Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 071_མདོ་སྡེ།_ཤ

Văn bản gốc(Tây Tạng)

Trang 16 / 20 (50.000 ký tự/trang)
 དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་སུ་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིད། སེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་། ངེས་པར་འབྱུང་

བ་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ། །དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་
པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་།
བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། །རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་དགེ་སྦྱོང་དང་། བྲམ་ཟེ་གང་དག་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་
རེག་བྱ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་
བའི་རེག་བྱ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ་སྦྱོང་དང་བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་
དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་
ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་

པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ང་རྒྱལ་གྱི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་མི་ཞིག་རྐུན་པོ་དག་གིས་གཙེས་པ་ན་རང་གི་བུ་ཡིན་ནོ་སྙམ་
དུ་སེམས་ཤིང་གཞན་གྱི་བུ་བླངས་ཏེ་གྲོང་ནས་འབྲོས་པར་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་ལ། དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས། གང་གི་ཚེ་དེ་སོ་སོར་རྟོག་པར་བྱེད་པ་ན་འདི་ནི་བདག་གི་བུ་མ་ཡིན་གྱི། འདི་ནི་གཞན་གྱི་བུ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ། དེ་དེས་གདུང་
བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་རྣམ་པར་སྨོད་པར་བྱེད་དོ། །དགེ་སློང་དག་དེ་བཞིན་དུ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་
འཆལ་པའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང་བ་ཁོ་ན་
ལ་ནི་གཙང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་
པར་གྱུར་ཏོ་སྙམ་དུ་སེམས་སོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་ལ་འདོད་པའི་ཡོན་ཏན་ལྔས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་བྱེད་པ་ལས་ཕྱིས་སད་པ་ན་ཅུང་ཟད་ཀྱང་མི་སྣང་བར་གྱུར་པའི་ཚེ། དེ་ལ་སེམས་ཅན་བྱིས་པའི་རང་
བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་དག་བདག་ཅག་གིས་རྨི་ལམ་ན་དགའ་མགུར་སྤྱད་པའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་

སེམས་སོ། །སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་དག་བདག་ཅག་གིས་རྨི་ལམ་ན་དགའ་མགུར་སྤྱོད་པའི་
འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། རྨི་ལམ་དེ་འབའ་ཞིག་ཡོད་དོ། །སེམས་སླུ་བར་བྱེད་པ་དེ་འབའ་ཞིག་ཡོད་དོ་སྙམ་དུ་སེམས་སོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གི་ལུས་ཀྱིས་རྣམ་པར་
ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་གང་དག་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་པ་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་
པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་
ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས། དེ་ལ་ནི་མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད་པར་བྱ་བའམ། ལྷག་པར་ཆགས་པར་བྱ་བའམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་
ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །དེས་དེ་ལྟར་ཤེས་ནས་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་
དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་།

ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་དག་ལ་ལོག་པར་མོས་པའམ། འདུ་ཤེས་ཕྱིན་
ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་
མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ། །དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ་གནས་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས་བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་
གཡུལ་ཆེན་པོའི་གཡུལ་སྤྲད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་
ན་མེད་པས་འཚོ་བ་ཡིན་ནོ། །དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བས་རྗེས་སུ་ཞུགས་པ་ལ་གནས་པ་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་
རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་བདག་སྔོན་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར་ལ། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་
ཞིང་གནས་པར་གྱུར། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སློབ་ཅིང་རྗེས་སུ་བྱེད་པ་ན། རྒ་

བ་དང་། འཆི་བ་ཉམས་སུ་མྱོང་ཞིང་། སྔོན་གྱི་མཐའ་མི་མངོན་པར་གྱུར་པས་བདག་གིས་ད་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་། བདག་གིས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་
པ་དང་། ད་ལྟར་བྱུང་བའི་ཆོས་དག་ལ་ལོག་པར་མོས་པའམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་
བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ། །དགེ་
སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་
མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིད། སེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མི་མཐོང་
ཞིང་། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ། །དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་
རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ།

དགེ་སྦྱོང་དང་། བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ཡིད་ཀྱིས་རྣམ་པར་
ཤེས་པར་བྱ་བའི་ཆོས་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་ལ་འདོགས་པར་བྱེད་པ་དེ་དག་ནི་ཡིད་ཀྱིས་རྣམ་པར་
ཤེས་པར་བྱ་བའི་ཆོས་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་
བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་
ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་བདེན་
ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ང་རྒྱལ་གྱི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ཞིག་གིས་རིན་པོ་ཆེའི་ཟ་མ་ཏོག་
ཡིན་པར་སེམས་ཤིང་སྦྲུལ་གྱི་ཟ་མ་ཏོག་བླངས་ཏེ་གྲོང་ཁྱེར་ཀུན་དུ་འབར་བ་ནས་འབྲོས་པར་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་ལ་དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས་གང་གི་ཚེ་དེ་སོ་སོར་རྟོག་པར་བྱེད་པ་ན་འདི་ནི་སྦྲུལ་གྱི་ཟ་མ་ཏོག་ཡིན་གྱི། འདི་ནི་རིན་པོ་ཆེའི་ཟ་མ་

ཏོག་མ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ། དེ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་རྣམ་པར་སྨོད་པར་བྱེད་དོ། །དགེ་སློང་དག་དེ་བཞིན་དུ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པའི་འཇིག་རྟེན་ལས་
འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས་སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་པའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་
པ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་ན་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་
འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་
པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྒྱུ་མ་སྣ་ཚོགས་འདི་ལྟ་སྟེ། ནོར་བུ་དག་གམ། རྣ་ཆ་གདུབ་ཀོར་དག་གམ། མགུལ་རྒྱན་དག་གམ། གདུ་བུ་རྒྱན་ཅན་དག་གམ། དཔུང་རྒྱན་དག་གམ། ལག་རྒྱན་དག་གམ། རྐང་རྒྱན་དག་གམ། སོར་གདུབ་རྒྱན་
དག་གམ། གསེར་དང་དངུལ་གྱི་ཕྲེང་བ་དག་བྱས་ཏེ་རྣམ་པར་བསྟན་པར་གྱུར་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་ནོར་བུ་
དག་གམ། རྣ་ཆ་གདུབ་ཀོར་དག་གམ། མགུལ་རྒྱན་དག་གམ། གདུ་བུ་རྒྱན་ཅན་དག་གམ། དཔུང་རྒྱན་དག་གམ། ལག་རྒྱན་དག་གམ། རྐང་རྒྱན་དག་གམ། སོར་གདུབ་རྒྱན་དག་གམ། གསེར་དང་། དངུལ་གྱི་ཕྲེང་བ་འདི་དག་ནི་བདེན་པ་དང་། གནས་པའི་སྒོ་

ནས་ཡོད་དོ་སྙམ་དུ་སེམས་སོ། །སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་ནོར་བུ་དག་གམ། རྣ་ཆ་གདུབ་
ཀོར་དག་གམ། མགུལ་རྒྱན་དག་གམ། གདུ་བུ་རྒྱན་ཅན་དག་གམ། དཔུང་རྒྱན་དག་གམ། ལག་རྒྱན་དག་གམ། རྐང་རྒྱན་དག་གམ། སོར་གདུབ་རྒྱན་དག་གམ། གསེར་དང་དངུལ་གྱི་ཕྲེང་བ་འདི་དག་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། གྱི་ན་སྒྱུ་
མར་བྱས་པ་འདི་འབའ་ཞིག་ཡོད་དོ། །མིག་སླུ་བར་བྱེད་པ་འདི་འབའ་ཞིག་ཡོད་དོ་སྙམ་དུ་སེམས་སོ། །དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གིས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་གང་
དག་ཡིན་པ་འདི་དག་ལ། རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་བཞིན་ཉིད་
དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་
ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལ་ནི་མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད་པར་བྱ་བའམ། ལྷག་པར་ཆགས་པར་བྱ་བའམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་
འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །དེས་དེ་ལྟར་ཤེས་ནས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་། འབྲས་དང་། ཟུག་རྔུ་དང་།

སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་
དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་དག་ལ་ལོག་པར་མོས་པའམ། འདུ་ཤེས་ཕྱིན་ཅི་ལོག་གམ།
སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་
འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ། །དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ་གནས་ཤིང་། བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས་བདུད་དང་། བདུད་ཀྱི་འཁོར་བཅོམ་ཞིང་། གཡུལ་ཆེན་པོའི་གཡུལ་སྤྲད་དེ།
གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་
ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བར་སྡོམ་ནི། །སྨྱོན་པ་དང་ནི་སྒྱུ་མ་དང་། །ར་རོ་བ་དང་སྒྲ་བརྙན་དང་། །གཤེད་མ་དང་ནི་མེ་ལོང་དང་། །ཟས་སྦྱིན་པ་དང་སྨིག་རྒྱུ་དང་། །རྐུན་པོས་གཙེས་པ་གྲོང་ནས་དང་། །རྨི་ལམ་དགའ་སྤྱོད་
ཟ་མ་ཏོག །ནོར་བུ་དཔུང་རྒྱན་རྣམ་དག་ནི། །སྒྱུ་མའི་དྲ་བ་ཀུན་བསྡུས་པའོ། །མདོ་ཆེན་པོ་སྒྱུ་མའི་དྲ་བ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། བིམྦི་སཱ་ར་པྲ་ཏྱུངྒ་མ་ནཾ་ནཱ་མ་མ་ཧཱ་སཱུ་ཏྲཾ། བོད་སྐད་དུ། མདོ་ཆེན་པོ་གཟུགས་ཅན་སྙིང་པོས་བསུ་བ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དགེ་སློང་སྟོང་གི་དགེ་
སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་སྔོན་རལ་པ་ཅན། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་
ཤ་སྟག་དང་ཐབས་ཅིག་ཏུ་ཡུལ་མ་ག་དྷར་ཡུལ་རྒྱུ་ཞིང་གཤེགས་པ་ན། མ་ག་དྷཱ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨྱིག་མའི་ནགས་ཁྲོད་ག་ལ་བ་དེར་གཤེགས་ཏེ། དེ་ན་བཅོམ་ལྡན་འདས་རབ་བརྟན་དུ་བྱོན་ནས་མ་ག་དྷ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨྱིག་མའི་ནགས་ཁྲོད་ན་
བཞུགས་སོ། །ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་དགེ་སློང་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་སྔོན་རལ་པ་ཅན། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་
གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་ཅིག་ཏུ་ཡུལ་མ་ག་དྷཱར་ཡུལ་རྒྱུ་ཞིང་གཤེགས་པ་ན། མ་ག་དྷཱ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨྱིག་མའི་ནགས་ཁྲོད་ག་ལ་བ་དེར་
གཤེགས་ཏེ། དེ་ན་བཅོམ་ལྡན་འདས་རབ་བརྟན་དུ་བྱོན་ནས་མ་ག་དྷཱ་པ་རྣམས་ཀྱི་མཆོད་རྟེན་རབ་བརྟན་གྱི་སྨྱིག་མའི་ནགས་ཁྲོད་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་ཤིང་རྟ་ཁྲི་ཉིས་སྟོང་དང་། རྟའི་ཁྱུ་ཚན་ཁྲི་བརྒྱད་
སྟོང་དང་། ཡུལ་མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་ལ་འགྲོ་བའི་ཕྱིར་རྒྱལ་པོའི་ཁབ་ནས་བྱུང་སྟེ། དེ་བཞོན་པས་བགྲོད་པའི་ས་ཇི་སྲིད་པ་དེ་སྲིད་དུ་བཞོན་པས་སོང་ནས། བཞོན་པ་ལས་བབས་ཏེ། རྐང་པ་

ཁོ་ནས་ཀུན་དགའ་ར་བར་ཞུགས་ནས། ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བར་སྐབས་གང་ནས་བཅོམ་ལྡན་འདས་མཐོང་བའི་བར་སྐབས་དེར། རྒྱལ་པོའི་ཆོས་ཀྱི་མཚན་མ་ལྔ་པོ་ཅོད་པན་དང་། གདུགས་དང་། རལ་གྲི་དང་། རྔ་ཡབ་
ནོར་བུ་ཅན་དང་། ལྷམ་ཁྲ་བོ་དག་ཕུད་དེ་བཞག་གོ། །དེ་ནས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་རྒྱལ་པོའི་ཆོས་ཀྱི་མཚན་མ་ལྔ་པོ་དག་ཕུད་དེ་བཞག་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་
པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཙུན་པ་བདག་ནི་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ། །བཙུན་པ་བདག་ནི་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ། །རྒྱལ་
པོ་ལགས་སོ་ཞེས་ལན་གསུམ་གྱི་བར་དུ་རང་གི་མིང་རྗེས་སུ་སྒྲོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ནི་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་
ནི་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡིན་ནོ། །རྒྱལ་པོ་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་རང་གི་སྟན་གང་ཡིན་པ་ལ་འདུག་ཤིག །དེ་ནས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་
གཅིག་ཏུ་འདུག་གོ། །ཡུལ་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་ཁ་ཅིག་གིས་ནི་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཁ་ཅིག་གིས་ནི་བཅོམ་ལྡན་འདས་ལ་མངོན་སུམ་དུ་ཕན་ཚུན་ཀུན་དགའ་བར་འགྱུར་བ་དང་། ཡང་དག་པར་དགའ་
བར་འགྱུར་བའི་གཏམ་སྣ་ཚོགས་དག་གསོལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཁ་ཅིག་གིས་ནི་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །ཁ་ཅིག་གིས་ནི་རྒྱང་རིང་པོ་ཁོ་ན་ནས་བཅོམ་ལྡན་འདས་མཐོང་ནས་ཅང་མི་སྨྲ་བར་ཕྱོགས་

གཅིག་ཏུ་འཁོད་དོ། །དེའི་ཚེ་ན་རལ་པ་ཅན་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་ཏོ། །དེ་ནས་ཡུལ་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ་ཅི་དགེ་སྦྱོང་ཆེན་པོ་རལ་པ་ཅན་ལྟེང་རྒྱས་འོད་སྲུང་གི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་དམ།
འོན་ཏེ་རལ་པ་ཅན་ལྟེང་རྒྱས་འོད་སྲུང་ཉིད་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་སེམས་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་ལ་ཚིགས་སུ་བཅད་
པའི་དབྱངས་ཀྱིས་དྲི་བ་དྲིས་པ། ལྟེང་རྒྱས་གནས་པས་འདི་ལ་ཅི་མཐོང་ན། །ཁྱོད་ཀྱིས་མེ་སྤངས་བརྟུལ་ཞུགས་ཁོ་ན་སྤྱོད། །ཁྱོད་ཀྱིས་ཇི་ལྟར་མེ་ཡི་སྦྱིན་སྲེག་སྤངས། །འོད་སྲུང་དེ་ཡི་དོན་ནི་ང་ལ་སྨྲོས། །ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་གིས་གསོལ་པ། འདི་ན་ཁ་ཅིག་
ཟས་དང་སྐོམ་དག་དང་། །རོ་དང་འདོད་པ་བུད་མེད་རྗོད་བགྱིད་པ། །རྫས་བྱུང་དེ་དག་དྲི་མར་རབ་མཐོང་བས། །དེ་སླད་མཆོད་སྦྱིན་སྲེག་ལ་བདག་མི་དགའ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཁྱོད་ནི་འདོད་དང་ཟས་སྐོམ་དང་། །དེ་བཞིན་རོ་རྣམས་དག་
ལ་ཡིད་དགར་མི་བདེན། །ཇི་ལྟར་ལྷ་མིའི་འཇིག་རྟེན་དག་ལ་ཁྱོད་ཀྱི་ཡིད། །དགའ་བར་བྱེད་པ་དྲིས་པ་འོད་སྲུང་སྨྲོས། །ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་གིས་གསོལ་པ། གོ་འཕང་ཞི་མཆོག་ཕུང་པོ་མ་མཆིས་ཤིང་། །ཅི་ཡང་མ་མཆིས་འདོད་སྲིད་མ་ཆགས་ལ། །མི་འགྱུར་གཞན་
གྱིས་མི་བཀྲི་མཐོང་ལགས་པས། །དེ་སླད་མཆོད་སྦྱིན་སྲེག་ལ་བདག་མི་དགའ། །མི་ཉམས་གོ་འཕང་དམ་པ་མ་མཐོང་ཚེ། །མཆོད་སྦྱིན་བརྟུལ་ཞུགས་རྣམས་ཀྱང་ཞུགས་ཀྱིས་ཀྱང་། །གྲོལ་བར་འགྱུར་ཞེས་བདག་ཡིད་རྨོངས་གྱུར་ཅིང་། ལྡོངས་ཤིང་སྐྱེ་ཤིའི་རྗེས་སུ་ཞུགས་
པར་གྱུར། །གཽ་ཏམ་སྐྱེ་མང་དོན་དུ་རྣམ་འདྲེན་པ། །ཐུབ་པ་བདེན་པའི་རྩལ་མངའ་ཁྱོད་བྱུང་ཞིང་། །གཙོ་མཆོག་སྐྱོབ་པས་ལེགས་བཤད་ད་ལྟར་ནི། །གོ་འཕང་འདུས་མ་བགྱིས་དེ་བདག་གིས་མཐོང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ཏུ་རྣམ་པར་ཕྱེ་བའི་ཆོས་

རྣམས་ལས། །དམ་པ་གང་ཡིན་དེ་ནི་རྟོགས་གྱུར་པ། །དེ་ནི་ཁྱོད་ཀྱིས་ཉེས་བསམས་མ་ཡིན་ཏེ། །ཁྱོད་ཀྱིས་ངེས་པ་ལེགས་པར་རྟོགས་པ་ཡིན། །འོད་སྲུང་འཁོར་རྣམས་སྐྱོ་བ་མ་བསྐྱེད་ཅིག །དེ་ནས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་
བས། ཇི་ལྟར་སེམས་མཉམ་པར་གཞག་བཞིན་དུ་བདག་གི་སྟན་གྱི་སྟེང་ན་མི་སྣང་བར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཤར་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ། སྤྱོད་ལམ་རྣམ་པ་བཞི་པོ་འདི་ལྟ་སྟེ། འཆག་པ་དང་། འགྲེང་བ་དང་། འདུག་
པ་དང་། ཉལ་བ་དག་བྱེད་དོ། །མེའི་ཁམས་ལ་ཡང་སྙོམས་པར་ཞུགས་ཏེ། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་མེའི་ཁམས་ལ་སྙོམས་པར་ཞུགས་པའི་ལུས་ལས་འོད་ཟེར་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དག་དང་། སེར་པོ་དག་དང་། དམར་པོ་དག་དང་། དཀར་པོ་དག་དང་
བཙོད་ཀ་དག་དང་། ཤེལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་། །ཆོ་འཕྲུལ་ཟུང་དག་ཀྱང་རྣམ་པར་བསྟན་ཏེ། ལུས་ཀྱི་སྨད་ནས་མེ་འབར་ལ་ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དང་། ལུས་ཀྱི་སྟོད་ནས་མེ་འབར་ལ་ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དག་ཀྱང་རྣམ་པར་བསྟན་
ཏོ། །ཤར་ཕྱོགས་སུ་ཇི་ལྟ་བ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་ཡང་མངོན་པར་འཕགས་ཏེ། སྤྱོད་ལམ་རྣམ་པ་བཞི་པོ་འདི་ལྟ་སྟེ། འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་བྱེད་དོ། །མེའི་ཁམས་ལ་ཡང་སྙོམས་པར་ཞུགས་
ཏེ། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་མེའི་ཁམས་ལ་སྙོམས་པར་ཞུགས་པའི་ལུས་ལས་འོད་ཟེར་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དག་དང་། སེར་པོ་དག་དང་། དམར་པོ་དག་དང་། དཀར་པོ་དག་དང་། བཙོད་ཀ་དག་དང་། ཤེལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་། །ཆོ་འཕྲུལ་ཟུང་
དག་ཀྱང་རྣམ་པར་བསྟན་ཏེ། ལུས་ཀྱི་སྨད་ནས་མེ་འབར་ལ་ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དང་། ལུས་ཀྱི་སྟོད་ནས་མེ་འབར་ལ་ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དག་ཀྱང་རྣམ་པར་སྟོན་ཏོ། །དེ་ལྟར་ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བསྟན་ནས་རྫུ་

འཕྲུལ་མངོན་པར་འདུ་བྱ་བ་དེ་དག་ཕྱིར་བསྡུས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི་
བདག་གི་སྟོན་པ་ལགས་སོ། །བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །སྟོན་པ་ལགས་སོ། །བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །ཉན་ཐོས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་
སྲུང་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འོད་སྲུང་ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ། །ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ། །འོད་སྲུང་ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ། །སྟོན་པ་ཡིན་ནོ། །ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ། །ཉན་ཐོས་ཡིན་ནོ། །འོད་སྲུང་ཁྱོད་རང་གི་སྟན་གང་ཡིན་པ་ལ་འདུག་ཤིག །དེ་ནས་
ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། རང་གི་སྟན་གང་ཡིན་པ་དེ་ལ་འདུག་གོ། །དེ་ནས་ཡུལ་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་ནི་རལ་པ་ཅན་ལྟེང་རྒྱས་འོད་སྲུང་གི་དྲུང་ན་
ཚངས་པར་སྤྱད་པ་སྤྱོད་པ་མ་ཡིན་གྱི། རལ་པ་ཅན་ལྟེང་རྒྱས་འོད་སྲུང་ཉིད་དགེ་སློང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གཟུགས་ནི་སྐྱེ་བ་
ཡང་མ་ཡིན། འཇིག་པ་ཡང་མ་ཡིན་ཏེ། དེའི་སྐྱེ་བ་དང་འཇིག་པ་ཡང་རྟོགས་པར་བྱའོ། །རྒྱལ་པོ་ཆེན་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྐྱེ་བ་ཡང་མ་ཡིན། འཇིག་པ་ཡང་མ་ཡིན་ཏེ། དེའི་སྐྱེ་བ་དང་། འཇིག་པ་ཡང་རྟོགས་པར་བྱའོ། །
རྒྱལ་པོ་ཆེན་པོ་གཟུགས་ཀྱི་སྐྱེ་བ་དང་། འཇིག་པའི་ཆོས་ཉིད་རྟོགས་པའི་རིགས་ཀྱི་བུས་ནི་གཟུགས་དེ་ཡོངས་སུ་ཤེས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་དང་། འཇིག་པའི་ཆོས་ཉིད་རྟོགས་པའི་རིགས་ཀྱི་བུས་ནི་

རྣམ་པར་ཤེས་པ་དེ་ཡོངས་སུ་ཤེས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཟུགས་ཡོངས་སུ་ཤེས་པའི་རིགས་ཀྱི་བུ་ནི་བདག་དང་བདག་གི་ཞེས་ཁས་ལེན་པར་མི་བྱེད། ཉེ་བར་ལེན་པར་མི་བྱེད། ལྷག་པའི་ཆགས་པར་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ། །རྒྱལ་
པོ་ཆེན་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་ཤེས་པའི་རིགས་ཀྱི་བུ་ནི་བདག་དང་བདག་གི་ཞེས་ཁས་ལེན་པར་མི་བྱེད། ཉེ་བར་ལེན་པར་མི་བྱེད། ལྷག་པར་གནས་པར་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ། །རྒྱལ་པོ་ཆེན་པོ་གཟུགས་
བདག་གིར་མི་བྱེད། ཁས་ལེན་པར་མི་བྱེད། ཉེ་བར་ལེན་པར་མི་བྱེད། ལྷག་པར་གནས་པར་མི་བྱེད། མངོན་པར་ཞེན་པར་མི་བྱེད་པའི་རིགས་ཀྱི་བུ་ནི་ཚད་མེད་པ་དང་། གྲངས་མེད་པ་ཡིན་ཏེ། མྱ་ངན་ལས་འདས་པ་ཡིན་པར་ང་སྨྲའོ། །རྒྱལ་པོ་ཆེན་པོ་ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་གིར་མི་བྱེད། ཁས་ལེན་པར་མི་བྱེད། ཉེ་བར་ལེན་པར་མི་བྱེད། ལྷག་པར་གནས་པར་མི་བྱེད། མངོན་པར་ཞེན་པར་མི་བྱེད་པའི་རིགས་ཀྱི་བུ་ནི་ཚད་མེད་པ་དང་། གྲངས་མེད་པ་ཡིན་ཏེ། མྱ་ངན་ལས་འདས་པ་ཡིན་པར་ང་སྨྲའོ། །དེ་ནས་
ཡུལ་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། གལ་ཏེ་གཟུགས་བདག་མ་ཡིན་ཞིང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་བདག་མ་ཡིན་ན། འོ་ན་ཅི་གང་ནམ་ཡང་བྱུང་བར་མ་གྱུར་པ་དང་། འབྱུང་བར་མི་འགྱུར་བ་
དང་། ད་ལྟར་ཡང་མེད་པ་ཡང་མ་ཡིན་ཞིང་། གང་དེ་དང་དེ་དག་ཏུ་དགེ་བ་དང་། སྡིག་པའི་ལས་བྱས་ཤིང་། བྱས་པ་དག་གི་རྣམ་པར་སྨིན་པ་སོ་སོར་མྱོང་བར་བྱེད་པ་དང་། གང་ཕུང་པོ་འདི་འདོར་ཞིང་ཕུང་པོ་གཞན་དང་ཉིང་མཚམས་སྦྱོར་བར་འགྱུར་བའི་བདག་གམ། སེམས་ཅན་ནམ།
སྲོག་གམ། སྐྱེ་བའམ། གསོ་བའམ། གང་ཟག་གམ། ཤེད་ལས་སྐྱེས་སམ། ཤེད་བུའམ། བྱེད་པ་པོའམ། བྱེད་དུ་འཇུག་པ་པོའམ། སྐྱེད་པ་པོའམ། ཀུན་ནས་སྐྱེད་པ་པོའམ། སློང་བ་པོའམ། ཀུན་ནས་སློང་བ་པོའམ། སྨྲ་བ་པོའམ། མྱོང་བ་པོའམ། སོ་སོར་མྱོང་བ་པོ་དེ་

གང་ཞིག་ཡིན་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་སེམས་ཐུགས་ཀྱིས་མཁྱེན་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་བདག་བདག་ཅེས་བྱ་བར་ཐ་སྙད་འདོགས་པའི་
རྗེས་སུ་ལྷུང་སྟེ། དེ་ལ་ནི་བདག་གམ་བདག་གིར་བྱ་བ་མེད་དོ། །དགེ་སློང་དག་སྡུག་བསྔལ་འདི་སྐྱེ་བ་ནི་སྐྱེ་ལ། སྡུག་བསྔལ་འགགས་པ་ནི་འགག་གོ། །འདུ་བྱེད་རྣམས་སྐྱེ་བ་ནི་སྐྱེ་ལ། འདུ་བྱེད་རྣམས་འགགས་པ་ནི་འགག་སྟེ། རྒྱུ་དེ་དག་དང་། རྐྱེན་དེ་དག་ལ་བརྟེན་ནས་སེམས་
ཅན་རྣམས་ཀྱི་འདུ་བྱེད་ཀྱི་རྒྱུན་འབྱུང་བར་འགྱུར་ཏེ། དགེ་སློང་དག་དེ་བཞིན་གཤེགས་པ་ནི་འདུ་བྱེད་ཀྱི་རྒྱུན་ཉིང་མཚམས་སྦྱོར་བར་ཐུགས་སུ་ཆུད་ནས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། སྐྱེ་བ་འདོགས་པར་མཛད་དོ། །དགེ་སློང་དག་ངས་ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་ཤིན་ཏུ་འདས་
པས་སེམས་ཅན་འཆི་འཕོ་བ་དག་དང་། སྐྱེ་བ་དག་དང་། མདོག་བཟང་བ་དག་དང་། མདོག་ངན་པ་དག་དང་། ངན་པ་དག་དང་། བཟང་པོ་དག་དང་། བདེ་འགྲོར་འགྲོ་བ་དག་དང་། ངན་འགྲོར་འགྲོ་བ་དག་ཀྱང་གཟིགས་ལ། སེམས་ཅན་ཤེས་པ་དང་ལྡན་པ་འདི་དག་ནི་ལུས་ཀྱིས་
ཉེས་པར་སྤྱོད་པ་དང་ལྡན་པ། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་དག་སྟེ། ལོག་པར་ལྟ་བའི་ལས་དང་། ཆོས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་རྒྱུ་དེ་དང་རྐྱེན་དེས་ངན་སོང་ངན་འགྲོ་
ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དང་། སེམས་ཅན་ཤེས་པ་དང་ལྡན་པ་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ། ཡང་དག་པར་ལྟ་
བ་དག་སྟེ། ཡང་དག་པར་ལྟ་བའི་ལས་དང་། ཆོས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་རྒྱུ་དེ་དང་། རྐྱེན་དེས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་སེམས་ཅན་རྣམས་ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བ་དག་ཀྱང་ཡང་དག་པ་

ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དགེ་སློང་དག་ངས་དེ་ལྟར་མཁྱེན་ཅིང་དེ་ལྟར་གཟིགས་པས་ན། ང་ནི་གང་ནམ་ཡང་བྱུང་བར་མ་གྱུར་པ་དང་། འབྱུང་བར་མི་འགྱུར་བ་དང་། ད་ལྟར་ཡང་མེད་པའང་མ་ཡིན་ཞིང་། གང་དེ་དང་དེ་དག་ཏུ་དགེ་བ་དང་། སྡིག་པའི་ལས་བྱས་ཤིང་བྱས་པ་དག་གི་
རྣམ་པར་སྨིན་པ་སོ་སོར་མྱོང་བར་བྱེད་པ་དང་། གང་ཕུང་པོ་འདི་འདོར་ཞིང་ཕུང་པོ་གཞན་དང་ཉིང་མཚམས་སྦྱོར་བ་དེ་ཆོས་ཀྱི་བརྡ་མ་གཏོགས་པར་བདག་གམ། སེམས་ཅན་ནམ། སྲོག་གམ། སྐྱེ་བའམ། གསོ་བའམ། གང་ཟག་གམ། ཤེད་ལས་སྐྱེས་སམ། ཤེད་བུའམ། བྱེད་པ་པོའམ། བྱེད་དུ་
འཇུག་པ་པོའམ། སྐྱེད་པ་པོའམ། ཀུན་ནས་སྐྱེད་པ་པོའམ། སློང་བ་པོའམ། ཀུན་ནས་སློང་བ་པོའམ། སྨྲ་བ་པོའམ། མྱོང་བ་པོའམ། སོ་སོར་མྱོང་བ་པོ་ཡིན་ནོ་ཞེས་མི་སྨྲའོ། །དེ་ལ་ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་པའི་ཕྱིར་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟ་སྟེ།
མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་
པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་
རོ། །འདི་ལྟ་སྟེ། འདི་མེད་པས་འདི་མི་འབྱུང་ལ། འདི་འགགས་པས་འདི་འགག་པ་སྟེ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་
མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་

ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །དགེ་སློང་དག་དེ་ལྟར་ན་འདུ་བྱེད་རྣམས་ནི་སྡུག་བསྔལ་བ་ཡིན་ལ། མྱ་ངན་ལས་འདས་
པ་ནི་ཞི་བ་ཡིན་ཏེ། རྒྱུ་ཀུན་འབྱུང་བ་ལས་སྡུག་བསྔལ་ཀུན་འབྱུང་བར་འགྱུར་ལ། རྒྱུ་འགགས་པ་ལས་སྡུག་བསྔལ་འགག་པ་དང་། ལམ་གྱི་རྒྱུན་འཆད་པ་དང་། མི་འབྱུང་བ་དང་། ཉིང་མཚམས་སྦྱོར་བ་མེད་ཅིང་འགག་པར་འགྱུར་ཏེ། སྡུག་བསྔལ་གྱི་མཐའ་ནི་དེ་ལྟ་བུ་ཁོ་ན་ཡིན་ནོ། །དགེ་སློང་དག་དེ་ལ་
སྡུག་བསྔལ་གང་ཡིན་པ་དེ་འགག་པ་དང་། དེ་ཉེ་བར་ཞི་བ་དང་། དེ་བསིལ་བར་གྱུར་པ་དང་། དེ་ནུབ་པར་གྱུར་པ་མ་གཏོགས་པར་སུ་ཞིག་ཡོངས་སུ་མྱ་ངན་ལས་འདས་ཏེ། དགེ་སློང་དག་འདི་ལྟ་སྟེ། ཕུང་པོ་ཀུན་སྤངས་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ་མྱ་ངན་ལས་
འདས་པའི་གོ་འཕང་འདི་ནི་ཞི་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ལན་གཉིས་སུ་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། གཟུགས་རྟག་པ་ཞིག་གམ། མི་རྟག་པ་ཞིག་ཡིན་སྙམ། རྒྱལ་པོས་གསོལ་པ།
བཙུན་པ་དེ་ནི་མི་རྟག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་མི་རྟག་པ་དེ་སྡུག་བསྔལ་བ་ཞིག་གམ། སྡུག་བསྔལ་བ་མ་ཡིན། རྒྱལ་པོས་གསོལ་པ། བཙུན་པ་དེ་ནི་སྡུག་བསྔལ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་
ཆེན་པོ་འོ་ན་གང་མི་རྟག་པ་དང་། སྡུག་བསྔལ་བ་དང་། རྣམ་པར་འགྱུར་བའི་ཆོས་ཅན་དེ་ལ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་འདི་ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་ཞེས་བདག་ཏུ་ཁས་ལེན་པར་བྱེད་དམ། རྒྱལ་པོས་གསོལ་པ། བཙུན་པ་མི་བགྱིད་
ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པ་ཞིག་གམ། མི་རྟག་པ་ཞིག་ཡིན་སྙམ་མམ། རྒྱལ་པོས་གསོལ་པ། བཙུན་པ་དེ་ནི་མི་རྟག་པ་ལགས་སོ། །བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་མི་རྟག་པ་དེ་སྡུག་བསྔལ་བ་ཞིག་གམ། སྡུག་བསྔལ་བ་མ་ཡིན། རྒྱལ་པོས་གསོལ་པ། བཙུན་པ་དེ་ནི་སྡུག་བསྔལ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་གང་མི་རྟག་པ་དང་། སྡུག་བསྔལ་
བ་དང་། རྣམ་པར་འགྱུར་བའི་ཆོས་ཅན་དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག །འདི་ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་ཞེས་བདག་ཏུ་ཁས་ལེན་པར་བྱེད་དམ། རྒྱལ་པོས་གསོལ་པ། བཙུན་པ་མི་བགྱིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་གཟུགས་གང་ཅི་ཡང་རུང་བ་འདས་པ་དང་། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱི་རོལ་གྱིའམ། རགས་པའམ། ཕྲ་བའམ། བཟང་པོའམ། ངན་པའམ། གང་རྒྱང་རིང་བའམ། གང་ཐག་ཉེ་བ་དེ་དག་ཐམས་ཅད་ལ་ཡང་དག་པའི་
ཤེས་རབ་ཀྱིས་འདི་ནི་བདག་གི་མ་ཡིན་ནོ། །འདི་ནི་བདག་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ་ཞེས་དེ་ལྟར་དེ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་གང་ཅི་ཡང་རུང་བ་དག་དང་། རྣམ་པར་ཤེས་པ་གང་ཅི་ཡང་རུང་བ་འདས་པའམ། མ་
འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱི་རོལ་གྱིའམ། རགས་པའམ། ཕྲ་བའམ། བཟང་པོའམ། ངན་པའམ། གང་རྒྱང་རིང་བའམ། གང་ཐག་ཉེ་བ་དེ་དག་ཐམས་ཅད་ལ་ཡང་དག་པའི་ཤེས་རབ་ཀྱིས་འདི་ནི་བདག་གི་མ་ཡིན་ནོ། །འདི་ནི་བདག་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་
ནོ་ཞེས་དེ་ལྟར་དེ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །རྒྱལ་པོ་ཆེན་པོ་དེ་ལྟར་ལྟ་བའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་གཟུགས་ལ་ཡང་སྐྱོ་བར་འགྱུར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་སྐྱོ་བར་འགྱུར་རོ། །སྐྱོ་ན་འདོད་ཆགས་དང་བྲལ་
བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་བས་བདག་ནི་སྐྱེ་བ་ཟད་དེ། ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བ་ཤེས་ཤིང་མཐོང་བར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཡུལ་ག་དྷཱའི་རྒྱལ་

པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་དང་། ལྷ་བརྒྱད་ཁྲི་དང་། ཡུལ་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་འབུམ་ཕྲག་དུ་མ་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་ཆོས་མཐོང་ཞིང་ཆོས་ཐོབ་ལ། ཆོས་རྟོགས་ཤིང་
ཆོས་ཀྱི་གཏིང་སླེབས་ཏེ། ནེམ་ནུར་ལས་རྒལ་ཏེ། ཐེ་ཙོམ་ལས་རྒལ་ཅིང་གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་བཀྲིར་མི་ཟུག་པ་དང་། སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་
བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བདག་ནི་མངོན་པར་ཞུགས་པ་ལགས་སོ། །བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་
སྐྱབས་སུ་མཆི་ལགས་ཀྱིས། བདག་དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལ་སོགས་པ་སྤངས་པ། སྐྱབས་སུ་མཆིས་པ། མངོན་པར་དད་པར་གྱུར་པའི་དགེ་བསྙེན་ལགས་པར་གཟུང་དུ་གསོལ། བདག་གིས་ཇི་སྲིད་འཚོའི་བར་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ན་བཟའ་
དང་། བསོད་སྙོམས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་ཡོ་བྱད་དག་གིས་བསྙེན་བཀུར་བགྱི་བར་འཚལ་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་གཤེགས་པར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་བས་གནང་བར་
མཛད་དོ། །དེ་ནས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།
བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་སོང་ངོ་། །མདོ་ཆེན་པོ་གཟུགས་ཅན་སྙིང་པོས་བསུ་བ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། ཤཱུནྱ་ཏཱ་ནཱ་མ་མ་ཧཱ་སཱུ་ཏྲཾ། བོད་སྐད་དུ། མདོ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ཀྱི་ཤར་གྱི་ཀུན་དགའ་ར་བ་ན་རི་དགས་འཛིན་གྱི་
མའི་ཁང་བཟང་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་
བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དུས་གཅིག་ན་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་ན་ཤཱཀྱ་རྣམས་ཀྱི་གྲོང་རྡལ་གྲོང་ཁྱེར་ཞེས་བགྱི་བ་ན་བཞུགས་པ་དེའི་ཚེ། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་ཀུན་དགའ་བོ་ང་ནི་སྟོང་པ་
ཉིད་ཀྱིས་ལན་མང་དུ་གནས་སོ་ཞེས་བཀའ་སྩལ་པའི་དོན་བདག་གིས་འཚལ་ལགས་ན། བཙུན་པ་ཅི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གིས་ལེགས་པར་མཉན་ཅིང་ལེགས་པར་བཟུང་། ལེགས་པར་ཡིད་ལ་བགྱིས། ལེགས་པར་བསྟེན། ལེགས་པར་རྟོགས་པ་དེ་བཞིན་
དུ་མ་ལགས་ཤིང་དེ་ཁོ་ན་བཞིན་ལགས་སམ། བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། ངས་བཤད་པ་ཁྱོད་ཀྱིས་ལེགས་པར་མཉན་ཅིང་ལེགས་པར་བཟུང་། ལེགས་པར་བསྟེན། ལེགས་པར་རྟོགས་པ་དེ་ནི་གཞན་དུ་མ་ཡིན་ཏེ་དེ་ཁོ་ན་བཞིན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་
བོ་ང་ནི་དེའི་ཚེ་དང་ད་ལྟར་ཡང་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པའི་ཕྱིར་རོ། །ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་རི་དགས་འཛིན་གྱི་མའི་ཁང་བཟང་འདི་གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། ལུག་དང་། བྱ་གག་དང་། ཕག་གིས་སྟོང་ཞིང་ནོར་དང་། འབྲུ་དང་། འགྲོན་བུ་དང་། གསེར་
གྱིས་སྟོང་ལ། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དག་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དག་གིས་སྟོང་ཡང་འདི་ན་འདི་ལྟ་སྟེ། དགེ་སློང་གི་དགེ་འདུན་ཁོ་ནའམ། དེ་ལས་ཁ་ཅིག་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ། །ཀུན་

དགའ་བོ་དེ་བཞིན་དུ་གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་། དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་
བཞིན་ཏེ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཀུན་དགའ་བོ་དེ་ལྟ་བས་ན་དགེ་སློང་ཡང་ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་གྲོང་དུ་འདུ་ཤེས་པ་དང་། མིར་འདུ་ཤེས་པ་ཡིད་ལ་མི་བྱ་བར་དགོན་པར་འདུ་ཤེས་པའམ།
དེ་ལས་ཁ་ཅིག་ཡིད་ལ་བྱའོ། །དེ་འདི་སྙམ་དུ་སེམས་ཏེ་འདུ་ཤེས་ཀྱི་རྣམ་པ་འདི་ལྟ་སྟེ། གྲོང་དུ་འདུ་ཤེས་པ་དང་། མིར་འདུ་ཤེས་པས་སྟོང་ཡང་འདི་ལ་འདི་ལྟ་སྟེ། དགོན་པར་འདུ་ཤེས་པ་ཁོ་ནའམ། དེ་ལས་ཁ་ཅིག་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ་སྙམ་མོ། །དེ་ལ་གྲོང་དུ་འདུ་
ཤེས་པ་དང་། མིར་འདུ་ཤེས་པ་ལ་བརྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ། དགོན་པར་འདུ་ཤེས་པ་ཁོ་ནའམ་དེ་ལས་ཁ་ཅིག་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ། །ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ངོ་
ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་། དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཀུན་དགའ་བོ་གཞན་ཡང་དགེ་
སློང་ཞིག་ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་མིར་འདུ་ཤེས་པ་དང་། དགོན་པ་ཡང་དག་པར་རྗེས་སུ་མཐོང་ཡང་དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་
བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཀུན་དགའ་བོ་གཞན་ཡང་དགེ་སློང་ཞིག་ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་

ཤེས་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ཡིད་ལ་མི་བྱ་བར་ཅི་ཡང་མེད་པའི་སྐྱེ་མཆེད་དུ་འདུ་ཤེས་པའམ། དེ་ལས་ཁ་ཅིག་ཡིད་ལ་བྱའོ། །དེ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་
དུ་འདུ་ཤེས་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པས་སྟོང་ཡང་དེ་ལ་འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་དུ་འདུ་ཤེས་པ་ཁོ་ནའམ། དེ་ལས་ཁ་ཅིག་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ། །ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེས་སྟོང་
ངོ་། །ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ། །ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཀུན་དགའ་བོ་
གཞན་ཡང་དགེ་སློང་ཞིག་ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ། །ཞེས་འདོད་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་འདུ་ཤེས་པ་ཡིད་ལ་མི་བྱ་བར་མཚན་མ་མེད་པའི་དབྱིངས་
སམ། དེ་ལས་ཁ་ཅིག་ཡིད་ལ་བྱའོ། །དེ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་འདུ་ཤེས་པས་སྟོང་ཡང་འདི་ལྟ་སྟེ། མཚན་མ་མེད་པའི་དབྱིངས་ཁོ་ནའམ། དེ་
ལས་ཁ་ཅིག་ལ་བརྟེན་ནས་མི་སྟོང་པ་ཡོད་དོ་སྙམ་མོ། །དེ་ལ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་། ཅི་ཡང་མེད་པའི་འདུ་ཤེས་པ་ལ་བརྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ། མཚན་མ་མེད་པའི་དབྱིངས་ཁོ་ནའམ། དེ་ལས་
ཁ་ཅིག་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ། །ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ངོ་། །ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་། དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་

བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། མཚན་མ་མེད་པའི་དབྱིངས་ཀྱང་མངོན་པར་འདུས་བྱས་ཤིང་སེམས་པས་མངོན་པར་བསམས་པ་དེ་ལ་ནི་མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད་པར་
བྱ་བའམ། ལྷག་པར་ཆགས་པར་བྱ་བའམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་སོ་སྙམ་མོ། །དེས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ཞིང་སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་ཀྱང་སེམས་རྣམ་
པར་གྲོལ་ལོ། །རྣམ་པར་གྲོལ་བས་བདག་ནི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ། །ཞེས་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་ཁོ་ནར་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ།
འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པས་སྟོང་ཡང་འདི་ལ་འདི་ལྟ་སྟེ། སྲོག་ཅན་དུ་བྱས་པའི་སྐྱེ་མཆེད་དྲུག་གི་ལུས་འདི་ཁོ་ན་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ་སྙམ་མོ། །དེ་ལ་འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་
ཟག་པ་ལ་བརྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ། སྲོག་རྐྱེན་དུ་བྱས་པའི་སྐྱེ་མཆེད་དྲུག་གི་ལུས་དེ་ཁོ་ན་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ། །ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ངོ་། །ཞེས་བྱ་བར་
ཡང་དག་པར་རྗེས་སུ་མཐོང་ཡང་། གྲོང་དུ་ཟག་པ་མེད་ཅིང་མངོན་པར་འདུས་མ་བྱས་པ་ཁོ་ནའམ། དེ་ལས་ཁ་ཅིག་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ་སྙམ་མོ། །དེ་ལ་སར་འདུ་ཤེས་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ལ་བརྟེན་པ་ཉོན་མོངས་པའི་གནས་
གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ཁོ་ནའམ། དེ་ལས་ཁ་ཅིག་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ། །ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས་

སུ་མཐོང་ཡང་དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ་ཕྱིན་ཅི་མ་ལོག་པ་ཡིན་ནོ། ཀུན་དགའ་བོ་གཞན་ཡང་དགེ་སློང་ཞིག་ཀྱེ་མ་བདག་
སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ཡིད་ལ་མི་བྱ་བར་ཅི་ཡང་མེད་པའི་སྐྱེ་མཆེད་དུ་འདུ་ཤེས་པའམ། དེ་ལས་ཁ་ཅིག་
ཡིད་ལ་བྱའོ། །དེ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པས་སྟོང་ཡང་དེ་ལ་འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་དུ་འདུ་ཤེས་པ་ཁོ་ནའམ།
དེ་ལས་ཁ་ཅིག་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ་སྙམ་མོ། །དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་ལ་བརྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་
དུ་འདུ་ཤེས་པ་ཁོ་ནའམ། དེ་ལས་ཁ་ཅིག་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ། །ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་
དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཀུན་དགའ་བོ་གཞན་ཡང་དགེ་སློང་ཞིག་ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད་པར་གྱུར་ན། ཀུན་དགའ་བོ་དགེ་སློང་དེས་རྣམ་
ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་འདུ་ཤེས་པ་ཡིད་ལ་མི་བྱ་བར་མཚན་མ་མེད་པའི་དབྱིངས་སམ། དེ་ལས་ཁ་ཅིག་ཡིད་ལ་བྱའོ། །དེ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་

འདུ་ཤེས་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་འདུ་ཤེས་པས་སྟོང་ཡང་འདི་ལྟ་སྟེ། མཚན་མ་མེད་པའི་དབྱིངས་ཁོ་ནའམ། དེ་ལས་ཁ་ཅིག་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ་སྙམ་མོ། །དེ་ལ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་འདུ་ཤེས་པ་ལ་
བརྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ། མཚན་མ་མེད་པའི་དབྱིངས་ཁོ་ནའམ། དེ་ལས་ཁ་ཅིག་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ། །ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་
ཡང་། དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། མཚན་མ་མེད་པའི་དབྱིངས་ཀྱང་མངོན་པར་འདུས་བྱས་
ཤིང་སེམས་པས་མངོན་པར་བསམས་པ་ཡིན་ཏེ། གང་མངོན་པར་འདུས་བྱས་ཤིང་སེམས་པས་མངོན་པར་བསམས་པ་དེ་ལ་ནི་མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད་པར་བྱ་བའམ། ལྷག་པར་ཆགས་པར་བྱ་བའམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་སོ་
སྙམ་མོ། །དེས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ཞིང་སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་ཀྱང་སེམས་རྣམ་པར་གྲོལ་ལོ། །རྣམ་པར་གྲོལ་བས་བདག་ནི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟན་ཏོ། །བྱ་བ་བྱས་སོ། །སྲིད་
པ་འདི་ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་ཁོ་ནར་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པས་སྟོང་ཡང་འདི་ལ་འདི་ལྟ་སྟེ། སྲོག་རྐྱེན་དུ་བྱས་པའི་སྐྱེ་མཆེད་
དྲུག་གི་ལུས་འདི་ཁོ་ན་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ་སྙམ་མོ། །དེ་ལ་འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལ་བརྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ། སྲོག་རྐྱེན་དུ་བྱས་པའི་སྐྱེ་མཆེད་དྲུག་གི་ལུས་དེ་ཁོ་ན་ལ་བརྟེན་

པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ། །ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་། དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་
འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང་མངོན་པར་འདུས་མ་བྱས་པ་རྣམ་པར་གྲོལ་བ་གང་ཡིན་པ་འདི་ནི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་ཡིན་ནོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་འདས་པའི་དུས་ན་
བྱུང་བར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང་མངོན་པར་འདུས་མ་བྱས་པ་རྣམ་པར་གྲོལ་བའི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་འདི་ཉིད་སྐུས་མངོན་སུམ་དུ་མཛད་ནས་བསྒྲུབས་ཏེ་བཞུགས་པར་གྱུར་ཏོ། །ཀུན་དགའ་
བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང་མངོན་པར་འདུས་མ་བྱས་པ་རྣམ་པར་གྲོལ་བའི་སྟོང་པ་ཉིད་ལ་འཇུག་
པ་བླ་ན་མེད་པ་འདི་ཉིད་སྐུས་མངོན་སུམ་དུ་མཛད་ནས་བསྒྲུབས་ཏེ་བཞུགས་པར་འགྱུར་རོ། །ཀུན་དགའ་བོ་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ང་ད་ལྟར་བྱུང་བའི་དུས་ན་འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང་འདུས་མ་བྱས་པ། རྣམ་པར་
གྲོལ་བའི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་འདི་ཉིད་སྐུས་མངོན་སུམ་དུ་མཛད་ནས་བསྒྲུབས་ཏེ་བཞུགས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང་མངོན་པར་འདུས་མ་བྱས་པ། རྣམ་པར་གྲོལ་བའི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་གང་ཡིན་པ་འདི་ཉིད་
ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་བྱའོ་ཞེས་དེ་ལྟར་བསླབ་པར་བྱ་སྟེ། ཀུན་དགའ་བོ་ཁྱོད་ཀྱིས་ཀྱང་དེ་བཞིན་དུ་བསླབ་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་བར་བྱས་ནས།

བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་སོང་ངོ་། །མདོ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་
བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཤཱུ་ནྱ་ཏཱ་ནཱ་མ་མ་ཧཱ་སཱུ་ཏྲཾ། བོད་སྐད་དུ། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་
ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་བསོད་སྙོམས་ཀྱི་ཕྱིར་སེར་སྐྱའི་གནས་སུ་ཞུགས་སོ། །སེར་སྐྱའི་གནས་
ནས་བསོད་སྙོམས་བཞེས་ཏེ། ཞལ་ཟས་ཀྱི་བྱ་བ་མཛད་ཅིང་། ཟས་ཕྱིས་ལེན་པའི་ཞལ་ཟས་སྤངས་ནས། ལྷུང་བཟེད་དང་ཆོས་གོས་བཞག་སྟེ། ཞབས་བསིལ་ནས་ཤཱཀྱ་དུས་བདེའི་གཙུག་ལག་ཁང་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ན་དགེ་སློང་རབ་ཏུ་མང་པོ་དག་གིས་
ཤཱཀྱ་དུས་བདེའི་གཙུག་ལག་ཁང་དུ་བླ་གབ་མེད་པར་སྟན་རབ་ཏུ་མང་པོ་དག་བཏིང་སྟེ་དོང་ངོ་། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་གི་ཕྱི་རོལ་དུ་ཞབས་བསིལ་ནས་ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱེམ་རེད་ནང་དུ་ཡང་དག་
འཇོག་ལས་བཞེངས་ནས་ཤཱཀྱ་ལྟག་པ་རིའི་གཙུག་ལག་ཁང་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་སློང་རབ་ཏུ་མང་པོ་དག་དང་ལྷན་ཅིག་ཏུ་ཤཱཀྱ་ལྟག་པའི་རིའི་གཙུག་ལག་ཁང་དུ་འདི་ལྟ་སྟེ། ཆོས་གོས་ཀྱི་ལས་ལ་འདུས་ཏེ་འདུག་པར་གྱུར་ཏོ། །ཚེ་དང་ལྡན་པ་
ཀུན་དགའ་བོས་རྒྱང་རིང་པོ་ནས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་གདན་བཤམས་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་ཚུར་གཤེགས་སུ་གསོལ། བཅོམ་ལྡན་འདས་ལེགས་པར་གཤེགས་ལགས་སོ། །བཅོམ་ལྡན་

འདས་གདན་བཤམས་པ་འདི་ལ་བཞུགས་སུ་གསོལ། བཅོམ་ལྡན་འདས་གདན་ལ་བཞུགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་རབ་ཏུ་མང་པོ་དག་གིས་ཤཱཀྱ་དུས་བདེའི་གཙུག་ལག་ཁང་དུ་བླ་གབ་མེད་པར་སྟན་རབ་ཏུ་མང་
པོ་དག་བཏིང་སྟེ་དོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཆོས་གོས་སྩལ་བའི་དུས་ལགས་སོ། །བདེ་བར་གཤེགས་པ་ཆོས་གོས་སྩལ་བའི་དུས་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་དུ་དགའ་བ་དང་། བྲེ་མོ་
གཏམ་ལ་ཀུན་དུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་སྦྱོར་བ་དང་། ཚོགས་ལ་དགའ་བ་དང་། ཚོགས་ལ་ཀུན་དུ་དགའ་བ་དང་། ཚོགས་ལ་ཀུན་དུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་པ་ནི་མི་མཛེས་ཏེ། ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ་དགའ་བ་དང་། བྲེ་མོ་
གཏམ་ལ་ཀུན་དུ་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་དུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་སྦྱོར་བ་དང་། ཚོགས་ལ་དགའ་བ་དང་། ཚོགས་ལ་ཀུན་དུ་དགའ་བ་དང་། ཚོགས་ལ་ཀུན་དུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་ཤིང་། ཚོགས་ལས་གཅིག་པུ་ལོགས་
ཤིག་ན་མི་གནས་པ་དེས་ནི་རེ་ཞིག་འཕགས་པའི་བདེ་བ་དང་། ངེས་པར་འབྱུང་བའི་བདེ་བ་དང་། རབ་ཏུ་དབེན་པའི་བདེ་བ་དང་། ཉེ་བར་ཞི་བའི་བདེ་བ་དང་། རྫོགས་པར་བྱང་ཆུབ་པའི་བདེ་བ་དང་། དེ་ལྟ་བུའི་བདེ་བ་གང་ཡིན་པ་དེ་དག་ཅི་འདོད་པ་བཞིན་འཐོབ་པ་དང་། དཀའ་བ་མེད་
པར་འཐོབ་པར་འགྱུར་བ་དེ་ནི་གནས་མེད་དོ། །ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ་མི་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་དུ་མི་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་དུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་མི་སྦྱོར་བ་དང་། ཚོགས་ལ་མི་དགའ་བ་དང་། ཚོགས་ལ་ཀུན་དུ་མི་དགའ་བ་
དང་། ཚོགས་ལ་ཀུན་དུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་མི་སྦྱོར་བ་ལ་གནས་ཤིང་། ཚོགས་ལས་གཅིག་པུ་ལོགས་ཤིག་ན་གནས་པ་དེས་ནི་རེ་ཞིག་འཕགས་པའི་བདེ་བ་དང་། ངེས་པར་འབྱུང་བའི་བདེ་བ་དང་། རབ་ཏུ་དབེན་པའི་བདེ་བ་དང་། ཉེ་བར་ཞི་བའི་བདེ་བ་དང་། རྫོགས་

པར་བྱང་ཆུབ་པའི་བདེ་བ་དང་། དེ་ལྟ་བུའི་བདེ་བ་གང་ཡིན་པ་དེ་དག་ཅི་འདོད་པ་བཞིན་འཐོབ་པ་དང་། དཀའ་བ་མེད་པར་འཐོབ་པར་འགྱུར་བ་དེ་ནི་གནས་ཡོད་དོ། །ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་དུ་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་དུ་
དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་སྦྱོར་བ་དང་། ཚོགས་ལ་དགའ་བ་དང་། ཚོགས་ལ་ཀུན་དུ་དགའ་བ་དང་། ཚོགས་ལ་ཀུན་དུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་ཤིང་། ཚོགས་ལས་གཅིག་པུ་ལོགས་ཤིག་ན་མི་གནས་པ་དེས་ནི་རེ་ཞིག་དུས་དང་སྦྱོར་ཞིང་སྲུང་བའི་
སེམས་རྣམ་པར་གྲོལ་བའམ། དུས་དང་མི་སྦྱོར་ཞིང་མི་ཉམས་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་འགྱུར་བ་དེ་ནི་གནས་མེད་དོ། །ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ་མི་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་དུ་མི་དགའ་བ་དང་། བྲེ་མོ་གཏམ་ལ་ཀུན་དུ་དགའ་
བ་ཉིད་ལ་བརྩོན་པའི་རྗེས་སུ་མི་སྦྱོར་བ་དང་། ཚོགས་ལ་མི་དགའ་བ་དང་། ཚོགས་ལ་ཀུན་དུ་མི་དགའ་བ་དང་། ཚོགས་ལ་ཀུན་དུ་དགའ་བ་ཉིད་ལ་བརྩོན་པའི་རྗེས་སུ་མི་སྦྱོར་བ་ལ་གནས་ཤིང་། ཚོགས་ལས་གཅིག་པུ་ལོགས་ཤིག་ན་གནས་པ་དེས་ནི་རེ་ཞིག་དུས་དང་སྦྱོར་ཞིང་བསྲུང་
བའི་སེམས་རྣམ་པར་གྲོལ་བའམ། དུས་དང་མི་སྦྱོར་ཞིང་མི་ཉམས་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་འགྱུར་བ་དེ་ནི་གནས་ཡོད་དོ། །ཀུན་དགའ་བོ་ངས་གང་ལ་ཀུན་དུ་དགའ་བ་དང་། མངོན་པར་དགའ་བའི་གཟུགས་དེའི་རྣམ་པར་འགྱུར་བ་དང་གཞན་དུ་འགྱུར་
བ་ལས་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་འབྱུང་བར་མི་འགྱུར་བའི་གཟུགས་ནི་གཅིག་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ཀུན་དགའ་བོ་དེ་ལྟ་བས་ན་ངའི་གནས་པ་ནི་འདི་ལྟ་སྟེ། རྣམ་པ་ཐམས་ཅད་དུ་གཟུགས་
ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ནས་ཕྱི་སྟོང་པ་ཉིད་སྐུས་མངོན་སུམ་དུ་མཛད་ནས་བསྒྲུབས་ཏེ་བཞུགས་པ་འདི་ཡང་རྗེས་སུ་རྟོགས་ཤིང་རབ་ཏུ་རྟོགས་སོ། །ང་གནས་པ་འདིས་གནས་པ་ན་མཆོག་ཏུ་དགའ་བ་སྐྱེས་ཏེ། ང་མཆོག་ཏུ་དགའ་བ་དེས་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་

ཞིང་དྲན་པ་དང་ཤེས་བཞིན་གྱིས་ལན་མང་དུ་གནས་སོ། །ང་གནས་པ་འདིས་གནས་པ་ན་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བདེ་བ་དང་། ཏིང་ངེ་འཛིན་སྐྱེས་ཏེ། ང་ཏིང་ངེ་འཛིན་དེས་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དྲན་པ་དང་ཤེས་བཞིན་གྱིས་
ལན་མང་དུ་གནས་སོ། །ང་གནས་པ་འདིས་གནས་པ་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་ཉེ་བར་ལྷགས་པར་གྱུར་ནས། ང་དེ་ལ་གཞོལ་བ་དང་། དེ་ལ་འབབ་པ་དང་། དེ་ལ་བབ་པའི་སེམས་ཀྱིས་དེ་དག་ལ་འདི་ལྟ་སྟེ། བརྩོན་འགྲུས་སུ་རུང་
བར་བྱ་བའི་ཕྱིར་ཕན་ཚུན་ཀུན་དགའ་བར་གཏམ་འདྲེ་བར་སྨྲ། ཕེབས་པར་སྨྲ་ཞིང་ཆོས་ཀྱི་གཏམ་ཡང་ཟེར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་དགེ་སློང་ཡང་ཀྱེ་མ་བདག་ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་བྱའོ་ཞེས་འདོད་པར་གྱུར་ན། ཀུན་དགའ་བོ་དགེ་
སློང་དེས་སེམས་ནང་ཁོ་ནར་གཞག་པར་བྱ། ཡང་དག་པར་གཞག་པར་བྱ། བསྡུས་ཏེ་གཞག་པར་བྱ། ཉེ་བར་གཞག་པར་བྱ། དུལ་བར་བྱ། ཞི་བར་བྱ། ཉེ་བར་ཞི་བར་བྱ། རྒྱུད་གཅིག་ཏུ་བྱ་ཞིང་ཏིང་ངེ་འཛིན་དུ་བྱའོ། །ཀུན་དགའ་བོ་དགེ་སློང་གང་འདི་སྐད་ཅེས། བདག་གིས་
སེམས་ནང་ཁོ་ནར་མ་བཞག །ཡང་དག་པར་མ་བཞག །བསྡུས་ཏེ་མ་བཞག །ཉེ་བར་མ་བཞག །དུལ་བར་མ་བྱས། ཞི་བར་མ་བྱས། ཉེ་བར་ཞི་བར་མ་བྱས། རྒྱུད་གཅིག་ཏུ་མ་བྱས་ཤིང་། ཏིང་ངེ་འཛིན་དུ་མ་བྱས་པར་ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་
གནས་པར་བྱའོ་ཞེས་ཟེར་ན། ཀུན་དགའ་བོ་དེ་ནི་རྣམ་པར་འཁྲུལ་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་ཏེ། གང་སེམས་ནང་ཁོ་ནར་མ་བཞག །ཡང་དག་པར་མ་བཞག །བསྡུས་ཏེ་མ་བཞག །ཉེ་བར་མ་བཞག །
དུལ་བར་མ་བྱས། ཞི་བར་མ་བྱས། ཉེ་བར་ཞི་བར་མ་བྱས། རྒྱུད་གཅིག་ཏུ་མ་བྱས་ཤིང་། ཏིང་ངེ་འཛིན་དུ་མ་བྱས་པར་ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་འགྱུར་བ་དེ་ནི་གནས་མེད་པའི་ཕྱིར་རོ། །ཀུན་དགའ་བོ་དགེ་སློང་གང་འདི་སྐད་ཅེས། བདག་གིས་

སེམས་ནང་ཁོ་ནར་བཞག །ཡང་དག་པར་བཞག །བསྡུས་ཏེ་བཞག །ཉེ་བར་བཞག །དུལ་བར་བྱས། ཞི་བར་བྱས། ཉེ་བར་ཞི་བར་བྱས། རྒྱུད་གཅིག་ཏུ་བྱས་ཤིང་ཏིང་ངེ་འཛིན་དུ་བྱས་ཏེ། ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་བྱའོ་ཞེས་ཟེར་ན། ཀུན་
དགའ་བོ་དེའི་ཚིག་ནི་ལེགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་ནི་གནས་ཡིན་ཞིང་སྐབས་ཡིན་ཏེ། གང་སེམས་ནང་ཁོ་ནར་བཞག །ཡང་དག་པར་བཞག །བསྡུས་ཏེ་བཞག །ཉེ་བར་བཞག །དུལ་བར་བྱས། ཞི་བར་བྱས། ཉེ་བར་ཞི་བར་བྱས། རྒྱུད་གཅིག་ཏུ་བྱས་
ཤིང་། ཏིང་ངེ་འཛིན་དུ་བྱས་ཏེ། ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་འགྱུར་བ་དེ་ནི་གནས་ཡོད་པའི་ཕྱིར་རོ། །ཀུན་དགའ་བོ་ཇི་ལྟར