Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 064_མདོ་སྡེ།_ཝ

Văn bản gốc(Tây Tạng)

Trang 20 / 20 (50.000 ký tự/trang)
ུར་ཏོ། །སེམས་མི་སྐྱེ་བར་གྱུར་པའི་ཕྱིར་སེམས་རྟག་པར་འཛིན་ནས། དེ་བྱང་ཆུབ་ཀྱི་སེམས་འཆོལ་ཏེ། མུ་སྟེགས་གཉིས་རྟག་ཅེས་ཟེར་བའི་སྡེར་གྱུར་ཏོ། །ཡང་ཏིང་ངེ་འཛིན་དེའི་ནང་ནས་རིགས་ཀྱི་བུ་རྣམས་སེམས་དྲང་པོར་མི་
གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། བདུད་ཀྱིས་གླགས་མི་ཐོད་ནས་སྐྱེ་བའི་ཕྱི་མོ་ལ་བརྟགས་ཏེ། སེམས་མི་རྟོག་པར་མཐོང་ནས་ཕྱིན་ཅི་ལོག་རྣམ་བཞིས་སེམས་གཡོས་ཏེ། གཅིག་ཏུ་ན་ཕྱོགས་བཅུ་ག་ལ་ན་ཡང་ངས་ཁྱབ་བོ་ཞེས་ཟེར་བ་དང་། ཕྱོགས་བཅུའི་བྱེ་མ་སྙེད་ཀྱི་ཡུལ་
ས་བརྟགས་ཏེ། བསྐལ་པ་བྱུང་བའི་ཡུལ་ས་ལ་ནི་མི་རྟག་པར་བསམས། བསྐལ་པ་མ་བྱུང་བའི་ཡུལ་ས་ལ་ནི་རྟག་པར་བསམས། གསུམ་དུ་ན་རང་གི་སེམས་ལ་བརྟགས་ཏེ། སེམས་རྡུལ་ཙམ་དུ་ཕྲ་བར་མཐོང་ནས་ངའི་སེམས་ཕྱོགས་བཅུར་གར་སོང་ཡང་། ལུས་འགྱུར་མོད་ཀྱི་

སེམས་མི་འགྱུར་བས་ན་ངའི་སེམས་རྟག་གོ་ཞེས་འཛིན་ཏེ། སྐྱེ་ཤི་ཐམས་ཅད་ངའི་སེམས་ལས་བྱུང་བས་ན་ཁྱོད་དང་གཉེན་བཤེས་ལ་སོགས་པ་ཅི་ཡོད་པའི་རྣམས་མཐོང་། དེ་དག་ཅི་ཟེར་བའི་སྒྲ་ཡང་ཐོས་ཏེ། དེ་ནི་བསྒོམས་དྲག་པས་སེམས་ཕྱི་རོལ་དུ་བྱུང་བས་མཐོང་ཞིང་
ཐོས་པར་ཟད་དོ། །སེམས་དེ་ལ་ཞིབ་ཏུ་རྒྱུན་དུ་བསྒོམས་པས་དགེ་བའི་བཤེས་གཉེན་རྣམས་གློ་བུར་དུ་སྣ་ཚོགས་པར་འཕོ་ཞིང་འགྱུར་བར་མཐོང་སྟེ། དེ་ནི་སེམས་ཡོན་པོར་སོང་བ་དང་། གདོན་འདྲེ་ཞུགས་པ་ལས་གྱུར། བར་བར་གློ་བུར་དུ་ལྷའི་བདུད་ཁོང་དུ་ཞུགས་ནས་
ཆོས་ཟབ་མོ་ཐོགས་པ་མེད་པར་འཆད་མཁས་པར་འགྱུར་ཏེ། དེ་ནི་མ་ཡིན་པར་ཚོར་ན་ནི་རང་ཞི་མ་ཚོར་ན་ནི་ལོག་པར་འགྱུར་རོ། །ཏིང་ངེ་འཛིན་དེ་རྣམ་པ་བཅུ་ནི་བསྒོམ་པའི་སེམས་མཐོན་དམན་དུ་གྱུར་པས་གཟུགས་ཀྱི་ཕུང་པོའི་དོན་སྣང་བར་ཟད་དེ། དགེ་བའི་ལྟས་ནི་ཡིན།
འཕགས་པའི་འབྲས་བུ་ནི་མ་ཡིན་ནོ། །དེ་ལ་འཕགས་པའི་འབྲས་བུ་ཡིན་ནོ་སྙམ་དུ་བསམས་ན་ལོག་པར་འགྱུར་རོ། །དེ་རྣམས་རེ་ཞིག་གློ་བུར་དུ་མཐོང་བར་ཟད་དེ། དེ་ལྟར་མཐོང་ན་ནི་ཉེས་པ་མེད་དོ། །དེ་ལ་ཆགས་ན་ནི་དགྲ་ལ་བུར་འཛིན་ཏེ་བདུད་ཀྱིས་གླགས་
ཐོད་དོ། །གཟུགས་ཀྱི་ཕུང་པོ་ཟད་པ་དང་། སངས་རྒྱས་ཐམས་ཅད་ཀྱི་སེམས་མཐོང་བ་ནི་དཔེར་མེ་ལོང་སྣང་བའི་ནང་དུ་གཟུགས་མཐོང་བ་དང་མཚུངས་སོ། །ཐོབ་པ་ཡོད་ཀྱང་སྤྱད་དུ་མེད་དེ། དཔེར་བདུད་ཀྱི་མི་དང་མཚུངས་ཏེ། རྐང་ལག་ཚང་བར་ཡོད་ཀྱང་མཐོང་
བ་དང་། ཐོས་པས་མི་བསླད་དེ། འདྲེས་ནོན་པ་དང་མཚུངས་ཏེ། དེ་ནི་ཚོར་བའི་ཁང་ཁྱིམ་ཡིན་ནོ། །དེ་ནི་འོག་ཏུ་བདག་གཟུགས་ཀྱི་ནང་ནས་བྱུང་སྟེ། ཕྱིར་ངོ་ལ་ལྟ་བ་དང་། གཟུགས་ལ་ཕྱིར་གནས་པ་དང་བྲལ་ཏེ། འགྲོ་བ་ལ་བགེགས་མེད་དེ། རང་དབང་ཐོབ་པར་
གྱུར་ཏེ། དེ་ནི་ཚོར་བའི་ཕུང་པོ་ཟད་པ་ཡིན་ཏེ། མི་དེ་མཐོང་བའི་རྙོག་པ་ལས་རྒལ་ནུས་སོ། །དེ་ནི་མི་བདེན་པའི་སེམས་ཞི་བ་ལས་བྱུང་བ་ཡིན་ནོ། །ཏིང་ངེ་འཛིན་དེའི་ནང་ནས་འོད་ཆེན་པོ་ཐོབ་སྟེ། ཆོས་འཆད་མཁས་རབ་ཏུ་གྱུར། ཆོས་ཉན་

པའི་མི་རྣམས་ཀྱིས་ཆོས་བཤད་པའི་སྔོན་ལོགས་སུ་ཚེ་སྔ་མ་ཡང་དྲན་དམྱལ་བ་ཡང་མཐོང་། མི་ཡུལ་གྱི་ལེགས་ཉེས་ཀུན་ཀྱང་བྱེ་བྲག་ཕྱེད་པར་འགྱུར། དེ་ནས་བདག་ཀྱང་བྱང་ཆུབ་ཐོབ་བོ་སྙམ་དུ་སེམས་ཏེ། སེམས་གཡེལ་བར་བཏང་ནས། ཚུལ་
ཁྲིམས་ཀྱང་བཤིག་འདི་ནི་སངས་རྒྱས་ཆེན་པོ། འདི་ནི་སངས་རྒྱས་ཆུང་ངུ་། འདི་ནི་སྔར་གྲུབ་པའི་སངས་རྒྱས། འདི་ནི་ཕྱིས་གྲུབ་པའི་སངས་རྒྱས། འདི་ནི་ཕོའི་སངས་རྒྱས་འདི་ནི་མོའི་སངས་རྒྱས་འདི་ནི་ཕོའི་བྱང་ཆུབ་འདི་ནི་མོའི་བྱང་ཆུབ། ཅེས་དེ་སྐད་འཆད་དེ། དེ་
ནས་འདྲེ་དེ་ལུས་ལ་འཕགས་མ་ཐག་ཏུ་སློབ་མ་དང་བཅས་ཏེ། རྒྱལ་པོའི་གྱོད་ལ་ཡང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་ལྟུང་ངོ་། །དེ་ལ་ཚོར་ན་ཉེས་པ་མེད་དོ། །ཚོར་བ་ཤིན་ཏུ་གསོགས་ནས་ལོག་པའི་ཏིང་ངེ་འཛིན་དང་ནི་བྲལ། རྫོགས་པའི་ཏིང་ངེ་འཛིན་
གྱི་ནང་ནས་འོད་སྣང་བ་བྱུང་སྟེ། ཆོས་སོ་ཅོག་གི་ཕྱི་མོ་ཚོར་བ་ལ་སྲེད་ནས་ལྷའི་བདུད་ཀྱིས་གླགས་རྙེད་དེ། ཁར་ཞུགས་ནས་ཆོས་འཆད་མཁས་རབ་ཏུ་གྱུར། བདག་གི་གཟི་བརྗིད་ཀྱིས་ཆོས་ཉན་པའི་རྣམས་ཆོས་བཤད་པའི་མདུན་རོལ་ན་ཀུན་ཐུལ་ནས་ཁྱེད་ཅག་རྣམས་
སངས་རྒྱས་མྱ་ངན་ལས་འདས་སོ་སྙམ་དུ་མ་སེམས་ཤིག །ངའི་ལུས་འདི་ཉིད་སངས་རྒྱས་ཡིན་ནོ། །ངའི་བུ་ཚ་རྒྱུན་མི་འཆད་པ་ནི་ཆོས་ཀྱི་སྐུ་རྟག་པ་ཡིན་ནོ། །སངས་རྒྱས་ཀྱི་ཡུལ་གཙང་མ་དེ་ལས་གུད་ན་མེད་ཅེས་ཟེར་ཞིང་བདག་ནི་བྱང་ཆུབ་ཐོབ་བོ་སྙམ་དུ་བསམས་
ནས་སེམས་གཡེལ་བར་བོར་ཏེ། འདོད་ཆགས་ཀྱི་ཆོས་བཤད། མིག་ལ་སོགས་པ་དབང་པོ་ལྔ་ནི་གཙང་མའི་ཡུལ་ཡིན། ཕོ་མཚན་མོ་མཚན་ནི་ཡང་དག་པར་བྱང་ཆུབ་མྱ་ངན་ལས་འདས་པའི་གནས་ཡིན་པར་འཆད་དེ། འདྲེ་དེ་ལུས་ལ་འཕགས་མ་ཐག་ཏུ་སློབ་མ་དང་
བཅས་ཏེ་རྒྱལ་པོའི་གྱོད་ལ་ཡང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་ལྟུང་ངོ་། །དེ་ལ་ཚོར་ན་ནི་ཉེས་པ་མེད་དོ། །ཚོར་བའི་ཕུང་པོ་ནི་ཤིན་ཏུ་གསོགས་ནས་ལོག་པའི་ཏིང་ངེ་འཛིན་དང་ནི་བྲལ། རྫོགས་པའི་ཏིང་ངེ་འཛིན་གྱི་ནང་ནས་འོད་སྣང་བ་བྱུང་བས་

ཆོས་ཟབ་མོ་འཆད་པ་ལ་སྲེད་པར་གྱུར་ཏེ། དེའི་ཕྱིར་ལྷའི་བདུད་ཀྱིས་གླགས་རྙེད་དེ་ཁར་ཞུགས་ནས་ཆོས་འཆད་པ་ལ་མཁས་རབ་ཏུ་གྱུར། བདུད་ཡིན་པར་མ་ཚོར་ནས་བདག་རང་མྱ་ངན་ལས་འདས་སོ་སྙམ་དུ་སེམས་ཏེ། ཆོས་ཉན་པ་རྣམས་ཀྱིས་སྐད་ཅིག་ཏུ་བདག་གི་ལུས་
མཐོང་བ་དང་། གཉེན་བཤེས་ལོ་བརྒྱ་འམ། སྟོང་དུ་མ་ཕྲད་པ་གསར་དུ་ཕྲད་པ་དང་འདྲ་བར་སེམས་དགའ་ཞིང་གཏོང་མི་ཕོད་དེ། སྦྱིན་བཞིན་དུ་འབྱར། བདག་རང་ཡང་བྱང་ཆུབ་ཏུ་གྲུབ་བོ་སྙམ་དུ་སེམས་ཏེ། སེམས་གཡེལ་བར་བོར་ནས། འདོད་ཆགས་ཀྱི་ཆོས་
འཆད་དེ་ང་ཚེ་རབས་འདི་ལ་ཡུལ་འདིར་སྐྱེས་ཏེ། མི་འདི་གྲོལ་ཐར་བར་བྱས་སོ། །མི་འདི་ཚེ་རབས་སྔ་མ་ལ་ངའི་ཆུང་མ་ཆུན་མའོ། །མི་འདི་ནི་ངའི་ཕུ་ནུའོ། །ང་དེའི་ཆེད་དུ་འདིར་འོངས་ཏེ། ཁྱོད་དང་འགྲོགས་ལ་ལྷ་ཡུལ་འདི་ཤེད་དུ་འདོང་ངོ་ཞེས་ཟེར་རོ། །ལོག་
ཤིག་ན་འོད་ཆེར་སྣང་བའི་གནས་ཡོད་དོ། །སངས་རྒྱས་ཐམས་ཅད་དེ་ཤེད་དུ་གནས་སོ་ཞེས་ཟེར་ཏེ། དེ་ནས་བདུད་ལུས་ལ་འཕགས་མ་ཐག་ཏུ་སློབ་མ་དང་བཅས་ཏེ་རྒྱལ་པོའི་གྱོད་ལ་ཡང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་འགྲོའོ། །དེ་ལ་ཚོར་ན་
ཉེས་པ་མེད་དོ། །རིགས་ཀྱི་བུ་དེས་ཚོར་བའི་ཕུང་པོ་ཤིན་ཏུ་གསོགས་པའི་ཕྱིར་ལོག་པའི་ཏིང་ངེ་འཛིན་དང་མི་ཕྲད་དེ། རྫོགས་པའི་ཏིང་ངེ་འཛིན་གྱི་འོད་སྣང་བ་བྱུང་བས། རང་འགྲུས་འབོགས་ཀྱི་སེམས་ཞི་བ་ལ་འགྲུས་ཏེ། ལྷའི་བདུད་ཀྱིས་གླགས་ཐོད་
ནས་ཁར་ཞུགས་ཏེ། བདག་བདུད་ཀྱིས་ཟུག་པར་མ་ཚོར་ཏེ། ཆོས་འཆད་མཁས་རབ་ཏུ་གྱུར། ཆོས་ཉན་པ་རྣམས་ཀྱང་བདག་བདག་གི་ལས་ཅི་ལས་གྱུར་པ་ཤེས་ཏེ། མི་ཁ་ཅིག་ལ་ཁྱོད་ད་ལྟར་མི་ཡིན་མོད་ཀྱི་ཁྱོད་ནི་ཕྱུགས་ཡིན་ནོ། །ཡིད་མི་ཆེས་ན་
ངས་ཁྱོད་ཀྱི་མཇུག་མ་ལ་བརྫིས་དང་ཁྱོད་ལྡང་མི་ཕོད་ཀྱི་ཆ་ཞེས་བསྒོ་སྟེ། དེ་བཞིན་དུ་བརྫིས་ནས་མི་དེ་ལྡང་མ་ཕོད་ནས་མི་གཞན་ཡང་དེ་ལ་ཡིད་ཆེས་ཏེ། དགེ་སློང་ལ་ནི་སྐུར། སངས་རྒྱས་ཀྱི་ཁྲིམས་ནི་བཤིག །བདུད་དེ་མི་དེའི་ལུས་ལས་འཕགས་མ་ཐག་ཏུ་

སློབ་མ་དང་བཅས་ཏེ་རྒྱལ་པོའི་གྱོད་ལ་ཡང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་འགྲོའོ། །དེ་ལ་ཚོར་ན་ཉེས་པ་མེད་དོ། །ཡང་རིགས་ཀྱི་བུ་དེ་ཚོར་བའི་ཕུང་པོ་ཤིན་ཏུ་གསོགས་ནས་ལོག་པའི་ཏིང་ངེ་འཛིན་དང་མི་ཕྲད་དེ། རྫོགས་པའི་ཏིང་
ངེ་འཛིན་གྱི་འོད་སྣང་བས་ཏིང་ངེ་འཛིན་བསྒོམ་པའི་ཚེ། སེམས་ལ་ཤེས་པ་དང་མཐོང་བ་དང་སྔ་མ་དྲན་པར་སྲེད་དེ། ལྷའི་བདུད་ཀྱིས་གླགས་ཐོད་ནས་ཁར་ཞུགས་ཏེ། བདུད་ཀྱིས་ཟུག་པར་མ་ཚོར་ནས་བདག་མྱ་ངན་ལས་འདས་སོ་སྙམ་དུ་བསམས་ནས་གཞན་ལ་ཆོས་འཆད་
པའི་ཚེ་གློ་བུར་དུ་ནོར་བུ་རིན་པོ་ཆེ་ཐོགས་ཏེ། བདུད་ཀྱི་ལུས་ཕྱུགས་སུ་བསྒྱུར་ཏེ། ཁ་ནས་ནོར་བུ་རིན་པོ་ཆེ་འཛིན་ཅིང་འོད་སྣང་བ་དང་། གློ་བུར་དུ་རིན་པོ་ཆེ་དང་། ངོ་མཚར་མི་སྲིད་པའི་ནོར་ཡང་ཁྱེར་ཏེ་འོངས་ནས་ཐོག་མ་ནི་ནོར་བྱིན། ཐ་མར་ཁོང་པར་ཞུགས་ཏེ། སའི་འོག་
ན་ནོར་བུ་རིན་པོ་ཆེ་ཡོད་དོ་ཞེས་གཞན་ལ་བསྟན་ནས་ས་འོག་ནས་ཡར་ཐལ་དུ་འོད་སྣང་བར་གྱུར་ནས་ཀུན་གྱིས་ངོ་མཚར་དུ་བཟུང་སྟེ། འཚལ་མ་ནི་བཅད། སྨན་དཔྱད་ཀྱི་ཁ་ཟས་དང་། མ་ཡིན་ན་ཁྲེའམ། ནས་འབྲུམ་བུ་གཅིག་ཟོས་ཀྱང་བདུད་ཀྱི་སྟོབས་ཉམ་བཟང་ནས་དགེ་སློང་
རྣམས་སྐུར་ཏེ། ཕྱོགས་བཅུའི་གཏེར་ཡོད་པ་དང་། འཕགས་པའི་གནས་འདི་དང་འདི་ཡིན་ནོ་ཞེས་ཟེར་ཏེ། ཕྱིས་བར་བར་ཡང་འདི་བཞིན་དུ་མཐོང་ནས་དེ་ནི་རིའམ་ཚལ་ལམ། མཁར་གྱི་འདྲེ་དགྲས་བསད་པ་སླར་ཡང་འདྲེར་སྐྱེས་པ་ལས་རྒལ་ཏེ་བདུད་དུ་གྱུར་ཅིག་དང་སངས་
རྒྱས་ལ་དྲིན་གྱི་ལན་ལོན་ཞེས་བྱ་བ་ཡིན་ནོ། །མཐའ་ཡས་ཏིང་ངེ་འཛིན་དེ་རྣམ་བཅུ་ནི་འདུ་ཤེས་ཀྱི་ཕུང་པོ་སེམས་སྤྱད་པ་མཐོན་དམན་དུ་གྱུར་པས་ཚོར་བའི་ཕུང་པོ་ནི་དོན་སྣང་བར་ཟད་དེ་དགེ་བའི་ལྟས་ནི་ཡིན་འཕགས་པའི་འབྲས་བུ་ནི་མ་ཡིན་ནོ། །དེ་ལ་འཕགས་པའི་
འབྲས་བུ་ཡིན་ནོ་སྙམ་དུ་བསམས་ན་ནི་ལོག་པར་འགྱུར། དེ་རྣམས་རེ་ཞིག་གློ་བུར་དུ་མཐོང་བར་ཟད་དེ། དེ་ལྟར་ཚོར་ན་ནི་ཉེས་པ་མེད་དོ། །དེ་ལྟར་མ་ཚོར་ན་ལོག་པའི་གནས་སུ་ལྟུང་ངོ་། །མཐའ་ཡས་འདུ་ཤེས་ཀྱི་ཕུང་པོ་ཟད་དེ། གཉིད་ལོག་པ་

དང་སད་པ་འདྲ་སྟེ། སེམས་ནམ་མཁའ་དང་འདྲ་ནས་སྤྱོད་ཡུལ་གྱི་གཟུགས་བརྙན་དང་། འཇིག་རྟེན་གྱི་རིའམ། ཚལ་ལམ། ཆུའམ་ཅི་ཡོད་པ་ཐམས་ཅད་མེ་ལོང་ལ་བལྟས་པ་བཞིན་དུ་མཐོང་ངོ་། །འོངས་པའི་ས་ཡང་མེད། སོང་བའི་རྗེས་ཀྱང་མེད་
དོ། །དེའི་མིང་ནི་འདུ་ཤེས་ཀྱི་ཁང་ཁྱིམ་ཡིན་ནོ། །ཕྱི་མོ་ཉིད་ཀྱི་སེམས་དཔེར་རླབས་ཆད་དེ། ཆུ་དང་ས་འདྲ་བར་གྱུར་ན། དེའི་མིང་ནི་འདུ་ཤེས་ཀྱི་ཕུང་པོ་ཟད་ཅེས་བྱའོ། །མི་དེས་ནི་སེམས་ཅན་གྱི་རྙོག་པ་ལས་བྱུང་ངོ་། །དེའི་དོན་བརྟགས་ན་ཕྱི་
མོ་མི་བདེན་པའི་སེམས་ཤིན་ཏུ་ཕྲ་ཞིང་མི་སྣང་བ་ལས་བྱུང་ངོ་། །མཐའ་ཡས་ཤེས་པར་བྱ་སྟེ། ཡང་དག་པའི་ཏིང་ངེ་འཛིན་ཐོབ་པའི་རིགས་ཀྱི་བུ་རྣམས་ལ་ལྷའི་བདུད་རྣམ་པ་བཅུ་པོ་དེ་ཡང་གླགས་མི་ཐོད་དེ། དེ་ནས་སེམས་ལས་ཤིན་ཏུ་བསྒོམས་ནས་སྐྱེ་བ་རྣམས་
ཀྱི་ཕྱི་མོ་ལ་བརྟགས་ན་མིག་གི་དབང་པོ་ལ་ཡོན་ཏན་བརྒྱད་བརྒྱ་ཡོད་པའི་ཕྱིར་བསྐལ་པ་བརྒྱད་ཁྲི་ཚུན་ཅད་ཀྱི་སེམས་ཅན་ཇི་ལྟར་ཤི །ཇི་ལྟར་སྐྱེ་བའི་དོན་ཀྱང་ཤེས་སོ། །སེམས་ཅན་བསྐལ་པ་བརྒྱད་ཁྲི་ཚུན་ཅད་རྒྱུ་མེད་པར་རང་སྐྱེས་པ་ཡིན། མི་ཡང་
མིར་སྐྱེ། ཕྱུགས་ཀྱང་ཕྱུགས་སུ་སྐྱེ། བྱ་ཡང་བྱར་སྐྱེས་སོ་ཞེས་བསམས་ཏེ། གནས་དེ་རྣམ་པ་ལྔ་ལ་ཤིན་ཏུ་གཙང་མར་མཐོང་། ཤིན་ཏུ་བདེ་བར་མཐོང་། མྱ་ངན་ལས་འདས་པའི་དོན་ཡིན་ནོ་ཞེས་ཟེར་ཏེ། བྱང་ཆུབ་ཀྱི་སེམས་ནི་འཆོལ་ཏེ།
མུ་སྟེགས་བཅུར་ཕུང་པོ་ལྔའི་ནང་ནས་མྱ་ངན་ལས་འདས་པའི་རྣམ་པ་ལྔར་འཛིན་པའི་ཕྱིན་ཅི་ལོག་གི་སྡེར་གྱུར་ཏོ། །མཐའ་ཡས་ཏིང་ངེ་འཛིན་དེ་རྣམ་བཅུ་ལོག་པར་ཤེས་པ་ནི་དེ་ཐམས་ཅད་འདུ་བྱེད་ཀྱི་ཕུང་པོའི་སེམས་སྤྱད་པ་མཐོ་དམན་དུ་གྱུར་པའི་ཕྱིར་
དེ་ལྟ་བུར་གྱུར་ཏེ། སེམས་ཅན་མ་རབས་བདག་གིས་དྲོད་མ་ཟིན་ཏེ། མ་ཡིན་པ་ལ་ཡིན་པར་བལྟས་ནས་འཕགས་པའི་འབྲས་བུ་རྫོགས་སོ་སྙམ་དུ་བསམས་ནས་བརྫུན་ཆེན་པོ་ཡིན་ཏེ། མཚམས་མེད་པར་འགྲོའོ། །ཁྱོད་ལ་སོགས་པ་དེ་བཞིན་

གཤེགས་པའི་བསམ་པའི་དོན་དེ་ཁྱེར་ལ། མ་འོངས་པའི་སེམས་ཅན་ལ་བསྟན་ཏེ་སེམས་ཀྱི་བདུད་མི་གཡོ་བར་གྱིས་ཤིག །ཉུང་དུ་ཐོས་པ་ལ་ཆོག་པར་མི་སེམས་ཤིང་། ཚོར་བ་ཆེན་པོའི་རྒྱལ་པོ་བྱེད་དེ། ཐམས་ཅད་
གཙང་གདང་བའི་ཚོན་མ་གྱིས་ཤིག །མཐའ་ཡས་རིགས་ཀྱི་བུ་རྣམས་ཏིང་ངེ་འཛིན་བསྒོམ་པ་འདུ་བྱེད་ཀྱི་ཕུང་པོ་ཟད་པ་ནི་འཇིག་རྟེན་གྱི་གཡོ་བ་དང་འདྲ་བར་གྱུར་ཏེ། དབང་པོ་དྲུག་ཤིན་ཏུ་གཙང་ཞིང་གསོག་ཏུ་གྱུར་ནས་སེམས་རྒོད་པ་འམ། འདུག་
ཏུ་མི་བཏུབ་པ་མེད་པར་གྱུར་ཏོ། །ཕྱི་ནང་ཏིང་ངེ་འཛིན་མི་གཡོ་བར་སྣང་གསལ་བར་གྱུར་ཏོ། །འཇུག་ན་འཇུག་པའི་གནས་ཀྱང་མེད། ཕྱོགས་བཅུའི་སེམས་ཅན་གྱི་རིགས་ཀྱང་རིག །ཕྱོགས་བཅུའི་ཡང་རིགས་འཐུན་པར་མཐོང་། དེའི་
མིང་ནི་རྣམ་པར་ཤེས་པ་ཕུང་པོའི་ཁང་ཁྱིམ་ཞེས་བྱའོ། །སྒོ་དྲུག་བསྣོར་ཞིང་སྤྱད་དུ་རུང་། ཕྱོགས་བཅུའི་ཁམས་དང་། རང་གི་ལུས་དང་སེམས་མཆིང་བུ་བཞིན་དུ་གྱུར་ཏེ། ཕྱི་ནང་སྣང་གསལ་ལོ། །དེའི་མིང་ནི་རྣམ་པར་ཤེས་པའི་ཕུང་
པོ་ཟད་ཅེས་བྱའོ། །མི་དེ་ཚེའི་རྙོག་པ་ལས་འདས་སོ། །དེའི་དོན་བརྟགས་ན་ཡང་དག་པའི་དོན་འོལ་བྱིར་འོང་བ་ལ་མི་བདེན་པའི་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་ལས་བྱུང་ངོ་། །མཐའ་ཡས་ཤེས་པར་གྱིས་ཤིག །རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་
རིག་ན་ནི་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་སྐྱེ་ཤི་ཡང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས། ཡང་དག་པ་རྒྱུ་རྟག་གོ་ཞེས་ཟེར་ཏེ། དེའི་སེམས་ཞེན་པས་མུ་སྟེགས་ས་ཕྱི་ལའི་སྡེར་གྱུར་ཏེ། བྱང་ཆུབ་ཀྱི་སེམས་ནི་
འཆོལ། །ཤེས་པ་མཐོང་བ་ནི་རླག །དེ་ནི་དང་པོ་སེམས་ཡོད་པར་འཛིན་པའི་མུ་སྟེགས་སུ་གྱུར་ཏེ། ཡང་དག་པའི་དོན་ལ་རྒྱབ་ཀྱིས་ཕྱོགས། མུ་སྟེགས་རིགས་སུ་ནི་སྐྱེའོ། །མཐའ་ཡས་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་རིག་ནས་

རྣམ་པར་ཤེས་པ་ཉིད་ལ་སྐྱེ་ཤི་ཡང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས་ཡང་དག་པ་ཉིད་ལ་ང་རང་ཉིད་ཡིན་ནོ་ཞེས་འཛིན་ཏེ། ནམ་མཁའ་དང་ཁམས་སོ་ཆོག་གི་སེམས་ཅན་རིགས་བཅུ་གཉིས་ཡོད་པ་ཡང་ཐམས་ཅད་ངའི་
ལུས་ལས་བྱུང་ངོ་། །ཞེས་བསམས་ཏེ། དེའི་སེམས་ལ་ཞེན་པས་ན། མུ་སྟེགས་མ་ཧེ་ཤོ་རའི་ལུགས་སུ་གྱུར་ཏོ། །ལུས་གྲངས་མེད་པར་སྤྲུལ་ཏེ། འཁོར་དུ་བྱས་ནས་བྱང་ཆུབ་ཀྱི་སེམས་ནི་འཆོལ། ཤེས་པ་མཐོང་བ་ནི་རླག །དེའི་
མིང་ནི་དང་འོག་བྱེད་ནུས་པའི་སེམས་དང་དོན་སྒྲུབ་ནུས་པའི་འབྲས་བུར་གྱུར་ཏེ། ཡང་དག་པར་མྱ་ངན་ལས་འདས་ནུས་པ་ལ་ནི་རྒྱབ་ཀྱིས་ཕྱོགས། ང་རྒྱལ་ཆེན་པོའི་ལྷར་སྐྱེའོ། །ཡང་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་རིག་ནས་རྣམ་པར་
ཤེས་པ་ཉིད་ལ་སྐྱེ་ཤི་ཡང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བའི་སེམས་ནི་དཔེར་མཆིང་བུ་གཙང་མའི་ནང་ན་རིན་པོ་ཆེའི་ཟླ་བ་ཡོད་པ་དང་འདྲའོ། །དེ་བཞིན་དུ་གྱུར་ན་བྱང་ཆུབ་སེམས་དཔའི་དད་པ་བཅུ་གནས་པ་བཅུ། སྒོམ་པ་བཅུ། ཕྱོགས་བཅུ་ཐོབ་པར་
འགྱུར་རོ། །བྱང་ཆུབ་སེམས་དཔའི་རྡོ་རྗེ་ཏིང་ངེ་འཛིན་དང་། སྙོམས་པའི་ཚོར་བའི་ས་ལས་འདས་ནས། དེ་བཞིན་གཤེགས་པའི་སྣང་བ་རྒྱས་པ་ལ་ཞུགས་ཏེ། རྒྱན་གྱིས་བརྒྱན་པའི་བྱང་ཆུབ་ཀྱི་མཚོ་ཅི་ཡང་ཐོབ་པ་མེད་པའི་དོན་ཐོབ་ནས་སངས་
རྒྱས་སྔ་མ་འདས་པའི་ཞི་གནས་དང་ལྷག་མཐོང་གི་ནང་ནས་ཤིན་ཏུ་ཕྲ་བའི་བདུད་ཀྱི་ལས་དང་བདུད་ཀྱི་སྤྱོད་ཡུལ་མདུན་དུ་སྣང་བའི་ཚེ་ཀུན་ཤེས་རིག་ནས་སེམས་ཀྱི་དྲི་མ་བཀྲུས་བསལ་ཏེ། ལོག་པར་ལྟ་བའི་ནང་དུ་མི་ལྟུང་ཞིང་ཕུང་པོའི་བདུད་ནི་ཞུ་བྱང་།
ལྷའི་བདུད་ནི་རྙིལ་གྲུགས་ལྷ་མ་སྲིན་དང་མཐུ་བོ་ཆེ་རྣམས་ཀྱི་ནང་དུ་མི་སྐྱེ་སྟེ། ཐལ་བྱུང་བྱང་ཆུབ་ཏུ་གྲུབ་ཀྱི་བར་དུ་མི་ཆོག་པ་མེད་དོ། །མྱ་ངན་ལས་འདས་པ་ཆེན་པོའི་སེམས་ནི་གསལ་ཞིང་མི་འཆོལ་བར་འགྱུར་རོ། །མ་འོངས་པའི་

སེམས་ཅན་གྱི་དབང་པོ་ནི་རྟུལ། ཏིང་ངེ་འཛིན་ལ་ནི་སྲེད། ཏིང་ངེ་འཛིན་མ་རིག་པའི་ཕྱིར་ན་ལོག་པའི་གནས་སུ་ལྟུང་བར་འགྱུར་རོ། །མཐའ་ཡས་ཁྱོད་ཀྱིས་ངའི་སྔགས་དང་། དོན་འདི་བཞིན་དུ་མ་འོངས་པའི་སེམས་ཅན་རྣམས་ལ་
སྟོན་ཅིག །ངའི་སྔགས་འདི་ཁ་ཏོན་དུ་བྱེད་མ་ནུས་ན་ཡི་གེར་བྲིས་ཏེ་ལུས་ལ་ཐོགས་སམ། ཏིང་ངེ་འཛིན་བསྒོམ་པའི་ཁང་བུ་དང་། གནས་ཀྱི་སྒོར་བཏགས་ན་ཕྱོགས་བཅུའི་ལྷའི་བདུད་ལ་སོགས་པ་ཐམས་ཅད་ཀྱང་ཞུ་བྱང་སྟེ། གནོད་པ་བྱེད་མི་
ནུས་སོ། །མཐའ་ཡས་དེ་ནི། སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཁྱོད་མ་བརྗེད་པར་གྱིས་ལ་སྟོན་ཅིག །གཙུག་ཏོར་ཆེན་པོའི་བམ་པོ་དགུ་པ་ལས་བདུད་ཀྱི་ལེའུ་ཉི་ཚེ་ཕྱུང་བ་རྫོགས་སོ།། །།སྔོན་གྱི་དཀར་ཆག་གསུམ་དུ་རྒྱ་ནག་
ལས་འགྱུར་བར་བཤད་དོ།། །།