Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 071_མདོ་སྡེ།_ཤ

Văn bản gốc(Tây Tạng)

Trang 19 / 20 (50.000 ký tự/trang)
དག་ནི་སྟོབས་དང་པོ་དེ་དང་ལྡན་པ་དག་ཡིན་ཞིང་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །གནས་འཇོག་

གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དང་། ཆོས་ཡང་དག་པར་ལེན་པ་དག་ལ་གནས་དང་། རྒྱུ་དང་། དངོས་པོ་དང་། རྣམ་པར་སྨིན་པ་ཡང་དག་པ་ཇི་
ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དང་། ཆོས་ཡང་དག་པར་ལེན་པ་དག་ལ་གནས་དང་། རྒྱུ་དང་། དངོས་པོ་དང་།
རྣམ་པར་སྨིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་གཉིས་པ་དེ་དང་ལྡན་པ་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་
འཁོར་ལོ་རབ་ཏུ་སྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་
པར་འཇུག་པ་དག་གིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་གནས་པ་དང་། རྣམ་པར་དག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བསམ་
གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་གི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་གནས་པ་དང་རྣམ་པར་དག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་གསུམ་པ་དེ་དང་ལྡན་པ་དག་ཡིན་ཞིང་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །གནས་འཇོག་གི་རྒྱུད་དག་གཞན་ཡང་

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་དག་ནི་སྟོབས་བཞི་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་མོས་པ་སྣ་ཚོགས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་མོས་པ་སྣ་ཚོགས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་ལྔ་པ་དེ་དང་ལྡན་པ་
དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
རྣམས་ནི་ཁམས་སྣ་ཚོགས་པ་ཁམས་དུ་མ་དང་ལྡན་པའི་འཇིག་རྟེན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཁམས་སྣ་ཚོགས་པ་ཁམས་དུ་མ་དང་ལྡན་པའི་འཇིག་རྟེན་ཡང་

དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་དྲུག་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་
འཁོར་ལོ་རབ་ཏུ་སྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ།
གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་དག་ནི་སྟོབས་བདུན་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་པར་མཛད་དེ། འདི་ལྟ་སྟེ། ཚེ་རབས་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་།
སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། ཚེ་རབས་བརྒྱ་དང་། ཚེ་རབས་སྟོང་དང་། ཚེ་རབས་བརྒྱ་སྟོང་དང་། ཚེ་རབས་བརྒྱ་ཕྲག་དུ་མ་དང་། ཚེ་རབས་སྟོང་ཕྲག་དུ་མ་དང་། ཚེ་རབས་བརྒྱ་སྟོང་ཕྲག་དུ་མ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་།
འཆགས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དུ་མ་དང་། འཆགས་པའི་བསྐལ་པ་དུ་མ་དང་། འཇིག་པ་དང་། འཆགས་པའི་བསྐལ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་པར་མཛད་ཅིང་སེམས་ཅན་འབྱུང་བ་དེ་དག་ནི་མིང་འདི་དག་ཅེས་བྱ་བར་གྱུར་ཏོ། །དེ་དག་ཏུ་བདག་ཅག་མིང་འདི་དག་ཅེས་

བྱ་བར་གྱུར་ཏོ། །རིགས་དག་ནི་འདི་དག་ཅེས་བྱ། རུས་དག་ནི་འདི་དག་ཅེས་བྱ། ཟས་དག་ནི་འདི་ལྟ་བུ་དག་ཅིག་ཟ་ཟ། བདེ་བ་དང་སྡུག་བསྔལ་བ་ནི་འདི་ལྟ་བུ་དག་ཅིག་མྱོང་། ཚེ་ནི་འདི་ཙམ་ཞིག་ཏུ་རིང་བར་གྱུར། ཡུན་ནི་འདི་སྲིད་དག་ཅིག་ཏུ་གནས་གནས། ཚེ་དག་ནི་འདི་ཙམ་དག་ཅིག་ཐུབ།
དེ་དག་དང་བདག་ཅག་གནས་དེ་ནས་ཤི་འཕོས་ཏེ་ཆེ་གེ་མོ་ཞིག་ཏུ་སྐྱེས་པ་དག་ཏུ་གྱུར། དེ་ནས་ཀྱང་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་པ་དག་ཏུ་གྱུར། དེ་ནས་ཀྱང་ཤི་འཕོས་ནས་ཡང་འདིར་སྐྱེས་པ་དག་ཏུ་གྱུར་ཏོ་ཞེས་རྣམ་པ་དང་བཅས་ཤིང་། ཡུལ་ཕྱོགས་དང་བཅས་ལ། གཞི་ཅི་ལས་
གྱུར་པ་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་པར་མཛད་ལ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་པར་མཛད་དེ། འདི་ལྟ་སྟེ། ཚེ་
རབས་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། །ལྔ་བཅུ་དང་། ཚེ་རབས་བརྒྱ་དང་། ཚེ་རབས་སྟོང་དང་། ཚེ་རབས་བརྒྱ་སྟོང་དང་། ཚེ་རབས་བརྒྱ་ཕྲག་དུ་
མ་དང་། ཚེ་རབས་སྟོང་ཕྲག་དུ་མ་དང་། ཚེ་རབས་བརྒྱ་སྟོང་ཕྲག་དུ་མ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དུ་མ་དང་། འཆགས་པའི་བསྐལ་པ་དུ་མ་དང་། འཇིག་པ་དང་། འཆགས་
པའི་བསྐལ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་པར་མཛད་ཅིང་སེམས་ཅན་འབྱུང་བ་དེ་དག་ནི་མིང་འདི་དག་ཅེས་བྱ་བར་གྱུར་ཏོ། །དེ་དག་ཏུ་བདག་ཅག་མིང་འདི་དག་ཅེས་བྱ་བར་གྱུར་ཏོ། །རིགས་དག་ནི་འདི་དག་ཅེས་བྱ། རུས་དག་ནི་འདི་དག་ཅེས་བྱ། ཟས་དག་ནི་འདི་ལྟ་བུ་དག་ཅིག་ཟ་
ཟ། བདེ་བ་དང་སྡུག་བསྔལ་བ་ནི་འདི་ལྟ་བུ་དག་ཅིག་མྱོང་། ཚེ་ནི་འདི་ཙམ་ཞིག་ཏུ་རིང་བར་གྱུར། ཡུན་ནི་འདི་སྲིད་དག་ཅིག་གནས་གནས། ཚེ་དག་ནི་འདི་ཙམ་དག་ཅིག་ཐུབ། དེ་དག་དང་བདག་ཅག་གནས་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་པ་དག་ཏུ་གྱུར། དེ་ནས་ཀྱང་

ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་པ་དག་ཏུ་གྱུར། དེ་ནས་ཀྱང་ཤི་འཕོས་ནས་ཡང་འདིར་སྐྱེས་པ་དག་ཏུ་གྱུར་ཏོ་ཞེས་རྣམ་པ་དང་བཅས་ཤིང་། ཡུལ་ཕྱོགས་དང་བཅས་ལ། གཞི་ཅི་ལས་གྱུར་པ་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་པར་
མཛད་དོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་བརྒྱད་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་
པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ལྷའི་སྤྱན་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་ཤི་འཕོ་བ་དག་དང་། སྐྱེ་བ་དག་དང་། མདོག་བཟང་པོ་དག་དང་།
མདོག་ངན་པ་དག་དང་། དམན་པ་དག་དང་། གྱ་ནོམ་པ་དག་དང་། བདེ་འགྲོ་དག་དང་། ངན་འགྲོར་འགྲོ་བ་དག་ལ་གཟིགས་པར་མཛད་ཅིང་། སེམས་ཅན་ལ་ཇི་ལྟ་བ་བཞིན་དུ་ཉེ་བར་དོང་བ་དག་ལ་སེམས་ཅན་འབྱུང་བ་དེ་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་། ངག་དང་
ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དག་དང་། ལོག་པར་ལྟ་བ་དག་ཡིན་ཏེ། ལོག་པར་ལྟ་བའི་ལས་དང་། ཆོས་ཡང་དག་པར་ལེན་པའི་རྒྱུས། དེའི་རྒྱུ་དང་། དེའི་རྐྱེན་གྱིས་ལུས་ཞིག་ནས་ཤི་ཕན་ཅད་ངན་སོང་ངན་འགྲོ་ལོག་པར་
ལྟུང་བའི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཡང་ན་སེམས་ཅན་འབྱུང་བ་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་དག་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་དག་དང་། ཡང་དག་པར་
ལྟ་བ་དག་ཡིན་ཏེ། ཡང་དག་པའི་ལྟ་བའི་ལས་དང་། ཆོས་ཡང་དག་པར་ལེན་པའི་རྒྱུས་དེའི་རྒྱུ་དང་། དེའི་རྐྱེན་གྱིས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་

འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ལྷའི་སྤྱན་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དག་དང་། སྐྱེ་བ་དག་དང་། མདོག་བཟང་པོ་དག་དང་། མདོག་ངན་པ་དག་དང་། དམན་པ་དང་། གྱ་ནོམ་པ་
དག་དང་། བདེ་འགྲོ་དང་། ངན་འགྲོར་འགྲོ་བ་དག་ལ་གཟིགས་པར་མཛད་ཅིང་། སེམས་ཅན་ལས་ཇི་ལྟ་བ་བཞིན་དུ་ཉེ་བར་དོང་བ་དག་ལ་སེམས་ཅན་འབྱུང་བ་དེ་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་
པ་རྣམས་ལ་སྐུར་པ་འདེབས་པ་དག་དང་། ལོག་པར་ལྟ་བ་དག་ཡིན་ཏེ། ལོག་པར་ལྟ་བའི་ལས་དང་། ཆོས་ཡང་དག་པར་ལེན་པའི་རྒྱུས་དེའི་རྒྱུ་དང་། དེའི་རྐྱེན་གྱིས་ལུས་ཞིག་ནས་ཤི་ཕན་ཅད་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་
རོ། །ཡང་ན་སེམས་ཅན་འབྱུང་བ་དེ་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་དག་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་དག་དང་། ཡང་དག་པར་ལྟ་བ་དག་ཡིན་ཏེ། ཡང་དག་པའི་ལྟ་བའི་
ལས་དང་། ཆོས་ཡང་དག་པར་ལེན་པའི་རྒྱུས་དེའི་རྒྱུ་དང་། དེའི་རྐྱེན་གྱིས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་དགུ་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །གནས་འཇོག་གི་རྒྱུད་དག་གཞན་
ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཟག་པ་ཟད་པས་ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ། ཤེས་རབ་རྣམ་པར་གྲོལ་བ། མཐོང་བའི་ཆོས་ཉིད་བདག་ཉིད་ཀྱིས་མངོན་པར་མཁྱེན་པས་མངོན་དུ་མཛད་དེ། རྫོགས་པར་མཛད་ནས་རབ་

ཏུ་མཁྱེན་ཅིང་ངེད་ཅག་གི་སྐྱེ་བ་འདི་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་བསྙེན་ཏོ། །མཛད་པ་མཛད་དོ། །འདི་ལས་སྲིད་པ་གཞན་རབ་ཏུ་མི་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་རྣམས་ནི་ཟག་པ་དག་ཟད་ནས་ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ། ཤེས་རབ་རྣམ་པར་གྲོལ་བ། མཐོང་བའི་ཆོས་ཉིད་ལ་བདག་ཉིད་ཀྱིས་མངོན་པར་མཁྱེན་པས་མངོན་དུ་མཛད་དེ། རྫོགས་པར་མཛད་ནས་རབ་ཏུ་མཁྱེན་ཅིང་ངེད་ཅག་གི་སྐྱེ་བ་ནི་ཟད་དོ། །ཚངས་
པར་སྤྱོད་པ་ནི་བསྙེན་ཏོ། །མཛད་པ་མཛད་དོ། །འདི་ལས་སྲིད་པ་གཞན་རབ་ཏུ་མི་མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་བཅུ་པོ་དེ་དང་ལྡན་པ་དག་ཡིན་ཞིང་ཁྱུ་མཆོག་གི་གནས་རླབས་
པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པའི་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །གང་དག་འདས་པ་དག་དང་། གང་དག་མ་བྱོན་པ་དག་དང་། གང་ཡང་ང་ད་ལྟར་བྱུང་བའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་སྟེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་
ཀྱིས་མཉམ་པ་དག་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པ་གྱད་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འོ་ན་ཅི་གང་སྟོབས་དེ་དག་ལས་ཆེས་སྟོབས་དང་ལྡན་ཞིང་། གང་སྟོབས་དེ་དག་ཟིལ་གྱིས་གནོན་པར་བགྱིད་པའི་སྟོབས་
གཞན་མཆིས་ལགས་སམ། གནས་འཇོག་གི་རྒྱུད་དག་གང་སྟོབས་དེ་དག་ལས་ཆེས་སྟོབས་དང་ལྡན་ཞིང་། གང་སྟོབས་དེ་དག་ཟིལ་གྱིས་གནོན་པར་བྱེད་པའི་སྟོབས་གཞན་ཡོད་དེ། འདི་ལྟ་སྟེ། གང་དེ་ཉིད་ཀྱི་མཚན་མོའི་གུང་ཐུན་ལ་མཚན་གྱིས་རྣམ་པར་བརྒྱན་པ།

དཔེ་བྱད་བཟང་པོས་རྣམ་པར་མཛེས་པར་བྱས་པའི་སྐུ་འདི་དང་སྟོབས་དེ་དག་གི་སྣོད་དུ་གྱུར་པའི་སྐུ་སྲོག་འདི་རབ་ཏུ་འཇོམས་པར་འགྱུར་བའི་མི་རྟག་པ་ཉིད་ཀྱི་སྟོབས་ཞེས་བྱའོ། །གནས་འཇོག་གི་རྒྱུད་དག་འདི་ནི་གང་སྟོབས་དེ་དག་ལས་ཆེས་སྟོབས་དང་ལྡན་ཞིང་། གང་སྟོབས་དེ་དག་ཟིལ་གྱིས་
གནོན་པར་བྱེད་པའི་སྟོབས་གཞན་དེ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། ཚིགས་སུ་བཅད་པ་དག་བཀའ་སྩལ་པ། ལུས་ལས་བྱུང་བའི་སྟོབས་དང་བསོད་ནམས་སྟོབས། །ཡེ་ཤེས་སྟོབས་དང་རྫུ་འཕྲུལ་སྟོབས་པས་ཀྱང་། །ང་ཡི་གཟི་བརྗིད་འཇོམས་པ་
མི་རྟག་ཉིད། །མཆོག་ཏུ་སྟོབས་དང་ལྡན་པར་བཞེད་པ་ཡིན། །གང་དུ་དེ་དང་འདྲ་བའི་སྐུ་ལུས་ནི། །གསེར་གྱི་རི་ཡི་དབང་པོའི་རྩེ་མོ་འདྲ། །མི་རྟག་ཉིད་ཀྱི་གཟི་བརྗིད་ཀྱིས་བཅོམ་པ། །ང་ཡི་འཇིག་པ་འོང་བར་འགྱུར་བ་ཡིན། །མི་རྟག་ཉིད་ཀྱི་སྟོབས་ནི་སྟོབས་མཆོག་བར། །
མཁས་པ་ཡིས་ནི་རྣམ་པར་ཤེས་བྱ་སྟེ། །གང་དུ་མི་རྟག་ཉིད་ནི་མི་འོང་བའི། །མི་འཆི་བ་ཡི་གནས་དེ་ཐོབ་པར་བྱ། །བཅོམ་ལྡན་འདས་ལས་ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཀྱིས་དེ་སྐད་ཐོས་ནས་རྨོངས་པར་གྱུར་ཏེ། ཇི་ལྟར་ཡང་འདུ་ཤེས་ཐོབ་པ་དག་ཏུ་གྱུར་
ནས་ས་ལ་འགྲེ་ལྡོག་སྟེ། འདི་ལྟ་སྟེ། ཤིང་གི་སྡོང་དུམ་བཞིན་ནོ། །ཁ་ཅིག་ནི་དཔུང་པ་དག་བསྣོལ་ཏེ་རབ་ཏུ་ངུ་བར་བྱེད་དོ། །ཁ་ཅིག་ནི་སེམས་ཀྱི་སྡུག་བསྔལ་དང་ཀུན་དུ་ལྡན་ཞིང་འཁོད་དོ། །ཁ་ཅིག་ནི་ཆོས་ཉིད་ཁོ་ན་ལ་རྟོན་པར་བྱེད་དེ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་
ཡང་དང་པོ་ཉིད་དུ་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་ཐམས་ཅད་ལས་དངོས་པོ་ཐ་དད་པ་དང་། མེད་པར་འབྱུང་བ་དང་། འབྲལ་བ་དང་མི་ལྡན་པ་འབྱུང་བར་འགྱུར་རོ་ཞེས་གསུངས་སོ་སྙམ་མོ། །དེ་ནས་ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་
ཐི་བའི་སྐད་ལྟར་སྙན་ཅིང་འཇེབས་པ་རིང་ཞིང་འཇམ་པའི་དབུགས་ཕྱུང་ནས་མཆི་མ་དག་ཕྱུང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་

ཏུ་རྡོ་ཆེན་པོ་ཡངས་པ་དེའི་ཕྱོགས་གཅིག་ཏུ་བཞུགས་སོ། །ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཀྱང་རྡོ་ཆེན་པོ་ཡངས་པ་དེ་ཉིད་ཀྱི་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ལ་ཤད་ཀྱིས་སྦྱོང་བ་
ལྟར་མཛད་ཅིང་ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གནས་འཇོག་གི་རྒྱུད་དག་རྡོ་ཆེན་པོ་ཡངས་པ་འདི་ནི་བསྐལ་པ་དང་པོའི་མི་རྣམས་ཀྱི་རྩོལ་བའི་རྡོར་གྱུར་ཏེ། འདི་ལྟར་དེང་སང་ཡང་དེ་ལ་སོར་མོའི་རྗེས་དག་སྣང་བའི་ཕྱིར་རོ། །
གནས་འཇོག་གི་རྒྱུད་དག་དེ་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་པ། མི་བརྟན་པ། ཡིད་བརྟན་དུ་མི་རུང་བ། རྣམ་པར་འགྱུར་བའི་ཆོས་ཅན་དག་ཡིན་ཏེ། འདུ་བྱེད་ཐམས་ཅད་ཀྱི་བར་གྱིས་ཆོག་པ་ཉིད་དོ། །སྐྱོ་བར་བྱ་བའི་རིགས་སོ། །འདོད་ཆགས་དང་བྲལ་བར་བྱ་
བའི་རིགས་སོ། །རྣམ་པར་གྲོལ་བར་བྱ་བའི་རིགས་སོ། །གནས་འཇོག་གི་རྒྱུད་དག་རྒྱ་མཚོ་ཆེན་པོ་ནི་རྒྱུ་བཞིས་བསྐམ་པར་མི་ནུས་སོ། །བཞི་གང་དག་གིས་ཞེ་ན། འོག་ཏུ་ནི་གསེར་གྱི་འཁོར་ལོས་ཀུན་དུ་བཟུང་བ་དང་། ངོས་སུ་ནི་ཁོར་ཡུག་གིས་ཡོངས་སུ་བཟུང་བ་
དང་། སྟེང་ནས་ནི་ཀླུ་ཆེན་པོ་དག་གིས་ཤིང་རྟའི་སྲོག་ཤིང་ཙམ་དུ་ཆུའི་རྒྱུན་གྱི་ཆར་འབེབས་པར་བྱེད་པ་དང་། ཆུ་བོ་ཆེན་པོ་ཐམས་ཅད་ཆུ་ཀླུང་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ་རྒྱ་མཚོ་ཆེན་པོར་འབབ་པར་བྱེད་པའོ། །དེ་ལྟར་སངས་རྒྱས་ཀྱི་བསྟན་པ་རྒྱ་མཚོ་འདི་ཡང་རྒྱུ་བཞིས་
ནུབ་པར་མི་འགྱུར་རོ། །བཞི་གང་དག་གིས་ཞེ་ན། འོག་ཏུ་ནི་འདུལ་བའི་གསེར་གྱི་འཁོར་ལོས་ཀུན་དུ་བཟུང་བ་དང་། ངོས་སུ་ནི་མདོ་སྡེའི་ཁོར་ཡུག་གིས་ཡོངས་སུ་བཟུང་བ་དང་། ཆོས་མངོན་པའི་ཀླུ་ཆེན་པོའི་ཆར་གྱིས་ཀུན་དུ་ཡོངས་སུ་གང་བར་བྱས་པ་དང་། བསྒོམ་
པ་ལས་བྱུང་བའི་དགེ་བའི་རྩ་བའི་ཆུ་ཀླུང་དག་གིས་ཡོངས་སུ་རྒྱས་པར་བྱས་པའོ། །གནས་འཇོག་གི་རྒྱུད་དག་འོན་ཀྱང་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་

ཡང་ཐོབ་པར་བྱེད་དོ། །ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །གནས་འཇོག་གི་རྒྱུད་དག་འཛམ་བུའི་གླིང་
འདི་ནི་ཆུ་དང་ཞེང་དུ་དཔག་ཚད་བདུན་སྟོང་ཡོད་ཅིང་། བྱང་ཕྱོགས་སུ་ནི་ཡངས་ལ། ལྷོ་ཕྱོགས་སུ་ཤིང་རྟའི་དབྱིབས་ཡིན་ནོ། །དེ་ནི་གོམ་པ་འདི་སྙེད་ཅིག་ཡོད་དོ་ཞེའམ། གོམ་པ་བརྒྱའམ། གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་ཞིག་ཡོད་ཅེས་བགྲང་བ་དང་།
ཚད་གཟུང་བར་ནུས་ཀྱི། གནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །ཆོས་ལ་དགེ་
བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །གནས་འཇོག་གི་རྒྱུད་དག་འཛམ་བུའི་
གླིང་ལྟ་ཞོག་གི །གནས་འཇོག་གི་རྒྱུད་དག་ཤར་གྱི་ལུས་འཕགས་གླིང་ཞེས་བྱ་བ་ཆུ་དང་རྒྱར་དཔག་ཚད་བརྒྱད་སྟོང་ཡོད་ཅིང་། ཟླ་གམ་དུ་གནས་པ་ཡོད་དེ། དེ་ལ་ཡང་གོམ་པ་འདི་སྙེད་ཅིག་ཡོད་དོ་ཞེའམ། གོམ་པ་བརྒྱའམ། གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་
ཞིག་ཡོད་དོ་ཞེས་བགྲང་བ་དང་། ཚད་གཟུང་བར་ནུས་ཀྱི། གནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་
པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་

ཡང་ཐོབ་པར་བྱེད་དོ། །གནས་འཇོག་གི་རྒྱུད་དག་འཛམ་བུའི་གླིང་ཡང་ཞོག །ཤར་གྱི་ལུས་འཕགས་གླིང་ཡང་ཞོག་གི། །གནས་འཇོག་གི་རྒྱུད་དག་བ་ལང་སྤྱོད་ཀྱི་གླིང་ཞེས་བྱ་བ་ཆུ་དང་རྒྱར་དཔག་ཚད་དགུ་སྟོང་ཡོད་ཅིང་། ཀུན་དུ་ཟླུམ་པོ་ཡོད་དེ། དེ་ལ་ཡང་གོམ་
པ་འདི་སྙེད་ཅིག་ཡོད་དོ་ཞེའམ། གོམ་པ་བརྒྱའམ། གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་ཞིག་ཡོད་དོ་ཞེས་བགྲང་བ་དང་། ཚད་གཟུང་བར་ནུས་ཀྱི། གནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་
བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་
འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །གནས་འཇོག་གི་རྒྱུད་དག་འཛམ་བུའི་གླིང་ཡང་ཞོག །ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཡང་ཞོག །ཤར་གྱི་ལུས་འཕགས་གླིང་ཡང་ཞོག་གི། །གནས་འཇོག་གི་རྒྱུད་དག་བྱང་
གི་སྒྲ་མི་སྙན་གྱི་གླིང་ཞེས་བྱ་བ་ཆུ་དང་རྒྱར་དཔག་ཚད་ཁྲི་ཡོད་པ་ཀུན་དུ་གྲུ་བཞི་པ་ཡོད་དེ། དེ་ལ་ཡང་གོམ་པ་འདི་སྙེད་ཅིག་ཡོད་དོ་ཞེའམ། གོམ་པ་བརྒྱའམ། གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་ཞིག་ཡོད་དོ་ཞེས་བགྲང་བ་དང་། ཚད་གཟུང་བར་ནུས་ཀྱི། གནས་འཇོག་
གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་།
དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །གནས་འཇོག་གི་རྒྱུད་དག་གླིང་བཞི་པའི་འཇིག་རྟེན་གྱི་

ཁམས་ལྟ་ཞོག་གི །གནས་འཇོག་གི་རྒྱུད་དག་རིའི་རྒྱལ་པོ་ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དག་ཡོད་དེ། དེ་གཉིས་ལ་ཡང་སྲང་འདི་སྙེད་ཅིག་ཡོད་དོ་ཞེའམ། སྲང་བརྒྱའམ། སྲང་སྟོང་ངམ། སྲང་བརྒྱ་སྟོང་ཞིག་ཡོད་དོ་ཞེས་བགྲང་བ་དང་། ཚད་གཟུང་བར་ནུས་ཀྱི།
གནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་
དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །གནས་འཇོག་གི་རྒྱུད་དག་གླིང་བཞི་པའི་
འཇིག་རྟེན་གྱི་ཁམས་ཀྱང་ཞོག །རིའི་རྒྱལ་པོ་ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དག་ཀྱང་ཞོག་གི །གནས་འཇོག་གི་རྒྱུད་དག་རྒྱ་མཚོ་ཆེན་པོ་ནི་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་ཅིང་། རྒྱར་ནི་དཔག་ཏུ་མེད་པའོ། །དེ་ལ་ཡང་བུམ་པ་འདི་སྙེད་ཅིག་ཡོད་དོ་ཞེའམ།
བུམ་པ་བརྒྱའམ། བུམ་པ་སྟོང་ངམ། བུམ་པ་བརྒྱ་སྟོང་ཞིག་ཡོད་དོ་ཞེས་བགྲང་བ་དང་། ཚད་གཟུང་བར་ནུས་ཀྱི། གནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་
སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་
པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །གནས་འཇོག་གི་རྒྱུད་དག་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱང་ཞོག །རིའི་རྒྱལ་པོ་ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དག་ཀྱང་ཞོག །རྒྱ་མཚོ་ཆེན་པོ་ཡང་ཞོག་གི །གནས་འཇོག་གི་

རྒྱུད་དག་རིའི་རྒྱལ་པོ་རི་རབ་ནི་དཔག་ཚད་བརྒྱད་ཁྲི་ཆུའི་ནང་དུ་ནུབ་ཅིང་། དཔག་ཚད་བརྒྱད་ཁྲི་ཆུ་ལས་གྱེན་དུ་མངོན་དུ་འཕགས་སོ། །དེ་ལ་ཡང་སྲང་འདི་སྙེད་ཅིག་ཡོད་དོ་ཞེའམ། སྲང་བརྒྱའམ། སྲང་སྟོང་ངམ། སྲང་བརྒྱ་སྟོང་ཞིག་ཡོད་དོ་ཞེས་བགྲང་བ་དང་།
ཚད་གཟུང་བར་ནུས་ཀྱི། གནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །ཆོས་
ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །གནས་འཇོག་
གི་རྒྱུད་དག་དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྦྱིན་པས་དཔག་ཏུ་མེད་པ་དག་གི་ཕྱིར་རོ། །ཚུལ་ཁྲིམས་ཀྱིས་དཔག་ཏུ་མེད་པ་དག་དང་། བཟོད་པས་དཔག་ཏུ་མེད་པ་དག་དང་། བརྩོན་འགྲུས་ཀྱིས་དཔག་ཏུ་མེད་
པ་དག་དང་། བསམ་གཏན་གྱིས་དཔག་ཏུ་མེད་པ་དག་དང་། ཤེས་རབ་ཀྱིས་དཔག་ཏུ་མེད་པ་དག་དང་། རྫུ་འཕྲུལ་གྱིས་དཔག་ཏུ་མེད་པ་དག་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་དཔག་ཏུ་མེད་པ་དག་དང་། ཀུན་བརྗོད་པས་དཔག་ཏུ་མེད་པ་དག་དང་། ཀུན་བརྗོད་པའི་
ཆོ་འཕྲུལ་གྱིས་དཔག་ཏུ་མེད་པ་དག་དང་། རྗེས་སུ་བསྟན་པས་དཔག་ཏུ་མེད་པ་དག་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་དཔག་ཏུ་མེད་པ་དག་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་
པོ་དཔག་ཏུ་མེད་པའི་ཕྱིར་ཏེ། གནས་འཇོག་གི་རྒྱུད་དག་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དག་གི་ཕྱིར་རོ། །སེང་གེའི་སྒྲ་ཆེན་པོ་དང་ལྡན་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྟོང་གསུམ་

གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལན་གསུམ་དུ་འགུལ། ཀུན་དུ་འགུལ། ཀུན་དུ་རབ་ཏུ་འགུལ། གཡོས། ཀུན་དུ་གཡོས། ཀུན་དུ་རབ་ཏུ་གཡོས། ལྡེག །ཀུན་དུ་ལྡེག །ཀུན་དུ་རབ་ཏུ་ལྡེག །འཁྲུགས། ཀུན་དུ་འཁྲུགས། ཀུན་དུ་རབ་ཏུ་འཁྲུགས་པར་
གྱུར་ཏོ། །དེ་ནས་འཁོར་གྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རང་གི་རིས་ན་གནས་པ་གཉིས་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་འདི་ནི་ཀུ་ཤའི་གྲོང་ཁྱེར་དང་ཉེ་བ་ན་བཞུགས་ཏེ། ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་རྫུ་
འཕྲུལ་གྱི་ཆོ་འཕྲུལ་ཆེན་པོས་འདུན་པར་མཛད་ནས་རིང་པོ་མི་ཐོགས་པར་ད་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས། གང་འོ་ན་བདག་ཅག་དོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ལ་ཐ་མར་བལྟ་བའི་ཕྱིར་འདོང་ངོ་སྙམ་མོ། །དེ་ནས་འཁོར་གྱི་བདག་པོ་ཚངས་པ་དང་། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རང་གི་རིས་ནས་མི་སྣང་བར་གྱུར་ཏེ། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་
དོ། །འཁོར་གྱི་བདག་པོ་ཚངས་པ་ཕྱོགས་གཅིག་ཏུ་འདུག་པས་དེའི་ཚེ་ཚིགས་སུ་བཅད་པ་དག་གསོལ་པ། རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །དེ་དག་མཐོང་བ་རྙེད་པར་དཀའ། །ཨུ་དུམ་བཱ་རའི་མེ་ཏོག་བཞིན། །བསྐལ་པ་བྱེ་བར་རྙེད་པར་དཀའ། །ཤཱཀྱ་སེང་གེ་མི་ཡི་མཆོག །སྟོན་ཁྱོད་
དེ་བཞིན་རྙེད་པར་དཀའ། །གཟུགས་ན་སྤྱོད་པའི་ལྷར་བཅས་ཏེ། །ཐལ་མོ་རབ་སྦྱར་ཁྱོད་ལ་འདུད། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཕྱོགས་གཅིག་ཏུ་འདུག་པས་དེའི་ཚེ་ཚིགས་སུ་བཅད་པ་དག་གསོལ་པ། བདག་གི་ཆོས་མིག་རྣམ་པར་དག །སྙིང་ལ་ཆོས་ཀྱི་སྒྲོན་མ་འབར། །ངན་སོང་
སྒོ་རྣམས་བཅད་ལགས་ཏེ། །བདག་ལ་ངན་འགྲོའི་འཇིགས་མ་མཆིས། །ཨེ་མའོ་སྟོན་པ་ཐུགས་རྗེ་ཅན། །ཕན་པར་བཞེད་དང་ཐུགས་བརྩེ་བ། །འདོད་པར་སྤྱོད་པའི་ལྷར་བཅས་ཏེ། །ཐལ་མོ་རབ་སྦྱར་ཁྱེད་ལ་འདུད། །མི་ཐོགས་ཡོངས་སུ་མྱ་ངན་འདའ། །ཁྱོད་ལ་ཐ་མར་ལྟ་བ་ལགས། །འཁོར་གྱི་

བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་ཞལ་དུ་ཕྱོགས་ཤིང་ལྟ་བས་དོང་སྟེ། མགོ་
བོས་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཇི་ལྟར་ལྷགས་པ་བཞིན་དུ་ཐུགས་སུ་ཆུད་ནས་བསམ་པ་དང་། ཕྲ་རྒྱས་དང་། ཁམས་དང་། རང་བཞིན་རྣམ་པར་མཁྱེན་ཏེ། འཕགས་པའི་བདེན་པ་བཞི་ཡང་དག་པར་རབ་ཏུ་རྟོགས་པར་བྱེད་པའི་ཆོས་བསྟན་
པ་དེ་ལྟ་བུ་མཛད་པར་གྱུར་ཏེ། དེ་ཐོས་པ་ཁོ་ན་ལས་ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཀྱིས་ཁ་ཅིག་གིས་ནི་དྲོ་བར་གྱུར་པའི་དགེ་བའི་རྩ་བ་དག་བསྐྱེད་དོ། །ཁ་ཅིག་གིས་ནི་རྩེ་མོ་དག་བསྐྱེད་དོ། །ཁ་ཅིག་གིས་ནི་བཟོད་པ་ཆུང་ངུ་དང་འབྲིང་དག་བསྐྱེད་དོ། །ཁ་ཅིག་གིས་ནི་བདེན་པ་དང་
རྗེས་སུ་འཐུན་པའི་ཆོས་ཀྱི་མཆོག་རྣམས་བསྐྱེད་དོ། །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་
ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ། །ཁ་ཅིག་གིས་ནི་རང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཏུ་གྱུར་ཏོ། །ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
སེམས་བསྐྱེད་པ་དག་ཏུ་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འབྲས་བུ་ཡོད་པའི་ཆོས་ཀྱི་འབྲས་བུ་སྟོན་པ་དག་ཡིན་ཏེ། འཁོར་དེ་ལས་གང་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་དགའ་བར་རྣམ་པར་གནས་སོ། །འདི་ནི་
བཅོམ་ལྡན་འདས་ཀྱི་འདུལ་བ་རྣམས་འདུས་པ་ཆེན་པོ་ཐ་མར་བྱུང་བ་ཡིན་ནོ། །དེ་ནས་ཀུ་ཤའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་ཡིད་བྱུང་བ་མཆོག་གིས་ཡིད་བྱུང་བར་གྱུར་ཅིང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་

འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་དོང་བར་གྱུར་ཏོ། །འཕགས་པ་རྡོ་འཕངས་པའི་མདོ་རྫོགས་སོ།། །།ལོཙྪ་བ་བཟང་སྐྱོང་གིས་བསྒྱུར། དཔལ་བརྩེགས་ཀྱིས་ཞུ་ཆེན་བགྱིས། །།
༄༅༅། །རྒྱ་གར་སྐད་དུ། ཀུ་མཱ་ར་དྲྀ་ཥྚཱནྟ་སཱུ་ཏྲ། བོད་སྐད་དུ། གཞོན་ནུ་དཔེའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་དང་།
མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དགེ་སྦྱོང་གཽ་ཏ་མ་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་དང་། མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་
མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། ཤེས་ལྡན་གཽ་ཏ་མ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་བདག་ཉིད་ཞལ་གྱིས་འཆེའོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་
དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་བདག་གིས་
ཤེས་ལྡན་གཽ་ཏ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་བདག་ཉིད་ཞལ་གྱིས་འཆེའོ་ཞེས་ཐོས་ལགས་ན། གཽ་ཏ་མ་གང་དག་དེ་སྐད་ཅེས་ལུང་བསྟན་པ་དེ་དག་ཇི་ག་དགེ་སྦྱོང་གཽ་ཏ་མ་ལ་སྐུར་པ་འདེབས་པ་མ་ལགས་སམ། ཐལ་བར་སྨྲ་བ་མ་ལགས་སམ།
ཤེས་ལྡན་གཽ་ཏ་མས་གསུངས་པ་བཞིན་སྨྲ་བ་ལགས་སམ། ཆོས་སྨྲ་བ་ལགས་སམ། ཆོས་དང་འཐུན་པའི་ཆོས་ལུང་སྟོན་པ་ལགས་སམ། ཇི་ག་དེ་དག་གི་དྲུང་དུ་ཕ་རོལ་པོ་ཆོས་དང་འཐུན་པར་རྩོད་པའི་རྗེས་སུ་རྩོད་པ་མཆིས་ན། སྨོད་པའི་ཆོས་ཀྱི་གནས་སུ་མི་འགྱུར་ལགས་སམ།

རྒྱལ་པོ་ཆེན་པོ་གང་དག་དེ་སྐད་དུ་སྨྲ་བ་དེ་དག་ནི་དེ་སྐད་དུ་ལུང་སྟོན་པ་བདེན་ཏེ། ང་ལ་སྐུར་པ་འདི་འདེབས་པ་མ་ཡིན། ཐལ་བར་སྨྲ་བ་མ་ཡིན། དེ་ནི་གསུངས་པ་བཞིན་སྨྲ་བ་ཡིན། ཆོས་དང་འཐུན་པའི་ཆོས་ལུང་སྟོན་པ་ཡིན་ཏེ། དེ་དག་གི་དྲུང་དུ་ཕ་རོལ་པོ་ཆོས་དང་
འཐུན་པའི་རྩོད་པའི་རྗེས་སུ་རྩོད་པ་འོངས་ནས་སྨོད་པའི་ཆོས་ཀྱི་གནས་སུ་མི་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ཅིའི་ཕྱིར་ཞེ་ན། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ། །ཤེས་ལྡན་གཽ་ཏ་མ་དེ་སྐད་མོད་ཀྱི། ཤེས་ལྡན་གཽ་ཏ་མ་བདག་ཡིད་མི་ཆེས་
ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཀྱེ་གཽ་ཏ་མ་རེ་ཞིག་རྒན་ཞིང་རྒན་པའི་དགེ་སྦྱོང་དང་། བྲམ་ཟེ་ནི་འདི་དག་ལགས་ཏེ། འདི་ལྟ་སྟེ། འོད་སྲུང་རྫོགས་བྱེད་དང་། ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་།
ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་གང་ལགས་པ་དེ་དག་ཀྱང་ད་དུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བདག་ཉིད་གཡར་གྱིས་མི་མཆི་ལགས་ན། ཤེས་ལྡན་གཽ་ཏ་མ་འཁྲུངས་ནས་རིང་པོ་མ་ལགས་པ་གསར་དུ་རབ་ཏུ་
འབྱུང་བས་ལྟ་སྨོས་ཀྱང་ཅི་འཚལ། རྒྱལ་པོ་ཆེན་པོ་གཞོན་ནུ་བཞི་པོ་འདི་དག་ལ་ཁྱད་དུ་གསད་པར་མི་བྱ། ཟིལ་གྱིས་མནན་པར་མི་བྱ་སྟེ། བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་རྒྱལ་རིགས་གཞོན་ནུ་ཁྱད་དུ་གསད་པར་མི་བྱ། གཞོན་ནུ་ལ་ཟིལ་གྱིས་མནན་པར་མི་བྱའོ། །རྒྱལ་པོ་
ཆེན་པོ་སྦྲུལ་གཞོན་ནུ་ལ་ཁྱད་དུ་གསད་པར་མི་བྱ། གཞོན་ནུ་ལ་ཟིལ་གྱིས་མནན་པར་མི་བྱའོ། །རྒྱལ་པོ་ཆེན་པོ་མེ་ཆུང་ངུ་ལ་ཁྱད་དུ་གསད་པར་མི་བྱ། ཟིལ་གྱིས་མནན་པར་མི་བྱའོ། །རྒྱལ་པོ་ཆེན་པོ་དགེ་སློང་གཞོན་ནུ་ལ་ཁྱད་དུ་གསད་པར་མི་བྱ། གཞོན་ནུ་ལ་ཟིལ་གྱིས་
མནན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་གཞོན་ནུར་གྱུར་ཀྱང་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བའི་དགྲ་བཅོམ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས། །བཀའ་སྩལ་ནས་ནི་བདེ་གཤེགས་ཀྱིས། །དེ་སྐད་ཅེས་ནི་བཀའ་སྩལ་ནས། །སྟོན་པས་གཞན་ཡང་འདི་སྐད་

གསུངས། །རྒྱལ་རིགས་དཔེ་མེད་ལྡན་པ་དང་། །རིགས་བཙུན་གྲགས་པར་ལྡན་པ་ལ། །བློ་དང་ལྡན་པས་དེ་གཞོན་ཞེས། །ཁྱད་དུ་མི་གསད་ཟིལ་མི་མནན། །རྒྱལ་པོ་རྒྱལ་རིགས་མཁས་པ་ཡིས། །རྒྱལ་སྲིད་དག་ནི་ཐོབ་གྱུར་ནས། །ཆད་པས་གསོད་པའི་གནས་དེ་ཡོད། །དེ་
བས་དེ་ལ་ཤིན་ཏུ་གདུང་། །དེ་ལྟར་རང་གི་སྲོག་སྲུང་ཞིང་། །རང་གི་དོན་ལ་ལྟ་བས་ནི། །དེ་ནི་ཁྱད་དུ་མི་གསད་ཅིང་། །དེ་ལ་ལེགས་པར་བག་ཀྱང་བྱ། །གལ་ཏེ་གྲོང་ངམ་དགོན་པའང་རུང་། །གང་དུ་སྦྲུལ་ནི་མཐོང་གྱུར་ན། །བློ་དང་ལྡན་པས་དེ་གཞོན་ཞེས། །ཁྱད་དུ་མི་གསད་
ཟིལ་མི་མནན། །འདི་ལྟར་སྦྲུལ་ནི་རྒྱུ་བ་ན། །རིགས་ནི་རྣམ་པ་སྣ་ཚོགས་ལ། །གླགས་རྙེད་ནས་ནི་གཞོན་ནུས་ཀྱང་། །སྐྱེས་པ་བུད་མེད་དུ་མ་ཟིན། །དེ་ལྟས་རང་གི་སྲོག་སྲུང་ཞིང་། །རང་གི་དོན་ལ་ལྟ་བས་ནི། །དེ་ནི་ཁྱད་དུ་མི་གསད་ཅིང་། །དེ་ལ་ལེགས་པར་བག་ཀྱང་བྱ། །
འབར་བ་མང་བ་ཟ་བྱེད་པ། །བྱིན་ཟ་ལམ་སྔོན་ལྡན་པ་དེ། །ཆུང་ཡང་ཁྱད་དུ་མི་གསད་ཅིང་། །མཁས་པས་ཟིལ་གྱིས་མནན་མི་བྱ། །ཉེ་བར་ལེན་པས་བྱིན་ཟ་ནི། །ཆུང་ངུར་གྱུར་ལས་ཆེན་པོར་འགྱུར། །མེ་ལྕེ་འབར་བས་མྱུར་བར་ནི། །གྲོང་དང་གྲོང་ཁྱེར་སྲེག་པར་བྱེད། །དེ་
ཕྱིར་བདག་སྲོག་སྲུང་བྱེད་པས། །དེ་ནི་ཁྱད་དུ་མི་གསད་ཅིང་། །བདག་ཉིད་དོན་ལ་ལེགས་ལྟ་བས། །དེ་ལ་ལེགས་པར་བག་ཀྱང་བྱ། །བྱིན་ཟ་ལམ་སྔོན་ལྡན་གྱུར་པའི། །མེ་ཡིས་ཚང་ཚིང་གང་བསྲེགས་པ། །དེ་ལ་ཉིན་མཚན་འདས་གྱུར་པས། །ལ་ལར་ལོ་མ་སྐྱེ་བར་
འགྱུར། །གང་གིས་ཚུལ་ཁྲིམས་ལྡན་པ་ཡི། །དགེ་སློང་རྙེད་ནས་སྲེག་བྱེད་པ། །དེ་ལ་བུ་དང་ཚ་བོ་དང་། །བགོ་སྐལ་ཡོད་པར་མི་འགྱུར་ཏེ། །ཏ་ལའི་མགོ་བཞིན་མི་རིང་བར། །རིགས་རྒྱུད་དང་ཡང་བྲལ་བར་འགྱུར། །དེ་ཕྱིར་བདག་སྲོག་སྲུང་བྱེད་པས། །དེ་ནི་ཁྱད་
དུ་གསད་མི་བྱ། །བདག་ཉིད་དོན་ལ་ལེགས་ལྟ་བས། །དེ་ལ་ལེགས་པར་བག་ཀྱང་བྱ། །རྒྱལ་རིགས་དཔེ་བྱད་ལྡན་པ་དང་། །བྲང་འགྲོ་མེ་དང་དེ་བཞིན་དུ། །དགེ་སློང་ཚུལ་ཁྲིམས་ལྡན་པ་དེ། །མཁས་པས་ཟིལ་གྱིས་མནན་མི་བྱ། །དེ་ཕྱིར་བདག་སྲོག་སྲུང་བྱེད་པས། །དེ་

ནི་ཁྱད་དུ་གསད་མི་བྱ། །བདག་ཉིད་དོན་ལ་ལེགས་ལྟ་བས། །དེ་ནི་ལེགས་པར་སྤང་བར་བྱ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་པ་བྱས་ནས། བཅོམ་ལྡན་འདས་ཀྱི་
ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་སོང་ངོ་། །གཞོན་ནུ་དཔེའི་མདོ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དྷཱ་ཏུ་བ་ཧུ་ཏ་ཀ་སཱུ་ཏྲ། བོད་སྐད་དུ། ཁམས་མང་པོ་པའི་མདོ།
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་པུ་དབེན་
པར་སོང་སྟེ། ནང་དུ་ཡང་དག་བཞག་ནས་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་།
འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱེ་མ་རེད་ནང་དུ་ཡང་དག་འཇོག་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་
འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདིར་བདག་གཅིག་པུ་དབེན་པར་མཆིས་ཏེ། ནང་དུ་ཡང་དག་བཞག་ན་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ། འདི་ལྟ་བུ་
དག་སྐྱེས་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ལགས་སོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་

མ་ལགས་སོ་སྙམ་མོ། །ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་
སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ། །ཀུན་དགའ་བོ་དཔེར་ན་འདམ་བུ་སྐམ་པོའི་ཁང་པའམ། རྩྭ་སྐམ་པོའི་ཁང་པའམ། སོག་མ་སྐམ་པོའི་ཕུང་པོ་དག་ལ་མེ་བཏང་ན་དེ་རྣམས་ཀྱང་ཚིག་པར་བྱེད་དོ། །དེ་བཞིན་དུ་འཇིགས་པ་གང་
དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ། །ཀུན་
དགའ་བོ་འདས་པའི་དུས་སུ་འཇིགས་པ་གང་དག་བྱུང་ཞིང་སྐྱེས་པ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་བྱུང་ཞིང་སྐྱེས་པ་དེ་དག་ཐམས་ཅད་ནི་བྱིས་པ་ལས་
སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ། །ཀུན་དགའ་བོ་མ་འོངས་པའི་དུས་འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེ་བར་འགྱུར་གྱི་མཁས་པ་ལས་ནི་མ་ཡིན་ནོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་
དག་འབྱུང་ཞིང་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེ་བར་འགྱུར་གྱི་མཁས་པ་ལས་ནི་མ་ཡིན་ནོ། །ཀུན་དགའ་བོ་དེ་ལྟར་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དག་ཏུ་འཇིགས་པ་དང་བཅས་པ་ནི་བྱིས་པའོ། །འཇིགས་པ་མེད་པ་ནི་མཁས་
པའོ། །ཡམས་ཀྱི་ནད་དང་བཅས་པ་ནི་བྱིས་པའོ། །ཡམས་ཀྱི་ནད་མེད་པ་ནི་མཁས་པའོ། །གནོད་པ་དང་བཅས་པ་ནི་བྱིས་པའོ། །གནོད་པ་མེད་པ་ནི་མཁས་པའོ། །ནད་འགོ་བ་དང་བཅས་པ་ནི་བྱིས་པའོ། །ནད་འགོ་བ་མེད་པ་ནི་མཁས་པའོ། །འཁྲུག་པ་དང་བཅས་པ་ནི་བྱིས་

པའོ། །འཁྲུག་པ་མེད་པ་ནི་མཁས་པའོ། །ཀུན་དགའ་བོ་འཇིགས་པ་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་དག་ནི་བྱིས་པ་ལས་ཡིན་གྱི་མཁས་པ་ལས་ནི་མ་ཡིན་པར་ཤེས་པར་བྱའོ། །ཀུན་དགའ་བོ་དེ་ལྟ་བས་ན་བྱིས་པའི་
ཆོས་དང་། མཁས་པའི་ཆོས་ཁོང་དུ་ཆུད་པར་བྱའོ། །བྱིས་པའི་ཆོས་དང་། མཁས་པའི་ཆོས་དག་ཁོང་དུ་ཆུད་ནས་ཀྱང་བྱིས་པའི་ཆོས་ནི་སྤང་བར་བྱའི། མཁས་པའི་ཆོས་ནི་ཡང་དག་པར་བླང་བར་བྱ་སྟེ། ཀུན་དགའ་བོ་དེ་ལྟར་དེ་བཞིན་དུ་བསླབ་པར་བྱའོ། །བཙུན་པ་ཇི་ཙམ་
གྱིས་ན་བྱིས་པ་བྱིས་པ་ཞེས་བགྱི་བའི་གྲངས་སུ་མཆི་བ་ལགས། ཀུན་དགའ་བོ་བྱིས་པ་ནི་ཁམས་ལ་མཁས་པ་མ་ཡིན་པ་དང་། སྐྱེ་མཆེད་ལ་མཁས་པ་མ་ཡིན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་མ་ཡིན་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་མ་ཡིན་
པ་སྟེ། ཀུན་དགའ་བོ་དེ་ཙམ་གྱིས་ན་བྱིས་པ་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ། །བཙུན་པ་ཇི་ཙམ་གྱིས་ན་མཁས་པ་མཁས་པ་ཞེས་བགྱི་བའི་གྲངས་སུ་མཆི་བ་ལགས། ཀུན་དགའ་བོ་མཁས་པ་ནི་ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་
འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡིན་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ། །བཙུན་པ་ཇི་ཙམ་གྱིས་ན་མཁས་པ་ཁམས་ལ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི་
ཁམས་བཅྭ་བརྒྱད་པོ་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་
དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དག་ཡང་

དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། ཀུན་དགའ་བོ་དེ་ལྟར་ན་ཁམས་བཅྭ་བརྒྱད་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ། །གཞན་ཡང་ཁམས་དྲུག་པོ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་།
རྣམ་པར་ཤེས་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ། །གཞན་ཡང་ཁམས་དྲུག་པོ་འདོད་པའི་ཁམས་དང་། གནོད་སེམས་ཀྱི་ཁམས་དང་། རྣམ་པར་འཚེ་བའི་ཁམས་དང་།
ངེས་པར་འབྱུང་བའི་ཁམས་དང་། གནོད་སེམས་མེད་པའི་ཁམས་དང་། རྣམ་པར་འཚེ་བ་མེད་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ། །གཞན་ཡང་ཁམས་དྲུག་པོ་བདེ་བའི་ཁམས་
དང་། སྡུག་བསྔལ་གྱི་ཁམས་དང་། ཡིད་བདེ་བའི་ཁམས་དང་། ཡིད་མི་བདེ་བའི་ཁམས་དང་། བཏང་སྙོམས་ཀྱི་ཁམས་དང་། མ་རིག་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་
མཐོང་བ་ཡིན་ནོ། །གཞན་ཡང་ཁམས་བཞི་པོ་ཚོར་བའི་ཁམས་དང་། འདུ་ཤེས་ཀྱི་ཁམས་དང་། འདུ་བྱེད་ཀྱི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ། །གཞན་ཡང་ཁམས་གསུམ་པོ་འདོད་པའི་ཁམས་དང་།
གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ། །གཞན་ཡང་ཁམས་གསུམ་པོ་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། འགོག་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་
མཐོང་བ་ཡིན་ནོ། །གཞན་ཡང་ཁམས་གསུམ་པོ་འདས་པའི་ཁམས་དང་། མ་འོངས་པའི་ཁམས་དང་། ད་ལྟར་བྱུང་བའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ། །གཞན་ཡང་ཁམས་གསུམ་པོ་དམན་པའི་ཁམས་དང་། བར་མའི་ཁམས་དང་།

གྱ་ནོམ་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ། །གཞན་ཡང་ཁམས་གསུམ་པོ་དགེ་བའི་ཁམས་དང་། མི་དགེ་བའི་ཁམས་དང་། ལུང་དུ་མ་བསྟན་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ། །
གཞན་ཡང་ཁམས་གསུམ་པོ་སློབ་པའི་ཁམས་དང་། མི་སློབ་པའི་ཁམས་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ། །གཞན་ཡང་ཁམས་གཉིས་པོ་ཟག་པ་དང་བཅས་པའི་ཁམས་དང་།
ཟག་པ་མེད་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ། །གཞན་ཡང་ཁམས་གཉིས་པོ་འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ་
ཁམས་ལ་མཁས་པ་ཡིན་ནོ། །བཙུན་པ་ཇི་ཙམ་གྱིས་ན་མཁས་པ་སྐྱེ་མཆེད་ལ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི་སྐྱེ་མཆེད་བཅུ་གཉིས་པོ་མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་།
དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ་སྐྱེ་མཆེད་ལ་མཁས་པ་ཡིན་
ནོ། །བཙུན་པ་ཇི་ཙམ་གྱིས་ན་མཁས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཉིད་ལུགས་བཞིན་འབྱུང་བ་དང་། ལུགས་ལས་བཟློག་པ་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟར་མ་
རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་

རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་འབྱུང་ཞིང་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་
འགྱུར་རོ། །འདི་ལྟ་སྟེ། འདི་མེད་པས་འདི་མི་འབྱུང་། འདི་འགགས་པས་འདི་འགག་སྟེ། འདི་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་
འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་
འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་འགག་ཅིང་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་བ་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་
ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཡིན་ནོ། །བཙུན་པ་ཇི་ཙམ་གྱིས་ན་མཁས་པ་གནས་དང་གནས་མ་ཡིན་པ་ལ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི་གནས་ལ་གནས་དང་། གནས་མ་ཡིན་པ་ལ་གནས་མ་ཡིན་པ་
དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ། །ཀུན་དགའ་བོ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་པ་སྟེ། གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་དང་། ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་
དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ། །འདི་ནི་གནས་ཡིན་ཏེ། གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་དང་། ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་མ་ཡིན་པ་དང་། སྡུག་པ་མ་ཡིན་པ་དང་། དགའ་བ་མ་ཡིན་པ་དང་། ཡིད་དུ་འོང་བ་མ་

ཡིན་པ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་ཡིན་ནོ། །ཀུན་དགའ་བོ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་པ་སྟེ་གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་མ་ཡིན་པ་དང་། སྡུག་པ་མ་ཡིན་
པ་དང་། དགའ་བ་མ་ཡིན་པ་དང་། ཡིད་དུ་འོང་བ་མ་ཡིན་པ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ། །འདི་ནི་གནས་ཡིན་ཏེ་གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་། སྡུག་པ་དང་། དགའ་བ་
དང་། ཡིད་དུ་འོང་བ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་ཡིན་ནོ། །གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱད། ངག་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱད་ནས་རྒྱུ་དེ་དག་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་
ཀྱི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ། །འདི་ནི་གནས་ཡིན་ཏེ། གང་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱད། ངག་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱད་ནས་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་ཤི་ཕན་ཅད་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་
བ་འདི་ནི་གནས་ཡིན་ནོ། །གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱད། ངག་དང་། ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་ཤི་ཕན་ཅད་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ་སྐྱེ་བར་
འགྱུར་བ་འདི་ནི་གནས་མ་ཡིན་ནོ། །འདི་ནི་གནས་ཡིན་ཏེ་གང་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱད། ངག་དང་། ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་ཡིན་ནོ། །
གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་འཇིག་རྟེན་དུ་གང་སྔ་ཕྱི་མེད་པར་འབྱུང་བ་འདི་ནི་གནས་མ་ཡིན་ཏེ། གང་གཅིག་འབྱུང་བ་འདི་ནི་གནས་ཡིན་ནོ། །གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་འཁོར་ལོས་སྒྱུར་བ་གཉིས་འཇིག་རྟེན་དུ་གང་སྔ་ཕྱི་མེད་

པར་འབྱུང་བ་འདི་ནི་གནས་མ་ཡིན་ཏེ། གང་གཅིག་འབྱུང་བ་འདི་ནི་གནས་ཡིན་ནོ། །གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་བུད་མེད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། བརྒྱ་བྱིན་ཉིད་དང་། ཚངས་པ་ཉིད་དང་། བདུད་ཉིད་བྱེད་པར་འགྱུར་བ་དང་། རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ། །འདི་ནི་གནས་ཡིན་ཏེ་སྐྱེས་པ་གང་ཡིན་པའོ། །གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་བསམས་བཞིན་དུ་ཕ་དང་། མ་དང་། དགྲ་བཅོམ་
པ་གསོད་པར་འགྱུར་བ་དང་། དགེ་འདུན་གྱི་དབྱེན་བྱེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་འགྱུར་བ་ནི་གནས་མ་ཡིན་ནོ། །འདི་ནི་གནས་ཡིན་ཏེ་སོ་སོའི་སྐྱེ་བོ་གང་ཡིན་པའོ། །གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་བསམས་
བཞིན་དུ་སྲོག་ཆགས་ཀྱི་སྲོག་གཅོད་པར་འགྱུར་བ་དང་། བསླབ་པ་གཏང་ནས་ཉམས་པ་ལ་འཇུག་པར་འགྱུར་བ་དང་། འདི་ལས་ཕྱི་རོལ་པ་གཞན་དག་ལ་ཡོན་གནས་སུ་ཚོལ་བར་འགྱུར་བ་དང་། འདི་ལས་ཕྱི་རོལ་པ་གཞན་དག་ལ་སྟོན་པར་ལྟ་བར་འགྱུར་བ་དང་། དགེ་མཚན་དང་། བཀྲ་ཤིས་དག་
གིས་དག་པར་ཡིད་ཆེས་པར་འགྱུར་བ་དང་། དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ་དེ་དག་ཤེས་པར་བྱ་བ་ཤེས་ཤིང་བལྟ་བར་བྱ་བ་མཐོང་ངོ་སྙམ་ནས་དགེ་སྦྱོང་དང་བྲམ་ཟེ་གཞན་དག་གི་ངོར་རྟོག་ཅིང་ངོར་ལྟ་བར་འགྱུར་བ་དང་། སྲིད་པ་བརྒྱད་པ་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་
གནས་མ་ཡིན་ནོ། །འདི་ནི་གནས་ཡིན་ཏེ་སོ་སོའི་སྐྱེ་བོ་གང་ཡིན་པའོ། །གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་མ་སྤངས་
པ་ནི་དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞག་ནས་གནས་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ། །འདི་ནི་གནས་ཡིན་ཏེ། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་

བ་གང་སྒྲིབ་པ་ལྔ་པོ་སྤངས་པས་ནི་དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞག་ནས་གནས་པར་འགྱུར་བ་འདི་ནི་གནས་ཡིན་ནོ། །གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་
སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་མ་སྤངས་པས་ནི་དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་གཞག་པ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པ་འདི་ནི་གནས་མ་ཡིན་ནོ། །འདི་ནི་གནས་ཡིན་ཏེ་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་
ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་སྤངས་པས་ནི་དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞག་ནས་གནས་པ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པར་འགྱུར་བ་འདི་ནི་གནས་ཡིན་ནོ། །གནས་མ་ཡིན་ཞིང་
གོ་སྐབས་མེད་པ་ནི་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་མ་སྤངས་པས་ནི་དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞག་ནས་གནས་པ་ན་བྱང་ཆུབ་
ཀྱི་ཡན་ལག་བདུན་བསྒོམས་ཏེ་རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ། །འདི་ནི་གནས་ཡིན་ཏེ། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་
པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་སྤངས་ནས་ནི་དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞག་ནས་གནས་པ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་ཏེ་རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི་གནས་ཡིན་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ་གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡིན་ནོ། །བཙུན་པ་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ནི་ལེའུ་བཞི་

པ་ཞེས་བྱ་བར་ཡང་ཟུང་ཤིག །ཆོས་ཀྱི་མེ་ལོང་ཞེས་བྱ་བར་ཡང་ཟུང་ཤིག །བདུད་རྩིའི་རྔ་བོ་ཆེ་ཞེས་བྱ་བར་ཡང་ཟུང་ཤིག །ཁམས་མང་པོ་པ་ཞེས་བྱ་བར་ཡང་ཟུང་ཤིག །དེ་བས་ན་ཁམས་མང་པོ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་འདིའི་ཚིག་བླ་དགས་ཡིན་ནོ། །ཁམས་མང་པོ་པ་ཞེས་བྱ་བའི་
མདོ་རྫོགས་སོ། ༄༅༅། །རྒྱ་གར་སྐད་དུ། གཎ་ཌཱི་སཱུ་ཏྲ། བོད་སྐད་དུ། གཎ་ཌཱིའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་
ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་དགེ་སློང་སྟོང་དུ་ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་
ཐོབ་པ། སྲིད་པར་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་རྣམས་དང་། བཅོམ་ལྡན་འདས་ཐབས་ཅིག་གོ། །དེའི་ཚེ་རྒྱལ་པོ་གསལ་རྒྱལ་ཞེས་བྱ་བ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་
མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མ་འོངས་པའི་དུས་སུ་རྩོད་པའི་དུས་ཀྱི་ཚེ་སེམས་ཅན་ཐམས་ཅད་སྡིག་པའི་སེམས་དང་། འཐབ་པའི་སེམས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་ཀུན་དུ་ལྡན་པ། ཕ་རོལ་གྱི་ཡུལ་རྣམས་ལ་མཆོག་
ཏུ་ཞེན་པ། གཅིག་ལ་གཅིག་ཟ་བ་ལ་བརྩོན་པ། བཅོམ་ལྡན་འདས་ཀྱིས་སྔོན་གསུངས་པའི་དུས་འཇིག་པར་བྱེད་པ། དམ་པའི་ཆོས་སྤོང་བར་བྱེད་པ། སངས་རྒྱས་དང་། ཆོས་དང་། འདོད་ཆགས་དང་བྲལ་བ་རྣམས་སུན་འབྱིན་པ་དེ་རྣམས་གཞིག་པའི་ཐབས་གང་གིས་བྱང་ཆུབ་ལ་མཆོག་ཏུ་གཞོལ་བར་འགྱུར་
བའི་ཐབས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡང་དག་པར་བསྲུང་བའི་ཕྱིར་འདྲི་བར་བྱེད་པ་ལེགས་སོ་ལེགས་སོ། །དེའི་ཕྱིར་ལེགས་པར་རབ་

ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་ངས་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེའི་ཚེ་ཀུན་དུ་སྒྲ་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་པ་དེའི་ཚེ་དམྱལ་བ་ཐམས་ཅད་རྒྱུན་ཆད་པ་དང་། སྡང་བའི་སེམས་དང་ལྡན་
པ་ཐམས་ཅད་ཀྱང་སྡང་བའི་སེམས་དང་བྲལ་ཞིང་བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་གཞོལ་བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསལ་རྒྱལ་ཁྱོད་ཀྱིས་མཐོང་ངམ། ཀུན་དུ་ཐོས་སམ། ཤེས་སམ། རྟོགས་སམ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་
ལགས་སོ། །ཁུམས་ཤིང་ཀུན་དུ་ཁུམས་ལ་འཚལ་ཞིང་རྟོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསལ་རྒྱལ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་མ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སྐྱེད་པ། ཉན་ཐོས་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཕྱག་
བྱས་པ། མཆོད་པ། བསམས་པ། བསྒོམས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲའི་གཟུགས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོང་བར་བྱེད་པ། མུ་སྟེགས་པ་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ། སྡང་བའི་སེམས་འདུལ་བར་བྱེད་པ། སྡིག་པའི་སེམས་འཇོམས་པར་བྱེད་པ། ཞེ་སྡང་བའི་སེམས་རྣམ་པར་
སེལ་བར་བྱེད་པ། གཏི་མུག་གི་སེམས་རབ་ཏུ་འཇིག་པར་བྱེད་པ། འདོད་ཆགས་ཀྱི་སེམས་རྣམ་པར་སྤོང་བར་བྱེད་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་སྐྱོང་བར་བྱེད་པ། སངས་རྒྱས་ཀྱི་སེམས་འཕེལ་བར་བྱེད་པ། སངས་རྒྱས་འབྱུང་བ་བསྟེན་པར་བྱེད་པ། འཐབ་པ་དང་། འགྱེད་པ་དང་། འཁྲུག་པ་དང་། རྩོད་པ་དང་།
སྡུག་བསྔལ་བ་དང་། རྨི་ལམ་ངན་པ་དང་། ཀུན་འདུལ་བ་ཐམས་ཅད་འཇིག་པར་བྱེད་པ། གློ་བུར་གྱི་ནད་དང་། འཆི་བ་ཞི་བར་བྱེད་པ་དང་། དུས་མ་ཡིན་པར་འཆི་བ་དང་། རིམས་ལ་སོགས་པ་ཞི་བར་བྱེད་པ། ཕ་རོལ་གྱི་དཔུང་འདུལ་བར་བྱེད་པ། བདུད་རྣམ་པར་འཇིག་པར་བྱེད་པ། གདུང་བ་སེལ་བར་བྱེད་པ། སྐལ་བ་
བཟང་པོ་ཡང་དག་པར་འཕེལ་བར་བྱེད་པ། ཚེ་དང་ནད་མེད་པ་སྟེར་བར་བྱེད་པ། འཆི་བའི་འཇིགས་པ་ཞི་བར་བྱེད་པ། ཐར་པ་དང་དཔལ་འཕེལ་བར་བྱེད་པ། གང་གིས་ཐོས་ནས་རྗེས་སུ་ཡི་རང་བ་དེ་ལ་ཡིད་བཞིན་གྱི་ནོར་བུ་ལྟར་འབྲས་བུ་རབ་ཏུ་སྟེར་བ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཎ་ཌཱིའི་

གཟུགས་ཀྱིས་བཞུགས་སོ་ཞེས་ཐོས་པ་དང་། གསལ་རྒྱལ་སེམས་དང་བ་སྐྱེས་ནས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདིའི་ཚད་ནི་ཇི་ཙམ་ལགས། མདོག་ནི་ཅི་འདྲ་བ་ལགས། བྱེ་བྲག་ནི་དུ་ཞིག་ལགས། བརྡུང་བ་ནི་ཅི་འདྲ་བ་ལགས། གང་གིས་བརྡུང་
བར་བགྱི། གང་གི་ཚེ་གང་གི་དུས་ན་ཇི་སྲིད་དུ་བརྡུང་བར་བགྱི། ཇི་ལྟར་གཞག་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྱོར་པར་འདོད་པས་ཤིང་རྣམས་ནི། །རབ་ཏུ་འབད་དེ་བརྟག་པར་བྱ། །ཙན་དན་བིལ་བ་པ་ལ་ཤ། །ཨ་ཤྭད་ཐ་དང་ཙན་དན་དམར། །རྒྱ་སྟར་
ཏ་ལ་ཀིང་ཤུ་ཀ། ཤིང་ཤ་པ་དང་ཏམ་ལ། །ཨ་མྲ་སྟར་བུ་སྐྱུ་རུ་ར། །ཏིང་ཏི་ས་ར་ཨ་ཤོ་ཀ། འདི་དག་ཐམས་ཅད་མེད་ན་ཡང་། །འོ་སེ་ལས་ནི་འབད་དེ་བྱ། །རྒྱལ་པོ་འབད་པས་ཐམས་ཅད་དུ། །འདི་དག་མེད་ན་མི་བྱའོ། །ཚད་མེད་ཤིང་ངན་ལས་བྱས་དང་། །བརྡུངས་ན་སྒྲ་ནི་མི་འབྱུང་བའི། །སངས་རྒྱས་
ཡུམ་འདི་བརྡུངས་ན་ནི། །ཡུལ་འཁོར་འཚེ་བ་ངེས་པར་འབྱུང་། །གཙུག་ལག་ཁང་དུ་དགེ་སློང་རྣམས། །དེ་བཞིན་བློ་ནི་མི་འཐུན་དང་། །ཉེ་བར་གདུང་བ་འབྱུང་འགྱུར་ཞིང་། །རྣམ་པ་དུ་མར་རྩོད་པར་འགྱུར། །མུ་སྟེགས་ཅན་གྱི་དབང་འགྱུར་ཞིང་། །བདུད་ཀྱང་འབྱུང་བར་འགྱུར་བ་ཡིན། །གདུག་པའི་
ཀླུ་ནི་དུ་མ་ཡིས། །འབྲུ་རྣམས་ཀྱང་ནི་ཉམས་པར་བྱེད། །རྒྱལ་ཁམས་འདིར་མང་སེམས་ཅན་རྣམས། །རྣམ་པར་འཇིག་པ་ཉིད་དུ་འགྱུར། །གཙུག་ལག་ཁང་ཡང་འཇིག་འགྱུར་ཞིང་། །ཆོས་ཀྱང་ནུབ་པར་འགྱུར་བ་ཡིན། །བདུད་ཀྱི་ལྷ་རྣམས་དགེ་སློང་གི །དགེ་འདུན་ཤིན་ཏུ་མ་བསྡམས་བྱེད། །དེ་ལྟར་
ཡང་དག་ཤེས་ནས་ཀྱང་། །ལེགས་པར་ཡོངས་སུ་བརྟགས་ཏེ་བྱ། །ཚད་ནི་ཆུང་ངུ་སོར་བརྒྱད་ཀྱི། །བརྒྱད་ཅུ་རྩ་བཞི་ཉིད་བྱ་ཞིང་། །ཞེང་དུ་སོར་ནི་དྲུག་བྱ་སྟེ། །འཕང་དུ་ཡང་ནི་གཉིས་བྱའོ། །སོར་མོའི་ཚིགས་ཀྱི་ཚད་དག་གིས། །ཟུར་བཞིར་ཚད་ནི་གཉིས་པ་ཡིན། །ལེགས་མཉམ་ཉིད་ནི་ཤིན་ཏུ་གསལ། །
རྩེ་གཉིས་སྦལ་པའི་མགོ་བཞིན་ནོ། །དེ་ནས་རྡུང་བར་བྱེད་པ་ཡང་། །ཤིང་དེ་ཉིད་ལས་བཅད་དེ་བྱ། །སོར་བཅུ་གཉིས་ཀྱི་ཚད་དག་ལ། །ཟླུམ་ཞིང་རྩེ་གཉིས་ནེའུ་ལེའི་མགོ། །ཆང་ཟུངས་ཚད་ཀྱང་དེ་བཞིན་ཏེ། །ཤིན་ཏུ་འཇམ་དང་རྩིབས་མཉམ་པར། །གང་ཕྱིར་དེ་བརྡུངས་གཞན་དགོངས་པ། །འོག་ཏུའང་དེ་ཡི་ཁྲི་

བྱ་བ། །གཙུག་ལག་ཁང་གི་སྒོ་སྟེངས་སམ། །ཡང་ན་དབུས་མའི་སྟེང་དུ་བྱ། །དེ་ཡི་རབ་གནས་བྱ་བ་ནི། །ཤིན་ཏུ་བརྟན་པའི་ཆོས་ཀྱི་སྐུ། །སྐྱེད་པ་མ་ཡིན་འཇིག་བྱེད་མིན། །གདོད་ནས་མ་སྐྱེས་པ་དགེ་བ། །དེ་ལྟར་རབ་གནས་བྱས་ནས་ནི། །དེ་ནི་སྤྱན་དབྱེར་གྱུར་པ་ཡིན། །གཎ་ཌཱིའི་སྤྱན་དབྱེ་བྱས་
ནས་ཀྱང་། །དེ་འོག་གཙུག་ལག་ཁང་ཀུན་དུ། །ཀླུ་བདུན་གྱིས་ནི་བརྒྱན་པ་ལྟར། །བསྐྱེད་པའི་རིམ་གྱིས་བརྡུང་བར་བྱ། །དེ་འོག་དཀོན་མཆོག་གསུམ་ལ་ནི། །ཕྱག་བྱས་ནས་ནི་བརྡུང་བྱ་ཞིང་། །ཤང་རྩ་ལན་གསུམ་བརྗོད་པས་ནི། །ཆོས་ཀྱི་རྔ་རྣམས་བརྡུང་བར་བྱ། །མེ་ཏོག་གིས་ནི་དེ་བཞིན་ཁྲུས། །ཟན་
ཟ་ཉི་མ་འཆར་ནུབ་ཚེ། །དུས་གསུམ་ལ་ནི་ལན་གསུམ་སྟེ། །སྐུ་ཁྲུས་ཚེ་ན་ལན་གཉིས་བསྔགས། །གློ་བུར་གནོད་པ་ཆར་མི་འབབ། །དེ་བཞིན་འཐབ་དང་རྩོད་པ་དང་། །གློག་དང་གནོད་པ་ཆེན་པོ་དང་། །གནས་བརྟན་རྣམས་ནི་སྤྱན་འདྲེན་དང་། །ནད་དང་མུ་གེ་ཞི་བའི་ཕྱིར། །མ་འཚོལ་རིམ་གྱིས་
བརྡུང་བར་བྱ། །དགེ་སློང་རྣམས་དང་དགེ་ཚུལ་གྱིས། །དུས་རྣམས་རྟག་ཏུ་བརྡུང་བ་སྟེ། །གསོ་སྦྱོང་ལ་ནི་གནས་ཚེ་ཡི། །དགེ་བསྙེན་གྱིས་ཀྱང་བརྡུང་བར་བྱ། །མཚན་ཉིད་ཐམས་ཅད་རྫོགས་པ་དང་། །ཀླུ་བདུན་གྱིས་ནི་བརྒྱན་པར་བྱ། །རྒྱལ་པོ་གང་ཚེ་ཡུལ་འཁོར་དུ། །གཎ་ཌཱིའི་དེ་ནི་གྲག་གྱུར་པ། །དེར་ནི་
དཔལ་དང་གྲགས་པ་དང་། །འདོད་པ་དང་ནི་ལོ་ལེགས་འགྱུར། །ཕ་རོལ་དཔུང་གིས་འཇིགས་མེད་ཅིང་། །འབྲུ་རྣམས་ཀྱང་ནི་ཉམས་མི་འགྱུར། །སངས་རྒྱས་བྱིན་རླབས་འབྱོར་པ་ཡིས། །དེར་ནི་བདུད་རྣམས་འདུལ་བར་འགྱུར། །ཆོས་ཀྱི་རྔ་ནི་སྲིད་རྩེར་བཅས། །ཀུན་ནས་རབ་ཏུ་གཡོ་བར་འགྱུར། །
དམྱལ་དང་ཡི་དགས་འཇིག་རྟེན་རྣམས། །འཇིག་པར་འགྱུར་བར་ཐེ་ཚོམ་མེད། །ཐམས་ཅད་སངས་རྒྱས་རྟག་དད་ཅིང་། །ཐམས་ཅད་ཆོས་ལ་གཞོལ་བར་འགྱུར། །དེར་ནི་དགེ་འདུན་འདུལ་བར་ལྡན། །མཁས་པ་རྣམས་ཀྱང་འཕེལ་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེར་ནི་ནུབ་
པར་འགྱུར་བ་ཡིན། །རྒྱལ་པོ་ཚེ་རིང་ཆོས་ལྡན་ཞིང་། །བདེ་བ་དག་དང་ལྡན་པར་འགྱུར། །རྒྱལ་པོ་གཙུག་ལག་ཁང་ཀུན་དུ། །ཆོས་ཀྱི་རྔ་ནི་བརྡུངས་པ་ཡིས། །སྒྲ་ནི་གང་གི་རྣ་བ་ཡི། །ལམ་དག་ཏུ་ནི་གྲག་གྱུར་ཅིང་། །དུས་བཞི་དག་ཏུ་ཐོས་པ་ནི། །དེ་རྣམས་བྱང་ཆུབ་ཐོབ་པར་འགྱུར། །གང་

ཞིག་སྙིང་ནས་ཡི་རངས་པ། །དེ་ནི་གྲོལ་འགྱུར་ཐེ་ཚོམ་མེད། །གཎ་ཌཱིའི་མདོ་ནི་ལན་ཅིག་ཐོས། །མི་དེ་སྐྱེ་བ་དྲན་པར་འགྱུར། །གང་ན་མདོ་སྡེའི་མཆོག་འདི་གནས། །ཡུལ་འཁོར་དེར་ཡང་འབྱོར་པར་འགྱུར། །དུས་ཀུན་དུ་ནི་གནས་པ་དང་། །ཀློག་གམ་ཡང་ན་མཆོད་པར་བྱེད། །འདི་ནི་ཡིད་ལ་འཛིན་
བྱེད་པ། །སྡིག་པ་ལས་ནི་གྲོལ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་ཕྱག་བྱས་ནས་སོང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་།
མི་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གཎ་ཌཱིའི་མདོ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་དྷརྨྨ་ཤྲཱི་བྷ་དྲ་དང་། ལོཙྪ་བ་དགེ་སློང་ཚུལ་ཁྲིམས་ཡོན་ཏན་གྱིས་
བསྒྱུར། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བཅོས་ཏེ་གཏན་ལ་ཕབ་པ། །༄༅༅། །རྒྱ་གར་སྐད་དུ། གཎ་ཌཱི་ས་མ་ཡ་སཱུ་ཏྲ། བོད་སྐད་དུ། གཎ་ཌཱིའི་དུས་ཀྱི་མདོ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་
གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་དཀའི་གནས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ་བཀའ་སྩལ་པ། དགེ་སློང་དག་ལ་ལོ་རྣམས་ཀྱི་དུས་བཤད་པར་བྱ་ཡིས། དེ་ལེགས་པར་ཉོན་ཅིག །དགེ་སློང་རྣམས་དགུན་ཟླ་ར་བའི་ཟླ་
བ་ཕྱེད་དང་པོ་ལ་ནི་རྐང་པ་བདུན་