོད་པ་ཆུང་བའི་གཏམ་དང་། ཆོག་ཤེས་པའི་གཏམ་དང་། མི་སོགས་པའི་གཏམ་དང་། ཡོ་བྱད་བསྙུངས་པའི་གཏམ་དང་། འདུ་འཛི་མེད་པའི་གཏམ་དང་། སྤོང་
བའི་གཏམ་དང་། འདོད་ཆགས་དང་བྲལ་བའི་གཏམ་དང་། འགོག་པའི་གཏམ་དང་། སྟོང་པ་ཉིད་ཀྱི་གཏམ་དང་། རྐྱེན་འདི་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་དང་། དེ་ལྟ་བུའི་གཏམ་གང་དག་ཡིན་པ་དེ་དག་གི་གཏམ་བྱའོ། །དེ་དེ་ལྟར་གཏམ་ཟེར་བ་ན་འཇིག་རྟེན་
ལ་བརྣབ་སེམས་དང་། ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་སེམས་ཀྱི་རྗེས་སུ་མི་འབྲང་ཞིང་དེ་དེ་ལྟར་དྲན་པ་དང་ཤེས་བཞིན་ཅན་དུ་འགྱུར་རོ། །ཀུན་དགའ་བོ་འཕགས་པ་ཉན་ཐོས་ཀྱིས་མ་ལ་བདག་གིས་སེམས་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ལས་འདོད་པའི་ཡོན་
ཏན་གང་ཡང་རུང་བ་ལ་བརྟེན་ནས་ཀུན་དུ་འབྱུང་བ་ཡོད་དམ། འོན་ཏེ་བདག་གི་སེམས་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ལས་འདོད་པའི་ཡོན་ཏན་གང་ཡང་རུང་བ་ལ་བརྟེན་ནས་ཀུན་དུ་འབྱུང་བ་མེད་ཅེས་ཡང་དང་ཡང་དུ་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ལ་རང་གི་སེམས་སོ་སོར་བརྟག་པར་
བྱ་སྟེ། ཀུན་དགའ་བོ་ང་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་ལས་གཞན་པ་ལ་སེམས་ཀུན་དུ་འབྱུང་བར་མི་སྨྲའོ། །ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ་བདག་གི་སེམས་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ལས་འདོད་པའི་ཡོན་ཏན་གང་ཡང་རུང་བ་ལ་བརྟེན་ནས་ཀུན་

དུ་འབྱུང་བ་ཡོད་པར་ཤེས་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་འདོད་པའི་ཡོན་ཏན་དེ་དང་དེ་དག་ལ་མི་རྟག་པར་རྗེས་སུ་བལྟ་ཞིང་གནས་པར་བྱ། ཟད་པར་རྗེས་སུ་བལྟ་བ་དང་། འདོད་ཆགས་དང་བྲལ་བར་རྗེས་སུ་བལྟ་བ་དང་། འགོག་པར་རྗེས་སུ་བལྟ་བ་དང་། ངེས་པར་འབྱུང་
བར་རྗེས་སུ་བལྟ་ཞིང་གནས་པར་བྱའོ། །ཀུན་དགའ་བོ་དགེ་སློང་དེ་འདོད་པའི་ཡོན་ཏན་དེ་དང་དེ་དག་ལ་མི་རྟག་པར་རྗེས་སུ་ལྟ་ཞིང་གནས་པ་དང་། ཟད་པར་རྗེས་སུ་ལྟ་བ་དང་། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་བ་དང་། ངེས་པར་འབྱུང་བར་རྗེས་སུ་ལྟ་
ཞིང་གནས་པ་ན། དེའི་སེམས་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ལས་འདོད་པའི་ཡོན་ཏན་གང་ཡང་རུང་བ་ལ་བརྟེན་ནས་ཀུན་དུ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ཀུན་དུ་འབྱུང་བར་མི་འགྱུར་རོ། །ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ་བདག་གི་སེམས་འདོད་པའི་ཡོན་ཏན་ལྔ་
པོ་འདི་དག་ལས་འདོད་པའི་ཡོན་ཏན་གང་ཡང་རུང་བ་ལ་བརྟེན་ནས་ཀུན་དུ་འབྱུང་བར་གྱུར་པ་གང་ཡིན་པ་དེ་སྤང་བར་ཤེས་པར་གྱུར་ན། དེ་དེ་ལ་དྲན་པ་དང་ཤེས་བཞིན་ཅན་དུ་འགྱུར་རོ། །ཀུན་དགའ་བོ་འཕགས་པ་ཉན་ཐོས་ཀྱིས་མ་ལ་བདག་གིས་ཉེ་བར་ལེན་པའི་ཕུང་པོ་འདི་དག་ལ་ངའོ་སྙམ་པའི་ང་རྒྱལ་
དང་། ངའོ་སྙམ་པའི་འདུན་པ་དང་། ངའོ་སྙམ་པའི་བག་ལ་ཉལ་མ་སྤངས་ཤིང་ཡོངས་སུ་མ་ཤེས་ལ་མ་བཀག་མ་བསལ་བ་ཡོད་དམ། འོན་ཏེ་བདག་གིས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ངའོ་སྙམ་པའི་ང་རྒྱལ་དང་། ངའོ་སྙམ་པའི་འདུན་པ་དང་། ངའོ་སྙམ་པའི་བག་ལ་ཉལ་མ་སྤངས་ཤིང་ཡོངས་
སུ་མ་ཤེས་ལ་མ་བཀག་མ་བསལ་བ་མེད་ཅེས། དེ་དང་ཡང་དུ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་རང་གི་སེམས་སོ་སོར་བརྟག་པར་བྱའོ། །ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ་བདག་གིས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ངའོ་སྙམ་པའི་ང་རྒྱལ་དང་། ངའོ་སྙམ་པའི་
འདུན་པ་དང་། ངའོ་སྙམ་པའི་བག་ལ་ཉལ་མ་སྤངས་ཤིང་ཡོངས་སུ་མ་ཤེས་ལ་མ་བཀག་མ་བསལ་བ་ཡོད་པར་ཤེས་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ཡང་དང་ཡང་དུ་འདི་ལྟ་སྟེ། འདི་ནི་གཟུགས་སོ། །འདི་ནི་གཟུགས་ཀྱི་ཀུན་འབྱུང་བའོ། །འདི་ནི་

གཟུགས་ཀྱི་ཟད་པའོ། །འདི་ལྟ་སྟེ། འདི་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། འདི་ནི་རྣམ་པར་ཤེས་པའོ། །འདི་ནི་རྣམ་པར་ཤེས་པའི་ཀུན་འབྱུང་བའོ། །འདི་ནི་རྣམ་པར་ཤེས་པའི་ཟད་པའོ་ཞེས་ཀུན་འབྱུང་བ་དང་ཟད་པར་རྗེས་སུ་
བལྟ་ཞིང་གནས་པར་བྱའོ། །དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ཡང་དང་ཡང་དུ་ཀུན་འབྱུང་བ་དང་ཟད་པར་རྗེས་སུ་ལྟ་ཞིང་གནས་པ་ན། དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ངའོ་སྙམ་པའི་ང་རྒྱལ་དང་། ངའོ་སྙམ་པའི་འདུན་པ་དང་། ངའོ་སྙམ་པའི་བག་ལ་
ཉལ་མ་སྤངས་ཤིང་ཡོངས་སུ་མ་ཤེས་ལ་མ་བཀག་མ་བསལ་བར་གྱུར་པ་གང་ཡིན་པ་དེ་མེད་པར་འགྱུར་རོ། །ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ་བདག་གིས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ངའོ་སྙམ་པའི་ང་རྒྱལ་དང་། ངའོ་སྙམ་པའི་འདུན་
པ་དང་། ངའོ་སྙམ་པའི་བག་ལ་ཉལ་འབྱུང་བར་གྱུར་པ་གང་ཡིན་པ་དེ་སྤངས་པར་ཤེས་པར་གྱུར་ན། དེ་དེ་ལ་དྲན་པ་དང་ཤེས་བཞིན་ཅན་དུ་འགྱུར་ཏེ། ཀུན་དགའ་བོ་ཆོས་དེ་དག་ནི་གཅིག་ཏུ་དཀར་བ། གཅིག་ཏུ་དགེ་བ། གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ་སྟེ། བདུད་
སྡིག་ཅན་གྱིས་འདའ་བར་བྱ་བ་མ་ཡིན་ཞིང་། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། ཡང་སྲིད་པར་འགྱུར་བ་གདུང་བ་དང་བཅས་པ། རྣམ་པར་སྨིན་པ་སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་རྣམས་ཀྱིས་
མི་འཕྲོགས་པ་ཡིན་ནོ། །ཀུན་དགའ་བོ་ཇི་སྙམ་དུ་སེམས་ཉན་ཐོས་དད་པ་ཅན་དག་ཇི་སྲིད་འཚོའི་བར་དུ་ཕྱིར་བཀག་ཀྱང་སྟོན་པའི་ཕྱི་བཞིན་རྗེས་སུ་འབྲང་བར་འོས་པ་ཅིའི་ཕྱིར་སྙམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་ནི་ཆོས་རྣམས་ཀྱི་གཞི་བོ་ལགས་ཏེ། བཅོམ་
ལྡན་འདས་ཀྱིས་མཚོན་པ་དང་། བཅོམ་ལྡན་འདས་ལ་རྟེན་པ་ལགས་པས་བཅོམ་ལྡན་འདས་ཀྱིས་དོན་དེ་དགེ་སློང་རྣམས་ལ་ལེགས་པར་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ལས་ཐོས་ནས་དགེ་སློང་རྣམས་ཀྱང་འཛིན་པར་འགྱུར་ལགས་སོ། །བཀའ་སྩལ་པ།

ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཀུན་དགའ་བོ་ཉན་ཐོས་དད་པ་ཅན་གང་དག་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་
དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་བབ་པར་བསྟན་པའི་སྡེའི་ཆོས་དེ་དག་དང་། དེ་ལྟ་
བུའི་ཆོས་རྣམས་མཉན་པའི་ཕྱིར་ཇི་སྲིད་འཚོའི་བར་དུ་ཕྱིར་བཀག་ཀྱང་སྟོན་པའི་ཕྱི་བཞིན་རྗེས་སུ་འབྲང་བ་ནི་འོས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་དེ་དག་ནི་ཡུན་རིང་པོ་ནས་ཐོས་ཤིང་བཟུང་ལ་བརྟན་པར་བྱས་ཤིང་ཁ་ཏོན་བྱང་བ་དང་། ཡིད་ཀྱིས་
བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོགས་པར་བྱས་ཟིན་པའི་ཕྱིར་རོ། །ཀུན་དགའ་བོ་ཉན་ཐོས་དད་པ་ཅན་གང་དག་འཕགས་པ་ཡོ་བྱད་བསྙུངས་པ་སེམས་སྒྲིབ་པ་མེད་པ་དང་འཐུན་པར་འགྱུར་བའི་གཏམ་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་གཏམ་དང་། ཏིང་ངེ་འཛིན་
གྱི་གཏམ་དང་། ཤེས་རབ་ཀྱི་གཏམ་དང་། རྣམ་པར་གྲོལ་བའི་གཏམ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་གཏམ་དང་། འདོད་པ་ཆུང་བའི་གཏམ་དང་། ཆོག་ཤེས་པའི་གཏམ་དང་། མི་སོགས་པའི་གཏམ་དང་། ཡོ་བྱད་བསྙུངས་པའི་
གཏམ་དང་། འདུ་འཛི་མེད་པའི་གཏམ་དང་། སྤོང་བའི་གཏམ་དང་། འདོད་ཆགས་དང་བྲལ་བའི་གཏམ་དང་། འགོག་པའི་གཏམ་དང་། སྟོང་པ་ཉིད་ཀྱི་གཏམ་དང་། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་དང་། དེ་ལྟ་བུའི་གཏམ་གང་
ཡིན་པ་དག་མཉན་པའི་ཕྱིར་ཇི་སྲིད་འཚོའི་བར་དུ་ཕྱིར་བཀག་ཀྱང་སྟོན་པའི་ཕྱི་བཞིན་རྗེས་སུ་འབྲང་བ་ནི་རིགས་པ་ཡིན་ནོ། །ཀུན་དགའ་བོ་གསུམ་པོ་འདི་དག་ནི་གནོད་པ་ཡིན་ཏེ། གསུམ་གང་ཞེ་ན། སློབ་དཔོན་གྱི་གནོད་པ་དང་། སློབ་མའི་གནོད་པ་དང་། ཚངས་

པར་སྤྱོད་པའི་གནོད་པའོ། །ཀུན་དགའ་བོ་སློབ་དཔོན་གྱི་གནོད་པ་གང་ཞེ་ན། ཀུན་དགའ་བོ་འདི་ལ་སྟོན་པ་རྟོག་གེ་པ་དཔྱོད་པ་ཅན་རྟོག་གེར་གཏོགས་པའི་ས་རང་གི་སྤོབས་པ་ལས་བྱུང་བ། སོ་སོའི་སྐྱེ་བོ་པ་དཔྱོད་པའི་རྗེས་སུ་སྤྱོད་པ་ལ་
གནས་པ་དེ་འཇིག་རྟེན་དུ་བྱུང་ན། དེ་གནས་མལ་དགོན་པའམ། ནགས་འདབ་བམ། བས་མཐའ་དག་ཏུ་གནས་པར་བྱེད་དོ། །དེ་གནས་མལ་དགོན་པའམ། ནགས་འདབ་བམ། བས་མཐའ་དག་ན་གནས་པའི་ཚེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་
དག་རྗེས་སུ་འབྲང་བར་འགྱུར་རོ། །དེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྗེས་སུ་ལྷགས་པ་དག་ལ་ཆུམས་པར་བྱེད་ཅིང་བརྒྱལ་བསྐྱེད་པར་བྱེད་ལ། མང་པོ་བསྡུ་བའི་ཕྱིར་རྗེས་སུ་འཇུག་པར་བྱེད་དོ། །ཀུན་དགའ་བོ་དེ་ནི་སློབ་དཔོན་གྱི་གནོད་པ་ཞེས་བྱའོ། །
ཀུན་དགའ་བོ་སློབ་དཔོན་གྱི་གནོད་པས་གནོད་པར་གྱུར་པའི་སློབ་དཔོན་དེ་ནི་སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་འགྱུར་བ། ཡང་སྲེད་པར་འགྱུར་བ། གདུང་བ་དང་བཅས་པ། རྣམ་པར་སྨིན་པ་སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་།
འཆི་བར་འགྱུར་བ་རྣམས་ཀྱིས་གནོད་པར་འགྱུར་རོ། །ཀུན་དགའ་བོ་སློབ་མའི་གནོད་པ་གང་ཞེ་ན། ཀུན་དགའ་བོ་འདི་ལ་ཉན་པ་པོ་དད་པ་དང་ལྡན་པ་སྟོན་པ་དེ་ཉིད་ཀྱི་ཚིག་ལ་མངོན་པར་དད་པར་གྱུར་པ་དེ་སྟོན་པ་དེ་ཉིད་ཀྱི་དབེན་པའི་རྗེས་སུ་སློབ་པའི་ཚེ། གནས་མལ་དགོན་
པའམ། ནགས་འདབ་བམ། བས་མཐའ་དག་ཏུ་གནས་པར་བྱེད་དོ། །དེ་གནས་མལ་དགོན་པའམ། ནགས་འདབ་བམ། བས་མཐའ་དག་ན་གནས་པའི་ཚེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དག་རྗེས་སུ་འབྲང་བར་འགྱུར་རོ། །དེ་ཉན་པ་པོ་ཁྱིམ་
པ་དང་། རབ་ཏུ་བྱུང་བ་རྗེས་སུ་ལྷགས་པ་དག་ལ་ཆུམས་པར་བྱེད་ཅིང་བརྒྱལ་བ་སྐྱེད་པར་བྱེད་ལ། མང་པོ་བསྡུ་བའི་ཕྱིར་རྗེས་སུ་འཇུག་པར་བྱེད་དེ། ཀུན་དགའ་བོ་དེ་ནི་སློབ་མའི་གནོད་པ་ཞེས་བྱའོ། །ཀུན་དགའ་བོ་སློབ་མའི་གནོད་པས་གནོད་པར་གྱུར་པའི་སློབ་མ་

དེ་ནི་སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་འགྱུར་བ། ཡང་སྲིད་པར་འགྱུར་བ། གདུང་བ་དང་བཅས་པ། རྣམ་པར་སྨིན་པ་སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་རྣམས་ཀྱིས་གནོད་པར་འགྱུར་རོ། །ཀུན་དགའ་བོ་
ཚངས་པར་སྤྱོད་པའི་གནོད་པ་གང་ཞེ་ན། ཀུན་དགའ་བོ་འདི་ལ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་
པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ན། དེ་གནས་མལ་དགོན་པའམ། ནགས་འདབ་བམ། བས་མཐའ་དག་ཏུ་གནས་པར་མཛད་དོ། །དེ་གནས་མལ་དགོན་པའམ། ནགས་འདབ་བམ། བས་མཐའ་
དག་ན་བཞུགས་པའི་ཚེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དག་རྗེས་སུ་འབྲང་བར་འགྱུར་རོ། །དེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྗེས་སུ་ལྷགས་པ་དག་ལ་ཆུམས་པར་མི་མཛད་ཅིང་བརྒྱལ་བ་སྐྱེད་པར་མི་མཛད་ལ། མང་པོ་བསྡུ་བའི་ཕྱིར་རྗེས་སུ་འཇུག་
པར་མི་མཛད་ཀྱང་། དེ་ཉན་པ་པོས་ཀུན་དུ་གང་ཞིང་གནས་ན་ལྷག་པའི་སེམས་ལས་བྱུང་བ་བཞི་པོ་དེ་དག་གིས་ཚེ་འདི་ལ་བདེ་བར་གནས་པ་ཐོབ་པ་གང་དག་ཡིན་པ་དེ་དག་ལས་གང་ཡང་རུང་བ་ལས་ཡོངས་སུ་ཉམས་པར་ང་སྨྲ་ལ། གཅིག་པུ་མ་འདྲེས་པ་དང་།
བག་ཡོད་པ་དང་། རྟུན་པ་དང་། སེམས་བསྡུས་པའི་བདག་ཉིད་དེ། དེ་དག་གིས་ཉམས་པ་མེད་པའི་སེམས་རྣམ་པར་གྲོལ་བ་སྐུས་མངོན་སུམ་དུ་མཛད་ཅིང་གནོད་པ་གང་ཡིན་པ་དེ་ལ་ནི་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉམས་པ་མེད་པར་ང་སྨྲ་མོད་ཀྱི། འོན་ཀྱང་
ཉན་པ་པོ་དད་པ་དང་ལྡན་པ་སྟོན་པ་དེ་ཉིད་ཀྱི་བཀའ་ལ་མངོན་པར་དད་པར་གྱུར་པ་དེ་སྟོན་པ་དེ་ཉིད་ཀྱི་དབེན་པའི་རྗེས་སུ་སློབ་པའི་ཚེ། གནས་མལ་དགོན་པའམ། ནགས་འདབ་བམ། བས་མཐའ་དག་ཏུ་གནས་པར་བྱེད་དོ། །དེ་གནས་མལ་དགོན་པའམ། ནགས་

འདབ་བམ། བས་མཐའ་དག་ན་གནས་པའི་ཚེ། ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དག་རྗེས་སུ་འབྲང་བར་འགྱུར་རོ། །དེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྗེས་སུ་ལྷགས་པ་དེ་དག་ལ་ཆུམས་པར་བྱེད་ཅིང་བརྒྱལ་བ་སྐྱེད་
པར་བྱེད་ལ། མང་པོ་བསྡུ་བའི་ཕྱིར་རྗེས་སུ་འཇུག་པར་བྱེད་དེ། ཀུན་དགའ་བོ་དེ་ནི་ཚངས་པར་སྤྱོད་པའི་གནོད་པ་ཞེས་བྱའོ། །ཀུན་དགའ་བོ་གནོད་པ་རྣམས་ལས་འདི་ལྟ་སྟེ། སློབ་དཔོན་གྱི་གནོད་པ་དང་། སློབ་མའི་གནོད་པ་དེ་དག་ནི་ཅུང་ཟད་ཙམ་དུ་
ཟད་ཀྱི། གནོད་པ་རྣམས་ལས་འདི་ལྟ་སྟེ། ཚངས་པར་སྤྱོད་པའི་གནོད་པ་དེ་ནི་ཐ་ཆད་ཡིན་ནོ། །ཀུན་དགའ་བོ་ཚངས་པར་སྤྱོད་པའི་གནོད་པས་གནོད་པར་གྱུར་པའི་ཚངས་པར་སྤྱོད་པ་དེ་ནི་སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་འགྱུར་བ། ཡང་སྲིད་
པར་འགྱུར་བ། གདུང་བ་དང་བཅས་པ། རྣམ་པར་སྨིན་པ་སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་རྣམས་ཀྱིས་གནོད་པར་འགྱུར་རོ། །ཀུན་དགའ་བོ་ང་ནི་མཛའ་བཤེས་དང་ལྡན་པས་ཀུན་དུ་སྤྱོད་པར་བྱེད་ཀྱི། འགྲན་
ཟླ་དང་ལྡན་པས་ནི་མ་ཡིན་ནོ། །ཀུན་དགའ་བོ་ཇི་ལྟར་ན་ཉན་ཐོས་རྣམས་སྟོན་པ་ལ་འགྲན་ཟླ་དང་ལྡན་པས་ཀུན་དུ་སྤྱོད་ཅིང་མཛའ་བཤེས་དང་ལྡན་པས་མ་ཡིན་ཞེ་ན། ཀུན་དགའ་བོ་འདི་ལ་སྟོན་པ་རྗེས་སུ་ཐུགས་བརྩེ་བ་དང་ལྡན་པ། ཐུགས་རྗེ་དང་ལྡན་པ།
དོན་དུ་བཞེད་པ། ཕན་པར་བཞེད་པ། ཐུགས་རྗེ་བར་གྱུར་པ། ཉན་ཐོས་རྣམས་ལ་དགེ་སློང་དག་ཁྱེད་ལ་ཕན་པ་འདི་དང་། བདེ་བ་འདི་དང་། ཕན་པ་དང་བདེ་བ་འདིའི་ཕྱིར་རོ་ཞེས་ཆོས་སྟོན་པར་མཛད་པ་ན། དེའི་ཉན་ཐོས་དེ་དག་གུས་པར་ཉན་པར་མི་བྱེད་
ཅིང་། རྣ་ཀློག་པར་མི་བྱེད། ཀུན་ཤེས་པར་བྱ་བའི་སེམས་ཉེ་བར་འཇོག་པར་མི་བྱེད། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སྒྲུབ་པར་མི་བྱེད་ལ། སྟོན་པའི་བསྟན་པ་ལས་རྣམ་པར་འདས་ཤིང་གནས་པར་བྱེད་ན། ཀུན་དགའ་བོ་དེ་ནི་ཉན་ཐོས་རྣམས་སྟོན་

པ་ལ་འགྲན་ཟླ་དང་ལྡན་པས་ཀུན་དུ་སྤྱོད་ཅིང་མཛའ་བཤེས་དང་ལྡན་པས་མ་ཡིན་པ་ཡིན་ནོ། །ཀུན་དགའ་བོ་ཇི་ལྟར་ན་ཉན་ཐོས་རྣམས་སྟོན་པ་ལ་མཛའ་བཤེས་དང་ལྡན་པས་ཀུན་དུ་སྤྱོད་ཅིང་འགྲན་ཟླ་དང་ལྡན་པས་མ་ཡིན་ཞེ་ན། ཀུན་དགའ་བོ་འདི་ལ་སྟོན་པ་རྗེས་སུ་
ཐུགས་བརྩེ་བ་དང་ལྡན་པ། ཐུགས་རྗེ་དང་ལྡན་པ། དོན་དུ་བཞེད་པ། ཕན་པར་བཞེད་པ། ཐུགས་རྗེ་བར་གྱུར་པ། ཉན་ཐོས་རྣམས་ལ་དགེ་སློང་དག་ཁྱེད་ལ་ཕན་པ་འདི་དང་། བདེ་བ་འདི་དང་། ཕན་པ་དང་བདེ་བ་འདིའི་ཕྱིར་རོ་ཞེས་ཆོས་སྟོན་པར་མཛད་
པ་ན། དེའི་ཉན་ཐོས་དེ་དག་གུས་པར་ཉན་པར་བྱེད་ཅིང་། རྣ་ཀློག་པར་བྱེད་ཀུན་ཤེས་པར་བྱ་བའི་སེམས་ཉེ་བར་འཇོག་པར་བྱེད། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སྒྲུབ་པར་བྱེད་ལ། སྟོན་པའི་བསྟན་པ་ཡང་དག་པར་བླངས་ཏེ་གནས་པར་བྱེད་ན། ཀུན་དགའ་བོ་
དེ་ནི་ཉན་ཐོས་རྣམས་སྟོན་པ་ལ་མཛའ་བཤེས་དང་ལྡན་པས་ཀུན་དུ་སྤྱོད་ཅིང་འགྲན་ཟླ་དང་ལྡན་པས་མ་ཡིན་པ་ཡིན་ནོ། ཀུན་དགའ་བོ་ང་ནི་ཁྱེད་ཅག་ལ་ཚར་བཅད་ཅིང་བཅད་ཅིང་། ཟིལ་གྱིས་མནན་ཅིང་མནན་ཅིང་སྨྲ་སྟེ། རྫ་མཁན་རྫ་མ་མཚོས་པ་དག་ལས་སྲ་བ་
གང་ཡིན་པ་དེ་འཇོག་པར་བྱེད་པ་བཞིན་དུ་ཁྱེད་ཅག་ལ་དབྱིག་ཏུ་མི་འཛིན་གྱིས། ངའི་ཚིག་གི་ལམ་རྣམས་ལ་ཡང་བཟོད་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་
བསྟོད་དོ།། །།བར་སྡོམ་ནི། འཕགས་པའི་བདེ་དང་དུས་སྦྱོར་དང་། །གཟུགས་དང་མཆོག་དགའ་དགེ་སློང་དང་། །ཁྲུས་རིལ་ཕྱི་སྟོང་ཉིད་སོགས་དང་། །ཏིང་ངེ་འཛིན་ལ་སེམས་གཞོལ་དང་། །འཆག་པ་དང་ནི་འདུག་པ་དང་། །རྣམ་རྟོག་གཏམ་དང་འདོད་ཡོན་ཏན། །ཕུང་པོ་གཅིག་དཀར་
ཉན་ཐོས་དང་། །གནོད་དང་མཛའ་བཤེས་ཚར་གཅོད་པའོ། །མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། དྷྭ་ཛཱ་གྲན་ནཱ་མ་མ་ཧཱ་སཱུ་ཏྲཾ། བོད་སྐད་དུ། མདོ་ཆེན་པོ་རྒྱལ་མཚན་མཆོག་ཅེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་སྤོང་བྱེད་དུ་ཡུལ་རྒྱུ་
ཞིང་གཤེགས་པ་ན་ཡངས་པ་ཅན་དུ་བྱོན་ནས། ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་གྱི་ཁང་པ་བརྩེགས་པའི་གནས་ན་བཞུགས་སོ། །དེའི་ཚེ་ན་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་ཡུལ་རྡོ་འཇོག་ཏུ་ཚོང་པར་བྱ་བའི་ཕྱིར་ཡུལ་རྡོ་འཇོག་ཏུ་འགྲོ་བར་ཆས་པའི་ཡངས་པ་
ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གིས། བཅོམ་ལྡན་འདས་ཡུལ་སྤོང་བྱེད་དུ་ཡུལ་རྒྱུ་ཞིང་གཤེགས་པ་ན་ཡངས་པ་ཅན་དུ་བྱོན་ནས། ཡངས་པ་ཅན་གྱི་སྤྲེའུའི་རྫིང་གི་འགྲམ་གྱི་ཁང་པ་བརྩེགས་པའི་གནས་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚོགས་ནས་ཚོགས་
དང་། མང་པོ་ནས་མང་པོར་ལྷགས་ཤིང་འདུས་ཏེ་ཡངས་པ་ཅན་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་པ་དང་། བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་
གྱི་ཚོང་པ་རབ་ཏུ་མང་པོ་ཕྱོགས་གཅིག་ཏུ་འཁོད་པ་དག་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་ཀྱི་གཏམ་ཡང་དག་པར་བསྟན།
ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་
འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ནི་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་ཡུལ་རྡོ་འཇོག་ཏུ་འཇལ་ཚོང་བགྱི་བའི་སླད་དུ། ཡུལ་རྡོ་འཇོག་ཏུ་མཆི་བར་ཆས་པ་ལགས་ན།

བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་ཅག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་ལ་ཅང་མི་གསུང་བས་གནང་བར་མཛད་དོ། །དེ་ནས་ཡངས་པ་ཅན་གྱི་
ཚོང་པ་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་
འདས་ཀྱི་སྤྱན་སྔ་ནས་ཕྱིར་དོང་ངོ་། །དེ་ནས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གིས་དེ་ཉིད་ཀྱི་མཚན་མོ་བཟའ་བ་དང་བཅའ་བྱ་བ་གཙང་ཞིང་བསོད་པ་དག་ལེགས་པར་སྦྱར་ནས་ནང་པར་སྔར་ལངས་ཏེ། གདན་དག་བཤམས་ཤིང་། ཆུ་ར་དག་ཀྱང་བཞག་
ནས། བཅོམ་ལྡན་འདས་ལ་བཙུན་པ་གདུགས་ཚོད་སྦྱར་ཏེ། དུས་ལ་བབ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་འདྲེན་གྱིས་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་
གསོལ་ཏེ། ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་
བཤམས་པ་དེ་ཉིད་ལ་བཞུགས་སོ། །དེ་ནས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་པ་དང་། བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་ཕྱོགས་གཅིག་
ཏུ་འཁོད་པ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚོང་པ་དག་གལ་ཏེ་ཁྱེད་ཅག་དགོན་པར་སོན་པ་ན་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་

པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་
ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །ཚོང་པ་དག་དེའི་ཚེ་ཁྱེད་ཀྱིས་ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ན་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ། །གལ་ཏེ་ང་མི་
དྲན་ན་ཡང་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ་ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོང་བ་འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱ་བ་ཡིན་ནོ་ཞེས་ཆོས་རྣམ་པ་ལས་ཡང་དག་པར་
རྗེས་སུ་དྲན་པར་གྱིས་ཤིག །ཚོང་པ་དག་དེའི་ཚེ་ཁྱེད་ཀྱིས་ཆོས་རྣམ་པ་ལྔས་ཡང་དག་པར་རྗེས་སུ་དྲན་པར་བྱས་ན་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ། །གལ་ཏེ་ཆོས་མི་དྲན་ན་ཡང་བཅོམ་ལྡན་
འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་པ། འཐུན་པར་ཞུགས་པ། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ཞུགས་པ། ཆོས་ཀྱི་རྗེས་སུ་འཐུན་པར་སྤྱོད་པ་སྟེ། དགེ་འདུན་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་
མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་རྒྱུན་དུ་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་ལན་ཅིག་ཕྱིར་འོང་བ་དག་ཀྱང་ཡོད། དགེ་འདུན་
ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་ཕྱིར་མི་འོང་བ་དག་ཀྱང་ཡོད། དགེ་འདུན་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་དགྲ་བཅོམ་པ་དག་

ཀྱང་ཡོད་དེ། དེ་དག་ནི་སྐྱེས་བུ་ཟུང་བཞི་དང་། སྐྱེས་བུ་གང་ཟག་བརྒྱད་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དེ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་
པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ་ཀུན་དུ་སྦྱིན་པའི་འོས་སུ་གྱུར་པ། རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་ཞིང་བླ་ན་མེད་པ། འཇིག་རྟེན་གྱི་ཡོན་གནས་ཡིན་ནོ་ཞེས་
དགེ་འདུན་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །ཚོང་པ་དག་དེའི་ཚེ་ཁྱེད་ཀྱིས་དགེ་འདུན་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ནས་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ། །ཚོང་པ་དག་
སྔོན་ལྷ་དང་ལྷ་མ་ཡིན་གྱི་གཡུལ་ཉེ་བར་གནས་པར་གྱུར་པ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་གལ་ཏེ་ཁྱེད་ཅག་ལྷ་དང་། ལྷ་མ་ཡིན་གྱི་གཡུལ་དུ་ཞུགས་པ་ན། འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་
བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་ངའི་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །དེའི་ཚེ་ཁྱེད་ཀྱིས་ངའི་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེས་སུ་དྲན་པར་བྱས་ན་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་
བྱེད་པ་དེ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ། །གལ་ཏེ་ངའི་མི་དྲན་ན་ཡང་ལྷའི་བུ་དབང་ལྡན་གྱི་རྒྱལ་མཚན་མཆོག་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །དེའི་ཚེ་ཁྱེད་ཀྱིས་ལྷའི་བུ་དབང་ལྡན་གྱི་རྒྱལ་མཚན་མཆོག་ཡང་དག་པར་རྗེས་སུ་དྲན་པར་བྱས་
ན་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ། །གལ་ཏེ་ལྷའི་བུ་དབང་ལྡན་གྱི་མི་དྲན་ན་ཡང་ལྷའི་བུ་ཆུ་ལྷའི་རྒྱལ་མཚན་མཆོག་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །དེའི་ཚེ་ཁྱེད་ཀྱིས་ལྷའི་

བུ་ཆུ་ལྷའི་རྒྱལ་མཚན་མཆོག་ཡང་དག་པར་རྗེས་སུ་དྲན་པར་བྱས་ན་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ། །ཚོང་པ་དག་དེ་བཞིན་དུ་གལ་ཏེ་ཁྱེད་ཅག་ཀྱང་དགོན་པར་
སོན་པ་ན་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན་དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ།
འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །ཚོང་པ་དག་དེའི་ཚེ་ཁྱེད་ཀྱིས་ང་རྣམ་པ་ལས་ཡང་དག་
པར་རྗེས་སུ་དྲན་པར་བྱས་ན་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ། །གལ་ཏེ་ང་མི་དྲན་ན་ཡང་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་
ཆད་པ་མེད་པ། ཉེ་བར་གཏོང་བ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱ་བ་ཡིན་ནོ་ཞེས་ཆོས་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །ཚོང་པ་དག་དེའི་ཚེ་ཁྱེད་ཀྱིས་ཆོས་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་
བྱས་ན་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ། །གལ་ཏེ་ཆོས་མི་དྲན་ན་ཡང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་
པ། འཐུན་པར་ཞུགས་པ། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ཞུགས་པ། ཆོས་ཀྱི་རྗེས་སུ་འཐུན་པར་སྤྱོད་པ་སྟེ། དགེ་འདུན་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་རྒྱུན་དུ་ཞུགས་པ་དག་ཀྱང་

ཡོད། དགེ་འདུན་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་ལན་ཅིག་ཕྱིར་འོང་བ་དག་ཀྱང་ཡོད། དགེ་འདུན་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་
ལ་ཕྱིར་མི་འོང་བ་དག་ཀྱང་ཡོད། དགེ་འདུན་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་དགྲ་བཅོམ་པ་དག་ཀྱང་ཡོད་དེ། དེ་དག་ནི་སྐྱེས་བུ་ཟུང་བཞི་དང་། སྐྱེས་བུ་གང་ཟག་བརྒྱད་ཡིན་ཏེ། བཅོམ་
ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དེ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ། ཀུན་དུ་སྦྱིན་
པའི་འོས་སུ་གྱུར་པ། རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་ཞིང་བླ་ན་མེད་པ། འཇིག་རྟེན་གྱི་ཡོན་གནས་ཡིན་ནོ་ཞེས་དགེ་འདུན་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །ཚོང་
པ་དག་དེའི་ཚེ་ཁྱེད་ཀྱིས་དགེ་འདུན་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ན་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ། །དེ་ནས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གིས་སངས་རྒྱས་ལ་
སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་རང་རང་གི་ལག་ནས་བཟའ་བ་དང་། བཅའ་བ་གཙང་ཞིང་བསོད་པ་དག་ལེགས་པར་བསྟབས་ཤིང་ཡང་དག་པར་ཚིམ་པར་བྱས་སོ། །རྣམ་གྲངས་དུ་མར་རང་རང་གི་ལག་ནས་བཟའ་བ་དང་། བཅའ་བ་གཙང་
ཞིང་བསོད་པ་དག་ལེགས་པར་བསྟབས་ཤིང་ཡང་དག་པར་ཚིམ་པར་བྱས་ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་ཅིང་། ལྷུང་བཟེད་བཞག་སྟེ། ཕྱག་བཅབས་པར་རིག་ནས་སྟན་ཤིན་ཏུ་དམའ་བ་དག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་

འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གི་སྦྱིན་པ་དེ་ལ་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རངས་པར་མཛད་དོ། །ཚོང་པ་ཟས་དང་སྐོམ་དག་གིས། །དགེ་སློང་དགེ་འདུན་བཤོས་གསོལ་བ། །རབ་
ཏུ་ཤེས་ནས་གཏོང་བ་ཡི། །བློ་ལྡན་འཕགས་པ་གང་བྱེད་བཞིན། །སྦྱིན་པ་བདེ་ལེགས་རྗོད་པ་འདི། །ཚོང་པ་ཁྱེད་ཀྱིས་བྱིན་པས་ན། །ཁྱེད་ཅག་དོན་གང་ལེགས་འདོད་པའི། །ཁྱེད་ཀྱི་དོན་དེ་རྟག་གྲུབ་ཤོག །ཁྱེད་ཀྱི་རྐང་གཉིས་བདེ་ལེགས་ཤིང་། །ཁྱེད་ཀྱི་རྐང་
བཞི་བདེ་ལེགས་ཤོག །ཁྱེད་ཅག་ལམ་ཞུགས་བདེ་ལེགས་ཤིང་། །ཕྱིར་ལྡོག་པ་ནའང་བདེ་ལེགས་ཤོག །མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་དུ་བདེ་ལེགས་ལ། །ཁྱེད་ལ་སྡིག་པ་མ་འབྱུང་ཤིག །ཇི་
ལྟར་ཞིང་ནི་ཕུན་སུམ་ལ། །ས་བོན་ཕུན་སུམ་ཚོགས་བཏབ་ཅིང་། །ཆར་པ་ཕུན་སུམ་ཚོགས་གྱུར་ན། །ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར། །གནོད་མེད་ཕུན་སུམ་ཚོགས་གྱུར་ཅིང་། །སྐྱེ་བ་ཕུན་སུམ་ཚོགས་གྱུར་ལ། །རྒྱས་པ་ཕུན་སུམ་ཚོགས་གྱུར་ན། །ལོ་
ཏོག་ཕུན་སུམ་ཚོགས་འགྱུར་ལྟར། །དེ་བཞིན་ཚུལ་ཁྲིམས་ཕུན་ཚོགས་ལ། །ཁ་ཟས་ཕུན་སུམ་ཚོགས་བྱིན་ཞིང་། །ཕུན་སུམ་ཚོགས་ཕྱིར་དེ་བྱས་ན། །ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར། །དེ་ཕྱིར་ཕུན་སུམ་ཚོགས་འདོད་ཅིང་། །ཕུན་ཚོགས་དོན་གཉེར་གང་ཟག་
གིས། །ཤེས་རབ་ཕུན་ཚོགས་བསྟེན་གྱུར་ན། །དེས་ནི་ཕུན་སུམ་ཚོགས་པ་འགྲུབ། །དེ་ཕྱིར་བླ་མེད་སངས་རྒྱས་དང་། །ཆོས་དང་དགེ་འདུན་དག་ལ་ནི། །བརྟན་པ་དད་པ་སྐྱེད་བྱེད་པ། །དེ་སེམས་ཕུན་སུམ་ཚོགས་པར་འགྱུར། །རིག་དང་ཞབས་སུ་ལྡན་པ་ལ། །
ཕུན་སུམ་ཚོགས་པའི་སེམས་ཐོབ་ནས། །དགེ་བའི་ལས་རྣམས་བྱེད་གྱུར་པ། །དེ་ནི་ཕུན་སུམ་ཚོགས་པའི་ལས། །འཇིག་རྟེན་ཡང་དག་བཞིན་ཤེས་ན། །ལྟ་བ་ཕུན་སུམ་ཚོགས་པ་འཐོབ། །འཕགས་ཤིང་མཐོང་བ་ཕུན་ཚོགས་ན། །ཡིད་ནི་ཕུན་སུམ་ཚོགས་པར་

འགྱུར། དྲི་མ་ཐམས་ཅད་བཅོམ་བྱས་ཤིང་། །མྱ་ངན་འདས་པ་ཕུན་སུམ་ཐོབ། །སྡུག་བསྔལ་ཟད་པར་བྱེད་པ་དེ། །དེ་ཡི་དོན་ནི་ཕུན་སུམ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན།
ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་
བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །མདོ་ཆེན་པོ་རྒྱལ་མཚན་མཆོག་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་
ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། དྷྭ་ཛཱ་གྲ་ན་ནཱ་མ་མ་ཧཱ་སཱུ་ཏྲཾ། བོད་སྐད་དུ། མདོ་ཆེན་པོ་རྒྱལ་མཚན་དམ་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་
ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་
ཁྱེད་ཅག་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། །ཁྱིམ་སྟོང་པ་ན་འདུག་ཀྱང་རུང་སྟེ། འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་ང་རྣམ་

པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །དེའི་ཚེ་ཁྱེད་ཀྱིས་ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ན་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ། །དགེ་སློང་དག་
སྔོན་ལྷ་དང་། ལྷ་མ་ཡིན་གྱི་གཡུལ་ཉེ་བར་གནས་པར་གྱུར་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་གལ་ཏེ་ཁྱེད་ཅག་ལྷ་དང་ལྷ་མ་ཡིན་གྱི་གཡུལ་དུ་ཞུགས་པ་ན། འཇིགས་པའམ། བག་ཚ་བའམ། སྤུ་
ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་ངའི་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །དེའི་ཚེ་ཁྱེད་ཀྱིས་ངའི་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེས་སུ་དྲན་པར་བྱས་ན་འཇིགས་པའམ། བག་ཚ་བའམ།
སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ། །དགེ་སློང་དག་དེ་བཞིན་དུ་གལ་ཏེ་ཁྱེད་ཅག་ཀྱང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁྱིམ་སྟོང་པ་ན་འདུག་ཀྱང་རུང་སྟེ། འཇིགས་པའམ། བག་ཚ་བའམ། སྤུ་ཟིང་
ཞེས་བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་
བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །དགེ་སློང་དག་དེའི་ཚེ་ཁྱེད་ཀྱིས་ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་བྱས་ན། འཇིགས་པའམ། བག་ཚ་
བའམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ། །དགེ་སློང་དག་ལྷའི་དབང་པོ་བརྒྱ་བྱིན་དེ་ནི་ད་དུང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་ཤིང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་

ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་མཐར་ལ། འཇིགས་པ་ཡོད། བག་ཚ་བ་ཡོད། དངངས་པ་ཡོད། འབྲོས་པ་ཡོད་ཅིང་། དེ་ནི་ལན་འགའ་འཇིགས་པར་ཡང་འགྱུར་
བག་ཚ་བར་ཡང་འགྱུར། དངངས་པར་ཡང་འགྱུར། འབྲོས་པར་ཡང་འགྱུར་ཏེ། དགེ་སློང་དག་ད་དུང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་ཤིང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་
འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་མ་ཐར་ལ། འཇིགས་པ་ཡོད། བག་ཚ་བ་ཡོད། དངངས་པ་ཡོད། འབྲོས་པ་ཡོད་པའི་ལྷའི་དབང་པོ་བརྒྱ་བྱིན་དེའི་ཚིག་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དད་པས་
མཉན་པར་བྱ་བར་སེམས་ཤིང་ཚིག་བཞིན་དུ་བྱ་བར་སེམས་ན། དགེ་སློང་དག་ང་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་།
འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་ཐར་བ། འཇིགས་པ་མེད། བག་ཚ་བ་མེད། དངངས་པ་མེད། འབྲོས་པ་མེད་པ་ཡིན་པས་དགེ་སློང་དག་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་།
འཁྲུག་པ་དག་ལས་ཡོངས་སུ་ཐར་བ། འཇིགས་པ་མེད་པ། བག་ཚ་བ་མེད་པ། དངངས་པ་མེད་པ། འབྲོས་པ་མེད་པ། ངའི་ཚིག་མཉན་པར་བྱ་བ་དང་། གཏམས་པ་བཞིན་བྱ་བ་དང་། རྗེས་སུ་བསྟན་པ་བཞིན་བྱ་བ་དེ་ནི་བྱ་བའི་གནས་ཡིན་ནོ། །བཅོམ་

ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། །དགོན་པ་དང་ནི་ཤིང་དྲུང་དང་། །ཁྱིམ་སྟོང་དག་ཏུ་འཇིག་རྟེན་གཙོ། །རྣམ་པར་འདྲེན་པ་རྫོགས་སངས་རྒྱས། །རྗེས་
སུ་དྲན་གྱིས་དགེ་སློང་དག །གལ་ཏེ་རྣམ་འདྲེན་འཇིག་རྟེན་གཙོ། །རྫོགས་སངས་རྒྱས་པ་མི་དྲན་ན། །འདོད་ཆགས་བྲལ་བ་རྣམས་ཀྱི་མཆོག །ཆོས་དེ་རྗེས་སུ་དྲན་པར་གྱིས། །གལ་ཏེ་འདོད་ཆགས་བྲལ་བའི་མཆོག །ཆོས་དེ་རྗེས་སུ་མི་དྲན་ན། །དགེ་འདུན་བླ་མེད་
བསོད་ནམས་ཞིང་། །དེ་ནི་རྗེས་སུ་དྲན་པར་གྱིས། །སངས་རྒྱས་ཆོས་དང་དགེ་འདུན་རྣམས། །དེ་ལྟར་རྗེས་སུ་དྲན་བྱས་ན། །འཇིགས་དང་བག་ཚ་སྤུ་ལྡང་བ། །མེད་པར་འགྱུར་རོ་དགེ་སློང་དག །འཇིགས་པས་སྐྲག་པའི་མི་མང་པོ། །རི་དང་ནགས་ཚལ་རྣམས་དག་དང་། །ཀུན་
དགའ་མཆོད་པའི་ལྗོན་ཤིང་ལ། །སྐྱབས་སུ་འགྲོ་བར་གང་བྱེད་པ། །དེ་ནི་སྐྱབས་གཙོ་མ་ཡིན་ཞིང་། །དེ་ནི་སྐྱབས་མཆོག་མ་ཡིན་ཏེ། །སྐྱབས་དེ་དག་ལ་རྟེན་བྱེད་པ། །སྡུག་བསྔལ་ཀུན་ལས་གྲོལ་མི་འགྱུར། །གང་དག་སངས་རྒྱས་ཆོས་དང་ནི། །དགེ་འདུན་དག་ལ་སྐྱབས་སོང་བ། །
སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འགགས་པ་དང་། །བདེ་ཞིང་མྱ་ངན་འདས་འགྲོ་བའི། །འཕགས་ལམ་ཡན་ལག་བརྒྱད་པ་ཡི། །འཕགས་པའི་བདེན་པ་བཞི་པོ་དག །ཤེས་རབ་ཀྱིས་ནི་ལེགས་མཐོང་འགྱུར། །དེ་ནི་སྐྱབས་ཀྱི་གཙོ་བོ་དང་། །
དེ་ནི་སྐྱབས་ཀྱི་མཆོག་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་བྱས་ན། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། །དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།
མདོ་ཆེན་པོ་རྒྱལ་མཚན་དམ་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། པཉྩ་ཏྲི་ཡཾ་ནཱ་མ་མ་ཧཱ་སཱུ་ཏྲཾ། བོད་སྐད་དུ། མདོ་ཆེན་པོ་ལྔ་གསུམ་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་
མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་གང་དག་མོས་པའི་གཞི་རྣམ་པ་དུ་མ་དག་མངོན་པར་རྗོད་པར་བྱེད་པ་དེ་དག་ཐམས་ཅད་ནི་གནས་ལྔ་མངོན་པར་
རྗོད་པར་བྱེད་དེ། ལྔ་གང་ཞེ་ན། ཁ་ཅིག་ནི་དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་བྱ་བ་དང་། ཡང་ཁ་ཅིག་ནི་འདུ་ཤེས་མེད་པ་དང་། འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པ་དང་། ཆད་པའོ་ཞེས་བྱ་བ་དང་། ཡང་ཁ་ཅིག་
ནི་ཚེ་འདི་ཉིད་ལ་མྱ་ངན་ལས་འདའོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་དོ། །དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག་ནི་བདག་ཡོད་པར་སྲིད་དེ། དེ་ཕན་ཆད་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་བྱ་བ་དང་། ཡང་ཁ་ཅིག་ནི་ཆད་པའོ་ཞེས་བྱ་བ་
དང་། ཡང་ཁ་ཅིག་ནི་ཚེ་འདི་ཉིད་ལ་མྱ་ངན་ལས་འདའོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་དེ། ལྔ་པོ་དེ་དག་ཡོད་ན་གསུམ་དུ་འགྱུར་ལ། གསུམ་ཡོད་ན་ལྔར་འགྱུར་ཏེ། དེ་ནི་ལྔ་གསུམ་པའི་ཆོས་ཀྱི་རྣམ་གྲངས་མདོར་བསྟན་པ་ཡིན་ནོ། །དགེ་སློང་དག་དེ་ལ་དགེ་སྦྱོང་དང་བྲམ་ཟེ་
གང་དག་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག་ནི་དེ་ཕན་ཆད་བདག་ཏུ་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པའི་དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག་ནི་བདག་ཡོད་པར་སྲིད་དེ། དེ་ཕན་ཆད་གཟུགས་ཅན་འདུ་
ཤེས་ཅན་དུ་འགྱུར་རོ་ཞེས་བྱ་བ་དང་། གཟུགས་ཅན་མ་ཡིན་པ་དང་། འདུ་ཤེས་གཅིག་པ་དང་། འདུ་ཤེས་ཐ་དད་པ་དང་། འདུ་ཤེས་ཆུང་བ་དང་། འདུ་ཤེས་ཆེན་པོར་གྱུར་པ་དང་། འདུ་ཤེས་ཚད་མེད་པའོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་དོ། །ཡང་ཁ་

ཅིག་ནི་དེ་ལས་ལྡོག་པ་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཡིན་ནོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་དོ། །དེ་བཞིན་གཤེགས་པས་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་
པར་རྗོད་པ་མངོན་པར་རྗོད་པར་བྱེད་པའི་དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ། འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག་བདག་ཡོད་པར་སྲིད་དེ། དེ་ཕན་ཆད་གཟུགས་ཅན་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་བྱ་བ་དང་། གཟུགས་ཅན་མ་ཡིན་པ་དང་། འདུ་ཤེས་གཅིག་པ་དང་། འདུ་ཤེས་
ཐ་དད་པ་དང་། འདུ་ཤེས་ཆུང་བ་དང་། འདུ་ཤེས་ཆེན་པོར་གྱུར་པ་དང་། འདུ་ཤེས་ཚད་མེད་པའོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དང་། ཡང་ཁ་ཅིག་དེ་ལས་ལྡོག་པ་ན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཡིན་ནོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་ཡང་
དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དགེ་སློང་དག་འདུ་ཤེས་ཐ་དད་པ་དང་། མཆོག་ཏུ་འདོགས་པ་ཐ་དད་པ་དེ་དག་གིས་འདི་ལྟ་སྟེ། རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཅི་ཡང་མེད་དོ། །ཞེས་ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་
གནས་པ་གཉིས་སུ་མེད་པ་མི་གཡོ་བ་དེ་ནི་མཆོག་ཡིན་ཞིང་དེ་ནི་བླ་ན་མེད་པ་ཡིན་ནོ། །དགེ་སློང་དག་དེ་ནི་རགས་པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་
པས་དེ་ཡོད་པར་ཐུགས་སུ་ཆུད་ནས་དེ་ལས་ཕྱིར་ལྡོག་ཅིང་། དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ། །དགེ་སློང་དག་དེ་ལ་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་མེད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་མེད་པར་འགྱུར་རོ་ཞེས་མངོན་པར་རྗོད་
པ་མངོན་པར་རྗོད་པར་བྱེད་པ་དེ་དག་ནི་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ཅིང་དེ་དག་འདི་སྙམ་དུ་སེམས་ཏེ།

འདུ་ཤེས་ནི་ནད་དོ། །འདུ་ཤེས་ནི་འབྲས་སོ། །འདུ་ཤེས་ནི་ཟུག་རྔུའོ། །འདི་ལྟ་སྟེ། འདུ་ཤེས་མེད་པ་འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་མེད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་མེད་པར་
འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ཅིང་དེ་དག་འདི་
སྙམ་དུ་སེམས་ཏེ། འདུ་ཤེས་ནི་ནད་དོ། །འདུ་ཤེས་ནི་འབྲས་སོ། །འདུ་ཤེས་ནི་ཟུག་རྔུའོ། །འདི་ལྟ་སྟེ། འདུ་ཤེས་མེད་པ་འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དགེ་སློང་དག་ང་ནི་རྣམ་པར་ཤེས་པའི་འོང་
བའམ། འགྲོ་བའམ། གནས་པའམ། འཆི་འཕོ་བའམ། སྐྱེ་བའམ། རྒྱས་ཤིང་འཕེལ་ལ་ཡངས་པར་འགྱུར་བ། གཟུགས་ལས་གཞན་པ་དང་། ཚོར་བ་ལས་གཞན་པ་དང་། འདུ་ཤེས་ལས་གཞན་པ་དང་། འདུ་བྱེད་རྣམས་ལས་གཞན་དུ་འདོགས་པར་མི་བྱེད་དོ། དགེ་སློང་
དག་གང་དག་འདི་སྐད་ཅེས་བདག་ནི་རྣམ་པར་ཤེས་པའི་འོང་བའམ། འགྲོ་བའམ། གནས་པའམ། འཆི་འཕོ་བའམ། སྐྱེ་བའམ། རྒྱས་ཤིང་འཕེལ་ལ་ཡངས་པར་འགྱུར་བ། གཟུགས་ལས་གཞན་པ་དང་། ཚོར་བ་ལས་གཞན་པ་དང་། འདུ་ཤེས་ལས་གཞན་པ་དང་། འདུ་བྱེད་
རྣམས་ལས་གཞན་དུ་འདོགས་པར་བྱེད་དོ་ཞེས་ཟེར་ན། དེ་ནི་ཚིག་གི་དངོས་པོ་ཁོ་ནར་ཟད་དེ་འདི་ལྟ་སྟེ། ཡུལ་མ་ཡིན་པའི་ཕྱིར་དྲིས་ན་ཡང་དག་པར་རབ་ཏུ་མི་ཤེས་ཤིང་ལན་ལ་ཡང་རྨོངས་པར་འགྱུར་རོ། །དགེ་སློང་དག་དེ་ཡང་རགས་པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་
པར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན་དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས་དེ་ལས་ཕྱིར་ལོག་ཅིང་དེ་ལ་ཞི་བར་གཟིགས་ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ། །དགེ་སློང་དག་དེ་ལ་དགེ་སྦྱོང་དང་།

བྲམ་ཟེ་གང་དག་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་ནི་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་
ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ལ། དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་མེད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་མེད་པར་འགྱུར་རོ་
ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ཅིང་དེ་དག་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ནི་ནད་དོ། །འདུ་ཤེས་ནི་འབྲས་སོ། །འདུ་ཤེས་ནི་ཟུག་རྔུའོ། །འདུ་ཤེས་མེད་པ་ཡང་ཀུན་དུ་རྨོངས་པའོ། །འདི་ལྟ་སྟེ། འདུ་ཤེས་མེད་འདུ་
ཤེས་མེད་མིན་སྐྱེ་མཆེད་འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་
པ་ཡང་མ་ཡིན་པར་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་
ལ་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་མེད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་མེད་པར་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཡང་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ཅིང་དེ་དག་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ནི་ནད་དོ། །འདུ་
ཤེས་ནི་འབྲས་སོ། །འདུ་ཤེས་ནི་ཟུག་རྔུའོ། །འདུ་ཤེས་མེད་པ་ཡང་ཀུན་དུ་རྨོངས་པའོ། །འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དགེ་སློང་དག་ང་ནི་མཐོང་བ་

དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། འཚོ་བ་དང་། ཚངས་པར་སྤྱོད་པ་དང་། དཀའ་ཐུབ་དང་། བསྙེན་བཀུར་ལྷུར་ལེན་པ་ཙམ་གྱིས་འདུ་བྱེད་ཀྱི་སྐྱེ་མཆེད་ལྷག་མ་དེ་རྗེས་སུ་འཐོབ་པར་འགྱུར་བར་མི་སྨྲའི། དགེ་སློང་དག་ང་
ནི་སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པས་སྐྱེ་མཆེད་དེ་རྗེས་སུ་འཐོབ་པར་འགྱུར་བར་སྨྲའོ། །དགེ་སློང་དག་འདི་ལྟ་སྟེ། དེ་སྒྲུབ་པར་སྣང་བ་དེ་ཡང་སྐྱེ་མཆེད་དེའི་ཉོན་མོངས་པ་ཡིན་ཏེ། དེ་བཞིན་གཤེགས་པས་འདི་ལྟ་སྟེ། སྡུག་བསྔལ་བ་དང་། བསྒྲུབ་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་
དུ་རབ་ཏུ་མཁྱེན་ཏོ། །དགེ་སློང་དག་དེ་ཡང་རགས་པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས་དེ་ལས་ཕྱིར་ལོག་ཅིང་དེ་ལ་ཞི་
བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ། །དགེ་སློང་དག་དེ་ལ་དགེ་སྦྱོང་དང་བྲམ་ཟེ་གང་དག་ཆད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་ཆད་པར་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་ནི་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་ཅན་དུ་སྨྲ་བ་
དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ཅིང་། དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་མེད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་མེད་པར་འགྱུར་རོ་ཞེས་མངོན་
པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཡང་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ལ། དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་
མ་ཡིན་པར་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཡང་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ཅིང་། དེ་དག་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ། ཕྱིས་འཁོར་ཞིང་ལེགས་སུ་སྨོན་པར་སྨྲ་བ་འདི་དག་ཐམས་ཅད་ནི་འདི་ལྟར་བདག་

ཅག་ཕྱི་མ་ལ་འདི་ལྟ་བུ་དང་འདི་ལྟ་བུར་འགྱུར་བར་བྱའོ། །འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་། འདི་ལྟ་བུར་འགྱུར་བར་བྱའོ་ཞེས་ལེགས་སུ་སྨོན་པ་ཁོ་ན་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་དེ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ཚོང་པ་ཞིག་ཚོང་ཟོང་གིས་ཚོང་བྱེད་པ་ན་འདི་
སྙམ་དུ་སེམས་ཏེ། བདག་གིས་ཚོང་ཟང་འདི་ལས་འདི་ལྟ་བུ་དང་འདི་ལྟ་བུ་དག་བླངས་ཤིང་གཞན་དུ་འགྲོ་བར་བྱ་སྟེ། དེར་སོན་ན་བདག་ལ་ཁེ་སྤོགས་འདི་ལྟ་བུ་དང་འདི་ལྟ་བུ་དག་གྲུབ་པར་འགྱུར་རོ་སྙམ་དུ་སེམས་སོ། །དེ་བཞིན་དུ་དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ། ཕྱིས་འཁོར་ཞིང་
ལེགས་སུ་སྨོན་པ་སྨྲ་བ་འདི་དག་ཐམས་ཅད་ཀྱང་འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་འདི་ལྟ་བུར་འགྱུར་བར་བྱའོ། །འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་འདི་ལྟ་བུར་འགྱུར་བར་བྱའོ་ཞེས་ལེགས་སུ་སྨོན་པ་ཁོ་ན་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་དེ། དེ་དག་གིས་སྨྲས་པ།
དེ་ནི་ཚོང་པ་ལྟ་བུར་འགྱུར་རོ་སྙམ་དུ་སེམས་སོ། །དེ་དག་འདི་སྙམ་དུ་ཡང་སེམས་ཏེ། ཇི་སྲིད་དུ་བདག་འདི་གཟུགས་ཅན་རགས་པ། འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་ཞིང་། གསོན་ལ་འདུག་སྟེ། འཚོ་ཞིང་སྡོད་པར་འགྱུར་བ་དེ་སྲིད་དུ་ནད་དང་བཅས། འབྲས་དང་བཅས། ཟུག་རྔུ་དང་
བཅས། རིམས་དང་བཅས། ཡོངས་སུ་གདུང་བ་དང་བཅས་པ་ཡིན་གྱི། ཇི་ཙམ་དུ་བདག་འདི་ཤི་ཕན་ཅད་བདག་ཆད་ཅིང་ཞིག་ལ་མི་འབྱུང་བ་དེ་ཙམ་དུ་བདག་འདི་ཡང་དག་པར་ཤིན་ཏུ་ལེགས་པར་ཆད་པ་ཡིན་ནོ། །ཇི་སྲིད་དུ་འདོད་པ་ན་སྤྱོད་པའི་ལྷ་དང་། གཟུགས་ན་སྤྱོད་པའི་ལྷ་དང་། གཟུགས་
མེད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོའོ། །གཟུགས་མེད་པ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ། གཟུགས་མེད་པ་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ། གཟུགས་མེད་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་ཞིང་གསོན་ལ་འདུག་སྟེ། འཚོ་ཞིང་
སྡོད་པར་འགྱུར་བ་དེ་སྲིད་དུ་ནད་དང་བཅས། འབྲས་དང་བཅས། ཟུག་རྔུ་དང་བཅས། རིམས་དང་བཅས། ཡོངས་སུ་གདུང་བ་དང་བཅས་པ་ཡིན་གྱི། ཇི་ཙམ་དུ་བདག་འདི་ཤི་ཕན་ཅད་བདག་ཆད་ཅིང་ཞིག་ལ་མི་འབྱུང་བ་དེ་ཙམ་དུ་བདག་འདི་ཡང་དག་པར་ཤིན་ཏུ་ལེགས་པར་ཆད་པ་ཡིན་ནོ་སྙམ་དུ་སེམས་

ཏེ། དེ་བཞིན་གཤེགས་པས་དགེ་སྦྱོང་དང་བྲམ་ཟེ་གང་དག་ཆད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་ཆད་པར་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་
པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ཅིང་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་མེད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་མེད་པར་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཡང་ཕྱིར་
རྒོལ་བར་བྱེད། སྨོད་པར་བྱེད་ལ་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པར་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་
པ་དེ་དག་གིས་སྨྲས་པ་ལ་ཡང་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ཅིང་། དེ་དག་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ། ཕྱིས་འཁོར་ཞིང་ལེགས་སུ་སྨོན་པ་སྨྲ་བ་འདི་དག་ཐམས་ཅད་ནི་འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་འདི་ལྟ་བུར་འགྱུར་བར་བྱའོ། །འདི་ལྟར་
བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་འདི་ལྟ་བུར་འགྱུར་བར་བྱའོ་ཞེས་ལེགས་སུ་སྨོན་པ་ཁོ་ན་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ཚོང་པ་ཞིག་ཚོང་ཟོང་གིས་ཚོང་བྱེད་པ་ན་འདི་སྙམ་དུ་སེམས་ཏེ། བདག་གིས་ཚོང་ཟོང་འདི་ལས་འདི་ལྟ་བུ་དང་འདི་ལྟ་བུ་དག་བླངས་ཤིང་
གཞན་དུ་འགྲོ་བར་བྱ་སྟེ། དེར་སོན་ན་བདག་ལ་ཁེ་སྤོགས་འདི་ལྟ་བུ་དང་འདི་ལྟ་བུ་དག་འགྲུབ་པར་འགྱུར་རོ་སྙམ་དུ་སེམས་སོ། །དེ་བཞིན་དུ་དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ། ཕྱིས་འཁོར་ཞིང་ལེགས་སུ་སྨོན་པ་སྨྲ་བ་འདི་དག་ཐམས་ཅད་ཀྱང་འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་འདི་
ལྟ་བུར་འགྱུར་བར་བྱའོ། །འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་འདི་ལྟ་བུར་འགྱུར་བར་བྱའོ་ཞེས་ལེགས་སུ་སྨོན་པ་ཁོ་ན་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་དེ། དེ་དག་གིས་སྨྲས་པ། དེ་ནི་ཚོང་པ་ལྟ་བུར་འགྱུར་རོ་སྙམ་དུ་སེམས་པ་དང་། དེ་དག་འདི་སྙམ་དུ་ཡང་སེམས་ཏེ། ཇི་སྲིད་དུ་

བདག་འདི་གཟུགས་ཅན་རགས་པ། འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་ཞིང་གསོན་ལ་འདུག་སྟེ། འཚོ་ཞིང་སྡོད་པར་འགྱུར་བ་དེ་སྲིད་དུ་ནད་དང་བཅས། འབྲས་དང་བཅས། ཟུག་རྔུ་དང་བཅས། རིམས་དང་བཅས། ཡོངས་སུ་གདུང་བ་དང་བཅས་པ་ཡིན་གྱི། ཇི་
ཙམ་དུ་བདག་འདི་ཤི་ཕན་ཅད་བདག་ཆད་ཅིང་ཞིག་ལ་མི་འབྱུང་བ་དེ་ཙམ་དུ་བདག་འདི་ཡང་དག་པར་ཤིན་ཏུ་ལེགས་པར་ཆད་པ་ཡིན་ནོ། །ཇི་སྲིད་དུ་འདོད་པ་ན་སྤྱོད་པའི་ལྷ་དང་། གཟུགས་ན་སྤྱོད་པའི་ལྷ་དང་། གཟུགས་མེད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ།
གཟུགས་མེད་པ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ། གཟུགས་མེད་པ་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ། གཟུགས་མེད་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་ཞིང་གསོན་ལ་འདུག་སྟེ། འཚོ་ཞིང་སྡོད་པར་འགྱུར་བ་དེ་སྲིད་དུ་ནད་དང་བཅས། འབྲས་
དང་བཅས། ཟུག་རྔུ་དང་བཅས། རིམས་དང་བཅས། ཡོངས་སུ་གདུང་བ་དང་བཅས་པ་ཡིན་གྱི། ཇི་ཙམ་དུ་བདག་འདི་ཤི་ཕན་ཅད་བདག་ཆད་ཅིང་ཞིག་ལ་མི་འབྱུང་བ་དེ་ཙམ་དུ་བདག་འདི་ཡང་དག་པར་ཤིན་ཏུ་ལེགས་པར་ཆད་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་ཀྱང་ཡང་དག་པ་
ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ། ཆད་པར་སྨྲ་བ། སེམས་ཅན་ཡོད་པ་ལ་ཆད་པ་དང་། འཇིག་པ་དང་། མེད་པར་འདོགས་པར་བྱེད་པ་དེ་དག་ལ་ནི་མི་ཤེས་པའི་ཕུང་པོའི་ལྷག་མ་ཡོད་དོ། །ཇི་ཙམ་དུ་མི་ཤེས་པའི་ཕུང་པོའི་
ལྷག་མ་ཡོད་པ་དེ་ཙམ་དུ་འཇིག་ཚོགས་ཀྱིས་འཇིག་པ་ཡོད་པས་འཇིག་ཚོགས་ཀྱིས་འཇིགས་ཤིང་སྐྲག་སྟེ། འཇིག་ཚོགས་ཁོ་ན་ལ་ཡོངས་སུ་སྨོད་པར་བྱེད་ཅིང་ཡོངས་སུ་སྨོད་པར་བྱེད་པ་དེའི་ཚེ་དེ་དག་འཇིག་ཚོགས་ཁོ་ན་ལ་རྗེས་སུ་ཆགས་པ་ཡིན་ནོ། །དགེ་སློང་དག་དེ་ཡང་རགས་
པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན་དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས་དེ་ལས་ཕྱིར་ལྡོག་ཅིང་། དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་

བར་གཟིགས་ཤིང་བཞུགས་སོ། །དགེ་སློང་དག་ཕྱི་མའི་མཐར་རྟོག་པ་དག་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་ནི་དེ་སྙེད་ཡོད་དེ། དེ་དག་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་རྣམས་ཞེས་བྱའོ། །དགེ་སློང་དག་སྔོན་གྱི་མཐར་
རྟོག་པ་དག་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་ཇི་སྙེད་ཡོད་ཅེ་ན། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་གང་དག་སྔོན་གྱི་མཐར་རྟོག་པ་དེ་དག་ཁ་ཅིག་བདག་དང་འཇིག་རྟེན་རྟག་པ་དང་། བདག་དང་འཇིག་རྟེན་མི་རྟག་པ་དང་།
རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དང་། བདག་དང་སྡུག་བསྔལ་རྟག་པ་དང་། བདག་དང་སྡུག་བསྔལ་མི་རྟག་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་
དང་། བདག་དང་འཇིག་རྟེན་རང་གིས་བྱས་པ་དང་། བདག་དང་འཇིག་རྟེན་གཞན་གྱིས་བྱས་པ་དང་། རང་གིས་ཀྱང་བྱས་ལ་གཞན་གྱིས་ཀྱང་བྱས་པ་དང་། རང་གིས་ཀྱང་མ་བྱས་ལ་གཞན་གྱིས་ཀྱང་མ་བྱས་པར་རྒྱུ་མེད་པ་ལས་བྱུང་བ་དང་། བདག་དང་སྡུག་བསྔལ་རང་
གིས་བྱས་པ་དང་། བདག་དང་སྡུག་བསྔལ་གཞན་གྱིས་བྱས་པ་དང་། རང་གིས་ཀྱང་བྱས་ལ་གཞན་གྱིས་ཀྱང་བྱས་པ་དང་། རང་གིས་ཀྱང་མ་བྱས་ལ་གཞན་གྱིས་ཀྱང་མ་བྱས་པར་རྒྱུ་མེད་པ་ལས་བྱུང་ངོ་ཞེས་དེ་ལྟར་ལྟ་ཞིང་། དེ་སྐད་སྨྲ་བ་དག་ཀྱང་ཡོད་དེ། དེ་བཞིན་གཤེགས་
པས་དགེ་སྦྱོང་དང་བྲམ་ཟེ་གང་དག་སྔོན་གྱི་མཐར་རྟོག་པ་དེ་དག་ཁ་ཅིག་བདག་དང་འཇིག་རྟེན་རྟག་གོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ལ་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དགེ་སྦྱོང་དང་བྲམ་ཟེ་དེ་དག་དད་པ་མེད་པ་དང་།
འདོད་པ་མེད་པ་དང་། ཐོས་པ་བརྒྱུད་པ་མེད་པ་དང་། རྣམ་པ་ལ་ཡོངས་སུ་རྟོག་པ་མེད་པ་དང་། མཐོང་བས་ངེས་པར་རྟོགས་པའི་བཟོད་པ་མེད་པར་ཡང་རྟོགས་ནས། ཤེས་པ་དེ་ཡོད་པར་སེམས་པ་དེ་ནི་གནས་མེད་དོ། །དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ་དེ་དང་དེ་དག་